Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 166

Văn bản gốc(Tây Tạng)

Trang 7 / 18 (50.000 ký tự/trang)
 དགེ་སློང་ཡིད་གཉིས་ཅན་ཞིག་གིས་བརྐུའོ། །མི་བརྐུའོ་སྙམ་པ་ལ་རྐུ་འཕྲོག་བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གང་གསུངས་པ་ཇི་ལྟ་
བུ་ཡིན་ཞེ་ན། དོན་དེ་ནི་དྲང་བར་བྱ་བ་ཡིན་ཏེ། ལས་ཀྱི་ལམ་དངོས་དང་ལས་ཀྱི་ལམ་གྱི་སྦྱོར་བ་ལ་ཡང་རྐུ་བ་ཞེས་བྱ་བ་ཡོད་པས། དེ་ལ་རྐུ་འཕྲོག་བགྱིད་ན་ཞེས་བྱ་བ་འདིས་ནི་ལས་ཀྱི་ལམ་གྱི་སྦྱོར་བ་བསྟན་ཏོ་ཞེས་བྱ་བ་དེ་ལྟར་དྲང་ངོ་། །རྩ་བའི་བྱེ་བྲག་ཏུ་བཤད་པ་ལས་ཀྱང་། རྐུ་བར་བྱེད་ཅེས་
བྱ་བ་ནི་སྦྱོར་བར་བྱེད་པའོ། །རྐུ་འཕྲོག་བྱེད་ཅེས་བྱ་བ་ནི་ལེན་པ་ཡིན་པར་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བས་ན་རྐུ་བར་བྱེད་ཅེས་བྱ་བ་ནི་སྦྱོར་བ་ལ་ཡང་ཡོད་དོ་ཞེས་བྱ་བ་འདི་གཙུག་ལག་ལས་རྣམ་པར་བཤད་པ་ཡིན་ནོ། །དེའི་ཕྱིར་ཡན་ལག་གཞན་གྱིས་ཁ་བསྐང་
བར་མི་བྱའོ།། །།བམ་པོ་གསུམ་པ། རྐུ་བ་ལ་ནི་བརྐུ་སེམས་གཙོ་བོ་སྟེ། །དེ་བས་དེ་དང་བྲལ་ན་ཉེས་པ་མེད། །ཡན་ལག་ལྷག་མ་ཉམས་པས་ཆུང་བར་འགྱུར། །རྨི་ལམ་ལ་སོགས་དག་ལ་ཉེས་པ་མེད། །འདིར་རྐུ་བ་ལ་ནི་བརྐུ་བའི་སེམས་ཉིད་གཙོ་བོའི་ཡན་ལག་ཡིན་ནོ། །དེ་ལྟ་
བས་ན་ཡན་ལག་གཅིག་པོ་ཁོ་ན་མེད་པས་ལྟུང་བ་མེད་པ་ཡིན་ཏེ། འདིར་བརྐུ་སེམས་ནི་ལྟུང་བ་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་སྦྱོར་བ་འམ་དངོས་གཞི་འམ། གཉི་ག་ལ་ཡང་རུང་སྟེ། གང་ལ་བརྐུ་སེམས་ཡོད་པ་དེའི་ལྟུང་བར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་བྱ་བ་ན་གལ་ཏེ་

སྦྱོར་བ་ཁོ་ན་ལ་བརྐུ་བའི་སེམས་ཉིད་ན་དེའི་ཚེ་སྦྱོར་བའི་ལྟུང་བ་ཁོ་ནར་འགྱུར་གྱི། །དངོས་གཞི་ལ་ནི་མ་ཡིན་ནོ། །ཇི་སྟེ་དངོས་གཞི་ལ་བརྐུ་སེམས་ཉིད་ཡོད་ན་དེའི་ཚེ་དངོས་གཞི་ཁོ་ན་ཡིན་གྱི། སྦྱོར་བའི་ལྟུང་བ་ནི་མེད་དོ། །གཉི་ག་ལ་བརྐུ་བའི་སེམས་ཉིད་ཡོད་ན་ནི་
གཉི་གར་གཏོགས་པའི་ལྟུང་བ་ཡོད་དོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་གོས་ཀྱི་གདང་ལས་གོས་ལེན་ཅིང་སྔར་བརྐུ་བའི་སེམས་བྱུང་ལ་སླད་ཀྱིས་རང་གི་འདུ་ཤེས་དང་ལྡན་པས་རྐུ་བར་བགྱིད་ན་ཅིར་འགྱུར་ལགས། སྔ་མ་ནི་ཉེས་པ་སྦོམ་པོར་འགྱུར་ལ། ཕྱི་མ་ནི་
ཉེས་པ་མེད་དོ། །འོན་ཏེ་སྔར་ནི་རང་གི་འདུ་ཤེས་དང་ལྡན་ལ། ཕྱིས་བརྐུ་བའི་སེམས་ཀྱིས་རྐུ་ན་སྔ་མ་ལ་ནི་ལྟུང་བ་མེད་ལ། ཕྱི་མ་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་དང་། གཞན་ཡང་གཞུང་ལས། བཙུན་པ་རེ་ཞིག་དགེ་སློང་གིས་གོས་ཀྱི་གདང་བུའི་ཐོག་མིའི་ཆ་ལ། རང་གི་འདུ་
ཤེས་དང་ལྡན་པས་བརྗོད་པར་བགྱིད་ལ། ཐ་མའི་ཆ་ལ་བརྐུ་བའི་སེམས་ཀྱིས་བགྱིད་ན་ཅིར་འགྱུར་ལགས། མཐར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་སློབ་དཔོན་ཡོན་ཏན་འོད་ཀྱི་ཞལ་ནས། འདིར་རང་གིས་ལ་རང་གིར་འདུ་ཤེས་ཡོད་ཀྱང་དགོས་པའི་དབང་གིས་བརྐུ་བའི་སེམས་ཉེ་
བར་གནས་པའི་དབང་དུ་མཛད་ནས་ནི་གཞུང་གི་དུམ་བུ་སྔ་མ་ལས་ཉེས་པ་སྦོམ་པོར་གསུངས་པ་ཡིན་ལ། གཞུང་གི་དུམ་བུ་ཕྱི་མ་ལས་ནི་གཞན་གྱི་ལ་གཞན་གྱི་ནོར་ཡིན་པར་འདུ་ཤེས་ཡོད་ན་མཐར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་ན་བརྐུ་བའི་སེམས་གཙོ་བོའི་ཡན་ལག་ཡིན་
པས། དེ་ཡོད་ན་ཡན་ལག་གཞན་རྣམས་ལས་གཅིག་པུ་ཞིག་མེད་ཀྱང་ལྟུང་བ་ཆུང་ངུ་ཉིད་ཡིན་ནོ། །རྨི་ལམ་ལ་སོགས་དག་ལ་ཞེས་བྱ་བ་ནི་འདིར་རྨི་ལམ་མ་ཡིན་པ་ཉིད་དང་བསླབ་པ་མ་བཏང་བ་ཉིད་དང་། ཐ་མལ་པར་གནས་པ་ཉིད་ཅེས་བྱ་བ་འདི་དག་གི་དབང་དུ་བྱས་པ་ཉིད་ཡིན་ཏེ། དེ་རྣམས་
ལས་གང་ཡང་རུང་བ་ཞིག་མེད་ན་ཡང་ལྟུང་བ་མེད་དོ། །འདིར་ཡང་། སེམས་བསྐྱེད་པ་ནི་བསྡམ་བྱ་དང་པོ་ཡིན། །སྦྱོར་བ་ལས་ནི་ཉེས་བྱས་རིག་པར་བྱ། །ཕྱི་མའི་སྦྱོར་བ་ལ་ཡང་ཉེས་བྱས་ཡིན། །དངོས་གཞི་ཀུན་ལ་འདི་ནི་དངོས་གཞི་ཡིན། །ཐམས་ཅད་དུ་ཡང་འདའ་བའི་རིམ་པ་

ནི་སེམས་བསྐྱེད་པ་ནི་བསྡམ་པར་བྱ་བའི་ཉེས་བྱས་སོ། །སྦྱོར་བ་ནི་བཤགས་པར་བྱ་བའི་ཉེས་བྱས་སོ། །ངན་པར་བྱས་པའི་དོན་ལ་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ཞེས་བྱའོ། །དེ་ལ་ཡང་ཉེས་བྱས་ཆེས་ཆུང་བ་ལ་ཡང་ཉེས་བྱས་ཞེས་བྱ་བའི་མིང་འཐོབ་པོ་ཞེས་འདོན་པའི་ཕྱིར་རོ། །དེ་ལྟར་ཡང་
ཆེས་ཆུང་བ་ཡང་ཆུང་བ་དང་འདྲ་བར་ཉེས་བྱས་ཉིད་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ལས་ཀྱི་ལམ་གྱི་དངོས་གཞི་ཡོངས་སུ་རྫོགས་ན་དངོས་གཞི་ཡིན་ཏེ་ཚུལ་ནི་དེ་ཡིན་ནོ། །འདི་མན་ཆད་ནི་མ་བྱིན་པར་ལེན་པའི་ཡན་ལག་དེ་རྣམས་སྤྲོས་ཏེ་བཤད་པར་བྱའོ། །ཆུད་གཟན་ཕྱིར་འཕྲོག་
གདོས་དང་བཅས་པ་ཡི། །རྒྱ་སོགས་མ་རུང་བྱེད་དང་མི་དབང་བའི། །བསོད་སྙོམས་ལེན་པར་བྱེད་ནའང་འཇིག་རྟེན་གྱི། །ཐ་སྙད་ཚུལ་གྱིས་ཆུང་བ་ཉིད་དུ་འགྱུར། །རང་གི་དོན་དུ་ཞེས་བྱ་བ་ནི་བཤད་ཟིན་པས་དེའི་ཕྱིར་གཞན་གྱི་དོན་དུ་ནི་ཆུང་བ་ཡིན་ནོ། །དེ་བཞིན་དུ་ཆུད་གཟན་ཕྱིར་ཡང་སྟེ།
དེ་ལ་མེད་པར་གྱུར་ཀྱང་རུང་། བདག་ལ་མེད་པར་གྱུར་ཀྱང་རུང་སྙམ་པའི་བསམ་པ་ནི་ཆུད་གཟན་པ་ཡིན་ཏེ། །འདིར་ཡང་རང་གི་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་གདོས་དང་བཅས་པའི་རྒྱ་དང་རིབ་མ་ལ་སོགས་པ་མ་རུང་བར་བྱེད་ན་ཡང་ཆུང་བ་ཉིད་ཡིན་ནོ། །མི་དབང་བའི་བསོད་སྙོམས་ཞེས་བྱ་
བ་སྨོས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་གྱིས་ཞེས་བྱ་བ་རྒྱུ་ཡིན་པར་བསྟན་པའི་ཕྱིར་རོ། །གཞན་གྱི་གོས་ལ་བྱིན་བཞིན་སྤྱོད་པ་དང་། །སྨན་དང་སྔགས་ཀྱིས་སྦྱིན་དུ་འཇུག་པ་དང་། །སྡུག་པ་འཕྲོག་ཕྱིར་འདམ་པར་བྱེད་པ་དང་། །གཞན་ཕྱིར་བླངས་ནས་འགེད་བྱེད་ན་ཡང་འགྱུར། །གཞན་གྱི་
གོས་ལ་ཕོངས་པ་མེད་པར་འཐོབ་པ་བཞིན་དུ་ལོངས་སྤྱོད་ན་ཆུང་བ་ཡིན་ཏེ། ལོངས་སྤྱོད་ཀྱི་སྙིང་པོ་སྤྱད་པའི་ཕྱིར་འདི་ནི་རྐུ་བ་དང་འདྲ་བ་ཡིན་ནོ། །མ་གནང་བར་ལོངས་སྤྱད་ན་ཁ་ན་མ་ཐོ་བ་ཤིན་ཏུ་ལྕི་བར་རིག་པར་བྱའོ། །སྔགས་དང་སྨན་གྱི་དབང་དུ་བྱས་ཏེ་སྦྱིན་དུ་འཇུག་ན་ཡང་ཆུང་བ་ཡིན་ནོ། །མགུ་
བར་བྱ་བའི་ཕྱིར་མེ་ཏོག་ལ་སོགས་པ་གང་བྱིན་པ་དེའི་རྒྱུས་རྙེད་པའི་ཕྱིར་བསམ་པ་ལོག་པ་བྱུང་ན་འཚོ་བ་ལོག་པར་གཏོགས་པའི་ཉེས་པ་བསླང་བ་ཡིན་ཏེ། རྐུ་བར་གཏོགས་པ་ནི་མ་ཡིན་ནོ། །ཅི་འདོད་པ་དེ་རྐུའོ་སྙམ་པའི་བསམ་པས་འདམ་པར་བྱེད་ན་ཡང་ཆུང་བ་ཁོ་ནར་འགྱུར་རོ། །དགེ་འདུན་

གྱི་སྟོན་མོའི་ཆེད་དུ་བྱ་བར་དེ་ལྟར་སྦྱིན་བདག་ལས་རྫས་བླངས་ནས་གང་ཟག་རྣམས་ཀྱིས་འགོད་ན་ཆུང་བ་ཉིད་ཡིན་ནོ། །འདིར་གཞུང་ནི་འདུལ་བྱེད་ལས། ནད་པས་ནད་གཡོག་རྣམས་ཀྱི་ལག་ཏུ་དགེ་འདུན་སྟོན་མོ་གསོལ་བའི་ཕྱིར་འགོད་པའི་རྒྱུ་དག་བྱིན་པ་དང་དེ་རྣམས་
ཀྱིས་བགོས་པ་ནིས་སྦོམ་པོའོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །འདིར་ནི་བདག་པོ་དགེ་འདུན་གྱིས་ནོར་ཡོད་པར་མ་ཤེས་པས་སྦོམ་པོར་གསུངས་ཏེ། ཕམ་པ་ནི་མ་ཡིན་ནོ། །ཕྱོགས་བཞིའི་འཕགས་པའི་ཚོགས་ཀྱི་ནོར་དག་ལས། །ཕྱོགས་བཞི་པོ་ཡི་དོན་དུ་རྐུ་ན་ཉམས། །དུར་ཁྲོད་ས་ནི་
ཡོངས་འཛིན་བཅས་པ་ནས། །གོས་ལ་སོགས་པ་རྐུ་ནའང་དེ་བཞིན་ནོ། །དགེ་སློང་གང་དག་གི་ཕྱོགས་བཞི་པོ་དེ་དག་ནི་ཕྱོགས་བཞིའོ། །དེ་དག་གི་ཚོགས་ནི་ཕྱོགས་བཞི་པ་སྟེ། ཕྱོགས་བཞིའི་དགེ་འདུན་གྱི་རྫས་ཕྱོགས་བཞི་པའི་ཆེད་ཁོ་ནར་རྐུ་བར་བྱེད་ན་རྣམ་པར་ཉམས་པ་ཡིན་ཏེ། ཉེས་
བྱས་ཆུང་ངུ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གཉུག་མར་གནས་པ་ཞིག་གིས་ཕྱོགས་བཞི་པའི་དགེ་འདུན་གྱི་ཡོ་བྱད་རྣམས་བརྐུ་བའི་སེམས་ཀྱིས་གནས་ནས་གནས་སུ་སྤགས་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། ཕམ་པའི་ལྟུང་བ་ནི་མེད་དེ། ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་ཞེས་པའི་གཞུང་ལས་ནི་སྦོམ་པོ་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ནི་ཆུང་བ་ཞེས་བྱ་བ་དང་། རྣམ་པར་ཉམས་པ་ཞེས་བྱ་བའི་དོན་དུ་བཤད་པ་ཡིན་ནོ། །ཅི་སྟེ་སྡེ་ལ་སོགས་པ་ཐ་དད་པའི་བདག་པོ་ཐ་དད་པའི་
གནས་སུ་སྦེད་པར་བྱེད་ཅིང་དེར་ཡང་དེ་བདག་པོ་རྣམས་ཀྱི་ཁོང་དུ་ཆུད་པ་ཡིན་ལ། གལ་ཏེ་དེའི་ཚེ་ན་རིན་ཐང་ཚང་ན་ཕམ་པ་ཁོ་ན་ཡིན་ཏེ། དགེ་འདུན་ནི་སྤུན་དང་འདྲ་བའི་ཕྱིར་རོ། །ཇི་སྟེ་ཁོང་དུ་མ་ཆུད་ན་དེའི་ཚེ་སྦོམ་པོ་ཡིན་ཏེ། གཞན་གྱི་དོན་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་གནས་པས་སོ། །དེ་
བཞིན་དུ་དུར་ཁྲོད་ཡོངས་སུ་འཛིན་པ་དང་བཅས་པ་ནས་རྐུ་ན་ཆུང་བ་ཁོ་ན་ཡིན་ནོ། །དུར་ཁྲོད་སྨོས་པ་ནི་འདིར་ཐ་ཆད་ཡིན་པའི་ཕྱིར། །མངོན་པར་ཞེན་པ་ཆུང་བ་ཉིད་ཀྱིས་རྐུ་བ་མ་རྫོགས་པ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །ད་ནི་རྐུ་བའི་དབྱེ་བ་བསྟན་པར་བྱ། །ས་ནི་གལ་ཏེ་བརྩད་པས་གྲྭར་

