Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 166
Văn bản gốc(Tây Tạng)
Trang 4 / 18 (50.000 ký tự/trang)
་བཞིན། །ཚངས་པ་མཚུངས་སྤྱོད་མངོན་སུམ་དུ། །ཇི་བཞིན་ཡང་དག་མཐོལ་བཤགས་བྱ། །དེ་ལ་བལྟས་ནས་གཞན་དག་ཀྱང་། །དེ་བཞིན་མཁས་པས་བྱེད་དུ་གཞུག །མཚམས་ཀྱི་མཐའ་མ་མནན་ནས་སམ། །ལ་ལར་ཡང་ནི་དཀྱིལ་འཁོར་པ། །དེ་བཞིན་ལས་ནི་ ཐམས་ཅད་ལ། །མཚམས་ནི་བཅད་པར་རུང་བ་ཡིན། །དགེ་འདུན་ཚོགས་པ་མེད་གྱུར་ན། །གང་ཟག་གཅིག་གི་མདུན་ཉིད་དུ། །བྱིན་གྱིས་བརླབ་པོ་དེ་ཡང་ནི། །མེད་ན་རང་གི་སེམས་ཀྱིས་བརྗོད། །དེ་ལྟར་བྱིན་གྱིས་བརླབས་པ་ནི། །བརྟུལ་ཞུགས་ཅན་གྱི་ལྷུང་བཟེད་དང་། །ཆོས་གོས་འགྱུར་རོ་ སེམས་ཀྱིས་ཀྱང་། །དེ་བཞིན་མགྲོན་དུ་བོས་པ་ཡང་། །གང་གི་འཁོར་ནི་འདུལ་བ་ཡི། །ཆོ་ག་ལ་ནི་མཁས་ཡོད་ན། །དེ་ལ་གཏད་ནས་ཀྱང་ནི་གནས། །བྱིན་གྱིས་བརླབས་པ་འམ་ཅི་འདོད་པ། །བསླབ་ལ་གུས་ཤིང་འཇིགས་བཅས་ལ། །ལྟུང་བ་བརྟག་པའང་དེ་དང་འདྲ། །དགག་དབྱེ་དེ་ལྟར་ ཤེས་བྱ་སྟེ། །དེ་ཡང་ལྔ་ཡི་ཚོགས་ཀྱིས་སོ། །མཐུན་པར་བསམས་པ་བཟང་པོ་ཡིས། །དགག་དབྱེ་བྱ་བ་ཁོ་ན་སྟེ། །དགའ་བས་ཚངས་པ་མཚུངས་སྤྱོད་པ། །གཞན་ལ་སོ་སོར་གུས་པས་སོ། །ཉིན་ཞག་བདུན་ནམ་བརྒྱད་དང་ནི། །བཅུ་རྣམས་ཀྱིས་ནི་དགག་དབྱེ་དག །བྱེད་པ་ན་ནི་ འཁོན་ཅན་རྣམས། །རབ་ཏུ་འབད་པས་སྦྱང་བར་བྱ། །ལས་ཀྱི་ཕྱིར་ནི་དཀྱིལ་འཁོར་པ། །བྱའོ་མཐའ་མཚམས་བཀྲོལ་ནས་ཀྱང་། །མཚམས་གཅིག་ཏུ་ནི་མ་འདྲེས་པས། །ཚོགས་ཀྱི་ལས་ནི་བྱ་བར་བརྗོད། །ཉི་ཤུ་ཡང་ན་བཅུའམ་ལྔ། །དགེ་སློང་བཞི་ཞེས་བྱ་བ་རྣམས། །ཚོགས་ ཀྱི་ཕྲིན་ལས་འདི་ལྟ་སྟེ། །འདི་དག་ཚོགས་ཞེས་བྱ་བར་གྲགས། །དགེ་འདུན་ཁ་སྐོང་སངས་རྒྱས་ཀྱིས། །བྱ་བའི་ལས་ནི་འགའ་ཡང་མེད། །སངས་རྒྱས་དཀོན་མཆོག་དགེ་འདུན་ལས། །ཐ་དད་དེ་ཡི་ལས་དེའི་མིན། །ཉི་ཤུ་ཡིས་ནི་དབྱུང་བ་སྟེ། །བཅུ་ཡི་ཚོགས་ཀྱིས་བསྙེན་པར་ རྫོགས། །ལྔ་རྣམས་ཀྱིས་ནི་དགག་དབྱེ་སྟེ། །བཞི་པོ་རྣམས་ཀྱིས་གསོ་སྦྱོང་ངོ་། །བརྗོད་པ་ལ་སོགས་ཆོ་ག་བཞིན། །ལས་ནི་གང་དུ་བྱེད་པ་དེ། །གནས་ཞེས་བྱ་བར་བརྗོད་པ་སྟེ། །བཟློག་པ་ལ་ནི་གནས་མི་བརྟག །ཆོས་སྨྲ་བ་ནི་ངག་ཉིད་དེ། །དགེ་སློང་མི་སྨྲའི་ཡིད་མ་བཀག ། འདི་ནི་མུ་སྟེགས་སྐྱེ་བོ་དག །བླུན་པོ་སྒྲུབ་པ་སྤང་ཕྱིར་རོ། །མཐོང་དང་ཐོས་དང་དོགས་པ་ཡིས། །དངོས་པོ་ཀུན་གྱི་བྱ་བ་སྟེ། །དབྱར་གནས་པ་ན་བརྟུལ་ཞུགས་ཅན། །གནས་གསུམ་གྱིས་ནི་དགག་དབྱེ་བྱ། །བར་ཆད་མ་གཏོགས་གང་དུ་ཡང་། །དགག་དབྱེ་མ་བྱས་མི་འགྲོ་སྟེ། །མེ་ སོགས་བར་ཆད་བྱུང་བ་ན། །རྒྱ་མཚོ་ཡང་ནི་བརྒལ་བར་བྱ། །གླགས་ཚོལ་ཕུང་ཁྲོལ་ཆོམ་རྐུན་དང་། །རྒྱལ་པོ་མེ་ཡི་བླ་མ་རྣམས། །འདི་དག་གུས་པས་ཉན་ན་ནི། །འདུལ་བ་མི་བཤད་མི་བྱའོ། །དད་པ་ཅན་ནི་ནོར་མེད་དང་། །དད་ཆུང་རྣམས་ལ་དེ་ཡོད་པ། །རབ་ཏུ་མཉན་ཕྱིར་འབད་པ་ལ། ། བཤད་པར་བྱའོ་ལྟུང་བ་མེད། །མདོ་སྡེ་ལ་སོགས་མཁས་པ་རྣམས། །གཞག་པར་བྱ་བར་རབ་ཏུ་གྲགས། །དེ་དག་ལས་ལ་མི་བསྐོ་སྟེ། །འདི་ཉིད་དེ་དག་ཉིད་ཀྱི་ལས། །མདོ་སྡེ་ཆོས་མངོན་འདུལ་བ་རྣམས། །འཛིན་དང་ཚོགས་ལ་ཀློག་པ་དང་། །ནད་པ་ཚོགས་ཀྱི་རྒན་པོ་སྟེ། །དྲུག་ པོ་དག་ལས་མི་བྱེད་པའོ། །དགེ་སློང་མདོ་སོགས་མཁས་པ་ལ། །ལམ་ཕྱེད་འོངས་པ་ཐོས་པ་ན། །ཇི་སྲིད་དཔག་ཚད་ཕྱེད་དང་གསུམ། །བ་དན་བསྒྲེང་སོགས་སྔོན་འགྲོ་བས། །གཎྜཱི་བརྡུངས་ཏེ་དགེ་འདུན་གྱིས། །རང་གི་ནུས་སྦྱར་བསུ་བར་བྱ། །འོངས་ནས་དགའ་བས་རྙེད་པ་ཡང་། ། དེར་དབུལ་ཚོགས་ཀྱིས་ཀྱང་ནི་ཐོབ། །གནས་ཁང་འདུག་སྟན་མལ་སྟན་རྣམས། །དེ་དག་གུས་པས་རྟག་ཏུ་དབུལ། །ཉེ་གནས་ལ་ཡང་ལས་སུ་བསྐོ། །མི་དབབ་པར་ནི་རབ་ཏུ་བཤད། །བསླབ་པ་འཆའ་བ་བདེར་གཤེགས་ཏེ། །སྐྲོད་པ་ལ་ནི་དགེ་འདུན་དབང་། །དགེ་འདུན་གྱིས་ ནི་ཁྲོས་པ་ཡིས། །རབ་བྱུང་བསླབ་པ་མི་བཅའོ། །དགེ་འདུན་བསམ་པ་ཐ་དད་པས། །བྱས་ན་ཡང་ནི་མ་བྱས་ཡིན། །གཉིས་མེད་གསུངས་པའི་བསླབ་པ་ནི། །སུས་ཀྱང་གཞན་དུ་བྱ་མི་ནུས། །གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ ཡིན། །དེ་ཉིད་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཟླ་གསུམ་དབྱར་ནི་འགྲོ་བ་ཡི། །སྤྱོད་པ་དགེ་སློང་རྣམས་ཀྱིས་སྤང་། །བྱ་རྣམས་ཀྱིས་ཀྱང་རང་གི་གནས། །དབྱར་གྱི་དུས་སུ་མི་སྤོང་ངོ་། །ཆུ་སྟོད་ཅན་གྱི་ཟླ་ཕྱེད་ནས། །ཀུན་ནས་ཉེ་ཕྱིར་འབད་པ་ ཡིས། །གཙུག་ལག་ཁང་རྣམས་སྦྱོང་བའི་ལས། །བྱི་དོར་ལ་སོགས་བྱ་བ་ཡིན། །བཅོ་ལྔ་ལ་ནི་མ་ལུས་པ། །འདུས་ནས་ཀྱང་ནི་གནས་མལ་དག །དེ་སྟོབས་པ་ནི་ལེགས་བརྟགས་ནས། །སྤྲོ་བར་བྱས་ཏེ་ཀུན་ནས་བསྐོ། །འདུན་དང་ཞེ་སྡང་འཇིགས་རྨོངས་པ། །སྐྱོན་རྣམས་ རིང་དུ་སྤངས་ནས་ནི། །གང་ཞིག་བསྟབས་དང་མ་བསྟབས་པ། །མ་ལུས་པ་ནི་ཤེས་པ་བཟུང་། །དེ་ནས་གཙུག་ལག་ཁང་སྐྱོང་གིས། །ཁྲིམས་སུ་བྱ་བར་རབ་ཏུ་བསྒྲགས། །མཁས་པ་ཡིས་ནི་བདེ་བ་ལ། །རེག་པར་གནས་པའི་ཆེད་དུ་བྱ། །གང་ཞིག་སྤྲོ་བ་གཞི་མེད་པ། །བཞད་ གད་རྩོད་པ་མ་ཡིན་ནོ། །གནས་འདི་དག་ཏུ་བྲིམས་པ་ཡི། །ཚུལ་ཤིང་དག་ནི་ལོང་ཞེས་སོ། །གསོལ་བ་འབའ་ཞིག་བྱ་བ་སྟེ། །དེ་རིང་ཚེས་ནི་བཅོ་ལྔ་ལ། །དབྱར་གནས་པ་ཡི་ཆེད་དུ་ནི། །ཚོགས་ཀྱི་ཚུལ་ཤིང་བླང་དུ་གསོལ། །དེ་ནས་རྒན་རིམས་ཇི་བཞིན་དུ། །ཚུལ་ཤིང་བྲིམས་ པའི་རྗེས་ལ་ནི། །གནས་ཁང་ལ་སོགས་ཅི་རིགས་པར། །སྦྱིན་ནོ་གནས་མལ་དག་ཀྱང་ངོ་། །དབྱར་ནི་ཉེ་བའི་དུས་ན་ཡང་། །དགེ་སློང་གིས་ནི་འབད་པས་བརྟག །གནས་དང་སྤྱོད་ཡུལ་ཉིད་ཀྱང་སྟེ། །ཡོན་ཏན་གྲུབ་པར་འདོད་པས་སོ། །གནས་ཁང་ན་ནི་མཁས་པ་ཡིས། ། ཚངས་པ་མཚུངས་པར་སྤྱོད་པ་དང་། །ཡོན་ཏན་ཅན་དང་ཐོས་པ་འཛིན། །སྙིང་རྗེ་ཅན་ཡིད་དེར་མངོན་ནས། །ཐོག་མར་ལྟུང་བ་མི་འབྱིན་ཅིང་། །བྱུང་བ་སླར་ཡང་འཆོས་བྱེད་པ། །དེ་ལ་སོགས་པའི་རྣམ་པ་ཡིས། །གནས་ནི་ཡོངས་སུ་བརྟག་པར་བྱ། །སྨན་དང་བསོད་སྙོམས་དག་ ཀྱང་ནི། །གང་དུ་སྙིང་ལས་ཆུང་དུས་རྙེད། །སྨད་འཚོང་ཚོགས་ཀྱིས་གང་བ་དག །མ་ཡིན་དེར་ནི་སྤྱོད་ཡུལ་དག །སྟེང་གཡོགས་ཅན་གནས་དགེ་སློང་གི །མདུན་དུ་དགེ་སློང་ཙོག་པུར་འདུག །འདི་ལ་དབྱར་གནས་ཐོབ་བྱའི་ཕྱིར། །ཇི་ལྟ་དེ་ལྟར་ངེས་པར་བརྗོད། །སྦྱིན་བདག་ དང་ནི་ཉེ་གནས་གྲོང་། །ཞལ་ཏ་བ་དང་ནད་གཡོག་སྨོས། །བདག་མིང་འདི་ཞེས་བགྱི་བ་ཡིས། །ཟླ་གསུམ་དབྱར་གནས་སྔ་མའམ། །ཕྱི་མ་འདི་ལ་གནས་བགྱིད་དེ། །རལ་དང་གྲུམ་པ་བཅོས་པའི་ཕྱིར། །འདི་ཉིད་བདག་གི་དབྱར་ཡིན་ཏེ། །ཕྱི་རོལ་དབྱར་གནས་མ་ཡིན་ནོ། །དེ་ལྟར་ དབྱར་ནི་གནས་པ་དང་། །དེ་ནས་ཕྱི་རོལ་གཞན་དུ་གནས། །ཉེས་བྱས་ཚ་སྒོ་ཅན་གྱི་ཆུ། །ངན་སོང་ཐུར་འབབ་མི་བརྒལ་ལོ། །དགེ་སློང་གཅིག་གི་མདུན་སོང་ལ། །ཞག་བདུན་ཡང་དག་བྱིན་གྱིས་བརླབ། །དགོས་པའི་ཆེད་དུ་མདུན་དུ་འདིར། །མི་འདུག་ཀྱང་ནི་ཉེས་པ་མེད། །ཀུན་ དགའ་ར་བ་ལ་སོགས་བཞིའི། །གཞི་ནི་ཉེ་བར་དགོད་པ་དང་། །མཆོད་རྟེན་མཆོད་དང་ཚོགས་སྟོན་མོ། །ཆད་པའི་ལས་བྱིན་གྲོགས་ཉིད་དང་། །དགེ་འདུན་ལྷག་མ་དབྱུང་བ་སྟེ། །དགེ་སློང་དགོས་པ་འདི་དག་གིས། །ཞག་བདུན་བྱིན་གྱིས་བརླབས་ནས་ནི། །ཐེ་ཚོམ་མེད་པར་འགྲོ་བར་ བྱ། །འདི་དག་ལས་ཀྱང་དགེ་སློང་མའི། །བྱ་བ་སླར་ཡང་ལྷག་མ་ཡིན། །ལྕི་བའི་ཆོས་ཉིད་ལྡན་པ་ཡིས། །དེ་ལས་དབྱུང་བ་མངོན་འདོད་པས། །དགེ་ཚུལ་ལས་ནི་ལྷག་པ་ཡི། །དགེ་སློང་སྡོམ་པ་འདོད་པ་དང་། །ཆོས་དང་རྗེས་ཆོས་སློབ་པའི་ཕྱིར། །དགེ་ཚུལ་མ་ལས་དགེ་སློང་མ། ། ལྷག་མའི་བསླབ་པ་ལ་སློབ་སྟེ། །བསྙེན་པར་རྫོགས་པ་ཐོབ་ཕྱིར་དུ། །ཚངས་སྤྱོད་ཉེར་གནས་འཛིན་ཕྱིར་རོ། །དགེ་སློང་མ་ཡིས་བྱེད་པ་དང་། །ཡང་ན་གསོལ་བ་ལ་སོགས་ལས། །གསང་སྟེ་སྟོན་པ་ཉིད་དང་ནི། །གང་ཕྱིར་མི་འདོད་མ་ཡིན་ན། །གཉི་གའི་ཚོགས་ལ་བསྙེན་ རྫོགས་ནི། །ཁྱིམ་པ་དག་གི་ཁྱིམ་སོང་ལ། །གལ་ཏེ་ཡོད་ན་སྔ་མ་ལས། །ལྷག་པར་བུ་དང་བུ་མོ་རྣམས། །བག་མ་གཏོང་ལེན་ལ་སོགས་དང་། །ཕ་མ་དཀོན་མཆོག་གསུམ་དང་ནི། །སློབ་དཔོན་ལ་སོགས་དགོས་སྒྲུབ་ལ། །ཞག་བདུན་བརླབས་སམ་ལྷག་པར་རུང་། །མཚན་མོ་ཉི་ ཤུ་སུམ་ཅུའམ། །ཉིན་ཞག་བཞི་བཅུ་ཡང་ནི་རུང་། །ཚོགས་ལ་ཞུས་ནས་འགྲོ་བྱ་སྟེ། །ཡུལ་གྱི་དགོས་པ་སྒྲུབ་ཕྱིར་རོ། །དགོས་པ་ཁྱད་པར་འཕགས་པ་ནི། །རྣམ་པར་ཤེས་ཏེ་ཞུས་ནས་ཀྱང་། །གསོལ་བ་གཅིག་ནི་སྔོན་འགྲོ་བའི། །བརྗོད་པ་འདི་ལ་ཚོགས་ ཀྱིས་སྦྱིན། །བསོད་སྙོམས་ཀྱིས་ནི་ཕོངས་པའམ། །སྨན་ཡང་རྙེད་པར་དཀའ་བ་དང་། །ཉེ་གནས་འགའ་ཡང་མེད་པ་ན། །དབྱར་ནི་དྲལ་ཡང་ཉེས་པ་མེད། །དེ་བཞིན་མི་རུང་སྒྲུབ་པ་ཡིས། །ཚངས་སྤྱོད་ཉམས་པར་བྱེད་པ་སྟེ། །ཉེ་དུ་མ་ཡིན་བུད་མེད་དམ། །རྒྱལ་པོས་མགྲོན་དུ་གཉེར་ནའོ། །དེ་བཞིན་མ་ནིང་ལ་སོགས་ ཞེས། །རང་གི་གནས་སུ་བུད་མེད་འགའ། །ཆགས་སྐྱེས་དེ་ནི་བཟློག་དཀའ་ན། །གནས་གཞན་ཡང་དག་བསྟེན་པར་བྱ། །རྒྱལ་པོ་རྐུན་མ་སྦྲུལ་གདུག་དང་། །མི་དང་མེ་དང་མེ་མིན་དང་། །ཆུ་ཡི་འཇིགས་པས་དགེ་སློང་དག །སོང་བ་ན་ཡང་ཉེས་པ་མེད། །གང་དུ་སྡིག་པའི་བློ་ཅན་གྱིས། ། དགེ་སློང་དགེ་འདུན་འབྱེད་པ་རྩོམ། །དེ་ཐོས་ཕྲད་པས་འཇིགས་པ་ཡིས། །གལ་ཏེ་སོང་ཡང་ཉེས་པ་མེད། །འཇིགས་པ་སྣ་ཚོགས་གཞན་དག་ཀྱང་། །འཇམ་པོས་བཟློག་ཕྱིར་འགྲོ་བྱ་སྟེ། །མ་སོང་འགལ་ཚབས་ཅན་དུ་འགྱུར། །དེས་དབྱར་དྲལ་ཡང་ཉེས་པ་མེད། །གཙུག་ལག་ ཁང་འདིར་འགྲོ་ཞེས་བྱ། །དབྱར་གྱི་དངོས་པོ་འདིའོ་ཞེས། །བརྗོད་དེ་དགེ་སློང་གོ་བྱས་ནས། །མ་སོང་ན་ནི་ཉེས་བྱས་ཡིན། །ཞག་འདུན་ཡང་ནི་ལྷག་པར་ནི། །བྱིན་གྱིས་བརླབ་པོ་དགེ་སློང་གང་། །བར་དེར་འོངས་ཏེ་སོང་བ་ཡང་། །བྱིན་རླབས་དེ་ཉིད་གཞན་ཡོད་མིན། །སྔར་གྱི་བྱིན་ རླབས་དེ་ཉིད་ནི། །རྒྱུན་མི་འཆད་པར་གནས་པ་ལ། །དེ་སྟོང་རྒྱུ་ཡི་ཚོགས་པ་ནི། །དེ་ལས་གཞན་དུ་མི་འཐོབ་བོ། །མཚམས་བཅིངས་རབ་ཏུ་རྣམ་མང་ལས། །མདོར་བསྡུས་ཚུལ་ནི་རྣམ་པ་བཞི། །འདི་ཡང་མདོར་བསྡུས་དབང་བྱས་ནས། །ཕྱོགས་ཙམ་བསྟན་པ་བརྗོད་པར་བྱ། །དཔག་ ཚད་ཕྱེད་དང་གསུམ་པའི་མཚམས། །ཆེན་པོ་དེ་ནི་ཕྱོགས་བཞི་རུ། །ལྗོན་ཤིང་ཆུ་བོ་བྲག་རི་དང་། །ལམ་ཆེན་སོགས་ཀྱིས་མཚོན་དེ་བཅད། །དགེ་འདུན་ཐམས་ཅད་ཚོགས་པ་ན། །དགེ་སློང་གཅིག་གིས་གསོལ་བ་བྱ། །དེ་བཞིན་བརྗོད་པ་གཅིག་ལས་ཀྱི། །མཚམས་ནི་རབ་ཏུ་ འགྲུབ་ཕྱིར་ཡིན། །ཤར་ཕྱོགས་མཚམས་ནས་ཚུ་རོལ་དུ། །གནས་མལ་ཉིད་ཀྱི་མཐར་ཐུག་པར། །གྲོང་དང་དེ་ཡི་ཉེ་འཁོར་དག །སྤངས་ཏེ་མཚམས་ནི་བཅིང་བར་བྱ། །ཆོས་གོས་དག་དང་མི་འབྲལ་ཕྱིར། །སླར་ཡང་གསོལ་བ་སྔོན་འགྲོ་བའི། །ལས་ཉིད་བྱའོ་ཚུལ་ལྡན་དག ། བདེ་ལ་རེག་པར་གནས་ཕྱིར་རོ། །ཆོས་གོས་གསུམ་པོ་མེད་པར་ཡང་། །སྡོམ་བརྩོན་མཚམས་འདིར་གནས་རུང་སྟེ། །གྲོང་དང་དེ་ཡི་ཉེ་འཁོར་དག །མ་གཏོགས་གཞན་དུ་ཅི་བདེར་རོ། །སྔར་གྱི་ཆེན་པོ་མི་མཁོ་ན། །ཆུང་ངུ་ཡང་ནི་བྱ་བ་སྟེ། །གསོལ་དང་བཞི་ཡི་ལས་ཉིད་ཀྱིས། ། ཆེན་པོ་ཉེ་བར་བཀྲོལ་ནས་ནི། །ཆུང་ངུ་བཅིངས་ནས་སྔ་མ་བཞིན། །མཚན་མ་བརྟན་པོ་རྣམས་ཀྱིས་སོ། །དཀྱིལ་འཁོར་པ་ཞེས་གྲགས་པ་དེར། །ཚོགས་ཀྱི་ལས་ནི་བསྒྲུབ་པར་བྱ། །སྔར་བཞིན་ཆུང་ངུ་བཅིངས་ནས་ཀྱང་། །དེ་ནས་ཆེན་པོ་བཅིང་བར་བྱ། །གཞན་ཡང་དེར་ནི་གོ་ རིམས་འདི། །མཚམས་བཅིང་བ་ལ་གནང་བ་ཡིན། །དགེ་འདུན་ཐམས་ཅད་ཤི་སྲིད་དམ། །ཡང་ན་མཚན་ནི་གཞན་གྱུར་རམ། །བསླབ་པ་ཕུལ་ལམ་མཚམས་ཉིད་ཀྱི། །ཕྱི་རོལ་སྐྱ་རེངས་ཤར་བ་དང་། །གསོལ་བ་སྔོན་འགྲོའི་ལས་ཀྱིས་ཏེ། །མཚམས་འཇིག་རྒྱུ་ནི་རྣམ་ལྔའོ། །ལྗོན་ཤིང་ གཅིག་གི་ཕྱེད་ཆ་འམ། །གཉིས་པ་མཚམས་ཀྱི་ཕུར་པ་སྟེ། །ཕུར་བ་འམ་ནི་ཤིང་གཅིག་ལ། །ཆ་བཞིར་རྣམ་པར་ཕྱེ་བ་ཡིས། །བཞི་ཆར་དུ་ཡང་ཐོབ་པ་སྟེ། །ལྔ་པ་ནམ་ཡང་མ་ཡིན་ནོ། །འོག་ཏུ་ཡང་ནི་དཔག་ཚད་དག །ཕྱེད་དང་གསུམ་མོ་སྟེང་དུ་ཡང་། །རི་ཡི་སྟེང་གི་ཤིང་ རྩེ་འམ། །སྤྱིལ་པོ་ལ་སོགས་པ་ཡི་མཐར། །སྦྱིན་བདག་རྗེས་གཟུང་དོན་གྱི་ཕྱིར། །སྟོན་པ་ཉིད་ཀྱི་སྐུ་གཟུགས་ལ། །སྣ་ཚོགས་རིན་ཆེན་འོད་འབར་བས། །མཛེས་པའི་རྒྱན་སྤུད་རྗེས་སུ་གནང་། །རྣ་རྒྱན་དང་ནི་ལག་གདུབ་དང་། །རྐང་པ་ལ་སོགས་རྒྱན་རྣམས་ནི། །དགག་གོ་ རྨད་བྱུང་འདི་དག་ནི། །ངེས་པར་བུད་མེད་རྒྱན་ཡིན་ན། །སྐྱེས་བུ་སེང་གེ་ཆེན་པོ་ནི། །རྟག་ཏུ་རྗེས་སུ་འཛིན་མཛད་ལ། །སྨད་འཚོང་གྱོན་པ་ལྟ་བུ་ཡི། །བུད་མེད་གོས་ནི་མི་རིགས་སོ། །ཏུརྱའི་སྒྲ་ཡིས་འདུག་ཁང་དུ། །ལྟད་མོ་བ་ནི་སོང་བའི་ཚེ། །སྐུ་གཟུགས་དག་ལ་བརྒྱན་པ་ཡི། །མཆོད་པ་སླར་ ཡང་བསྡུ་བར་བྱ། །སྐྱེ་བོ་མང་པོ་འདུས་པའི་ཚེ། །ཅ་ཅོའི་སྒྲ་ཡིས་གཡེངས་པ་ན། །དུས་ཚོད་བརྡ་ནི་སྤྲད་པའི་ཕྱིར། །རྔ་འམ་དུང་སོགས་སྦྱར་བྱས་འདོད། །བཅུ་འམ་བརྒྱ་འམ་སྟོང་ཕྲག་ནི། །མདུན་དུ་བྱས་ཏེ་ཉེ་བར་བསྒོ། །རྙེད་པ་བརྟུལ་ཅན་ཅི་འདོད་དག །བལྟས་ ཏེ་དེ་སྐལ་རྣམ་པར་བརྟག །བགོས་ནས་དེ་ནི་ཤི་གྱུར་ན། །དེ་སླར་དགེ་འདུན་ཐམས་ཅད་ཀྱི། །མ་བགོས་ན་ཡང་དེ་སྐལ་ནི། །གཞན་དེས་རྣམ་པར་བགོ་བར་བྱ། །སྐལ་དེ་སྦྱིན་བདག་ཁོ་ནའི་སྟེ། །གང་ལ་དེ་ཕུལ་དེ་ཡི་ཡང་། །ཐམས་ཅད་དུ་ནི་མ་གནང་བ། །དགེ་སློང་རྣམས་ལ་དེ་མི་འོས། ། དགེ་སློང་རྣམས་ནི་མགྲོན་བོས་ཤིང་། །དགེ་སློང་མ་ཡང་མགྲོན་བོས་ན། །མཆོད་སྟོན་ཐ་མ་དེར་ནི་གང་། །རྙེད་པ་རྒན་པའི་མཐར་བཞག་ན། །གཉི་གས་ཀྱང་ནི་གོ་བའམ། །ཡང་ན་སྦྱིན་བདག་འདོད་པས་སོ། །ཟང་ཟིང་སྐལ་བ་མཉམ་པོར་ནི། །ཀུན་དུ་སྐྱོབ་པ་ལ་ཡང་ཡིན། །དབྱིག་ རྣམས་རྣམ་པར་འགོད་འདོད་ན། །དགེ་སློང་མ་ལས་ཆ་གཉིས་ཏེ། །འདི་ལ་བསྙེན་པར་རྫོགས་འདོད་པའི། །དགེ་ཚུལ་ལ་ཡང་ཅི་རིགས་བརྗོད། །དེ་ལས་གཞན་པའི་དགེ་ཚུལ་མ། །རྣམས་ལ་ཡང་ནི་སུམ་ཆ་འོས། །དགེ་སློང་དགེ་སློང་མ་རྣམས་ནི། །སྐལ་བ་མཉམ་པར་བགོ་ བྱ་ཉིད། །གང་དུ་དགེ་སློང་མང་གྱུར་ཅིང་། །དགེ་སློང་མ་ཚོགས་ཉུང་ན་ནི། །དེ་ནི་མཉམ་པོར་མི་བགོ་སྟེ། །རྙེད་པ་རེ་རེའི་གྲངས་ཀྱིས་སོ། །འཇིག་རྟེན་མགོན་པོས་འཇིག་རྟེན་གྱི། །ཡམས་ཀྱི་འཚེ་བ་ཞི་བྱའི་ཕྱིར། །སངས་རྒྱས་སྐུ་གཟུགས་གྲོང་སོགས་སུ། །སྤྱན་དྲང་བར་ནི་ གསུངས་པ་ཡིན། །དེར་ནི་ཆག་ཆག་བྱུག་པ་དང་། །སྲང་གི་བཞི་མདོར་ས་གཞི་ལ། །སྣ་ཚོགས་མེ་ཏོག་བཀོད་པ་ཡིས། །རབ་ཏུ་མཛེས་པར་བྱ་བ་ཡིན། །ཙནྡན་ཨ་གར་ག་པུར་གྱི། །བདུག་སྤོས་ཀུན་ནས་དབུལ་བར་བྱ། །ཕྱོགས་ཀྱི་སྒོ་ནས་དྲི་ཞིམ་དག །དལ་ཞིང་དལ་བའི་རླུང་གིས་ བསྐྱོད། །སྒྲ་ཆེན་པ་ཊ་ཧ་དག་དང་། །འཁར་རྔ་ཏིང་ཏིང་ཤག་སོགས་སྒྲ། །རྒྱུན་དུ་འབྲུག་སྒྲ་ལྟ་བུ་ཡི། །སྒྲ་ཡི་ཚོགས་རྣམས་རྗེས་སུ་བསྒྲག །ཡང་ཡང་དལ་བ་མེད་པར་ནི། །ནམ་མཁའི་ཁམས་ནི་གང་བ་ཡི། །གྲངས་མང་རོལ་ཆ་སྣ་ཚོགས་དང་། །གསལ་པོར་དགའ་སྟོན་ཆེན་པོ་ བྱ། །རྒྱལ་མཚན་རྣམས་ནི་ཚར་དུ་ཡང་། །དངར་རོ་དེ་ཡང་རྣམ་པ་ལྔ། །མཁའ་ལྡིང་སེང་གེ་ཆུ་སྲིན་དང་། །ཁྱུ་མཆོག་གླང་པོ་ཞེས་བྱ་ཉིད། །རབ་བྱུང་ཆེན་པོ་རྣམས་ཀྱིས་ནི། །ཁྱིམ་པའི་འཁོར་རྣམས་ལ་ནི་སྦྱར། །ཀུན་མཁྱེན་གྲོང་དུ་གཤེགས་པ་ན། །དེ་འདྲ་ལ་སོགས་བསྒྲུབ་པར་བྱ། ། དེ་ནས་སངས་རྒྱས་མདུན་བདར་ཏེ། །མཐོང་བར་དགའ་བའི་སེམས་པ་ཡིས། །ཀླུ་དང་གནོད་སྦྱིན་ལ་སོགས་པའི། །འཇིགས་པ་ཟད་པར་སེལ་བ་ཡིན། །རྙེད་པ་ཀུན་ནས་ཐོབ་པ་དག །ཚོགས་ཀྱི་ཐད་དུ་བཙོང་བར་བྱ། །དགེ་འདུན་གནས་བརྟན་བློ་ལྡན་གྱིས། །ཤེས་ན་རིན་ཐང་གདབ་པར་ བྱ། །ངེས་པར་ཉོ་བར་འདོད་པ་ན། །དེ་ལ་སྐྱེད་པར་རུང་བ་ཡིན། །རིན་ནི་ཐམས་ཅད་མ་གཞལ་བར། །སྡོམ་བརྩོན་དེ་ལོངས་སྤྱོད་མི་རུང་། །དཀོན་མཆོག་གསུམ་ལ་སུ་དག་གིས། །གུས་པས་ཆུང་མ་སོགས་ཕུལ་ན། །དེ་ལ་རིན་ནི་མི་གདབ་སྟེ། །སྦྱིན་བདག་འདོད་པས་གཏང་བར་བྱ། ། མི་ཁྱོད་གླུ་གར་རོལ་མོ་རྣམས། །བྱོས་ཤིག་ཅེས་ནི་དགེ་སློང་གིས། །ཁྱིམ་པ་རྣམས་ལ་བསྒོ་མི་བྱ། །འདི་ནི་ཚུལ་ལྡན་ལས་མ་ཡིན། །འདི་ལ་ཚུལ་ནི་ཇི་བཞིན་དུ། །མཆོད་ཆ་སྟོན་པ་མཆོད་པ་ནི། །ཇི་ལྟར་མཛེས་པ་དེ་ལྟར་ནི། །བཞིན་བཟངས་འབད་པས་བྱོས་ཤིག་བརྗོད། །མཆོད་ པའི་ཕྱིར་ཡང་མཆོད་རྟེན་ལ། །ཕུར་བུ་ལ་སོགས་མི་གཟུགས་ཏེ། །དང་པོ་རྩོམ་པའི་དུས་ཉིད་དུ། །གཟུགས་རྟེན་བྱེད་ལ་ཉེས་པ་མེད། །མར་མེ་འོག་ཏུ་དབུལ་བྱ་སྟེ། །བརྟུལ་ཞུགས་ཅན་གྱིས་སྟེང་དུ་མིན། །དགེ་ཚུལ་ལ་སོགས་གཞན་ཡོད་བཞིན། །མཆོད་བྱའི་སྟེང་དུ་འཛེག་ མི་བྱ། །གཞན་དག་མེད་ན་དྲི་ཡི་ཆུས། །སྡོམ་བརྩོན་རྐང་པ་དག་བཀྲུས་ནས། །གུས་པས་སྟོན་པའི་འདུ་ཤེས་ནི། །ཡིད་ལ་བྱེད་པས་རང་གིས་འཛེག །དངོས་པོ་གཅིག་ལྷག་བརྒྱ་དང་ནི། །གསུམ་ལ་སོགས་པ་བྱ་བ་སྟེ། །གཙུག་ལག་ཁང་གི་གློ་དང་འབུར། །དེ་ཡང་ལྔ་བརྩེགས་ དག་ཏུ་བརྗོད། །ཀུན་དུ་བདུན་བརྩེགས་བྱ་བ་སྟེ། །དེ་ཡི་སྐར་ཁུང་ནང་སྟེགས་ཅན། །དབུས་སུ་སྟོན་པའི་ཁང་ཆེན་ཏེ། །སྒོ་ནི་ཕྱི་སྒོའི་དྲང་ཐད་དུའོ། །དགེ་སློང་མ་ཡི་དབྱར་ཁང་ནི། །སུམ་བརྩེགས་ལས་ནི་ལྷག་མི་བྱ། །གཙང་ཁང་སྐར་ཁུང་ནང་སྟེགས་ཅན། །ཀུན་དུ་ལྔ་བརྩེགས་ བྱ་བ་ཡིན། །སྐུ་གཟུགས་མཆོད་རྟེན་བདེར་གཤེགས་ཀྱི། །བཀའ་ཡང་མངོན་པར་བྲི་བ་སྟེ། །རྙིངས་སམ་བརླག་ན་དགེ་སློང་གིས། །སླར་ནི་གསོ་བར་འོས་པ་ཡིན། །གང་དུ་གང་ཞིག་སྔར་བྱས་དེར། །འདི་ཉིད་དེ་ལྟར་གཞག་བྱ་སྟེ། །སྔ་མའི་གཟུགས་ ལས་ཆུང་ངུ་མིན། །ལྷག་པ་ཉིད་དུ་བྱ་བར་བརྗོད། །གཙུག་ལག་ཁང་གི་འདུ་བྱེད་ནི། །སྦྱིན་པ་པོ་ཡི་འདོད་ཇི་བཞིན། །ཆེན་པོ་དང་ནི་ཆུང་དུའང་རུང་། །མཁས་པས་ཡོ་བྱད་དང་སྦྱར་བྱ། །མཆོད་རྟེན་སྐུ་གཟུགས་གྲིབ་མ་དང་། །མཎྜལ་ཡང་ནི་འགོམ་མི་བྱ། །དགོས་པའི་ཆེད་དུ་ བདེ་གཤེགས་ཀྱི། །ཚིགས་བཅད་སྔོན་དུ་བྱས་ཏེ་བགོམ། །བསོད་སྙོམས་དག་ལ་རྒྱུ་བའི་ཚེ། །སངས་རྒྱས་ལ་སོགས་བརྡ་ཡི་ཚིག །སྡོམ་ཅན་ལ་ནི་སུ་དག་འདྲི། །དེ་ལ་གསལ་པོར་གོ་བར་བྱ། །སངས་རྒྱས་ཞེས་ནི་བརྗོད་པའམ། །ཡང་ན་རྐང་གཉིས་མཆོག་ཅེས་བརྗོད། །སྡུག་ བསྔལ་ཟད་ཅེས་ཡང་ན་གཞན། །བདག་གམ་ཆོས་ལམ་གང་དེ་གསུངས། །དེ་བཞིན་དགེ་འདུན་དག་ལ་ཡང་། །བརྗོད་བྱ་སོ་སོའི་བདག་ཉིད་ཀྱིས། །ཡོན་ཏན་གང་ལ་དེ་དག་འགྱུར། །དེ་ནི་དེ་ལ་བརྗོད་པར་བྱ། །གཅིག་པུ་མགྲོན་དུ་བོས་པ་ལ། །དགེ་སློང་མ་རྣམས་འཁོད་པ་ན། །གང་ དུ་དགེ་སློང་ཟས་ཀྱི་ཕྱིར། །འདུག་པའི་སྟན་ནི་དང་པོར་བཞག །དགེ་ཚུལ་གྱིས་ནི་གྲལ་ཡང་རུང་། །དེ་རུ་འདུག་སྟེ་ཟོས་ནས་ནི། །གལ་ཏེ་དགེ་སློང་ནུས་མེད་ན། །དགེ་སློང་མ་ཡིས་ཡོན་བཤད་བྱ། །གྲོང་རྒྱུ་བ་ལ་སོང་ནས་ནི། །གར་སོང་དེ་དོན་ཞལ་ཏ་བས། །ལེན་པ་དགེ་སློང་མེད་པ་ན། ། རྙེད་པ་དེ་ཡི་སྐལ་བ་བཞག །གལ་ཏེ་འོངས་ན་དེ་ཡིའོ། །རྙེད་པ་མཚམས་ཀྱིས་བསྒྲུབ་པ་དང་། །ཁྲིམས་སུ་བྱས་ལ་བརྟེན་པ་དང་། །ཅི་འདོད་དགེ་སློང་དགེ་འདུན་རྣམས། །སྦྱིན་བདག་གིས་ནི་བསྙད་པས་སོ། །མངོན་དུ་བ་དང་དབྱར་དང་གནས། །སོ་སོར་སྨོས་པ་དེ་བཞིན་ཏེ། །བརྒྱད་ པོ་ཡང་དག་གྲགས་པ་འདི། །ཐོབ་དང་མི་ཐོབ་འབྱེད་པས་སོ། །གདུགས་དང་མེ་ཏོག་རྒྱལ་མཚན་སོགས། །བསྙེན་བཀུར་དང་བཅས་སྡོམ་བརྩོན་རོ། །དགེ་སློང་རྣམས་ཀྱིས་ཡོངས་བསྐོར་ནས། །དུར་ཁྲོད་དུ་ནི་ཁྱེར་བར་བྱ། །མེ་ཆེན་རབ་ཏུ་འབར་བ་ཡིས། །དེར་ནི་ཡོངས་སུ་བརྟགས་ ཏེ་སྦྱང་། །གལ་ཏེ་ཡོད་ན་མར་དག་དང་། །ཙནྡན་ལ་སོགས་བྱུག་པར་བྱ། །སྲོག་ཆགས་དང་བཅས་རྨ་ཅན་ནི། །འབད་པས་ས་ནི་བརྐོས་ནས་སུ། །སྦས་ཏེ་དེ་ལ་རྩྭ་དང་ནི། །ལོ་འདབ་སོགས་ཀྱིས་དགབ་པར་བྱ། །ལུས་ཅན་རྣམས་ལ་སྲིན་བུའི་རིགས། །བརྒྱད་ཁྲི་བཞི་སྟོང་ ཡོད་པ་རྣམས། །ལྷན་ཅིག་སྐྱེ་ཞིང་འཇིག་པའི་ཕྱིར། །མིང་ཅན་དེ་དག་ཚིག་པར་འགྱུར། །མཐང་གོས་དང་བཅས་བླ་གོས་ཀྱིས། །སྡོམ་བརྩོན་རོ་ནི་གཡོགས་ཏེ་དབྱུང་། །ལྷུང་བཟེད་ཆོས་གོས་གཞན་ལ་ནི། །བཙོངས་ཏེ་བགོ་བར་འོས་པ་ཡིན། །དེ་རྗེས་མི་རྟག་རྣམ་པའི་ཚུལ། ། སྟོན་བྱེད་ཆོས་ཉན་སྦྱིན་བྱ་སྟེ། །འདི་དག་སྐྱོ་བ་བསྐྱེད་ཕྱིར་དང་། །མྱ་ངན་དག་ཀྱང་བསལ་ཕྱིར་རོ། །གང་ཕྱིར་འདུས་བྱས་ཐམས་ཅད་ནི། །རྐྱེན་གྱིས་གཞན་དུ་འགྱུར་བ་སྟེ། །རྩྭ་རྩེ་རླུང་གིས་བསྐྱོད་པ་ཡི། །ཟིལ་བ་བཞིན་དུ་མི་བརྟན་ནོ། །གང་ཞིག་འཆི་བདག་ཁྲེལ་རྒོད་ཁ། ། དགང་དཀའ་དེར་ནི་མི་འཇུག་པ། །མཐོ་རིས་ཡང་དག་ས་སྟོང་དུ། །སྐྱེས་པ་དེ་ལ་ཡོད་དམ་ཅི། །ཇི་ལྟར་ས་གཞི་བརྟན་པ་ལ། །སྲེག་པའི་མེ་བྱུང་ཁོ་ན་བཞིན། །རང་བཞིན་སྐྱེས་ཅིག་སྐྱེས་པ་འདིར། །མི་རྣམས་འཆི་བ་དེ་བཞིན་ནོ། །གཟུགས་རིགས་ལོང་ཚོ་ཐོས་པ་དང་། །ཚུལ་ཁྲིམས་ ལ་སོགས་རྟག་མིན་ཏེ། །རྒྱལ་པོ་འཇིག་རྟེན་མགོན་གཅིག་པུ། །གང་གཞན་འདོད་ཆགས་བྲལ་བ་ཡི། །སྡོམ་བརྩོན་ཡང་སྲིད་ཟད་པ་ཡང་། །ཀུན་དུ་གནས་པ་མ་མཐོང་ན། །གང་གིས་ཇི་སྐད་ཇི་ལྟར་བཟློག །ཚེ་ནི་ཆུ་ཡི་རི་མོ་འདྲ། །དེ་ལྟར་མི་རྟག་ཆོས་བསྟན་ནས། །དེ་ཡི་ དངོས་པོའི་ཡོན་ཡང་བཤད། །རྐང་ལག་གདོང་པ་རབ་བཀྲུས་ནས། །མཆོད་རྟེན་བསྐོར་བ་བྱས་ནས་སོ། །ཇི་སྙེད་འདུས་བྱས་དེ་དག་འདིར། །མི་རྟག་ལ་སོགས་ཐུབ་པའི་བཀའ། །དྲན་པ་ཡང་དག་ཐོབ་པ་ཡིས། །གཙུག་ལག་ཁང་དུ་ཞུགས་ནས་ནི། །ལུང་བཞིན་སྐལ་བ་མཉམ་ པོར་ནི། །ཤི་བའི་ཡོ་བྱད་སྦྱིན་བྱ་སྟེ། །རོ་ཡི་བསྙེན་བཀུར་ལ་སོགས་འདི། །སྲས་ཀྱི་གཙོ་བོ་རྣམས་ལ་བཅས། །གཎྜཱི་རྒྱུད་གསུམ་མཆོད་རྟེན་ལ། །ཕྱག་བྱེད་ཚེ་ན་གང་ཞིག་ཡོད། །ཚུལ་ཤིང་འབྲིམ་དང་གསོལ་བ་ལ། །གང་ཡོད་དེ་ལ་འོས་པ་ཡིན། །གལ་ཏེ་རྫས་དེ་འགོད་པ་ ན། །བྲེལ་བས་དེར་ཀུན་མ་ཚོགས་ན། །རྣམ་པར་འགྱེད་པས་ཆ་གཉིས་ནི། །རྒན་པོ་གསར་བུ་དག་ལ་སྦྱིན། །དེ་ལྟར་བྱས་པས་དེ་ཡི་ནོར། །མ་ལུས་ལེགས་པར་བགོས་པར་འགྱུར། །གཞན་དག་ཁ་ཅིག་གློ་བུར་དུ། །ལྷགས་ཀྱང་དེ་ལ་སྐལ་བ་ མེད། །འཆི་བ་པོ་ཡིས་འདིར་བཞུགས་དག །འདི་སྣོམས་བརྡ་ནི་གལ་ཏེ་སྤྲད། །དེ་ཡིས་བྱམས་སེམས་ཀྱིས་བསྔོས་ན། །དེ་ནི་ཚོགས་ཀྱིས་ཐོབ་པ་ཡིན། །གལ་ཏེ་བྱམས་སེམས་མ་ཡིན་པས། །འཚོ་བའི་ཚེ་ན་བསྔོས་ནས་ནི། །གང་ཟག་གིས་ནི་བླངས་ན་ཡང་། །དེ་ལ་ ཉེས་པ་ཡོད་མ་ཡིན། །ཁྱིམ་པ་རྣམས་ནི་ལྟོས་བྱས་ཏེ། །བརྟུལ་ཞུགས་འཛིན་པ་དེ་ལྟ་མིན། །དེ་ཕྱིར་གང་ལ་ལྟོས་ཡོད་པའི། །དགེ་སློང་དེ་ལ་དེ་མི་རུང་། །གཉེན་ལ་ཡོངས་སུ་བསྔོས་པའི་ནོར། །འདི་ནི་ཚེ་འཕོས་རྗེས་ལ་ཡང་། །གོས་དང་ལྷུང་བཟེད་ལ་སོགས་པ། །དེ་ནི་ ཚོགས་ཀྱི་ཐད་དུ་དབུལ། །རྣམ་པར་སྤྱད་དེ་དབུལ་བ་དེས། །ཆོ་ག་བཞིན་དུ་བགོ་བར་བྱ། །རིན་ཆེན་ལ་སོགས་ཡོད་པ་ན། །དེར་ནི་བགོར་མི་རུང་ཞེས་བརྗོད། །དགེ་སློང་ཤི་བའི་ཡོ་བྱད་ནི། །དགེ་སློང་དབང་བར་འོས་པ་ཉིད། །དེ་དག་མེད་ན་དགེ་སློང་མ། །དེ་ཡང་སྲིང་མོ་ཡིན་ཕྱིར་ དབང་། །དགེ་སློང་མ་ནི་ཤི་བའི་ནོར། །དེ་ལ་དགེ་སློང་མ་ཡིན་འདོད། །དེ་དག་མེད་ན་དེ་ལ་ཡང་། །དགེ་སློང་རྣམས་ནི་བདག་པོར་འདོད། །དགེ་སློང་མེད་པར་དགེ་སློང་དག །ཁྱིམ་པའི་གྲོང་དུ་ཤི་བ་ན། །དེ་ཡི་ནོར་དེ་དེར་ལུས་ན། །གང་ཕྱིར་གཉིས་ཀར་འདོད་ན་ཡང་། །ཅིག་ཅར་ཉིད་དུ་ སློང་བྱེད་ཕྱིར། །གཉི་ག་ལ་ཡང་རུང་བ་ཡིན། །གང་གིས་གང་ལ་དམིགས་ཏེ་བྱིན། །དེ་ནི་ཅི་བདེར་དེ་ཡིར་འགྱུར། །གཙུག་ལག་ཁང་གི་མཚམས་དག་གི །བར་དུ་དགེ་སློང་ཤི་བ་ན། །གང་དུ་མགོ་བོ་བསྟན་པ་དེ། །ཆོས་གོས་ལ་སོགས་དབང་བ་ཡིན། །བུ་ལོན་བླངས་ནས་དགེ་ སློང་གང་། །འཆི་བདག་ཁར་ནི་ཞུགས་པ་ན། །དེ་ནི་འཕགས་པའི་དགེ་འདུན་གྱིས། །དེ་ཡི་ནོར་ལས་སྦྱིན་པར་བྱ། །དགེ་འདུན་དོན་དུ་ཞལ་ཏ་བས། །བུ་ལོན་བླངས་ཏེ་ཤི་བ་ན། །དེ་ཀུན་ཚོགས་ཀྱིས་སྦྱིན་པར་ནི། །ལུང་གིས་ཤིན་ཏུ་ངེས་པ་ཡིན། །གཞན་དུ་བུ་ལོན་ཞལ་ཏ་བས། ། ངེས་པར་འདི་ནི་བླང་བྱ་སྟེ། །རྒན་པོ་རྒན་པོ་གོ་བྱས་ནས། །དབང་པོ་དང་བཅས་ཡི་གེར་བྲི། །ལྷན་ཅིག་གནས་པ་རྣམས་ཀྱིས་ནི། །བ་དན་གོས་དང་མལ་སྟན་སོགས། །འདོད་པའི་འབྲས་བུ་འདོད་པ་ཡིས། །ཚོགས་ལ་ཕུལ་ན་ཉེས་པ་མེད། །གལ་ཏེ་འགྱོད་པའི་མེ་ལྕེ་ཡིས། །དེ་དག་ སེམས་ནི་བསྲེགས་པ་ན། །སླར་ཡང་བཟློག་པའི་ཆུ་ཡིས་ནི། །མ་ལུས་ཞི་བར་བྱ་བ་ཉིད། །འདི་ལ་རང་བཞིན་གནས་པ་དང་། །གཞན་དག་གནས་ནས་ཕྱུང་བ་ཤི། །གཅིག་གི་ཡང་ནི་ཡོ་བྱད་རྣམས། །རང་བཞིན་གནས་ལ་རུང་བ་ཡིན། །མདུན་དུ་ཡོངས་སུ་དག་པའི་བློས། །རང་ བཞིན་གནས་པ་མེད་གྱུར་ན། །གནས་ནས་ཕྱུང་བ་ལ་ཡང་ནི། །འདི་ཡིས་དབང་ཐང་བཀག་པ་མེད། །ཡི་གེར་བྲི་བ་བྱས་ནས་ནི། །གལ་ཏེ་ཚོགས་ལ་ཕུལ་བ་ན། །ཤི་ནས་དེ་ནི་བགོ་བྱ་སྟེ། །ནོར་དང་འདྲ་བ་ཉིད་ལས་སོ། །གཙུག་ལག་ཁང་འོས་དེར་གྱུར་པ། །དེ་ནི་དེ་ལ་མཁོ་བ་ ཉིད། །མཚོན་ཆ་འཆིང་བྱེད་ཀུན་མ་གཏོགས། །རྒྱལ་པོ་ལ་འོས་རྒྱལ་ལ་བྱིན། །མཚོན་ཆ་ལ་ནི་ཁབ་ལ་སོགས། །རྗེས་མཐུན་དངོས་པོ་བྱ་བ་ཉིད། །དེ་བཤིག་ནས་ནི་རྩ་བ་ཡི། །མཚོན་ཆ་གཞན་དུ་མི་བྱའོ། །མཉམ་པར་གཞག་པས་བདེ་གཤེགས་ཀྱི། །ཚིགས་བཅད་ གཅིག་ཙམ་བཀླགས་པ་ན། །ལེགས་གསུངས་དམ་པའི་ཆོས་དག་གི །རྙེད་པ་དེ་ལ་མི་འོས་མིན། །ཐུབ་དབང་དམ་ཆོས་རྣམ་པ་གཉིས། །ལུང་དང་གཞན་ཡང་རྟོགས་པའོ། །ལུང་དེ་འཛིན་པའི་དོན་གྱིས་ན། །ཆོས་ཀྱི་རྙེད་པ་འོས་པ་ཡིན། །ཁྲིམས་ལྡན་སྔར་ནི་དབྱར་གནས་པར། ། ཁས་བླངས་གལ་ཏེ་ཤི་བའམ། །བསླབ་པ་ཕུལ་ལམ་གཞན་གྱུར་ཀྱང་། །དབྱར་གྱི་རྙེད་པ་འོས་པ་ཡིན། །བདེ་གཤེགས་སྲས་ཀྱི་ལྷུན་པོའི་ཚད། །སྐུ་གཟུགས་མཆོད་རྟེན་བྱ་བར་འོས། །ཟུར་བཞི་ལོགས་མཉམ་མཛེས་བྱས་ནས། །བང་རིམ་ལ་སོགས་གཞན་རིམ་བཞིན། །དེ་ ཡང་གཉིས་གསུམ་བཞི་དང་ལྔ། །འབྲས་བུའི་རིམ་པ་གདུགས་ཀྱི་ཚད། །མཆོད་རྟེན་བྱི་བོ་ཡོན་ཏན་ཅན། །སོ་སོའི་སྐྱེ་བོ་རྣམས་ལ་འོས། །འདི་ཡི་མཐར་ནི་སྟོན་པ་ཡི། །གདུགས་ཀྱི་ཚད་ལ་ངེས་པ་མེད། །བརྒྱ་ལྷག་རི་བར་བྱེ་བ་སྙེད། །མཆོད་རྟེན་ཡང་ནི་བྱ་བར་འོས། །དམན་ པ་བསེ་རུའི་སྤྱོད་པ་ལ། །གདུགས་ནི་རིམ་པ་བཅུ་གསུམ་སྟེ། །དེ་ལ་ཆར་ཁབ་མེད་པ་དག །བྱའོ་ཞེས་ནི་ཐོས་པ་ཡིན། །ལོགས་དག་ཏུ་ནི་སློབ་མ་ཟུང་། །སྟོན་པའི་མཆོད་རྟེན་དབུས་སུ་སྟེ། །ལྷག་མ་རྣམས་ནི་གྲལ་རིམ་བཞིན། །དེ་ཡི་ཕྱི་རོལ་འཕགས་མིན་ རྣམས། །སློབ་མ་རྣམས་ནི་ཕན་ཚུན་དུ། །རབ་གུས་མཉན་པས་བསྙེན་བཀུར་བྱ། །དགེ་འདུན་གྱིས་ཀྱང་ཆོ་ག་བཞིན། །སྨན་དག་གིས་ཀྱང་ཉེ་བར་བསྡུ། །ལྷུང་བཟེད་ཆུ་གཙང་དྲི་མ་མེད། །ཁྲུས་ཕྱིར་ནད་པ་སློང་ལ་སྦྱིན། །ལྷུང་བཟེད་ལན་གསུམ་བཀྲུས་ནས་ཀྱང་། །སངས་རྒྱས་ཚིགས་ བཅད་བཟླས་ནས་སོ། །སྨན་དག་བྱིན་ལེན་བྱས་ནས་ནི། །ཚུལ་ལྡན་ནད་པ་ལ་ནི་སྦྱིན། །བྱིན་ལེན་སྟོབས་པ་མེད་ན་ནི། །རང་ཉིད་ལེན་པ་ལ་ཡང་རུང་། །ཆོས་གོས་བྱིན་གྱིས་བརླབས་པ་དག །ནད་པ་ལ་ནི་མི་བསླང་སྟེ། །ཡང་ན་དེ་ཡིས་ཕུལ་ཡང་ནི། །དགེ་སློང་རྣམས་ཀྱིས་བགོ་མི་བྱ། ། གང་འདིར་ཆགས་པས་དེ་ལེན་དང་། །སྦྱིན་བདག་དེ་ལྟར་བསྐུལ་བ་དང་། །ངེས་པར་འགེགས་པ་ཉིད་ལ་བརྩོན། །དེ་དག་གསུམ་ཆར་སྐྱོན་དང་བཅས། །འཕགས་མིན་འཕགས་པའི་ནད་ལ་ཡང་། །ནམ་ཡང་ལེ་ལོ་མི་བྱ་སྟེ། །འཁྲུལ་འཁོར་ལ་སོགས་སྦྱོར་བ་དང་། །སྨན་པ་དད་པ་ཆུང་བས་ མིན། །སངས་རྒྱས་ལ་མཆོད་ཚོགས་སྟོན་མོ། །ནད་པ་གལ་ཏེ་གསོ་བྱེད་ན། །ངན་ཞིང་སྨན་ཡང་བྱིན་བརླབས་ཏེ། །ཆོས་གོས་སོགས་ཀྱིས་བྱ་བ་ཡིན། །དེ་ལ་ནོར་མེད་གྱུར་ལྟ་ན། །གང་ཡོད་གཞན་ལས་བསླངས་ནས་ཀྱང་། །ནུས་པ་ཇི་བཞིན་བསྒྲུབ་བྱ་སྟེ། །དེ་ཡིས་དད་པ་སྐྱེད་ཕྱིར་རོ། ། ཐ་ན་རྡོ་གུ་མེ་ཏོག་དང་། །ཕྱེ་མ་དང་ནི་བུམ་པའི་ཆུ། །བསྟེན་ནས་ཀྱང་ནི་མཆོད་པ་དག །དེ་ཡིས་ཉེ་བར་བསྟན་བཞིན་བྱ། །གང་ཞིག་དོན་མིན་ནད་ཀྱིས་གཟིར། །ནོར་ལ་ཡོངས་སུ་ཆགས་པ་ན། །འབད་པས་དེ་ནི་བླངས་ནས་དེར། །མཆོད་དང་བརྟུལ་ཞུགས་ཅན་སྟོན་བྱ། །རང་གི་ལྷུང་བཟེད་ གོས་སོགས་ཀྱང་། །དེ་ལ་བྱིན་ནས་དེ་ཡི་ཚེ། །ནད་གཡོག་གིས་ནི་བདེ་གཤེགས་སོགས། །མཆོད་པའི་ལས་ལ་བརྩོན་པར་བྱ། །ཁྱད་པར་དུ་ཡང་ནོར་བདག་ལ། །ཆགས་པས་གང་དུ་སྲོག་མི་འཆད། །ཅི་འདོད་དེ་ཡི་ལྷུང་བཟེད་སོགས། །ཡོན་ཏན་ལྡན་པ་གཞན་ལ་དབུལ། །དགེ་ སློང་ཚུལ་ཁྲིམས་ལྡན་ཡང་སྔོན། །ལྷུང་བཟེད་ལ་ནི་ཆགས་བཞིན་ཤི། །རང་གི་ལྷུང་བཟེད་ནང་དུ་ནི། །གདུག་པ་ཅན་གྱི་སྦྲུལ་དུ་སྐྱེས། །སྨན་དང་སྔགས་ཀྱི་སྦྱོར་བ་ཡིས། །གཞང་འབྲུམ་ལེགས་པར་གསོ་བྱ་སྟེ། །སྨན་པའི་མན་ངག་མེད་པར་ནི། །སེན་མོ་སོགས་ཀྱིས་གཅད་མི་བྱ། ། གང་ལ་སློབ་མ་ལ་སོགས་པའི། །ནད་གཡོགས་མེད་ཅིང་སྨན་མེད་ན། །དེ་ལ་སྨན་དག་སྦྱིན་པ་དང་། །ནད་གཡོག་ཀྱང་ནི་ཚོགས་ཀྱིས་བྱ། །མཛེ་ཅན་གྱིས་ནི་དགེ་འདུན་གྱི། །མལ་སྟན་ཉེར་སྤྱོད་སྤང་བྱ་སྟེ། །རྫིང་བུ་ལྗོན་ཤིང་ཉེ་འཁོར་དང་། །སྤང་ས་འདུག་ས་ལ་སོགས་སོ། །ཁང་ བཟངས་དང་ནི་ཁྱམས་ཀྱི་སྒོ། །གཡོས་ཁང་བཤང་གཅིའི་ཁང་པར་ནི། །མི་འདུག་དབེན་པར་གནས་བྱ་སྟེ། །དེ་ནི་ཚོགས་ཀྱིས་བསྐྱང་བར་འོས། །གཙུག་ལག་ཁང་གི་བདག་པོར་ནི། །ཤི་འམ་བཅིངས་སམ་རིང་སོང་ན། །དཀའ་བས་ཀྱང་ནི་ལོ་ལྔའི་བར། །གཙུག་ལག་ཁང་དུ་ལེགས་གནས་ བྱ། །ལོ་ལྔ་ལོན་ནས་དེ་དྲུང་གེ །གཙུག་ལག་ཁང་རྟེན་རྙེད་པ་དག །བླངས་ཏེ་དེ་རུ་གནས་བྱ་སྟེ། །བསྲུང་ཕྱིར་གསོ་སྦྱོང་ཐ་དད་དོ། །དེ་ལྟར་ལོ་ནི་བཅུར་གནས་ཀྱང་། །དེར་ནི་འཛིན་པོ་མེད་པ་ན། །མལ་སྟན་ལ་སོགས་དེ་བྱིན་ནས། །གཙུག་ལག་ཁང་གཞན་གནས་པར་བྱ། །འགྲོ་འདོད་ རྣམས་ཀྱིས་ཅི་འདོད་པར། །སྒོ་བསྡམས་རྒྱས་བཏབ་འགྲོ་བྱ་སྟེ། །སླར་ཡང་དེ་ནི་འཇུག་པ་ན། །དེ་ལ་འདུག་གནས་སྦྱིན་པར་བྱ། །གཙུག་ལག་ཁང་གཞན་དབང་བའི་དཀོར། །དགེ་སློང་གཞན་དུ་སྤྱོད་པ་བཀག །དགོས་པའི་ཕྱིར་དུ་དེ་མཐུན་པས། །ཡོངས་སུ་སྤྱོད་ལ་ཉེས་པ་མེད། ། སྦྱིན་བདག་རྣམས་ཀྱིས་མལ་སྟན་དག །གཙུག་ལག་ཁང་དུ་ཕུལ་བ་གང་། །མི་འདོད་ཀྱང་ནི་དེ་ལྟ་བུ། །གཞན་དུ་དབུལ་དུ་གཞུག་མི་བྱ། །ཚོགས་ཀྱི་གོས་ནི་གྱོན་ནས་ཀྱང་། །དགེ་སློང་རང་གི་ལས་བྱེད་བཀག །གོས་བཀྲུ་བ་དང་ཚོན་ལ་སོགས། །དེ་བཞིན་གཞན་ཡང་ཆེན་པོ་གང་། ། ཆར་དང་ཁ་བ་འབབ་པ་ན། །བླ་གབ་མེད་པར་མི་གཞག་ཅིང་། །བཤང་གཅི་ཡི་ནི་ས་དག་ཏུ། །དེ་གྱོན་པ་ནི་བཀག་པ་ཡིན། །གནས་མལ་གནས་སྐྱོང་མ་གཏད་པར། །མཚན་མོའི་དུས་སུ་འགྲོ་མི་བྱ།། །།བམ་པོ་དྲུག་པ། གཏོད་པ་ན་ཡང་ཡུལ་གཅིག་ལ། །གོ་བར་བྱས་ཏེ་ བཞག་པར་འདོད། །ཚོགས་ཀྱི་འདུག་སྟན་ལ་སོགས་ཀྱང་། །རྒན་རིམས་བཞིན་དུ་སྦྱིན་བྱ་སྟེ། །གློ་བུར་ལྷགས་པའི་ཆེད་དུ་ཡང་། །དངོས་པོ་གང་ཡང་ཀུན་ཏུ་གཞག །གནས་ཀྱི་དབྱེ་བས་དགོན་པར་ཡང་། །རྒན་རིམས་སོགས་ལ་ཅི་འདོད་པར། །ས་དང་ཤིང་གི་ཕུག་ལ་སོགས། ། རིམ་པ་ཇི་བཞིན་ཐོབ་པ་ཡིན། །དགོན་པའི་གློ་བུར་ལྷགས་པ་ལའང་། །དངོས་པོའི་སྐལ་བ་གཞག་བྱ་སྟེ། །ཆོས་གོས་ལ་སོགས་སྦས་ནས་ནི། །གནས་བྱ་གཞན་དུ་ལྟུང་བར་འགྱུར། །གང་དུ་ས་གཞི་ཁྲུ་དོ་ཡི། །ཚད་ཙམ་ལ་ཡང་མལ་དག་གནང་། །ཞབས་ཚགས་ཅན་དང་སོ་ཤིང་སོགས། །ཕ་གུ་དང་ནི་ སྨན་གྱི་སྣོད། །ཀུན་ནས་འཇམ་པོར་བྱུགས་ཏེ་བྱ། །གནས་ཁང་སོགས་སུ་འགྲོ་འདོད་པས། །སངས་རྒྱས་སྲས་ཀྱི་འདུག་གནས་ནི། །གཞིག་ནས་འགྲོ་བར་མི་བཞེད་དོ། །གནས་ཁང་འགྱེད་པ་ལ་སོགས་དུས། །མ་བསྒོ་བར་ནི་འགྲོ་བ་ནི། །སླར་ཡང་རྒན་རིམས་ཇི་བཞིན་དུ། །འདོད་ཀྱང་ དེ་ལ་འོས་མ་ཡིན། །གསར་བུ་རྣམས་དང་དེ་མཉམ་པར། །གནས་མལ་བཟའ་བ་འབྲས་བུ་དང་། །མེ་ཏོག་ལ་སོགས་སྦྱིན་པ་ཉིད། །བསྟན་པ་འདི་ལ་ཆོས་ཉིད་དོ། །ནད་ཚབས་ཆེ་ལ་གནས་ཁང་གཞན། །ཇི་ལྟར་འདོད་བཞིན་སྦྱིན་བྱ་སྟེ། །ཇི་སྲིད་ནད་སོས་གྱུར་གྱི་བར། །ཁས་ལེན་ མི་བྱེད་ན་ཡང་སྦྱིན། །གཙུག་ལག་ཁང་གི་ཕྱི་རོལ་དུ། །གོས་སྟན་མཐོང་ན་ནང་གཞུག་ཅིང་། །རྒན་པོ་ན་དང་ཉམ་ཆུང་གིས། །དགེ་སྐོས་དག་ལ་གོ་བར་བྱ། །དགེ་འདུན་མལ་སྟན་ཡོ་བྱད་དག །མེ་ཡིས་ཚིག་གམ་ཆུས་ཁྱེར་ན། །བདག་ཉིད་ཀྱིས་ནི་རྗེས་བསྲུང་སྟེ། །ངེས་པར་བསྐྱང་ངོ་ གྲོགས་མེད་ན། །དང་པོ་གང་ཟག་རྣམས་ཀྱི་སྟེ། །ཕྱི་ནས་ཚོགས་ཀྱི་དེ་ནས་ཆོས། །དེ་ནས་བདེ་བར་གཤེགས་པ་སྟེ། །འདི་ནི་དབྱུང་བའི་རིམ་པར་འདོད། །གོ་སྐབས་འབྱེད་བཅུག་ངེས་བརྟགས་ཏེ། །གང་ཕྱིར་ཐབས་ཀྱིས་བསྒྲུབ་པ་ཉིད། །དོན་གཉེར་དེ་ཡིས་དགེ་སློང་ལ། །མདོ་འམ་འདུལ་ ཉིད་དྲིས་ཏེའོ། །འདུག་པའི་ཐད་དུ་ཉེ་བས་སམ། །དེ་ཡིས་འགྲོ་བཞིན་དུ་ཡང་རུང་། །སྡོམ་བརྩོན་རང་ལ་བལྟ་བ་ཡིས། །ཀློག་དང་ཉེ་བར་བསྟན་པ་སྦྱིན། །ཉེ་བར་བསྟན་པ་འཛིན་པས་ཀྱང་། །བླ་མ་སངས་རྒྱས་དང་པོར་གུས། །རྩེ་གཅིག་ཉལ་བས་སྤངས་ནས་ནི། །ཉེ་བར་བསྟན་པ་ལན་གསུམ་ བཟུང་། །ཉེ་བར་བསྟན་པ་སྟོན་པ་པོ། །འདི་ཡིས་སྒྲ་ནི་མི་ཐོས་པའི། །ཕྱོགས་དེར་དེ་ལ་གཏད་ནས་ནི། །ལན་བརྒྱའི་བར་དུ་ཡང་ནི་བཟླ། །འདོན་དང་རྗེས་སུ་འདོན་སོགས་ཀྱི། །དབྱངས་ཀྱིས་ཐུབ་པའི་གསུང་མི་བསྒྲག །ཡུལ་སྐད་དག་དང་རྗེས་མཐུན་པས། །འདོན་པར་བྱེད་ལ་འགལ་བ་མེད། ། སྡོམ་བརྩོན་གང་ཞིག་ཁང་བཟངས་ཀྱི། །ཀ་བ་ལྗོན་ཤིང་རྩིག་པ་ལའང་། །རབ་ཏུ་བཏེག་ན་འགལ་ཚབས་ཅན། །དེ་ཡི་ཕྱིར་ན་དེ་མི་སྤྱད། །དཔུང་རྒྱན་དང་ནི་གཞན་མིན་པ། །སོ་སོར་འབྲང་མ་ལ་སོགས་གདགས། །ཕན་འདོད་སྔགས་ནི་བཟླ་བྱ་སྟེ། །གནོད་གྱུར་གསང་སྔགས་མ་ཡིན་ ནོ། །ལྷ་གཞན་ཕྱག་འཚལ་མཆོད་པ་ནི། །གསང་སྔགས་ཕྱིར་ཡང་བཀག་པ་ཡིན། །དཀོན་མཆོག་གསུམ་ལ་ཕྱག་བྱས་ནས། །གཞན་གྱི་གསང་སྔགས་བརྗོད་པར་བྱ། །ལྷུང་བཟེད་ཁ་སྦུབ་བྱས་པ་ལ། །སྟན་དང་སྟོན་མོ་བཟའ་བ་བཀག །དམ་པའི་ཆོས་ནི་སྟོན་པ་ན། །དད་ལྡན་ རྣམས་ཀྱིས་འདུས་བྱས་བསྟེན། །ས་གཞི་གོས་ཀྱིས་གཡོགས་པ་ལ། །འདུས་བྱས་མི་རྟག་འདུ་ཤེས་ཀྱིས། །དགེ་སློང་རྣམས་ཀྱིས་འགྲོ་བ་གནང་། །སྡོམ་བརྩོན་ཆོས་གོས་གསུམ་འཛིན་ལ། །ཁྲུས་ཀྱི་རས་བསྲེལ་རྗེས་སུ་གནང་། །ས་བོན་ཚོས་པར་དཀའ་བའི་རིགས། །རླངས་པས་ ཕོག་པ་སྤྱད་དུ་རུང་། །སྒྲེགས་པ་བྱུང་བ་དོར་ནས་ནི། །གུས་པས་ཁ་ནང་བཀྲུ་བར་བྱ། །སྔོན་ལས་བཟློག་དཀའ་ལས་གྲུབ་པའི། །མེད་པ་གཉིས་ཡོད་མ་གཏོགས་སོ། །མངོན་མཚན་ཅན་དག་འཆང་བ་ནི། །དགེ་འདུན་ཉིད་ལ་རྗེས་སུ་གནང་། །བསོད་སྙོམས་པ་ཡི་ཆོས་གོས་ལ། །མདུད་པ་བོར་བ་ལ་ སོགས་མིན། །ཐམས་ཅད་ཁ་དོག་གཅིག་པ་ཡི། །གོས་རྣམས་ཉེ་བར་ལོངས་སྤྱད་མིན། །མེ་ཏོག་འབྲས་བུ་ཤིང་སོགས་དྲུང་། །གཅི་སོགས་ཀུན་ཏུ་སྤྱད་པ་སྤང་། །སྟེང་དུ་ཤིང་ལས་བྱ་བ་སྟེ། །རྡོ་ཡི་སྐས་ནི་མ་ཡིན་ནོ། །རླུང་ནད་ཅན་གྱིས་ཕྱག་མི་བྱ། །དེ་ལ་ཡང་ནི་གཞན་གྱིས་མིན། །ལུས་ གཙང་བྱི་དོར་བྱས་ནས་ནི། །ཆོས་གོས་ལེགས་པར་བགོ་བར་བྱ། །དེ་ལུས་མཉེད་པའི་བསམ་པ་ཡིས། །བསྐུ་མཉེ་བྱས་ལ་ཉེས་པ་མེད། །ལི་ཤའི་མེ་ཏོག་ལ་སོགས་པ། །རྙེད་ན་དབེན་པར་འདུག་ནས་ནི། །སྦྱིན་བདག་རྣམས་ལ་ཕན་འདོད་ཅིང་། །ལྟ་བྱེད་ཚིམ་རྒྱས་དོན་དུ་བསྣམ། །ཆོས་ གོས་འཇམ་ཕྱིས་བྱས་པ་སྔོན། །དགའ་བོ་ལ་ནི་མཛེས་མས་བྱིན། །སྐུར་འདེབས་གྱུར་གསན་ཐུབ་དབང་གིས། །དགག་པའི་ཚུལ་འདི་རབ་ཏུ་གསུངས། །བརྡུངས་ནས་འཇམ་པོར་བྱས་པ་ཡི། །ཆོས་གོས་བཅང་བར་མི་བྱ་སྟེ། །དེ་ནི་སུ