ཕྲོགས་ན། །གང་ཚེ་ཁྱིམ་པས་དེ་སྦྱོར་བཏང་ཚེ་སྟེ། །གལ་ཏེ་སླར་ནི་རྒྱལ་བ་ཉིད་ན་བརྐུས། །ད་ནི་རྐུ་བའི་དབྱེ་བ་རབ་ཏུ་བསྟན་པར་བྱའོ། །དེ་ལ་གལ་ཏེ་བརྩད་པས་གྲར་ཕྲོགས་ལ། བརྩད་པ་དེ་ཡང་གལ་ཏེ་འོག་ཟུར་འགྱེད་ན་དེར་གང་གི་ཚེ་ཤགས་ཟླས་སྦྱོར་བ་བཏང་བ་དེའི་ཚེ་བརྐུས་པ་ཡིན་པར་ཁོང་
དུ་ཆུད་པར་བྱ་སྟེ། དེའི་ཚེ་ཁོ་ན་མཐར་འགྱུར་བར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་སླར་བརྩད་པ་དེ་བགྱི་ན་དེའི་ཚེ་ནི་རྒྱལ་བར་གྱུར་པ་ཁོ་ན་ན་བརྐུས་པ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི། དགེ་སློང་དག་ཞལ་ཅེ་བ་རྣམས་ཀྱི་བདག་པོ་ནི་རྒྱལ་པོ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །
ཡོངས་སུ་བསྐོར་བའི་དབང་གིས་རྐུ་བྱེད་ན། །གང་ཚེ་མཚམས་ཀྱི་སྒོ་དང་འབྱོར་ན་བརྐུས། །ཡོངས་སུ་བསྐོར་བས་རྐུ་ན་གང་གི་ཚེ་མཚམས་ཀྱི་སྒོ་དང་སྒོ་འབྱོར་བར་གྱུར་པ་དེའི་ཚེ་བརྐུས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །བརྡ་ཡི་སྦྱོར་བས་མི་ལ་རྐུ་བྱེད་ན། །བརྡ་གྲུབ་པ་ཡི་དབང་གིས་ལྟུང་བ་ཡིན། །
བརྡས་ནི་རྐུ་ན་བརྡ་གྲུབ་པ་ཁོ་ན་ན་བརྐུས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་རྣམ་པ་མང་པོ་དག་གིས་མི་རྐུ་བ་ཡིན་ཏེ། མི་འདོད་བཞིན་དུ་ཡང་དྲང་བ་དང་། གདེག་པ་གཉིས་དང་། འཇིགས་པའི་མཚན་མས་སྤོ་བ་དང་། སྔགས་དང་སྨན་དག་གིས་རྨོངས་པར་བྱས་པ་དང་། བཅིངས་པ་ཐར་བར་བྱས་པ་
དང་། གཉིད་ཀྱིས་ལོག་པ་ན་མ་ཚོར་བར་འདེགས་པ་ལ་སོགས་པ་རྣམ་པར་གཅད་པའི་ཕྱིར་བརྡ་ཞེས་སྨོས་སོ། །མི་རྐུ་བ་ལ་རྣམ་པ་གསུམ་སྟེ། མན་ངག་གིས་དང་། བརྡས་དང་། མཚན་མས་སོ། །གསུམ་པོ་འདི་དག་ཏུ་ནི་རང་དག་འདུན་པ་ཁོ་ནས་བརྐུས་པ་ཉིད་ཡིན་པར་དགོངས་སོ། །དེ་ལ་མན་
ངག་ནི་འདུས་པ་ལ་སོགས་པའོ། །མཚན་མ་ནི་རྟགས་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པ་ལ་སོགས་པའོ། །བརྡ་ནི་སྔ་དྲོ་ལ་སོགས་པའོ། །མན་ངག་ལ་སོགས་པ་གསུམ་པོ་འདི་དག་དོན་ཐ་དད་པ་ཉིད་ཡིན་དུ་ཟིན་ཀྱང་། དེ་དག་གིས་ཉེ་བར་མཚོན་པར་བྱ་བ་དེ་ཡང་སྔ་དྲོ་ལ་སོགས་པ་
ནི་བྱེ་བྲག་ཡིན་པས་བརྡ་ཞེས་བྱ་བའི་སྒྲས་སྤྱིར་བསྟན་པ་ཡིན་ནོ། །གང་གི་ཚེ་ཁྱོད་ཀྱིས་འདི་དང་འདི་ལྟ་བུ་ཞིག་ན་ལྟོས་ཤིག་དང་། དེའི་ཚེ་ཁྱོད་ངའི་དྲུང་དུ་ཕྲད་དུ་ཤོག་ཤིག་ཅེས་བྱ་བ་གང་ཡིན་པ་དེ་ནི་བརྡ་བྱས་པ་ཡིན་ནོ། །དེ་ནི་གང་གི་ཚེ་གྲུབ་པ་དེའི་ཚེ་མི་བརྐུས་པ་ཡིན་ནོ་ཞེས་བྱ་བའི་ཐ་

ཚིག་གོ། །རྣམ་པ་གཞན་དག་ལ་ཡང་མཚན་ཉིད་ཀྱི་རྗེས་སུ་འབྲངས་ནས་བརྐུས་པར་རིག་པར་བྱ་སྟེ། དཔེར་ན་སྔགས་ཀྱིས་དྲངས་ནས་གཏེར་དང་འདྲ་བར་སྣང་བར་འོང་བ་ན་བརྐུས་པ་ཡིན་ནོ། །ཁྱུ་ལས་བཀར་བ་དང་བཅིངས་པ་ཞིག་ཡིན་ན་མི་སྣང་བར་གྱུར་པ་ན་བརྐུས་
པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དུད་འགྲོར་གྱུར་པ་བཅིངས་ལས་རྐུ་བ་ན། །བཅིངས་བཀྲོལ་ཙམ་གྱིས་བརྐུས་པར་ཤེས་པར་བྱ། །ཁྱུ་ལས་བཀར་དང་བཅིངས་པས་རྐུ་བ་ན། །ཁྱུ་ལས་མི་སྣང་གྱུར་ན་བརྐུས་པ་ཡིན། །དུད་འགྲོ་བཅིངས་པ་ལས་རྐུ་ན་བཅིངས་པ་ལས་
བཀྲོལ་བ་ཁོ་ནས་བརྐུས་པ་ཡིན་ནོ། །འདིར་གཞུང་ནི། དགེ་སློང་གིས་རྔོན་ཤོར་བའི་རིབ་མར་རི་དགས་བཅིངས་པ་བཀྲོལ་བ་ལས་རི་དགས་ཀྱི་རིན་ཐང་བརྩི་བར་བྱའོ་ཞེས་འབྱུང་བ་ཡིན་ནོ། །བཀྲོལ་བ་ཁོ་ན་ལས་རིན་ཐང་བརྩི་བའི་རིམ་པ་སྨོས་པའི་ཕྱིར་བཀྲོལ་བ་ཉིད་ན་བརྐུས་པ་ཡིན་པར་
དགོངས་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །བཅིངས་པ་ལས་སམ་ཁྱུ་ལས་བཀར་བས་དུད་འགྲོ་རྐུ་ན་ཁྱུ་ལས་མི་སྣང་བར་གྱུར་པ་ཁོ་ན་བརྐུས་པ་ཡིན་ནོ། །གཅིག་པུ་ཞིག་ལས་རྐུ་ན་ནི་གནས་གང་ནས་བསྐྱོད་པ་དེ་ནས་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པས་རྟོགས་པར་བྱ་
བ་ཡིན་ནོ། །གལ་ཏེ་བླ་མའི་གོས་ལ་སོགས་ཁྱེར་ནས། །གོམ་པ་བསྐྱེད་དམ་ཡང་ན་འབྲི་བྱེད་པས། །རེ་ལྡེ་ལ་སོགས་ཕག་ཏུ་མི་སྣང་སོང་། །དངོས་གཞིའོ་མངོན་སུམ་ཕྲོགས་པའང་དེ་དང་འདྲ། །འདིར་གཞུང་ནི། འདི་ལྟ་སྟེ། མཁན་པོ་དང་སློབ་དཔོན་དག་ལམ་དུ་ཞུགས་པ་ལ་གོས་རྣམས་
ནི་དེ་རྣམས་ཀྱིས་སློབ་མའི་ལག་ན་ཡོད་པ་དང་། དེ་རྣམས་དེ་ལ་བརྐུ་སེམས་ཉེ་བར་གནས་ཤིང་དེ་དག་གོམ་པ་འབྲི་བར་བྱེད་པ་དང་། གོམ་པ་རེ་རེ་ལ་ཉེས་བྱས་སུ་འགྱུར་ལ། ནམ་མིག་སྔར་སྣང་བར་འོང་གི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་སྣང་བར་མི་འོང་བ་ན་ཕྲོགས་པ་ཡིན་ནོ་
ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟར་ན་གོམ་པ་བསྐྱེད་པ་དང་གོམ་པ་འབྲི་བ་དག་གིས་རེ་ལྡེ་དང་ནགས་ཁུང་ལ་སོགས་པ་དག་ཏུ་མི་སྣང་བར་སོང་བ་ལས་དངོས་གཞིར་འགྱུར་ཏེ། རྐུན་མ་ནི་ནམ་སྣང་བ་དེའི་བར་དུ་བརྐུ་བའི་བློ་མི་སྐྱེ་བས་སོ། །མངོན་སུམ་ཕྲོགས་

པ་འང་དེ་དང་འདྲ་ཞེས་བྱ་བ་ནི་མི་སྣང་བར་སོང་བ་ལས་དངོས་གཞིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདུལ་བྱེད་ལས། དགེ་སློང་གིས་ཁྱིམ་པའི་གོས་ཤིག་བླངས་སོ། །དེས་དེ་བླངས་ནས་སོང་བ་དང་། ཁྱིམ་པ་དེས་མཐོང་ནས་དེས་དེ་ལ་སྨྲས་པ། བཙུན་པ་གོས་མ་བསྣམས་ཤིག་ཅེས་སྨྲས་
པ་དང་། ཡིད་ཀྱིས་བལྟས་ཏེ་ཁྱེར་ཏེ་འོང་ཞེས་སྨྲས་ནས། དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བ་ནི་མེད་དེ་དམན་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡང་འདིར་ལྟུང་བ་མེད་པར་གསུངས་པའི་རྒྱུ་ནི་སྣང་བ་མེད་པར་མ་སོང་བ་ལས་གཞན་
པ་མི་སྣང་ངོ་། །སྦྱོར་བ་ཡིན་པའི་ཕྱིར་ན་ཉེས་པ་སྦོམ་པོར་གསུངས་སོ་ཞེས་བྱ་བའི་དོན་འདི་རྟོགས་པར་བྱའོ། །གྲུ་ཞིག་ཆུ་འདལ་བ་འམ་ཐང་ལས་སམ། །ཆུ་བོའི་རྒྱུན་ཕྱོགས་རྐུ་ནའང་དེ་བཞིན་ནོ། །ཀླུང་སོགས་འགྲམ་མི་སྣང་ལ་ཞེང་དུ་ན། །དེ་བཞིན་སྣང་ལས་ཕ་རོལ་ཕྱིན་འདིར་
བརྐུས། །དེ་བཞིན་ཞེས་བྱ་བ་ནི་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དུ་ཞེ་ན། བཤད་པ། ཆུ་འདལ་བ་སྟེ། ཆུ་འགྲམ་པ་དང་། ཐང་དང་ཆུ་བོའི་རྒྱུན་ཕྱོགས་ལ་ཡང་རུང་སྟེ། མི་སྣང་བར་གྱུར་པ་ཉིད་ན་བརྐུས་པ་ཡིན་ནོ། །ཆུ་བོ་འམ་རྒྱ་མཚོ་གང་ལས་
ཕ་རོལ་གྱི་འགྲམ་མི་མངོན་པའི་ཐད་ཀ་འདལ་བ་དེ་ལ་ཡང་མི་སྣང་བར་གྱུར་པ་ཁོ་ན་ན་བརྐུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆུ་བོ་ལ་སོགས་པ་འགྲམ་སྣང་བ་ལ་ནི་ཕ་རོལ་གྱི་འགྲམ་དུ་ཕྱིན་པ་ཁོ་ན་ན་བརྐུས་པ་ཡིན་ནོ། །རྒྱུན་ལས་བཟློག་པར་གྲུ་ནི་འདྲེན་བྱེད་ན། །གྲུ་ཚུགས་ཐལ་བ་ལས་ནི་
བརྐུས་པ་ཡིན། །རྒྱུན་ལས་བཟློག་ཕྱོགས་སུ་གྲུ་འདྲེན་ན་གྲུ་ཚུགས་ལས་འདས་པ་ཁོ་ན་ན་བརྐུས་པ་ཡིན་ནོ། །གྲུ་ཚུགས་ནི་གྲུ་ཕ་རོལ་དུ་བཀྲི་བའི་ཕྱིར་ལམ་ཇི་སྲིད་དུ་རྒྱུན་ལས་བཟློག་ཕྱོགས་སུ་བཀྲི་བར་བྱ་བ་དེ་ཡིན་ཏེ། དེ་ནི་གྲུ་དེའི་རྒྱུ་བའི་ས་ཡིན་པའི་ཕྱིར་གནས་པ་ཡིན་ནོ། གྲུ་ཚུགས་
མེད་ན་གདགས་པའི་ཚད་གནས་པ་ཡིན་པར་རྟོགས་པར་བྱའོ། གསང་སྔགས་དག་གིས་བརྐུ་བྱ་རྐུ་བྱེད་ན། །རང་གི་མིག་སྔར་སྣང་ན་དེ་བརྐུས་ཡིན། །གསང་སྔགས་དག་གིས་རྫས་བརྐུ་བར་བྱ་བ་རྐུ་བ་ན་རྫས་དེ་མཐོང་བ་ཁོ་ན་ན་བརྐུས་པ་ཡིན་ནོ། །རྫས་ཀྱི་སྟེང་ཆ་སྤྱིང་བར་བྱེད་ན་ནི། །

གནས་ཀྱི་སྟེང་ཆ་ལས་འདས་བརྐུས་པ་ཡིན། །ལུས་ཀྱི་རྒྱན་ནི་བཀྲོལ་བ་ཉིད་ན་ཡིན། །ཤོ་གམ་དག་ནི་ས་ཉིད་ས་འདས་ནའོ། །རྫས་ཀྱི་སྟེང་གི་ཆ་སྤྱིང་བས་རྐུ་བ་ན་གནས་ཀྱི་སྟེང་གི་ཆ་ལས་ཐལ་ན་བརྐུས་པ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི། ཟོང་སྤྱིང་
བའི་ཕྱིར་ཁྲི་ལས་ལྡང་བ་ནས་འདམ་རྐོ་ཞིང་ཕྱིས་བརྐུའོ་སྙམ་པ་ལས་དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །དངོས་པོ་མ་ཚང་ན་དམན་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་ཕྱིས་བརྐུའོ་ཞེས་བྱ་བ་སྨོས་པའི་ཕྱིར་རྫས་ཀྱི་སྟེང་གནས་ཀྱི་སྟེང་ཆུ་འམ་འདམ་ལས་འདས་པ་ན་བརྐུས་
པ་ཡིན་པར་མི་རིགས་སོ་ཞེ་ན་དེ་ནི་མི་རུང་སྟེ། རྐུ་བ་ནི་འདིར་བསྐུར་བ་ལ་སྦྱར་གྱི། བརྐུ་བ་དངོས་ལ་མ་ཡིན་ནོ། །དེ་བས་ན་ཕྱིས་བརྐུའོ་ཞེས་བྱ་བ་ནི་འདིའི་ཕྱིས་བསྐུར་རོ་ཞེས་བྱ་བའི་དོན་དུ་གནས་པ་ཡིན་ནོ། །དེ་ལྟར་ཡང་འདུལ་བ་མདོ་ལས། ཕྱིས་བརྐུ་བའི་བློ་གང་ཡིན་པ་དེ་ནི་བླང་བ་
ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །ལུས་ལ་རྒྱན་བཏགས་པ་རྣམས་ནི་བཀྲོལ་བ་ཁོ་ན་ན་བརྐུས་པ་ཡིན་ནོ། །བཀྲོལ་བ་ཁོ་ན་ན་གནས་གཞན་དུ་སྤོས་པ་ཡིན་པར་རྣམ་པར་གནས་པ་ཡིན་ཏེ། འདི་ལྟར་དེ་ནི་བཏགས་པ་ཡིན་གྱི་བཞག་པ་ནི་མ་ཡིན་པས་དེའི་ཕྱིར་བཏགས་པ་ལས་བཀྲོལ་
བ་འདིར་བརྐུས་པ་ཡིན་གྱི། གདགས་པའི་ས་བསྣོར་བས་ནི་མ་ཡིན་ནོ། །གསེར་གྱི་གདུ་བུ་ལ་སོགས་པ་ཐོགས་ཏེ་འདུག་པ་ནི་དཔུང་མགོ་ལ་ཐུག་པར་ཕྱིན་ཀྱང་བཏགས་པ་བཀྲོལ་བ་མ་ཡིན་ནོ། །ཤོ་གམ་དག་ནི་ས་ཉིད་འདས་ན་བརྐུས་པའོ་ཞེས་བྱ་བར་འགྱུར་རོ། །ས་ཉིད་ཅེས་བྱ་
བ་ནི་འདིར་ཤོ་གམ་གྱི་སྐབས་ཡིན་པའི་ཕྱིར་ཤོ་གམ་གྱི་གནས་སུ་རིག་པར་བྱའོ། །དེ་ཡང་གང་ཚུན་ཆད་ཕྱིན་ནས་ཤོ་གམ་གཞལ་བར་བྱ་བ་ཉིད་ཡིན་པ་དེ་ཚུན་ཆད་ཡིན་པར་རིག་པར་བྱའོ། །ཤོ་གམ་གྱིས་དེ་ལས་འདས་པ་ནི་ཤོ་གམ་བཅད་པའི་ཤོ་གམ་གྱིས་དེ་ལས་ཐལ་བ་ཡིན་ཏེ།
ས་ཕྱོགས་གཞན་ལས་དེ་ཐལ་བས་ནི་ཤོ་གམ་བརྐུས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡང་ཇི་ལྟར་ན་ཤོ་གམ་བཅད་པ་འདས་ན་ཤོ་གམ་འདས་པ་ཡིན་ཞེ་ན། ཤོ་གམ་ནི་ཤོ་གམ་བཅད་པའི་ཆ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ས་ཉིད་ཅེས་བྱ་བ་ཅི་དགོས་ཤེ་ན་རྫུ་འཕྲུལ་

གྱིས་ནམ་མཁའ་ལས་ཐལ་ན་ལྟུང་བ་མེད་པར་བསྟན་པའི་ཕྱིར་ཏེ། རྒྱལ་པོ་ནི་ས་ལ་དབང་བ་ཡིན་གྱི་ནམ་མཁའ་ལ་དབང་བ་མ་ཡིན་པས་སོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་ནམ་མཁའ་ལས་ཤོ་གམ་འདའ་བར་བགྱིད་ན་ཅིར་འགྱུར་ལགས་གལ་ཏེ་རྫུ་འཕྲུལ་གྱིས་
འདའ་བར་བྱེད་ན་ལྟུང་བ་མེད་དོ། །འོན་ཏེ་རྣམ་པ་གཞན་དག་གིས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་རྫུ་འཕྲུལ་ཞེས་སྤྱིར་བསྟན་པའི་ཕྱིར་མངོན་པར་ཤེས་པ་ལས་བྱུང་བ་དང་། ལས་ལས་སྐྱེས་པ་དང་། གསང་སྔགས་དང་སྨན་གྱིས་བྱས་པའི་རྫུ་འཕྲུལ་གཟུང་ངོ་། །
ཤོ་གམ་གྱི་ས་སྨོས་པ་ནི་ས་གཞན་ནས་ཤོ་གམ་བཅད་པ་འདས་ན་ཉེས་པ་མེད་པར་བསྟན་པའི་ཕྱིར་རོ། །ས་ཉིད་ཅེས་བྱ་བའི་ཉིད་ཅེས་བྱ་བ་ཅི་དགོས་ཤེ་ན། གལ་ཏེ་ཤོ་གམ་གྱི་སའི་གནས་སུ་ལུས་ཀྱི་ལག་པས་དབུལ་བ་ལ་སོགས་པ་ལག་པའི་ཕྱག་རྒྱས་སམ། ངག་གིས་གསང་སྔགས་
བརྗོད་པ་ལ་སོགས་པས་སམ། ཡིད་ཀྱིས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ལ་སོགས་པས་ཤོ་གམ་གཅད་པ་ལུས་ལའམ་ལུས་དང་འབྲེལ་པ་ལ་འམ་གང་ལ་ཡང་མ་རེག་པར་ནམ་མཁའ་ལས་ཤོ་གམ་གྱི་ས་ལས་འདའ་བར་བྱེད་ན་དེ་ན་ཤོ་གམ་མ་ཤ་ཀ་ལྔ་ལ་སོགས་པ་ཡོད་དུ་ཟིན་ཀྱང་སྦོམ་པོ་ཡིན་པར་
བསྟན་པའི་ཕྱིར་རོ། །གང་ཞིག་ནམ་མཁའ་ལ་འདུག་ནས་འདའ་བར་བྱེད་ན་དེ་ལ་ནི་ལྟུང་བ་མེད་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་ས་ཞེས་སྨོས་པའི་ཕྱིར་གང་ཞིག་ཡོད། ཤོ་གམ་གྱི་ས་དང་མ་འབྲེལ་བ་དེ་ལ་ནི་ལྟུང་བ་མེད་པ་ཉིད་ཡིན་པར་རིག་པར་བྱའོ། །གལ་ཏེ་ལུས་ཀྱིས་སམ་ལུས་
དང་འབྲེལ་པས་སམ་བཞོན་པས་ཤོ་གམ་གཞལ་བ་འདའ་བར་བྱེད་པ་ལྟུང་བར་མི་འགྱུར་རོ་ཞེ་ན། སྐྱོན་དུ་མི་འགྱུར་ཏེ་ས་ནི་བརྒྱུད་པས་གཞི་ཉིད་དུ་འབྲེལ་པའི་ཕྱིར་རོ། །དུད་འགྲོ་གང་ཞིག་ཤོ་གམ་གྱི་གནས་སུ་ཕྱིན་པ་ལས་ལམ་སྒྱུར་ནས་འདའ་བར་བྱེད་ན་དེ་ནི་རེ་ཞིག་ས་དེ་ལས་འདས་པ་ཡིན་
པར་ཐེ་ཚོམ་མེད་པ་ཁོ་ན་ཡིན་ནོ། །སླར་ལོག་སྟེ་ལམ་གཞན་ནས་འགྲོ་ན་ཇི་ལྟར་རྟོགས་པར་བྱ་ཞེ་ན། འཇིག་རྟེན་གྱི་ལུགས་ཀྱི་དབང་གིས་རྟོགས་པར་བྱ་སྟེ། གལ་ཏེ་སར་ཕྱིན་པ་ལས་སླར་ལོག་ཀྱང་གཞལ་བར་བྱ་བ་ཉིད་ཡིན་ན་སླར་ལོག་པའི་རྫས་དེ་འདས་པ་ཡིན་ནོ། །གལ་ཏེ་བསྐུར་

བར་བྱ་བ་ཉིད་ཡིན་ན་དེའི་ཚེ་འདས་པ་མ་ཡིན་པར་རིག་པར་བྱའོ། །ཤོ་གམ་གྱི་གནས་ཀྱིས་ནི་ས་བྱེ་བྲག་ཏུ་འབྱེད་པ་ཡིན་ཏེ། ས་གཞན་ལས་འདའ་བར་བྱེད་པ་ལ་ནི་ལྟུང་བ་མེད་པར་བསྟན་པའི་ཕྱིར་རོ། །དཔེར་ན་ཡུལ་ཆོས་ཀྱིས་ཤོ་གམ་གཅོད་པ་ཞིག་ཡིན་ལ་
ཡུལ་དེར་གཏོགས་པའི་གྲོང་གི་སའི་སྟེང་ལས་འདས་ན་མ་ཡིན་པ་ལྟ་བུའོ། །རྣམ་པར་འབྱེད་པ་ལས་ཤོ་གམ་གཅོད་པའི་རྫས་དང་ལམ་དུ་འཇུག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་དེ་ཡང་ལམ་དུ་འཇུག་པར་བྱེད་པ་ལ་བྱའི་བརྐུ་བ་ལ་ནི་མི་བྱ་བས་ཉེས་པ་མེད་དོ། །འདིར་
འཇིག་རྟེན་པའི་ལུགས་ཀྱིས་རྣམ་པར་གཞག་པ་ཡིན་པས་འདུལ་བ་ལས་ཤོ་གམ་གྱི་མཚན་ཉིད་མ་གསུངས་སོ། །འཇིག་རྟེན་ན་ནི་ལུགས་ཀྱིས་ཟོང་ཁོ་ན་ཤོ་གམ་གཅོད་པར་རིགས་སོ་ཞེས་འཇོག་སྟེ། འདི་ལྟར་ཟོང་ལ་ནི་ཉི་ཤུ་ཆ་ཤོ་གམ་ཡིན་ལ་རྩྭ་དང་ཤིང་ལ་སོགས་པ་དག་ནི་དྲུག་ཅུ་ཆ་
ཡིན་ནོ། །ཟོང་ཞེས་བྱ་བ་ནི་རྙེད་པའི་ཆེད་དུ་བཙོང་བར་བྱ་བ་ལ་བྱའོ། །དེ་ལྟ་བས་ན་ཟོང་མ་ཡིན་པ་དེ་ནི་ཤོ་གམ་གཅད་པ་མ་ཡིན་ནོ། །དེའི་ཕྱིར་སྡོམ་བརྩོན་རྣམས་ཀྱི་འཚོ་བའི་ཡོ་བྱད་ནི་ཤོ་གམ་གཅད་པར་འོས་པ་མ་ཡིན་པར་རིག་པར་བྱའོ། །གལ་ཏེ་སྡོམ་བརྩོན་རྣམས་ཀྱི་འཚོ་བའི་
ཡོ་བྱད་ཀྱང་ཤོ་གམ་གཅད་པར་འོས་པ་ཡིན་ན་ནི་ལམ་དུ་དེ་འཇུག་པར་བྱེད་པ་ཁོ་ནར་ཡང་མི་འགྱུར་བ་ཞིག་ན། འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། ཤོ་གམ་གཅད་པའི་རྫས་ནི་ལམ་དུ་འཇུག་པར་ཡང་མི་བྱའོ་ཞེས་བཀག་པའི་ཕྱིར་ལ། འདིར་གཞུང་ནི་སྨན་གྱི་གཞི་ལས་ཁྱིམ་བདག་
ལུག་སྐྱེས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཤུལ་གྱི་བསྙུན་རྒྱགས་ཀྱི་ཆེད་དུ་ཀཱར་ཥཱ་པ་ཎ་ད་གཅིག་བཞེས་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞེས་པར་བྱའོ་ཞེས་འབྱུང་བ་དང་ཡང་འགལ་ལོ། །དེའི་ཕྱིར་འདིར་ཤོ་གམ་གཅད་པར་བྱ་བ་ཉིད་ཡིན་
པའི་ཕྱིར་དེ་ལམ་དུ་ཞུགས་པར་བྱ་བ་མི་སྲིད་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྙུན་རྒྱགས་བཞེས་པར་བཀའ་སྩལ་པ་སྨྲ་བར་བྱ་དགོས་སོ། །དེ་ལྟ་བས་ན་འཇིག་རྟེན་ན་ནི་བཙོང་བར་བྱ་བ་ཁོ་ན་ཤོ་གམ་དུ་གཅད་པར་འོས་པར་གྲུབ་ཀྱི་གཞན་ནི་མ་ཡིན་ནོ། །བཅོམ་ལྡན་འདས་

ཀྱིས་འཇིག་རྟེན་གྱི་ལུགས་ཀྱི་དབང་ཁོ་ནས་སྣམ་བུ་གཅིག་རིན་ཐང་ཆེན་པོ་ཡིན་ཡང་ཡོ་བྱད་ཀྱིས་གོས་ཉིད་དུ་བྱས་ཏེ་བསྐུར་བར་བྱ་ཞེས་གསུངས་པ་ཡིན་ཏེ། སྡོམ་བརྩོན་རྣམས་ཀྱི་འཚོ་བའི་ཡོ་བྱད་ནི་ཤོ་གམ་དུ་གཅད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་
ཤོ་གམ་ལས་ཐར་བར་བྱ་བའི་ཕྱིར་ཆུར་སྨྱུགས་ནས་སམ་ཁ་ཚར་བཅད་ནས་བསྐུར་བར་བྱའོ་ཞེས་གསུངས་ཤེ་ན། དེ་ནི་ཉེས་པ་མེད་དེ་ཤོ་གམ་པ་རྣམས་ཀྱིས་ཡོ་བྱད་མང་པོ་དག་མཐོང་ན། ཤོ་གམ་གཅད་པར་འོས་པ་ཉིད་ཡིན་པར་ཐེ་ཚོམ་ཟོས་ནས་ཁ་མཆུ་དག་བྱེད་ན་མི་རུང་ངོ་སྙམ་
དུ་དགོངས་པའི་ཕྱིར་རོ། །གཞན་དག་ན་རེ་འདི་ནི་ཟོང་དུ་གྱུར་པ་དག་ཤོ་གམ་ལས་ཐར་བར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ་ཞེས་ཟེར་ཏེ། འདི་ནི་ཡུལ་ཆོས་ཀྱིས་བསྟན་པ་ཡིན་ནོ། །ཡུལ་ཁ་ཅིག་ཏུ་གསེར་ཤོ་གམ་དུ་མི་གཅོད་དེ། །ཁ་ཅིག་ཏུ་ཁ་ཚར་གཅད་པ་མི་གཅོད་དོ། །ཁ་
ཅིག་ཏུ་ཆུར་སྨྱུགས་པ་མི་གཅོད་དོ། །ཁ་ཅིག་ཏུ་ནི་ཤོ་གམ་གཅོད་དེ་གང་ན་ཁ་ཚར་གཅད་པ་ཁོ་ན་ཟོང་དུ་བྱེད་པ་དང་། དེ་བཞིན་དུ་ཆུར་སྨྱུགས་པ་ཉིད་ལ་བྱེད་པ་ལྟ་བུའོ། །རྣམ་པར་འབྱེད་པ་ལས་དཀོན་མཆོག་དག་གམ་ཕ་མའི་ཆེད་དུ་ཁྱེར་བར་བྱེད་ན་དེ་དག་གི་བསྔགས་པ་བརྗོད་པར་
བྱ་བ་འམ་བྱིན་ནས་བསྐུར་བར་བྱའོ་ཞེས་གསུངས་པ་གང་ཡིན་པ་དེར་ཡང་ཤོ་གམ་བྱིན་ནས་ཞེས་གསུངས་པའི་ཕྱིར་དེ་ནི་ཟོང་དུ་གྱུར་པ་ཁོ་ན་ལ་གསུངས་པར་ཁོང་དུ་ཆུད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་ཟོང་དུ་བསྐུར་རོ་ཞེས་གནང་བས་སྲིད་པ་ཡིན་ནོ། །ཅི་སྟེ་ཡང་ངེ་ཟོང་ཉིད་ནི་མ་ཡིན་
ལ་དེའི་ཚེ་གལ་གྱིས་འཆུ་བ་དག་ཡོད་ན་སྡོམ་བརྩོན་རྣམས་ཀྱིས་རིགས་པ་ནི་འདི་ཁོ་ན་ཡིན་ནོ་ཞེས་བྱ་བ་ཡིན་པས་དེ་ཉེ་བར་མཚོན་པ་ཡིན་ཏེ། དེ་ཉེ་བར་མཚོན་པ་ཤོ་གམ་བྱིན་ནས་ཞེས་གསུངས་པ་ནི་སྦྱིན་པ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་བསྟན་པར་རིག་པར་བྱའོ། །འདིར་གཞུང་ནི་རྩ་
བའི་བྱེ་བྲག་ཏུ་བཤད་པ་ལས་ཀྱང་། འདི་ནི་མཆོད་རྟེན་གྱི་དཀོར་མ་ཡིན། འདི་ནི་དགེ་འདུན་གྱི་དཀོར་མ་ཡིན་ན་དེའི་ཕྱིར་མཆོད་རྟེན་གྱི་ཕྱིར་རམ་དགེ་འདུན་གྱི་ཕྱིར་བསྐུར་བར་བྱ་བ་གང་ཡིན་པ་དེ་ལས་ནི་ཤོ་གམ་སྦྱིན་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཉོ་ཚོང་བྱ་བའི་རྒྱུར་མི་ཁྱེར་

བས་སོ། །ཟོང་དེ་ལས་ཟོང་དང་འདྲ་བ་ཡང་མི་བླང་ངོ་། །འོ་ན་ཇི་ལྟར་ཞེ་ན། མཆོད་པའི་ཕྱིར་བསྐུར་གྱི་རྙེད་པའི་ཕྱིར་ནི་མ་ཡིན་ནོ། །འདི་མཁན་པོའི་ཡིན། འདི་སློབ་དཔོན་གྱི་ཡིན། འདི་མའི་ཡིན། འདི་ཕའི་ཡིན་ན། མཁན་པོ་དང་སློབ་དཔོན་དང་ཕ་མའི་ཕྱིར་ཁྱེར་བ་གང་ཡིན་
པ་དེ་ལས་ཀྱང་ཤོ་གམ་སྦྱིན་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཉོ་ཚོང་བྱ་བའི་རྒྱུར་མི་ཁྱེར་བས་སོ། །ཟོང་དེ་ལས་ཟོང་དང་འདྲ་བ་ཡང་བླང་བར་མི་བྱའོ། །འོ་ན་ཇི་ལྟར་ཞེ་ན། དེ་ནི་མཆོད་པའི་ཕྱིར་ཁྱེར་གྱི་རྙེད་པའི་ཕྱིར་ནི་མ་ཡིན་ནོ། །འདི་སྐྱེས་ཡིན་ཏེ། དཔེར་ན་ཡུལ་གཞན་ནམ། ཡུལ་
གཞན་དུ་བསྐུར་བར་བྱ་བ་ཞིག་ཡིན་ན་དེ་ལས་ཤོ་གམ་སྦྱིན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་དུ་སྐྱེས་ཀྱི་ཕྱིར་བསྐུར་བ་ཡིན་གྱི་རྙེད་པའི་ཕྱིར་མ་ཡིན་ནོ་ཞེས་བྱ་བའི་བར་དང་། འདི་ལོངས་སྤྱོད་ཀྱི་རྫས་ཡིན་ན་ལོངས་སྤྱོད་ཀྱི་ཕྱིར་བསྐུར་བ་གང་ཡིན་པ་དེ་ལས་ཀྱང་ཤོ་གམ་སྦྱིན་
པར་མི་བྱའོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དེ་ལོངས་སྤྱོད་ཀྱི་ཕྱིར་བསྐུར་བ་ཡིན་གྱི་རྙེད་པའི་ཕྱིར་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་བར་དུ་འབྱུང་བ་ཡིན་ནོ། །རྒྱལ་པོའི་བསྟན་ངག་ལས་ཀྱང་བག་མ་བླང་བ་དང་། གཏང་བ་དང་། མཆོད་སྦྱིན་བྱ་བ་དང་། བཙས་པའི་ལྟས་མཁན་དང་།
ལྷ་ལ་མཆོད་པ་དང་། གཙུག་ཕུད་འདྲེག་པ་དང་། བ་ལང་སྦྱིན་པ་དང་། བརྟུལ་ཞུགས་དང་། རབ་ཏུ་འབྱུང་བ་ལ་སོགས་པ་བྱ་བའི་ཁྱད་པར་རྣམས་ཀྱི་རྫས་ཀྱི་ཤོ་གམ་མི་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །དེའི་ཕྱིར་འཇིག་རྟེན་ན་ཟོང་ལས་གཞན་པ་ལམ་བརྒྱགས་ལ་སོགས་པ་ནི་ཤོ་གམ་
གཅད་པར་འོས་པ་མ་ཡིན་ནོ། །འོ་ན་གང་ན་ཤོ་གམ་གཅོད་པ་དག་ཐམས་ཅད་འཕྲོག་པ་ཡིན་ན་དེར་ཇི་ལྟར་བསྒྲུབ་ཅེ་ན། རྩ་བའི་བྱེ་བྲག་ཏུ་བཤད་པ་ལས། དེའི་ཕྱིར་ཤོ་གམ་འདི་ཅི་འདྲ་བ་ཞིག་གིས་དབང་བར་བྱ་བ་ཡིན་ཞེ་ན། གང་ཞིག་ཆོས་བཞིན་དུ་སྲུང་བ་དང་། སྐྱོབ་པ་དང་།
སྦེད་པ་དང་། ཀུན་འགེད་པར་བྱེད་པ་དེས་ཤོ་གམ་དབང་བར་བྱ་བ་ཡིན་ནོ། །གང་ཞིག་ཆོས་བཞིན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་། ཀུན་འགེད་པར་མི་བྱེད་པ་དེས་ནི་ཤོ་གམ་དབང་བར་མི་བྱའོ། །གང་ཞིག་ལེན་པར་བྱེད་ན་དེ་ཐམས་ཅད་དངོས་གཞིའི་མ་བྱིན་པར་ལེན་པའི་ཁ་

ན་མ་ཐོ་བས་རེག་པ་ཡིན་ནོ་ཞེས་གསུངས་པ་དང་འཇིག་རྟེན་པའི་ཚུལ་ལས་ཀྱང་རྒྱལ་པོས་བསྲུངས་པའི་ཕྱིར་སྐལ་བ་ཤོ་གམ་ཡིན་ནོ་ཞེས་འབྱུང་བ་དང་། དེའི་ཕྱིར། སྐྱེ་དགུ་ཉོན་མོངས་སྲུང་བའི་ཕྱིར། །རྒྱལ་པོ་ལ་ནི་ཤོ་གམ་འཇལ། །གལ་ཏེ་དེ་ཡང་སྲུང་བ་ཡིས། །ཉོ་ན་གླ་ཡིན་བུ་ལོན་
མིན། །ཞེས་བསྟན་ཏོ། །དེ་བས་ན་ཆོམ་རྐུན་དག་དང་འདྲ་བར་ཐམས་ཅད་འཕྲོག་པ་དག་ལས་ནི་འདས་ན་ཡང་ཉེས་པ་མེད་དོ། །དེ་བཞིན་དུ་ཡང་དེ་སྲུང་བའི་ཆོས་ཅན་ཡིན་པའི་ཕྱིར་རོ་ཞེས་ཀྱང་འབྱུང་སྟེ་དེའི་ལས་ནི་ཟོང་སྲུང་བ་ཡིན་ཏེ། སྲུང་བའི་སྐལ་བ་ཡིན་པས་དེ་ལ་ཤོ་གམ་གཞལ་ལོ་ཞེས་
བྱ་བའི་ཐ་ཚིག་གོ། །དེ་བས་ན་འཕྲོག་པ་རྣམས་ནི་སྲུང་བའི་སྐལ་བ་མི་དབང་བར་འོས་པ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱའོ། །ཤོ་གམ་གྱིས་ནི་གྲུ་བཙས་ཀྱང་རྣམ་པར་བཤད་པ་ཡིན་ཏེ། དེ་ཡང་འཇིག་རྟེན་ཁོ་ན་ལས་ཡིན་པས་སོ། །ཇི་སྐད་དུ། སྦྲུམ་མ་ཟླ་བ་གཉིས་ལ་སོགས། །རབ་
ཏུ་བྱུང་དང་ཐུབ་པ་དང་། །བྲམ་ཟེ་དང་ནི་རྟགས་ཅན་ལས། །གྲུ་བཙས་བླང་བར་མི་བྱའོ། །ཞེས་འབྱུང་བ་ཡིན་ནོ། །དེ་བས་ན་རབ་ཏུ་བྱུང་བ་རྣམས་ལ་ནི་གྲུ་བཙས་མེད་དོ། །སྐལ་བ་ཐོབ་ཕྱིར་སྡོམ་བརྩོན་རྐུན་པོ་ལ། །ལམ་སྩོགས་སྟོན་པས་གལ་ཏེ་གྲོགས་བྱེད་ན། །སྐལ་བ་ཐོབ་
ན་བརྟུལ་ཞུགས་ཉམས་པར་འདོད། །ཚུལ་མིན་ཆད་པས་གཅོད་པ་ཆོད་ན་ཡིན། །གལ་ཏེ་སྡོམ་བརྩོན་གྱིས་སྐལ་བ་ཐོབ་པར་བྱ་བའི་ཕྱིར་ཆོམ་རྐུན་པ་རྣམས་ལ་ལམ་ལ་སོགས་པ་སྟོན་པ་དག་གིས་གྲོགས་བྱེད་ན་དེའི་ཚེ་སྐལ་བ་ཐོབ་པར་གྱུར་ན་བརྟུལ་ཞུགས་ལས་ཉམས་པ་ཡིན་ནོ། །
དེ་བཞིན་དུ་གང་གི་ཚེ་ལས་བྱེད་པ་རྣམས་ལ་ནི་རིགས་པས་ཆད་པས་གཅོད་ན་དེའི་ཚེ་ཡང་ཆད་པས་ཆོད་པར་གྱུར་པ་ཉིད་ན་བརྟུལ་ཞུགས་ལས་ཉམས་པ་ཡིན་ནོ། །ལོ་ཏོག་དག་ལ་ཤོག་ཤིག་གཞན་མིན་ཞེས། །གཞན་གྱི་ཞིང་ལ་ཆུ་འདྲེན་གཅོད་བྱེད་ལ། །རང་གི་ལོ་ཏོག་
དག་ནི་ལེགས་གྱུར་ཅིང་། །གཞན་གྱི་ལོ་ཏོག་འགྲིབས་འདིར་དངོས་གཞིར་འགྱུར། །གལ་ཏེ་བདག་གི་ནི་ལེགས་པར་ཤོག་ཤིག།གཞན་གྱི་ནི་ཉེས་པར་གྱུར་ཅིག་ཅེས་བྱ་བའི་བསམ་པ་འདིས་ཕ་རོལ་གྱི་ཞིང་ལ་ཆུ་འདྲེན་ཏམ་གཅོད་པར་བྱེད་ལ། ཕ་རོལ་གྱི་ཉེས་ཤིང་རང་གི་ལོ་ཏོག་

ལེགས་ན་དེའི་ཚེ་དངོས་གཞིར་འགྱུར་ཏེ། ཕ་རོལ་གྱི་ཉེས་པའི་ཚད་ལས་ལྷག་པར་གྱུར་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཁལ་བཅུ་གཉིས་བྱུང་བ་ལས་ཁལ་བཞི་འགྲིབས་ལ་དགེ་སློང་ལ་ནི་ཁལ་བཞི་ལྷག་པར་གྱུར་ན་དེ་དག་གི་རིན་ཐང་གིས་ལྟུང་བ་ཡིན་ནོ། །
འདིར་ཆུ་འདྲེན་པ་དང་གཅོད་པ་ནི་རྒྱུན་ཕྱོགས་སུ་འབབ་པ་ལས་སམ་ཞིང་འགྲམ་དུ་བབ་པ་ལས་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་འདིར་རྐུ་བ་ནི་ལོ་ཏོག་ལེགས་པ་ལ་བརྟེན་པ་ཡིན་གྱི་ཆུ་ལ་ནི་མ་ཡིན་ཏེ། རང་གི་ཞིང་ལ་ཆུ་འདོར་བའམ་གཅོད་པ་ནི་རྐུ་བ་མི་བསྐྱེད་པར་ཐལ་བའི་
ཕྱིར་རོ། །གཞན་གྱི་ལོ་ཏོག་དག་ནི་འགྲིབས་ཞེས་བྱ་བ་ཅི་དགོས་ཤེ་ན། གཞན་གྱི་ལོ་ཏོག་འགྲིབས་པར་མ་གྱུར་ན་ཅུང་ཟད་ཀྱང་བརྐུས་པར་མི་འགྱུར་ཞེས་བསྟན་པའི་ཕྱིར་རོ། །ལོ་ཏོག་བདག་ལ་ཤོག་ཤིག་གཞན་མིན་ཞེས་བྱ་བ་ཅི་དགོས་ཤེ་ན། རྐུ་བའི་བསམ་པ་མེད་ན་ཡང་རྐུ་བ་སློང་བ་མ་ཡིན་
ལ། འདིར་རྐུ་བ་དེ་ཡང་ལོ་ཏོག་གང་ཞིག་གཞན་གྱི་ལོ་ཏོག་ཉེས་པས་རང་གི་ལོ་ཏོག་ལེགས་པ་གང་ཡིན་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །འདིར་ཡང་སའི་ཡོན་ཏན་ལ་སོགས་པས་གང་དག་ལྷག་པར་གྲུབ་པ་མ་གཏོགས་པར་ཆུ་ལས་གྱུར་པ་ཁོ་ནས་གང་དག་གྲུབ་ཅིང་། གཞན་གྱི་
ལོ་ཏོག་འགྲིབས་ནས་རང་གི་ལོ་ཏོག་ལེགས་པ་ཁོ་ནས་གང་དག་གྲུབ་ཅིང་གཞན་གྱི་ཉེས་པའི་ཚད་པས་རང་གི་ལྷག་པ་དེ་ཁོ་ན་ལ་རིན་ཐང་བརྩི་བར་བྱའོ། །གལ་ཏེ་རྫས་ལ་བཤལ་ཏེ་རྐུ་བྱེད་ན། །ངོས་གཞན་གྱིས་ནི་ངོས་གཞན་ས་མཚམས་ཐལ། །དེ་ཚེ་བརྐུས་ཡིན་བཏེག་བརྐུས་ས་
འཕགས་ཡིན། །གལ་ཏེ་རྫས་བཤལ་ཏེ་རྐུ་བར་བྱེད་ན་ངོས་གཞན་གྱིས་ངོས་གཞན་ཕྱི་མའི་ས་ལས་ཐལ་ཏེ་སོང་ན་དེའི་ཚེ་བརྐུས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དགེ་སློང་གིས་ཡོ་བྱད་ལྕི་བས་ཤིན་ཏུ་ཐག་རིང་པོར་རྐུ་བར་བགྱིད་ཀྱང་མཐར་
མི་འགྱུར་བ་མཆིས་ལགས་སམ། ཡོད་དེ། འདི་ལྟ་སྟེ། དགེ་སློང་གིས་ཡོ་བྱད་ལྕི་བ་ཕྱོགས་གཅིག་ནས་བཟུང་སྟེ་ཤིན་ཏུ་ཐག་རིང་པོར་འདྲེན་པར་བྱེད་ཀྱང་ངོས་ཅིག་ཤོས་གནས་དེ་ནས་མ་ཐལ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །གལ་ཏེ་དེ་ལྟར་

ཡིན་ན་རྫས་ཀྱིས་ནོན་པའི་རི་མོ་ལ་སོགས་པས་མཚམས་ལ་ཇི་ལྟར་རྟོགས་པར་བྱ་སྟེ། འདི་ལྟར་གལ་ཏེ་ས་དེ་གས་པ་དང་ཞེས་བྱ་བ་ལ་སོགས་པ་བྱེ་བྲག་མ་ཕྱེ་བར་གསུངས་ཀྱི་རྫས་ཀྱིས་ཁྱབ་པའི་ཕྱོགས་ལས་ཕྱི་རོལ་དུ་གྱུར་པའི་ས་དེ་གས་པ་དང་ཞེས་བྱ་བ་ལ་སོགས་པ་མ་གསུངས་སོ་ཞེ་ན།
འདིར་བཤད་པ། རྫས་རྐུ་བར་བྱ་བ་དེས་ཁྱབ་པའི་ཕྱོགས་གང་ཡིན་པ་དེར་གཏོགས་པ་དག་གས་པ་རྣམས་ལ་ནི་མཚམས་གཞན་ཉིད་ཡིན་པར་མི་འཐད་དེ། དེ་ལྟར་ན་རིལ་གྱིས་བརྐུས་པར་མི་འགྱུར་གྱི་ཆ་ཕྱི་མ་ལ་བརྐུས་པར་འགྱུར་རོ། །ཆ་ཤས་འདྲེས་ཤིང་འབྱར་བ་དྲང་བར་བྱ་
བ་ལ་བརྟེན་པར་བྱེད་པ་དག་ནི་འདུས་པའི་ངོ་བོ་ལས་ལོགས་ཤིག་ཏུ་རྐུ་བར་མི་རུང་སྟེ། འདུས་པའི་ངོ་བོ་ཉིད་དུ་གནས་པའི་ཕྱིར་རོ། །བཏེག་སྟེ་རྐུ་བ་ཐམས་ཅད་ལ་ནི་ས་ལས་འཕགས་པ་ཁོ་ན་ན་བརྐུས་པ་ཡིན་ནོ། །འདིར་ས་ནི་རྫས་ཀྱི་གཞི་ཟུང་ལ་སོགས་པ་མཚོན་པ་ཡིན་
པར་རིག་པར་བྱའོ། །དེ་ལྟར་ཡང་ཞུས་པ་ལས། བཙུན་པ་དགེ་སློང་གིས་ཟུང་དང་བཅས་ཏེ་བརྐུས་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་ཟུང་ལས་བྲལ་བ་དེའི་ཚེ་མཐར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དབྱུག་པ་ལ་སོགས་
བརྒྱབ་པས་ཤིང་ཏོག་རྐུ། །འོག་ཏུ་ལྟུང་ན་བརྐུས་པ་ཡིན་པར་བསྟན། །དབྱུག་པ་ལ་སོགས་པ་དག་གིས་བརྒྱབ་པས་ཤིང་ཏོག་རྣམས་བརྐུ་ན་འོག་ཏུ་ལྷུང་བ་ཁོ་ན་ན་བརྐུས་པ་ཡིན་པར་རིག་པར་བྱའོ། །གྲོགས་མང་དག་དང་འགྲོགས་ཏེ་རྐུ་བྱེད་ན། །སྐལ་བ་ཐོབ་ན་བརྐུས་ཡིན་སྔར་
མིན་ནོ། །འདིར་གཞུང་ནི་ཞུས་པ་ལས། མུན་ཁུད་དུ་གོས་གཞག་པ་ལས་དགེ་སློང་བཞིས་རྐུ་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གང་གི་ཚེ་མཐར་འགྱུར་ལགས། གང་གི་ཚེ་བཞི་ཆར་གྱིས་སོ་སོའི་སྐལ་བ་རང་གིར་བྱས་ལ་གཅིག་གི་སྐལ་བ་ལ་དངོས་པོ་ཚང་ན་
མཐར་འགྱུར་རོ། །མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །སྐྱེ་བོ་མང་པོའི་རྫས་རྐུ་གང་གི་ཚེ། །རེ་རེའི་སྐལ་བས་རིན་ཐང་ཚང་ན་བརླག །སྐྱེ་བོ་མང་པོས་གང་ཚེ་རྐུ་བྱེད་ན། །དེ་ཚེ་རང་སྐལ་རིན་གྱིས་རྣམ་པར་གཞག།སྐྱེ་བོ་མང་པོ་ལ་བདོག་པ་རྐུ་བར་བྱེད་ན་

བདག་པོ་རེ་རེའི་སྐལ་བའི་རིན་ཐང་ལས་ལྟུང་བར་འགྱུར་རོ། །འདིར་གཞུང་ནི་ཞུས་པ་ལས། དགེ་སློང་གིས་ཤིན་ཏུ་མང་པོ་བརྐུས་ཀྱང་མཐར་མི་འགྱུར་བ་མཆིས་ལགས་སམ། ཡོད་དེ། སྐྱེ་བོ་མང་པོའི་རྐུ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ།
འདིར་ཡང་སྐྱེ་བོ་མང་པོ་ཇི་སྙེད་པའི་རིན་ཐང་ཚང་བར་མ་གྱུར་པའི་སྐྱེ་བོ་མང་པོ་དེ་སྙེད་ལ་དགོངས་ནས་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་གནས་པ་ཡིན་ནོ། །འདིར་འཕགས་པ་ཉེར་སྦས་ཀྱི་ཞལ་ནས་ནི་གལ་ཏེ་དེ་ལ་སྲུང་མ་དག་བཞག་པ་ཡིན་ན་དེ་དག་ཁོ་ན་ལས་མ་བྱིན་པར་ལེན་པ་
ཡིན་ཏེ། འདི་ལྟར་མཆོད་རྟེན་ལ་སོགས་པ་དང་། ཕྱོགས་བཞིའི་དགེ་འདུན་གྱི་རྫས་དག་ལས་གང་གི་ཕྱིར་སྲུང་མ་དག་གིས་གཞལ་དགོས་པའི་ཕྱིར་རོ་ཞེས་གསུངས་སོ། །གཞན་དག་ན་རེ་ནི་རྫས་ཀྱི་བདག་པོ་ཁོ་ན་དག་ལས་མ་བྱིན་པར་ལེན་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་འཆད་དོ། །སྐྱེ་བོ་མང་
པོ་དང་ལྷན་ཅིག་པས་གཅིག་གི་རྫས་རྐུ་བར་བྱེད་ན་རང་རང་གི་སྐལ་བའི་རིན་ཐང་ཁོ་ན་ལས་ལྟུང་བར་འགྱུར་རོ། །འདིར་གཞུང་ནི་ཞུས་པ་ལས། དེ་བཞིན་དུ་སྐྱེ་བོ་མང་པོ་དང་ལྷན་ཅིག་ཏུ་རྐུ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཇི་སྟེ་རེ་རེའི་སྐལ་བ་ལས་མ་ཤ་ཀ་ལྔ་བྱུང་ན་མཐར་འགྱུར་རོ་ཞེས་
གསུངས་པ་ཡིན་ནོ། །འོ་ན་གང་ན་སྐྱེ་བོ་མང་པོའི་རྫས་ཡོད་པ་ལ་སྐྱེ་བོ་མང་པོས་རྐུ་ན་དེར་ཇི་ལྟར་རྟོགས་པར་བྱ་ཞེ་ན། དབྲོག་པར་བྱ་བ་གཅིག་གི་སྐལ་བ་ཇི་ཙམ་ཡོད་པ་དེ་ལས་འཕྲོག་པ་པོ་གཅིག་གི་སྐལ་བ་ཅི་ཡོད་པ་དེའི་རིན་ཐང་གིས་དེ་ལ་ལྟུང་བར་འགྱུར་བར་རྟོགས་པར་བྱའོ། །དགེ་འདུན་
དག་ནི་ནོར་གཅིག་སྤུན་འདྲ་བས། །དགེ་འདུན་ཆེད་བྱས་སྐལ་བ་མི་བརྟག་སྟེ། །ཞིང་བགོ་མིན་ཕྱིར་སྡོམ་བརྩོན་མང་ཕྱིར་རོ། །གཞན་དུ་ལུང་ལས་རིན་ཐང་དཔྱད་མི་འགྱུར། །ཇི་ལྟར་སྤུན་ནོར་གཅིག་པ་རྣམས་ནི་སོ་སོ་ནས་ནོར་ཐམས་ཅད་ལ་སོ་སོ་བ་མ་ཡིན་པ་ཉིད་ཀྱིས་བདག་གིར་
བྱ་བའི་བློ་འབྱུང་ངོ་། །དེ་བཞིན་དུ་དགེ་སློང་རྣམས་ལ་ཡང་དགེ་འདུན་གྱི་རྫས་ལ་སོ་སོ་བ་མ་ཡིན་པ་ཉིད་ཀྱིས་བདག་གིར་བྱ་བ་ཡོད་དོ། །དེ་ལྟ་བས་ན་དགེ་འདུན་གྱི་ཆེད་དུ་བརྐུས་པ་ལ་མ་ཤ་ཀ་ལྔ་ཙམ་ཁོ་ནས་ཕམ་པར་འགྱུར་གྱི་དགེ་སློང་རེ་རེའི་སྐལ་བས་ནི་མ་ཡིན་ནོ་ཞེས་བྱ་བར་རྣམ་པར་

གནས་སོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གཉུག་མར་གནས་པ་ཞིག་གིས་དགེ་འདུན་གྱི་ཞིང་རྨེད་པར་བྱེད་ལ་དེ་དང་ཧ་ཅང་མི་རིང་བ་ཞིག་ན་ཁྱིམ་བདག་གི་ཞིང་ཞིག་ཡོད་པས་ཁྱིམ་བདག་དེ་འོངས་ནས་སྨྲས་པ། བཙུན་པ་ཅི་བདག་གི་ཞིང་རྨེད་དམ། ཞིང་འདི་ནི་ཁྱོད་ཀྱི་མ་ཡིན་
གྱི་དགེ་འདུན་གྱི་ཡིན་ནོ། །དེས་སྨྲས་པ། བཙུན་པ་མི་མ་ཡིན་པའི་ཆེ་བཞི་རྣམས་ཀྱིས་བསྟན་པར་བྱའོ། །ཞེས་སྨྲས་ནས། ཁྱིམ་བདག་དེས་སྔོན་གྱི་མུར་ཕུར་པ་བཙུགས་པ་དག་དེས་བརྐོས་ཏེ་བསྟན་པ་དང་། དགེ་སློང་གིས་རྨེད་པ་བོར་རོ། །དེས་ཁྱིམ་བདག་དེ་སོང་བ་དང་ཕུར་པ་དེ་ནང་
དུ་བཙུགས་ནས་ཞིང་རྨེད་དོ། །ཁྱིམ་བདག་དེ་ཡང་འོངས་ནས་སྨྲས་པ། བཙུན་པ་ཁར་རྩང་བདག་གིས་ཁྱོད་ཕམ་པར་བྱས་ན་ཅི་ད་ལྟར་ཡང་ཞིང་རྨེད་དམ། དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་
ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་དངོས་པོ་ཚང་ན་ཞེས་གསུངས་པ་ལས་ན། དེ་ལས་དེའི་སྐལ་བ་གང་ཡོད་པ་དེ་ཁོ་ན་ལས་ལྟུང་བ་དེ་འབྱུང་བར་དགོངས་པ་ཡིན་ཏེ།མ་ཤ་ཀ་ལྔ་ལ་སོགས་པ་ལས་ཆུང་བའི་ཞིང་ནི་མི་འཐད་པའི་ཕྱིར་རོ་སྙམ་དུ་
སེམས་ན་དེ་ནི་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། ཞིང་བགོ་མིན་ཕྱིར། དགེ་འདུན་གྱི་ཞིང་ནི་བགོ་བར་བྱ་བ་མ་ཡིན་པས་སྐལ་བ་རྣམ་པར་གཅད་པ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་སྡོམ་བརྩོན་མང་ཕྱིར་རོ། །དགེ་སློང་རྣམས་ནི་དཔག་ཏུ་མེད་པ་ཡིན་པས་ཏིལ་ཙམ་གྱི་སྐལ་བ་ཞིག་སྲིད་པས་
རིན་ཐང་ཚང་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་ལྟ་བས་ན་ལུང་གི་གཞུང་ལས། གལ་ཏེ་དངོས་པོ་ཚང་ན་ཞེ་འམ་འོན་ཏེ་མ་ཚང་ན་ཞེས་རིན་ཐང་དཔྱད་པར་འདི་མི་འབྱུང་གི །འོ་ན་ཅི་ཞེ་ན། ཉེས་པ་སྦོམ་པོ་ཁོ་ནར་འགྱུར་རོ་ཞེས་གསུངས་པར་གྱུར་པ་ཞིག་ན། བཅོམ་ལྡན་འདས་ཀྱིས་རིན་
ཐང་དཔྱད་པར་ཡང་མཛད་དོ། །དེ་ལྟ་བས་ན་འདི་སྐད་གསུངས་པ་ནི་ཞིང་མ་བགོས་པ་ལ་བྱ་བར་མངོན་ནོ། །གཞན་དུ་ན་ནི་རིན་ཐང་དཔྱད་པའི་སྐབས་མེད་པར་འགྱུར་རོ། །གང་ཞིག་བཏུས་སམ་བསྡུས་སམ་ནགས་ཚལ་ལ། །རྐུ་ན་སྤགས་པ་ཉིད་ན་བརྐུས་པ་ཡིན། །མེ་ཏོག་དག་ནི་བཏུས་

ནས་གོས་དག་ནི་བསྡུས་ནས་སྤུངས་ཤིང་ཐུམ་པོར་བཅིངས་ཏེ་རྐུ་ན་ཐུམ་པོ་གནས་ནས་སྤགས་པ་ཁོ་ན་ནས་བརྐུས་པ་ཡིན་ནོ། །དེ་བཞིན་དུ་ནགས་ཚལ་ཡང་གནས་ནས་སྤགས་པ་ཁོ་ན་ནས་བརྐུས་པ་ཡིན་ནོ། །འོ་ན་རྣམ་པར་འབྱེད་པ་ལས་མེ་ཏོག་དང་ལྗོན་ཤིང་བཏོན་
ནས་རྐུ་བར་བྱེད་ན་མེ་ཏོག་དང་ལྗོན་ཤིང་གི་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཇི་ལྟ་བུ་ཡིན། འདི་ལྟར་འདི་ལས་བཏོན་ནས་ཞེས་གསུངས་པའི་ཕྱིར་སྔར་འདོན་པར་བྱེད་ན་ཕྱིས་རྐུ་བར་བྱེད་དོ། །བར་མངོན་ན་དེ་ཇི་ལྟར་ན་སྤགས་པ་ཉིད་ན་བརྐུས་པ་ཡིན་ཞེས་བྱ་ཞེ་ན།བཤད་
པ་ལས་ནི་ཤིང་བཏོན་ནས་རྐུ་བར་བྱེད་ཅེས་བྱ་བ་ནི་ཁ་གདངས་ནས་ཉལ་ལོ་ཞེས་བྱ་བ་དང་འདྲའོ་ཞེས་འབྱུང་ངོ་། །བཤད་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་རྣམ་པར་འབྱེད་པ་ཡིན་ནོ། །འདི་ལྟར་འདི་ལས་བཏོན་ནས་རྐུ་བར་བྱེད་ཅེས་བྱ་བའི་དོན་འདི་གནས་པའི་ཕྱིར་ནས་ཞེས་བྱ་བ་ནི་དུས་
སྔ་མ་ཉིད་ལ་མི་བྱའི་དུས་མཉམ་པ་ཉིད་ཁོ་ན་ལ་བྱ་བར་མངོན་ཏེ། དཔེར་ན་ཁ་གདངས་ནས་ཉལ་ཞེས་བྱ་བ་དང་། མིག་བཙུམས་ནས་དགོད་ཅེས་བྱ་བ་དང་། བརྟེན་ནས་འབྲེལ་པར་འབྱུང་བ་ཞེས་བྱ་བ་ལ་ནས་ཞེས་བྱ་བ་ཡོད་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་བཏོན་ནས་ཞེས་བྱ་བ་ནས་ནི་དུས་
མཉམ་པ་ཉིད་ལ་བྱ་བར་གསུངས་སོ་ཞེས་བྱ་བར་ཐེ་ཚོམ་མེད་དོ། །ནགས་ཚལ་ཞེས་བྱ་བ་ཡང་འདིར་མཚོན་པ་ཙམ་དུ་ཟད་ཀྱི། འབྲས་བུ་ཅན་ནི་ནགས་ཚལ་ཡིན། །མེ་ཏོག་འབྲས་ལྡན་ལྗོན་ཤིང་ཡིན། །འབྲས་བུ་སྨིན་ཟད་སྨན་ཡིན་ནོ། །འཁྲི་ཤིང་གེལ་བ་ནགས་མ་ཡིན། །ཞེས་
འབྱུང་བ་ལྟ་བུར་ལྗོན་ཤིང་དང་། ནགས་མ་དང་སྨན་རྣམས་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ལ་བརྟེན་པར་མི་བྱའོ། །རྒྱན་པོ་དོར་བྱས་རྒྱལ་ན་ཉེས་པར་འགྱུར། །རྒྱན་པོ་དོར་བྱས་པས་རྒྱལ་ན་ཉེས་པར་འགྱུར་རོ། །རྒྱན་པོ་ལ་སོགས་གྲངས་ལ་དོར་བྱེད་དང་། །མཚན་མ་བསྐྱེད་
དང་འབྲིད་པར་བྱེད་པ་དང་། །གནས་གཞན་དུ་ནི་འཇོག་དང་འདོར་བྱེད་དང་། །ཚོམས་གཞན་དུ་ནི་འགྲང་ངམ་སྙོན་བྱེད་དང་། །མི་རིགས་པ་ཡིས་ཐོབ་པ་སྒྲུབ་བྱེད་དང་། །གཞན་ལ་སྙད་བཏགས་ལ་སོགས་ཚུལ་གྱིས་རྐུ། །གྲུབ་པ་ཉིད་ན་ཉེས་པ་ཡིན་པར་དགོངས། །རྒྱན་པོ་ལ་

སོགས་པ་བགྲང་བ་ལ་དོར་བྱས་པས་རྐུ་ན་གྲུབ་པ་ཉིད་ན་ཉེས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་མཚན་མ་བསྐྱེད་པའམ་འབྲི་བའམ་གནས་གཞན་དུ་འཇོག་པའམ་འདོར་བའམ་དེ་བཞིན་དུ་གང་ན་ཚོགས་སུ་བྱས་ཏེ། རྙེད་པ་འབུལ་བར་བྱེད་པའི་ཚོགས་གཞན་དེར་བདག་ཉིད་གྲངས་སུ་ཆུད་
པར་བྱེད་དམ། ཁོ་བོ་གཞན་དུ་མ་གྲངས་སོ་ཞེས་ཚོགས་སྔ་མ་ལ་སྙོན་པར་བྱེད་པའམ། དེ་བཞིན་མི་དབང་བཞིན་དུ་ཁོ་བོ་དབང་ངོ་ཞེས་སྒྲུབ་པར་བྱེད་པ་དང་། དེ་བཞིན་དུ་ཁྱིམ་བདག་གིས་བྱིན་ཅིག་ཅེས་སྨོས་སོ་ཞེས་བྱ་བ་ལ་སོགས་པ་གཞན་ལ་སྙད་བཏགས་པས་རྐུ་ན་ཐམས་ཅད་ལ་ཡང་དོན་གྲུབ་པ་ཁོ་
ན་ན་བརྐུས་པ་ཡིན་ནོ། །བསྐྱིས་དང་གཏམས་དང་བརྙས་པ་རྣམས་ལ་ནི། །བསྙོན་པས་ཐག་བཅད་པ་ན་ཉེས་པ་ཡིན། །བསྐྱིས་པ་ཞེས་བྱ་བ་ནི་སྐྱིན་པོ་བྱས་པ་དང་སྐྱིན་པོར་བླངས་པའི་ཐ་ཚིག་གོ། །གཏམས་ཞེས་བྱ་བ་ནི་གཞག་པ་སྟེ་བགྲངས་ནས་གཏམས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་
བསྐྱིས་པ་དང་བརྙས་པ་དང་གཏམས་པ་ལ་བསྙོན་པ་དག་གིས་རྐུ་བར་བྱེད་པ་ན་ཐག་བཅད་ན་བརྐུས་པ་ཡིན་པར་རིག་པར་བྱའོ། །ཐག་བཅད་པ་ཞེས་བྱ་བ་ནི་གཅིག་ཁོ་ནར་ཆད་པར་བྱེད་པ་སྟེ། གཞན་གྱི་རེ་ཐག་བཅད་པར་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་
སློང་གིས་བསྐྱིས་ནས་བསྙོན་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བརྙས་པ་ལས་བསྙོན་ནས་རྐུ་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །ནམ་མཐར་འགྱུར་ལགས་གང་གི་ཚེ་ཐག་བཅད་པ་ནའོ། །གཞན་ཞིག་གིས་དགེ་སློང་ལ་བཞག་པ་ཞིག་གཏམས་པ་
ལ་བླངས་པ་ན་དེས་བསྙོན་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །ནམ་ཞིག་མཐར་འགྱུར་ལགས། གང་གི་ཚེ་ཀུན་དུ་ཐག་བཅད་ནའོ། །གཏམས་པ་ནི་གཉིས་ཏེ། བགྲངས་ནས་གཏམས་པ་དང་། རྒྱས་བཏབ་སྟེ་གཏམས་པའོ། །དེ་ལ་གང་ཞིག་བགྲངས་
ནས་གཏམས་པ་ནི་གཏམས་པ་ཞེས་བྱ་བ་འདིས་བསྟན་ཏོ། །རྒྱས་བཏབ་སྟེ་གཏམས་པ་ནི་བཅོལ་ཏེ་བཞག་པའོ་ཞེས་ཏེ། གཏད་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་རབ་ཏུ་དབྱེ་བ་ནི། བཅོལ་ཏེ་གཏམས་པ་རྐུ་བར་བྱེད་པ་ལ། །ཐག་བཅད་པ་ཡི་རབ་དབྱེ་རྣམ་གསུམ་སྟེ། །ཞེས་རྣམ་པ་

གསུམ་དུ་བསྟན་ཏོ། །བཅོལ་བ་རྐུ་བ་ལ་ཐག་བཅད་པའི་རབ་ཏུ་དབྱེ་བ་གསུམ་དུ་འགྱུར་ཏེ། གསུམ་གང་དག་ཅེ་ན། བཤད་པ། ཐག་བཅད་པ་དང་སྤགས་མཉམ་སྤགས་པ་ཡི། །འོག་ཏུ་ཐག་བཅད་པ་ལས་ཉེས་པར་འགྱུར། །སྤགས་པའི་སྔ་རོལ་ཐག་
བཅད་དེ་བཞིན་བསྙོན། །སྦྱོར་བའོ་འདིར་ནི་སྤགས་པ་དངོས་གཞི་ཡིན། །སྤགས་པ་དང་ཐག་བཅད་པ་མགོ་མཉམ་པ་ནི་དབྱེ་བ་གཅིག་གོ། །སྤགས་པ་ནི་སྔ་ལ་ཕྱིས་ཐག་བཅད་པ་འདི་ནི་གཉིས་པའོ། །ཐག་བཅད་པ་ནི་སྔ་ལ་ཕྱིས་སྤགས་པ་ནི་གསུམ་པ་ཡིན་ནོ། །དེ་ལ་གལ་
ཏེ་གནས་ནས་སྤགས་པ་དང་ལྷན་ཅིག་ཏུ་ཐག་བཅད་པ་དང་། ཡང་ན་གལ་ཏེ་སྤགས་པའི་འོག་ཏུ་ཐག་བཅད་པ་ཡིན་ཡང་རུང་སྟེ། གཉི་གར་ཡང་ཐག་བཅད་པ་ཉིད་ན་བརྐུས་པ་ཡིན་ནོ། །འོན་ཏེ་ཐག་བཅད་པ་ནི་སྔ་ལ། ཕྱི་ནས་སྤགས་པ་ཡིན་ན་དེའི་ཚེ་ཐག་བཅད་པ་ནི་སྦྱོར་
བ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་བསྙོན་པ་ཡང་སྦྱོར་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དོན་གྱིས་ན་ཐག་བཅད་པས་སྔ་བའི་བསྙོན་པ་ནི་སྦྱོར་བ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱ་ལ། འདིར་སྤགས་པ་ཁོ་ན་ནི་ཕམ་པ་ཡིན་ནོ། །འདིར་གཞུང་ནི་ཞུས་པ་
ལས། གཞན་ཞིག་གིས་དགེ་སློང་ལ་གཞག་པ་གཏམས་པ་ལས་བླངས་པ་ན་དེས་བསྙོན་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །ནམ་ཞིག་ན་མཐར་འགྱུར་ལགས། གང་གི་ཚེ་སྤགས་ཤིང་ཐག་བཅད་པ་ནའོ་ཞེས་བྱ་བ་
དང་འོན་ཏེ་སྔར་གནས་ནས་སྤགས་ལ། ཕྱིས་ཐག་བཅད་ན་དངོས་པོ་ཚང་ན་མཐར་འགྱུར་རོ། །མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་དང་། གལ་ཏེ་དེས་སྔར་ཐག་བཅད་ལ། ཕྱིས་གནས་ནས་སྤོག་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གཞུང་གི་
དུམ་བུ་གསུམ་འབྱུང་ངོ་། །འདིར་སྔར་ཐག་བཅད་ན་ཐག་བཅད་པ་ལས་སྦོམ་པོར་འགྱུར་གྱི། མཐར་ནི་མི་འགྱུར་རོ་ཞེས་བྱ་བའི་དོན་འདིར་ཁོང་དུ་ཆུད་པར་བྱ་སྟེ། གཙོར་ཐག་བཅད་པ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །འདིར་སྤགས་པ་ནི་མཐར་འགྱུར་བར་གྲུབ་པ་ཁོ་ན་ཡིན་པར་ཐེ་ཚོམ་མེད་དོ། །གཞན་དུ་ན་ཚིག་འདི་

མི་རིགས་པར་འགྱུར་རོ། །འོ་ན་འདུལ་བ་གཅིག་ནས་འཕྲོས་པ་ལས། བཙུན་པ་རྐུ་བ་དུ་མཆིས། ཉེ་བ་འཁོར་དྲུག་སྟེ། མཐུས་རྐུ་བ་དང་། འདྲིད་པས་རྐུ་བ་དང་། གཏམས་པས་རྐུ་བ་དང་། སླར་སྦྱིན་པར་བྱ་བ་རྐུ་བ་དང་། འཇོམས་པས་རྐུ་བ་དང་། ཆོས་རྐུ་བ་དང་དྲུག་གོ། །བཙུན་པ་བཅོམ་ལྡན་
འདས་ཀྱིས་རྐུ་བ་རྣམ་པ་དྲུག་པོ་གང་ལགས་པ་འདི་དག་ལས་གསུངས་པ་དེ་དག་ལས་དུ་ཞིག་གིས་མཐར་འགྱུར་ལགས། ཉེ་བ་འཁོར་ཆོས་རྐུ་བ་མ་གཏོགས་པ་ཐམས་ཅད་ཀྱིས་མཐར་འགྱུར་རོ་ཞེས་གང་གསུངས་པའི་གཞུང་གི་དོན་འདི་ཅི་བསྟན་ནམ། སྨྲས་པ་དེ་བཞིན་ནོ། །དེ་ལ་རེ་ཞིག་ཆོས་
རྐུ་བའི་དོན་ནི། ཡིད་དགེ་བ་ཡིས་ལེན་ན་ཉེས་པ་མེད། །ཅེས་བྱ་བའི་ཚིག་འདིས་བསྟན་པ་ཡིན་ནོ། །འདྲིད་པས་རྐུ་བ་རྣམ་པ་གཉིས་ཏེ། ཆོམ་པོ་དང་། དོར་ཐབས་ཀྱིས་སོ། །དེ་ལ་ཆོམ་པོས་ལེན་པ་ནི་རྐུ་བའི་སེམས་ཀྱིས་སུ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །དོར་ཐབས་
ཀྱིས་རྐུ་བ་ནི། རྒྱན་པོ་དོར་བྱས་རྒྱལ་ན་ཉེས་པར་འགྱུར། །ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །གཏམས་པ་རྐུ་བ་ཡང་རྣམ་པ་གཉིས་ཏེ། བགྲངས་ནས་གཏམས་པ་དང་། རྒྱས་བཏབ་ནས་གཏམས་པའོ། །དེ་ལ་རྒྱས་བཏབ་ནས་གཏམས་པ་ནི་བཅོལ་ཏེ་གཏམས་པ་ཞེས་བྱ་བ་འདིས་བསྟན་
པ་ཡིན་ནོ། །བགྲངས་ནས་གཏམས་པ་རྐུ་བ་དང་། སླར་སྦྱིན་པར་བྱ་བ་རྐུ་བ་ནི་བརྐུས་པ་དང་། བསྐྱིས་པ་དང་གཏམས་པ་དང་བརྙས་པ་རྣམས་ལ་ནི་ཞེས་བྱ་བ་འདིས་དོན་བསྟན་པ་ཡིན་ནོ། །མཐུས་རྐུ་བ་ནི་མངོན་སུམ་འཕྲོག་པ་དང་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ། །འཇོམས་པས་རྐུ་བ་ནི་ཤོ་
གམ་འཇོམས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། མཐུ་དང་འཇབ་བུས་སོ། །དེ་ཡང་རྐུ་བའི་སེམས་ཀྱིས་སུ། །ཞེས་བྱ་བ་ལ་སོགས་པ་འདིས་དོན་བསྟན་པ་ཡིན་ནོ། །དེ་ལྟར་བརྐུ་བྱའི་དབྱེ་བས་རྐུ་དབྱེ་བ། །འདི་ནི་འདུལ་བའི་རྒྱ་མཚོ་ལས་བཏུས་བསྟན། །དེ་ལྟར་ན་ནི་དེ་ལྟར་ཏེ། བརྐུ་བར་
བྱ་བའི་དབྱེ་བས་རྐུ་བའི་རབ་ཏུ་དབྱེ་བ་འདི་འདུལ་བའི་རྒྱ་མཚོ་ལས་ཕྱུང་ནས་བཤད་པ་ཡིན་ནོ། །རང་གཞན་བང་ཆེན་བརྒྱུད་ལ་སོགས་པ་ཡིས། །གང་ཞིག་རྐུ་ན་ཐམས་ཅད་རྐུན་མ་ཡིན། །རང་རྐུ་འམ། གཞན་དག་གིས་སམ། བང་ཆེན་བཏང་བས་སམ། བང་ཆེན་བརྒྱུད་པས་རྐུ་

ཡང་རུང་སྟེ། དེ་ཐམས་ཅད་རྐུན་མ་ཉིད་ཡིན་པར་རྟོགས་པར་བྱའོ། །འདིར་གཞུང་ནི་བདག་ཉིད་ཀྱིས་རྐུ་བར་བྱེད་པ་དང་། བདག་ཉིད་ཀྱིས་རྐུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་ནས་གནས་སུ་སྤོག་པར་བྱེད་པ་དང་བྱིན་གྱིས་བརླབས་ནས་རྐུ་བར་བྱེད་པ་དང་། བྱིན་གྱིས་
བརླབས་ནས་རྐུར་འཇུག་པ་དང་། བྱིན་གྱིས་བརླབས་ནས་གནས་ནས་གནས་སུ་སྤོག་པར་བྱེད་པ་དང་། བང་ཆེན་གྱིས་རྐུ་བར་བྱེད་པ་དང་བང་ཆེན་གྱིས་རྐུར་འཇུག་པ་དང་། བང་ཆེན་གྱིས་གནས་ནས་གནས་སུ་སྤོག་པར་བྱེད་ན་ཕམ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །
དེ་ལ་འཕགས་པ་ཉེར་སྦས་ཀྱིས་རྐུ་བར་བྱེད་པ་ནི་སྦྱོར་བར་བྱེད་དོ་ཞེས་བྱ་བར་རྣམ་པར་བཤད་དོ། །དེའི་ཕྱིར་དེའི་རྗེས་སུ་འབྲངས་ནས་རྐུ་བ་འདི་དག་རྣམ་པར་བཤད་པར་བྱའོ། །བདག་ཉིད་ཀྱིས་རྐུ་བར་བྱེད་ཅེས་བྱ་བ་ནི་རང་གིས་སྦྱོར་བར་བྱེད་པའོ། །བདག་ཉིད་ཀྱིས་རྐུར་འཇུག་པ་ཞེས་བྱ་
བ་ནི་རང་ཉིད་ཀྱིས་གཞན་ལ་བསྐོ་བར་བྱེད་པའོ། །གནས་ནས་གནས་སུ་སྤོག་པར་བྱེད་ཅེས་བྱ་བ་ནི་གནས་གང་ན་རྫས་གང་ཡོད་པ་དེ་ནས་གཞན་དུ་སྦེད་པར་བྱེད་པ་སྟེ། དཔེར་ན་གལ་ཏེ་བརྩད་པས་རྐུ་བ་ན་འོག་ཟུར་བརྩད་ལ་དེར་ཕ་རོལ་གྱི་རེ་བ་མ་ཆད་པའི་གནས་སུ་ཕྱིན་པར་བྱེད་པ་ནི་གནས་ནས་
གནས་གཞན་དུ་སྤོག་པར་བྱེད་པ་དང་། གལ་ཏེ་བླའི་གྲྭར་རྩོད་ན་དེར་ཕ་རོལ་པོ་མ་ཕམ་པའི་གནས་ནས་ཕམ་པའི་གནས་སུ་ཕྱིན་པར་བྱེད་པ་ནི་གནས་ནས་གཞན་དུ་སྤོག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པར་སྦྱར་བ་ལྟ་བུའོ། །བྱིན་གྱིས་བརླབས་ནས་རྐུ་བར་བྱེད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཏེ།
བདག་ཉིད་ཁོ་ནས་རྫས་དེ་བྱིན་གྱིས་བརླབས་ནས་བཟུང་ནས་བདག་གིར་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་རྫས་བསྐྱིས་པ་དང་། གཏམས་པ་དང་བརྙས་པ་དེ་དག་ལ་ཐོག་མ་ཉིད་ནས་བྱིན་གྱིས་བརླབས་ཤིང་སྙིང་ལ་བསམས་ནས་དཔྱད་པར་བྱས་ལ། ཕྱིས་རྐུ་བར་བྱེད་པ་སྟེ།
སྦྱོར་བ་བྱེད་པ་ལྟ་བུའོ། །སྦྱོར་བ་དེ་ཡང་བསྙོན་ཅིང་ལས་མི་ལེན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་བཞི་པ། བྱིན་གྱིས་བརླབས་ནས་རྐུར་འཇུག་པ་ཞེས་བྱ་བ་ཡང་སྔ་མ་བཞིན་ཏེ་བདག་གིར་བྱས་ནས་དེའི་རེ་བ་ཆད་པའི་ཐབས་གཞན་ལ་བྱེད་དུ་འཇུག་ཅིང་སྦྱོར་བར་བྱེད་དོ། །བྱིན་གྱིས་

བརླབས་ནས་གནས་ནས་གནས་སུ་སྤོག་པར་བྱེད་པ་ཞེས་བྱ་བ་ཡང་སྔ་མ་བཞིན་ཏེ། རྫས་བྱིན་གྱིས་བརླབས་ཤིང་སྙིང་ལ་བསམས་ནས་དེས་ཕ་རོལ་པོའི་རེ་བའི་གནས་ནས་རེ་བ་ཆད་པའི་གནས་སུ་ཕྱིན་པར་བྱེད་པ་སྟེ། རེ་ཐག་ཆད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བང་ཆེན་གྱིས་རྐུ་བར་
བྱེད་ན་ཞེས་བྱ་བ་ནི་ཐག་རིང་པོར་བང་ཆེན་བཏང་ནས་སོ། །བང་ཆེན་གྱིས་རྐུར་འཇུག་པ་ཞེས་པ་ནི་བང་ཆེན་གྱིས་བང་ཆེན་ལ་སོགས་པས་སོ། །བང་ཆེན་གྱིས་གནས་ནས་གནས་སུ་སྤོག་པར་བྱེད་ཅེས་བྱ་བ་ནི་བརྐུ་བར་བྱ་བ་གང་གནས་གང་ན་ཡོད་པ་དེ་ནས་གཞན་དུ་སྦེད་པར་བྱེད་པའོ། །གནས་
ཀྱང་སྔ་མ་བཞིན་ཏེ། ཁ་ཅིག་ཏུ་ནི་བསམ་པ་མ་བཏང་བའོ། །ཁ་ཅིག་ཏུ་ནི་ཕམ་པའོ། །ཁ་ཅིག་ཏུ་ནི་མི་སྣང་བའོ། །ཁ་ཅིག་ཏུ་ནི་སྣང་བའོ། །ཁ་ཅིག་ཏུ་ནི་རེ་བ་ཆད་པ་ལ་སོགས་པ་མཚན་ཉིད་ཇི་ལྟ་བ་བཞིན་དུ་དཔྱད་ན་བརྗོད་པར་བྱའོ། །འཕགས་པ་ཟླ་བའི་ནོར་བུའི་ཞལ་ནས་ནི་བདག་ཉིད་
ཀྱིས་རྐུ་བར་བྱེད་པ་ཞེས་བྱ་བ་ནི་རང་གིས་འཕྲོག་པར་བྱེད། བྲལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་ཀྱིས་རྐུར་འཇུག་པ་ཞེས་བྱ་བ་ནི་ཕ་རོལ་པོ་བསྐོས་ནས་འཕྲོག་པར་བྱེད་པའོ། །སྤོག་པར་བྱེད་པ་ཞེས་བྱ་བ་འདི་ནི་རྣམ་གྲངས་ཀྱི་ཚིག་ཡིན་ཏེ། རྫས་གང་ཞིག་གནས་གང་ན་ཡོད་པ་དེ་ནི་སྤོག་
པར་བྱེད། འཕྲོག་པར་བྱེད་ཅེས་བྱ་བའི་དོན་འདི་ཁོ་ནར་འགྱུར་རོ་ཞེས་གསུངས་སོ། །གལ་ཏེ་རྣམ་གྲངས་ཀྱི་ཚིག་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཟློས་བུ་མི་མངའ་བར་སྟོན་པ་ཡིན་ནོ་ཞེས་འབྱུང་བ་འདི་དང་འགལ་ལོ་ཞེ་ན། བཙུན་པ་བློས་མི་འབེབས་ཀྱི་ཞལ་ནས་གདུལ་བའི་
དབང་གི་ཕྱིར་ནི་ཟློས་བུར་མི་འགྱུར་རོ་ཞེས་གསུངས་སོ། །བརྒྱ་ལ་འོ་ན་གལ་ཏེ་རྐུར་འཇུག་པ་ཞེས་བྱ་བ་གཞན་ལ་བསྒོ་བ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ན་དེའི་ཚེ་ལུས་ཀྱིས་མ་བྱིན་པར་བླངས་པར་ཇི་ལྟར་འགྱུར་ཞེ་ན། ཚིག་གིས་བསྒོ་ནས་ལུས་ཀྱིས་འབྲས་བུ་རྫོགས་པར་བྱེད་པའི་ཕྱིར་ལུས་ཀྱིས་ཞེས་བྱ་
བར་འགྱུར་བས་ཉེས་པ་མེད་དོ། །གཞི་ནས་རྒྱུན་གྱིས་རྐུ་བར་བྱེད་པ་ནས། །རྐུན་དུ་འབྲེལ་པར་འབྱུང་ལ་གཅིག་ཉིད་དོ། །ཞེས་བྱ་བ་དེ་ཀུན་དུ་འབྲེལ་བའི་རྒྱུན་ནི་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་ཆུ་བོ་བཀུམ་ནས་ཆབ་རྐུ་

བར་བྱེད་ན་ཅིར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་ཕུང་པོ་དང་པོ་ནས་ཆུའི་མཇུག་གི་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་བཞིན་འདིར་ནི་ཁ་དོག་གཅིག་གྱུར་གནས། །རི་མོ་ལ་སོགས་མེད་ས་སྟེང་མཉམ་གཅིག །དེ་
བཞིན་དུ་ཁ་དོག་གཅིག་པར་གྱུར་པའི་གནས་ཀྱང་གཅིག་པ་ཉིད་ཡིན་ཏེ། གལ་ཏེ་ས་གཞི་ཁ་དོག་གཅིག་པ་ཡིན་ལ། རི་མོ་ལ་སོགས་པ་ཡང་མེད་ཅིང་མཉམ་པ་དང་མཐོ་དམན་མེད་པ་དེ་ཡང་གཅིག་པ་ཉིད་དུ་ཤེས་པར་བྱའོ། །གླང་ཆེན་ལ་སོགས་ཕྱོགས་ནི་མི་མངོན་དང་། །དོང་ན་ཡོད་
པའི་འབྲས་ཆན་ཁ་དོག་མཚུངས། །རྩྭ་རྣམས་བཀྲམ་པའི་འབྱར་བ་མཉམ་པའམ། །གཞན་རྣམས་ལ་ཡང་འོས་པ་ཉིད་ཀྱིས་དཔྱད། །གལ་ཏེ་གླང་པོ་ཆེ་དེ་ཤ་རྒྱས་པ་ཞིག་ཡིན་ན་ཕྱོགས་གཅིག་ཡིན་ནོ། །གང་ཞིག་རྩིབ་ལོགས་ལ་སོགས་པ་རུས་པ་དག་སྣང་བ་དེ་དག་ནི་ཕྱོགས་ཐ་དད་པ་
ཡིན་པར་བལྟ་བར་བྱའོ། །དེ་བཞིན་དུ་དོང་དག་ན་ཡོད་པའི་འབྲས་ཁ་དོག་གཅིག་པ་དང་། རྩྭ་བཀྲམ་པ་འབྱར་བ་མཉམ་པའི་ངོ་བོར་གྱུར་པ་ལས་ཡང་གཅིག་པ་ཉིད་ཁོ་ན་ཡིན་ནོ། །གཞན་རྣམས་ལ་ཡང་ཇི་ལྟར་འོས་པ་ཉིད་ཀྱིས་དཔྱད་པར་བྱའོ། །གསེར་དངུལ་རྣམ་པ་ཉམས་བྱས་རྐུ་བྱེད་ན། །
ཉམས་བྱས་ངོ་བོ་བརྐུ་བར་བྱ་བར་འདོད། །གསེར་རམ་དངུལ་དག་སྨན་གྱིས་ཉམས་པར་བྱས་ནས་རྐུ་བར་བྱེད་པ་ན། ཉམས་པར་བྱས་པའི་ངོ་བོ་ཁོ་ནའི་རིན་ཐང་བརྩི་བར་བྱའི་ཉམས་པར་མ་བྱས་པའི་མ་ཡིན་ནོ། །གསད་པ་ཉིད་ནི་ནམ་ཡང་བརྐུས་མིན་ཏེ། །དེ་ནི་རྐུ་བའི་སྦྱོར་བ་ཡིན་
པར་བསྟན། །ལུག་ལ་སོགས་པ་བསད་ནས་རྐུ་བ་ན་དེའི་གནས་སྐབས་ཀྱི་རིན་ཐང་བརྩི་བར་བྱའོ། །བསད་པ་ནི་རྐུ་བའི་སྦྱོར་བ་ཁོ་ན་ཡིན་པར་བསྟན་ཏོ། །དེ་ལྟར་ན། བརྐུ་བྱ་གཅིག་ཉིད་དང་ནི་གཞིར་གྱུར་གཅིག།བརྐུ་བྱའི་ངོ་བོ་ཇི་ལྟར་དེ་ལྟར་བཤད། །བརྐུ་བར་བྱ་བ་གཅིག་པ་ཉིད་ནི་
གཞི་ནས་རྒྱུན་གྱིས་ཞེས་བྱ་བ་ལ་སོགས་པས་བཤད་དོ། །གཞིར་གྱུར་པ་གཅིག་པ་ཉིད་ནི། དེ་བཞིན་འདིར་ནི་ཁ་དོག་གཅིག་གྱུར་གནས། །ཞེས་བྱ་བ་ལ་སོགས་པས་བཤད་དོ། །བརྐུ་བར་བྱ་བའི་རང་བཞིན་ཡང་། །གསེར་དངུལ་རྣམ་པ་ཉམས་བྱས་ཞེས་བྱ་བ་ལ་སོགས་པས་བཤད་དོ། །

ད་ནི་བདག་པོའི་རབ་ཏུ་དབྱེ་བ་བཤད་པར་བྱའོ། །ནོར་གྱི་བདག་པོ་མི་འམ་རི་དགས་ཞེས། །ངེས་པ་མེད་ན་དངོས་ཀྱི་དབང་གིས་གཞག།བདག་པོ་རྣམས་མི་ཡིན་ནམ་འོན་ཏེ་མི་མ་ཡིན་ཞེས་ངེས་པ་མེད་ན། །ཡིད་གཉིས་གྱུར་ན་ངེས་དང་འདྲ་བར་གཞག།ཅེས་བྱ་བ་འདིས་དངོས་པོ་ལས་རྣམ་
པར་གཞག་གོ། །རྐུན་པོས་ཆོས་གོས་རྫས་ལ་སོགས་ཕྲོགས་ན། །དེ་ལ་རེ་བ་མེད་ན་བདག་གི་མིན། །དེ་ཕྱིར་ནན་གྱིས་དེ་ལས་ལེན་ན་མཐའ། །བསམ་པས་མ་བཏང་བ་ལ་ཉེས་པ་མེད། །རྐུན་མ་རྣམས་ཀྱིས་ཆོས་གོས་ལ་སོགས་པ་ཕྲོགས་ན། གང་ཞིག་བསམ་པས་བཏང་བ་དེ་ལ་བདག་
ཉིད་ཀྱིར་བྱ་བ་མེད་དོ། །བསམ་པས་མ་བཏང་བ་ལ་ནི་ཡོད་དོ། །དེ་ལྟ་བས་ན་ནན་གྱིས་རྐུན་མ་ལས་ལེན་པར་བྱེད་ན། བསམ་པས་ཡོངས་སུ་བཏང་བ་ལས་མཐར་འགྱུར་རོ། །བསམ་པས་མ་བཏང་བ་ལ་ནི་ཉེས་པ་མེད་པ་ཉིད་ཡིན་ཏེ། འདོད་པ་དང་བཅས་པ་ཉིད་ཀྱིས་བདག་གིར་བྱ་བ་ཉིད་
དང་མ་བྲལ་བའི་ཕྱིར་རོ། །འོ་ན་ཕྲན་ཚེགས་ལས། རང་གི་ཆོས་གོས་དང་ལྷུང་བཟེད་ངོ་ཤེས་ནས་དགེ་སློང་རྣམས་ཀྱིས་ཀུ་ཅོ་བཏོན་པ་དང་། ཆོམ་རྐུན་པ་དེ་རྣམས་སྐྲག་ནས་བོར་ཏེ་བྱེར་རོ། །དགེ་སློང་རྣམས་ཀྱང་རང་རང་གི་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབས་ནས་འཁོད་ལ། ཅི་
འདི་བདག་ཅག་ལ་རུང་ངམ་འོན་ཏེ་མི་རུང་སྙམ་དུ་མི་ཤེས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་སྐྲག་པར་མི་བྱ་སྟེ། དེ་ནི་གང་གིས་ཕྲོགས་པ་དེའི་ཡིན་ནོ། །ཞེས་འབྱུང་བ་དང་འགལ་ལོ་ཞེ་ན། འདི་ལ་འགལ་བ་མེད་དེ། གཞུང་གི་དོན་ནི་ནོར་གྱི་བདག་པོ་རྣམས་ཀྱི་བསམ་
པས་བཏང་བ་བྱས་ན། དེ་གང་གིས་ཕྲོགས་པ་དེའི་ཡིན་ནོ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །འདི་ག་ལས་ཤེས་ཤེ་ན། དེ་སྲིད་དུ་ལྟོས་པ་མེད་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །འདི་ནི་ཁུངས་མ་ཡིན་ཏེ། དེ་ལྟར་ཡང་ཆོམས་རྐུན་རྣམས་ཀྱིས་གཞོམ་པར་བརྩམས་པ་དང་། དགེ་སློང་རྣམས་
ཀྱིས་ལྟོས་པ་མེད་པར་ཆོས་གོས་དང་ལྷུང་བཟེད་བོར་བ་དང་། དེ་རྣམས་ཕོངས་པར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྲིད་དུ་ཆོམ་རྐུན་རྣམས་ཀྱིས་བཅོམ་པའི་རྫས་ཁྱེར་ནས་སྦྱོར་བའི་རྒྱུན་མ་ཆད་པ་དེ་སྲིད་དུ་ལྟོས་པ་མེད་པར་མི་བྱའོ་ཞེས་གཞུང་ལས་འབྱུང་

བས་ཆོམ་རྐུན་མཐོང་བ་ཁོ་ན་ལས་འཕྲལ་དུ་མ་བཏང་བ་ཞེས་བྱ་བ་ལ་དགོངས་པའི་ཕྱིར་འདི་ནི་ཁུངས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེ་ན། འདིའི་དོན་ནི་འདི་ཡིན་ཏེ། འདི་ནི་བྱུང་བ་ཙམ་ཡིན་གྱི། ཆོམ་རྐུན་དེ་སྲིད་དུ་ལྟོས་པ་མེད་པར་མི་བྱའོ་ཞེས་འབྱུང་བ་འདི་ནི་
སྤྱིར་གསུངས་པ་ཡིན་ནོ། །གལ་ཏེ་འདི་སྤྱིར་གསུངས་པར་མི་འགྱུར་ན་དེའི་ཚེ་ཆོམ་རྐུན་དེ་དག་བཅོམ་པའི་རྫས་རྣམས་ཁྱེར་ཏེ་མཉན་ཡོད་དུ་ཚོང་བྱ་བར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་པའི་རྫས་ངོ་ཤེས་ལ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་སྲིད་དུ་ལྟོས་པ་མེད་པར་མི་བྱའོ་
ཞེས་གསུངས་པས། དགེ་སློང་དེ་རྣམས་ཀྱིས་བཅོམ་པའི་རྫས་དེ་ངོ་ཤེས་ནས་ཆོམ་རྐུན་དེ་རྣམས་རྒྱལ་པོའི་ཕོ་བྲང་འཁོར་དུ་ཁྲིད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོམ་རྐུན་པ་རྣམས་རྒྱལ་པོའི་ཕོ་བྲང་འཁོར་དུ་དབུལ་བར་མི་བྱའོ། །འོན་ཀྱང་ཆོས་བཤད་པས་བླང་
བར་བྱའོ། །གལ་ཏེ་མི་སྟེར་ན་རིན་ཕྱེད་ཀྱིས་ཀྱང་བླང་བར་བྱའོ། །འོན་ཀྱང་མི་སྟེར་ན་རིན་ཐང་ཚང་བར་བྱིན་ཏེ་བླང་བར་བྱའོ་ཞེས་བྱ་བ་ལ་སོགས་པའི་བར་དུ་འབྱུང་བའི་གཞུང་འདི་མི་རུང་སྟེ། འདིར་དེ་སྲིད་དུ་ལྟོས་པ་མེད་པར་མི་བྱའོ་ཞེས་བྱ་བའི་ཚིག་འདི་མངོན་དུ་བྱས་ནས་དགེ་སློང་རྣམས་
འཇུག་པ་ནི་འགལ་ལོ། །གལ་ཏེ་དོན་དེ་ལྟར་མི་སེམས་ན་བཅོམ་ལྡན་འདས་ཀྱིས་ཀྱང་མ་བྱིན་པར་ལེན་པ་ལ་བརྟེན་ནས་དགག་པ་བོར་ཏེ་ཆོམ་རྐུན་དབུལ་བ་བཀག་པ་མི་རིགས་པར་འགྱུར་རོ། །དེ་ལྟ་བས་ན་བསམ་པས་བཏང་བ་ལས་བདག་གིར་བྱ་བ་ལོག་པ་ཡིན་ནོ་ཞེས་བྱ་བར་
རྟོགས་པར་བྱའོ། །བསམ་པས་མ་བཏང་ན་ནི་གཞན་གྱིས་བདག་གིར་བྱས་ཀྱང་རུང་སྟེ། བདག་ཉིད་ཀྱིར་བྱ་བ་མ་ཉམས་པ་ཡིན་ནོ། །དེ་ལྟར་ཡང་འདུལ་བ་མདོ་ལས། ཕྲོགས་པ་ལ་བསམ་པས་མ་བཏང་བ་ཉིད་ནི་བདག་པོ་ཉིད་དང་མ་བྲལ་བ་ཡིན་པ་ཉིད་དོ་ཞེས་བྱ་བ་འབྱུང་བ་
ཡིན་ནོ། །རྩ་བའི་བྱེ་བྲག་ཏུ་བཤད་པ་ལས་ཀྱང་ཕྲོགས་མ་ཐག་ཏུ་དངོས་པོ་དེ་ཆོམ་རྐུན་གྱི་ཡིན་པར་མི་འགྲུབ་སྟེ། དེ་ནི་བདག་པོ་ཁོ་ནའི་ཡིན་ནོ་ཞེས་འབྱུང་ངོ་། །འོན་ནི་ཆོས་བཤད་པས་བླང་བར་བྱའོ་ཞེས་བྱ་བ་འདི་དང་འགལ་ཏེ། རང་གི་རྫས་བླང་བ་ལ་ཆོས་བཤད་པ་

དང་འབྲེལ་བ་ཅི་ཡོད་ཅེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ལྷུར་མཛད་ནས་གསུངས་པས་འགལ་བ་མེད་དོ། །གཞུང་གི་དོན་ནི་གལ་ཏེ་ལུས་ལ་གནོད་པ་མེད་པར་བླང་བར་ནུས་ན་དེ་ལྟ་ན་ནི་བླང་། འོན་ཏེ་མ་ཡིན་ན་ཆོས་བཤད་པས་བླང་བར་བྱ་བ་འམ་རིན་གྱིས་ཀྱང་བླང་བར་བྱའི།
ཆོམ་རྐུན་རྣམས་རྒྱལ་པོའི་ཕོ་བྲང་འཁོར་དུ་དབུལ་བར་མི་བྱ་སྟེ། དེས་ན་དེ་དག་ལ་གནོད་པར་འགྱུར་རོ་ཞེས་བྱ་བར་གནང་སྟེ་འདི་ལྟར་རིན་ཕྱེད་ཀྱིས་ཀྱང་ཞེས་གསུངས་པས། དེ་ནི་དེ་ལྟར་གདོན་མི་ཟ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་རིན་ཕྱེད་ཀྱིས་ཇི་ལྟར་ལྟུང་བར་མི་འགྱུར། གལ་ཏེ་ཞེས་བྱ་བའི་
གཞུང་ལས། དེ་དག་བསྒྲག་པར་མི་བྱ་སྟེ་དེ་ནི་གང་གིས་ཕྲོགས་པ་དེའི་ཡིན་ནོ་ཞེས་གསུངས་པ་ཡང་དེའི་དོན་འདི་ཡིན་ཏེ། འདི་ནི་བདག་གི་ཡིན་ནོ་སྙམ་དུ་མངོན་པར་ཞེན་པའི་ཕྱིར་དེ་དེའི་ཡིན་གྱི། རྐུན་པོ་མ་ཡིན་པར་མི་གཞན་གྱི་ནི་མ་ཡིན་ནོ། །མཐུས་དེའི་རེ་བ་བཅད་ན་སྡོམ་བརྩོན་
དབྱུག་པ་སྤངས་པ་དགོན་པ་དང་བས་མཐའ་ན་གནས་པ་ལ་སྲོག་གི་བར་ཆད་བྱེད་པར་འགྱུར་རོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་བཟློག་པ་མཛད་དེ། རང་གི་འདུ་ཤེས་ཀྱིས་འཇུག་པས་གཞན་གྱིས་ནི་མ་ཡིན་པའི་ཕྱིར་རོ། །གཞན་གྱི་ཡིན་པར་འདུ་ཤེས་ཡོད་ན་ནི་ཁ་ན་མ་ཐོ་བ་ལ་སོགས་པ་བསྐྱེད་པའི་
ཕྱིར་རོ། །གཞན་གྱིས་སློབ་མ་དབང་བྱས་དེ་བདག་མིན། །གཞན་གྱིས་སློབ་མ་བསྡུས་པའམ་སྦྱིན་པ་ལ་སོགས་པས་དབང་དུ་བྱས་ན་བདག་ཉིད་ཀྱི་མ་ཡིན་ཏེ། དེ་སླར་ཕྲོགས་ན་མཐར་འགྱུར་བ་ཡིན་ནོ་ཞེས་དགོངས་པའོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གི་སློབ་མ་ཆོམ་རྐུན་རྣམས་
ཀྱིས་ཁྲིད་པ་དང་། དེས་དེ་འབྲོས་སུ་བཅུག་ནས་བཀུག་པ་ལས། དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་དག་གི་སློབ་མ་དབང་དུ་བྱས་པ་ལས་འགུགས་པར་བྱེད་པ་ན་དངོས་པོ་ཚང་ན་ཕམ་པར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །འོ་ན་ཡང་དགེ་སློང་མ་གང་
གིས་ཁྱིམ་ཐབ་ཀྱིས་མ་གནང་བར་རབ་ཏུ་འབྱིན་པར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཇི་ལྟ་བུ་ཡིན། འདི་ནི་སྲོག་ཆགས་ཕལ་པ་འཕྲོག་པའི་རྣམ་པ་ཡིན་ཏེ། མ་གནད་པ་རབ་ཏུ་འབྱིན་པས་བདག་ཉིད་ཀྱིས་སྒྲུབ་པར་བྱེད་པ་དེའི་ཕྱིར་མཐར་འགྱུར་བར་རིགས་སོ་ཞེ་ན། རྐུ་བའི་སེམས་

མེད་པའི་ཕྱིར་འདི་འཕྲོག་པ་མ་ཡིན་པས་ཉེས་པ་མེད་དོ། །བདག་ཉིད་རྐུ་བས་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་འདིར་གཞུང་ནི་འདུལ་བྱེད་ལས། ཆོམ་རྐུན་རྣམས་ཀྱིས་དགེ་སློང་བརྐུས་པ་དང་། དེ་དེ་རྣམས་ལས་བྲོས་ནས་སླར་འོངས་ནས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དགེ་སློང་ལ་བདག་ཉིད་རྐུ་བ་མེད་པས་ལྟུང་བ་མེད་དེ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །དུད་འགྲོའི་ནོར་ལ་བདག་དང་དུད་འགྲོ་དག །ཟས་བཏང་བ་ལ་བདག་པོ་དུད་འགྲོ་ཡིན། །ཞེས་བྱ་བ་འདི་ནི་བྱའི་བདག་པོ་རྣམས་ཀྱི་བུ་དང་འདྲ་བར་བྱ་རྣམས་ལ་རྒྱན་དེ་
བྱིན་ནོ། །དེ་ལྟ་བས་ན་འདིར་བྱ་ཡང་བདག་པོ་ཉིད་ཡིན་པས་གཉི་ག་བདག་པོ་ཉིད་ཡིན་ཡང་འདུ་ཤེས་ཀྱི་དབང་གིས་ལྟུང་བ་རྣམ་པར་གཞག་པར་རིག་པར་བྱའོ། །འདིར་གཞུང་ནི། གལ་ཏེ་འདི་སྙམ་དུ་མིའི་ནི་རྐུའི་བྱའི་ནི་མ་ཡིན་ནོ་སྙམ་དུ་སེམས་ན་མིའི་ལས་རིན་ཐང་བརྩི་བར་བྱའོ། །
གལ་ཏེ་དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །འོན་ཏེ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །མི་བདག་པོ་ཉིད་མ་ཡིན་ན་ནི་དེར་ཕམ་པར་འགྱུར་བར་ཡང་མི་འཐད་པས་འདིར་མི་ཡང་བདག་པོ་ཡིན་པར་རྟོགས་པར་བྱའོ། །ཟས་བཏང་བ་ལ་བདག་པོ་དུད་
འགྲོ་ཡིན། །ཞེས་བྱ་བ་ནི་ལོངས་སྤྱོད་པའི་ཕྱིར་དུད་འགྲོ་རྣམས་ལ་བཏུང་བ་ལ་སོགས་པ་གང་སྦྱིན་པར་བྱ་བ་དེ་ལ་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སྦྱིན་པ་པོ་ལ་བསམ་པ་མེད་དོ། །དེ་ལྟ་བས་ན་བཏུང་བ་ལ་སོགས་པ་ལ་ནི་དུད་འགྲོ་བདག་པོ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་
དགོན་པའི་ལམ་དུ་དུད་འགྲོ་རྣམས་ལ་བཏུང་བའི་སྐལ་བ་བྱིན་པ་ལ་འདུ་ཤེས་ཀྱི་དབང་གིས་ལྟུང་བ་རྣམ་པར་གཞག་པར་མ་མཛད་དོ། །ཐོབ་པར་བྱ་ཕྱིར་མེ་སོགས་དཀྲོགས་པ་ཡིས། །རི་དགས་ལ་སོགས་བདག་པོ་བརྩོན་པོར་བསྟན། །བཤད་པ་ལས་ན་རི་དགས་མཚོན་ཕྱིར་ཡིན། །དེ་ཕྱིར་
སྲོག་ཆགས་གཞན་ལའང་འཐད་པ་ཡིན། །རྔོན་པ་ལ་སོགས་བརྩོན་པར་བྱེད་པ་ལས། །ཐོབ་པར་བྱ་ཕྱིར་མེ་ལ་སོགས་པ་དཀྲོགས་པ་ན་རི་དགས་ལ་སོགས་པ་དེའི་བདག་པོ་ནི་བརྩོན་པ་པོ་ཁོ་ན་ཡིན་པར་བསྟན་གྱི་གཞན་ནི་མ་ཡིན་ནོ། །ཐོབ་པར་བྱ་ཕྱིར་ཞེས་སྨོས་པ་ནི་གནོད་པར་བྱ་བའི་

ཕྱིར་མེ་ལ་སོགས་པས་དཀྲོགས་པ་ལ་ཡང་བདག་པོ་ཉིད་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་རོ། །བཤད་པ་ལས་སོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་བཤད་པ་སྟེ། རྣམ་པར་འབྱེད་པ་ལས་ཉེ་བར་མཚོན་པ་ཙམ་ཡིན་པར་རྟོགས་ནས་རི་དགས་ལ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲ་སྦྱར་རོ། །དེ་ལྟ་བས་ན་མི་
དང་མ་ཧེ་ལ་སོགས་པ་ལ་ཡང་དེ་ཁོ་ན་བཞིན་དུ་རིག་པར་བྱའོ། །རྔོན་པ་རྣམས་ཀྱིས་རི་དགས་གཙེས་པ་ཞིག །གཙུག་ལག་ཁང་དུ་རྒྱུག་ཅིང་ཕྱིན་པ་ན། །སྐྱབས་སུ་འོངས་པ་དེ་ལ་བསྲུང་བར་བྱ། །དེ་ནི་ཤི་ན་དེ་དག་རྣམས་ལ་གཏད། །རྔོན་པ་རྣམས་ཀྱིས་རི་དགས་རྣམས་གཙེས་པར་གྱུར་པ་ཞིག་གཙུག་
ལག་ཁང་དག་ཏུ་རྒྱུག་ཅིང་ཕྱིན་ན་རྒྱུག་པ་ཡང་དེ་ཡིན་ལ། ཕྱིན་པ་ཡང་ཡིན་པས་ན་རི་དགས་གཙུག་ལག་ཁང་དུ་ཕྱིན་པ་དེ་ལ་བསྲུང་བར་བྱའོ། །སྐྱབས་ཞེས་བྱ་བ་ནི་གཙུག་ལག་ཁང་ལ་བྱ་སྟེ། དེ་ལྟར་ཡང་སྐྱབས་ཀྱི་སྟེང་དུ་འཛེགས་ཏེ་ཞེས་འབྱུང་བས་སོ། །དེ་ནི་མགོན་སྐྱབས་བྱེད་པ་ཙམ་ཡིན་ཏེ།
ཁྱེར་བ་ཡང་མེད་ཅིང་བཏང་བ་ཡང་མེད་པས་འདིར་ཕྲོགས་པའི་ཉེས་པ་ནི་མེད་དོ། །འདིར་གཞུང་ནི་འདུལ་བྱེད་ལས། རྔོན་པ་རྣམས་ཀྱིས་རི་དགས་རྣམས་ལ་གཙེས་པ་ན་གཙུག་ལག་ཁང་དུ་ཕྱིན་པ་དང་། རྔོན་པ་དེ་རྣམས་ཀྱིས་སྨྲས་པ། འདི་གཙེས་པ་ལས་གཙུག་ལག་ཁང་དུ་ཕྱིན་པས་
འདི་བདག་ཅག་ལ་སྩོལ་ཅིག །དེ་དག་གིས་གང་གི་ཚེ་མ་ཐོབ་པ་དེའི་ཚེ་བོར་ནས་དོང་བ་དང་། དགེ་སློང་དེ་རྣམས་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟུང་བ་མེད་དོ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་ཡང་ཤི་ན་དེའི་ཚེ་དེ་དག་ཉིད་ལ་སྦྱིན་པར་བྱའོ། །འདིར་གཞུང་
ནི་འདུལ་བྱེད་ཉིད་ལས། །རྔོན་པ་རྣམས་ཀྱིས་རྙོང་གིས་རི་དགས་སྣད་པར་བྱས་པ་ལ་གཙུག་ལག་ཁང་དུ་ཕྱིན་པ་དང་། རྔོན་པ་དེ་དག་གིས་སྨྲས་པ། བདག་ཅག་གིས་རི་དགས་འདི་རྙོང་གིས་སྣད་པར་བྱས་པ་ཡིན་ཏེ། འདི་གདོན་མི་ཟ་བར་འཆིས་ཐོང་ཤིག།དགེ་སློང་དེ་དག་གིས་མ་བཏང་ནས།
གང་གི་ཚེ་མ་བཏང་བ་དེའི་ཚེ་བོར་ནས་དོང་ངོ་། །དེ་དག་དོང་བ་དང་ཤི་ནས་དགེ་སློང་དེ་དག་གིས་དེ་ལྟར་བསྒྲུབ་པར་བྱ་བ་མི་ཤེས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྔོན་པ་དེ་དག་ཉིད་ལ་སྦྱིན་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །སྐྱེ་བོ་ཉེ་དུས་བརྟུལ་ཞུགས་ཅན་གང་ཞིག །

མཐུ་ཡིས་ཁྲིད་ནས་འབད་པས་གཟུང་བར་བྱ། །གལ་ཏེ་རྟགས་ཀྱིས་དེ་བསམ་སྐྱེ་བོ་གཉེན། །མཐུན་པར་ཤེས་ན་གཟུང་བར་མི་བྱའོ། །གལ་ཏེ་ཉེ་དུ་རྣམས་ཀྱིས་བརྟུལ་ཞུགས་ཅན་ཁྲིད་ལ་རྟགས་འགའ་ཞིག་གིས་འདུག་པར་འདོད་པར་ཤེས་ན་བསྒྲིམས་ཏེ་གཟུང་བར་བྱའོ། །
འོན་ཏེ་འགྲོ་བར་འདོད་ན་དེའི་ཚེ་གཟུང་བར་མི་བྱའོ། །རྟགས་ཀྱང་ཁྱོད་ཀྱི་ལག་པ་གང་ན་གལ་ཏེ་གང་ཉེ་དུ་རྣམས་ཀྱིས་བཟུང་བའོ་ཞེས་ཟེར་ན་གཟུང་བར་བྱའོ། །འོན་ཏེ་གང་ཁྱེད་ཅག་གིས་གཟུང་བའོ་ཞེས་ཟེར་ན་ཀྱེ་མ་འདི་འགྲོ་བར་འདོད་པ་ཡིན་ནོ་ཞེས་གཟུང་བར་མི་བྱའོ། །དབྱར་གྱི་གནས་སུ་རྙེད་པའི་རྣམ་
པ་འོངས། །དེ་བས་མང་དུ་དབྱར་གནས་པ་ཡང་དབང་། །གང་དག་དམ་ཆོས་ཚིགས་བཅད་འགའ་འདོན་པ། །དེ་ཡང་ཆོས་ཀྱི་རྙེད་པ་དབང་བ་ཡིན། །དབྱར་གྱི་གནས་དང་འབྲེལ་པའི་རྙེད་པ་འོངས་པ་གང་ཡིན་པ་དེ་ནི་དབྱར་གནས་པ་དབང་བས་གང་གིས་ཐ་ན་ཟླ་བ་གཉིས་ཤིག་དབྱར་གནས་པ་
ཡིན་ན་དེ་ཡང་དབང་བ་ཡིན་ཏེ། དེ་བས་མང་དུ་དབྱར་གནས་པ་ཡིན་པའི་ཕྱིར་རོ། །ཐ་ན་ཤི་བ་དང་བབས་པ་རྣམས་ཀྱང་དབང་ངོ་། །ཆོས་ཀྱི་རྙེད་པ་ནི་ཆོས་སྨྲ་བ་རྣམས་ཁོ་ན་དབང་བ་ཡིན་པས། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་འགའ་ཙམ་འདོན་པ་གང་ཡིན་པ་དེ་དག་ཀྱང་ཆོས་སྨྲ་བ་
དག་ཡིན་ནོ། །དེ་ནི་རྩོད་པའི་གཞི་ལས་འབྱུང་ངོ་། །འདིར་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གལ་ཏེ་མྱ་ངན་ལས་འདས་པའི་ཆོས་ཀྱི་ཡིན་ན་དེའི་ཚེ་མཆོད་རྟེན་གྱི་དཀོར་དང་འདྲ་བར་སྤྱད་པར་བྱ་བ་མ་ཡིན་ནོ། །འོན་ཏེ་ལུང་གི་ཆོས་ཀྱི་ཡིན་ན་དེའི་ཚེ་སྤྱད་པ་ཡིན་ནོ་ཞེས་རྣམ་པར་བཤད་དོ། །སིང་ག་ལའི་
རྒྱལ་པོའི་བུ་མོ་མུ་ཏིག་གིས་ཀྱང་ལུང་གི་ཆོས་ཁོ་ན་ལ་ཕུལ་བ་ཡིན་པར་རྟོགས་པར་བྱའོ། །གལ་ཏེ་དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ནི་གང་ཞིག་གིས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ། འགའ་ཞིག་འདོན་པར་བྱེད་ན་དེ་ལ་ཡང་སྦྱིན་
པར་བྱའོ་ཞེས་གསུངས་ཀྱི། མྱ་ངན་ལས་འདས་པ་ལའོ་ཞེས་ནི་མ་གསུངས་སོ། །ཅི་སྟེ་འོ་ན་ཆོས་ལ་ནི་མུ་ཏིག་བྲེ་གང་དོ་ཞེས་བུ་མོ་མུ་ཏིག་གིས་སྤྱིར་སྨྲས་ན་ཇི་ལྟ་ཇི་ལྟ་བུར་འགྱུར་ཞེ་ན། ཤེད་མ་བྱེ་བ་ནི་བརྡར་བཏགས་པའི་ཆོས་ལ་འདུ་ཤེས་འབྱུང་བ་ཁོ་ན་ཡིན་པས་ཉེས་པ་མེད་དོ། །གཙུག་

ལག་ཁང་མང་གནས་པར་ཁས་བླངས་ཀྱང་། །རྙེད་པ་གཅིག་ན་ལེན་པར་དབང་བ་ཡིན། །གལ་ཏེ་ཐམས་ཅད་དུ་ན་གཙུག་ལག་ཁང་། །རྙེད་པ་ཀུན་ལས་ཆ་གཅིག་ཙམ་ཞིག་བླང་། །གཙུག་ལག་ཁང་མང་པོ་དག་ཏུ་དབྱར་གནས་པར་ཁས་བླངས་ཀྱང་གཙུག་ལག་ཁང་གཅིག་ཁོ་ན་ནས་
རྙེད་པ་ལེན་པར་དབང་བ་ཡིན་ནོ། །འོན་ཏེ་ཐམས་ཅད་ནས་ལེན་པར་འདོད་ན་དེའི་ཚེ་གཙུག་ལག་ཁང་གི་རྙེད་པ་དེ་དག་ཐམས་ཅད་ལས་ཆ་གཅིག་ཙམ་བྱུང་བ་དེ་ཙམ་བླང་བར་བྱའི་ལྷག་པར་ནི་མ་ཡིན་ནོ། །དགེ་སློང་གཅིག་གི་ངེས་པར་འདྲ་བ་ལས། །དགེ་ཚུལ་སུམ་ཆ་གཅིག་ཅིག་དབང་བར་
འགྱུར། །བསྙེན་པར་རྫོགས་པར་འདོད་ན་ཆ་གཉིས་ཏེ། །ཟས་ལ་སོགས་གཏོགས་བགོ་བ་མ་གཏོགས་སོ། །དགེ་ཚུལ་ལ་ནི་དགེ་སློང་གཅིག་གི་སྐལ་བ་ངེས་པ་དེ་དང་མཉམ་པའི་རྫས་ལས་སུམ་ཆ་གཅིག་སྦྱིན་པར་བྱ་སྟེ། དཔེར་ན་གལ་ཏེ་དགེ་སློང་གིས་སྐལ་བ་པ་ན་གསུམ་ཞིག་
ཡོད་ན་དེའི་ཚེ་དགེ་ཚུལ་ལ་ནི་པ་ན་གཅིག །བསྙེན་པར་རྫོགས་པར་འདོད་པ་ལ་ནི་པ་ན་གཉིས་སྦྱིན་པར་བྱ་བ་ལྟ་བུ་ཡིན་ནོ། །འདིར་གཞུང་ནི་སིལ་བུ་ལས། མཉན་ཡོད་ན་ཁྱིམ་པ་ཞིག་གིས་གཙུག་ལག་ཁང་བརྩིགས་ནས་དེས་དེ་ཞལ་བསྲོ་བ་ན་གཉི་གའི་དགེ་འདུན་མཆོད་སྟོན་གསོལ་ནས་རྙེད་
པ་མང་པོ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དང་དགེ་སློང་མ་ལ་ནི་སྐལ་བ་མཉམ་པར་སྦྱིན་ནོ། །དགེ་ཚུལ་དང་དགེ་ཚུལ་མ་ལ་ནི་སུམ་ཆའོ། །བསྙེན་པར་རྫོགས་པར་འདོད་པ་དང་དགེ་སློབ་མ་ལ་ནི་སུམ་གཉིས་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། མཆོད་སྟོན་
ལ་དགེ་སློང་གཙོར་བྱ་བ་ཡིན་གྱིས་ཀྱང་དགེ་སློང་མ་རྣམས་ཀྱིས་ཀྱང་ཟོས་པ་ལས་རྙེད་པ་སྤྱིར་སྦྱིན་པའི་ཚུལ་ནི་འདི་ཁོ་ན་ཡིན་ནོ། །ཡང་ཁ་ཅིག་ནི་སུམ་ཆ་སྦྱིན་པར་བྱའོ་ཞེས་བྱ་བ་འདི་ལ་སུམ་ཆ་ཞེས་བྱ་བ་དང་། སུམ་གཉིས་ཞེས་བྱ་བ་འདི་ལས་ཡང་སྐལ་བ་མཉམ་པར་སྦྱིན་པར་བྱའོ་ཞེས་བྱ་བ་འདོན་ཏེ།
གཞུང་འདི་ཉིད་འདུལ་བའི་མདོ་ལས། དགེ་ཚུལ་དང་དགེ་ཚུལ་མ་གཉིས་ཀྱི་རྙེད་པ་ནི་སུམ་ཆ་དང་བྲལ་བ་ཉིད་ཡིན་ནོ། །མིད་པར་བྱ་བ་ནི་མཉམ་པ་ཉིད་ཡིན་ནོ། །བསྙེན་པར་རྫོགས་པར་འདོད་པ་དང་། དགེ་སློང་མའི་ཡང་ངོ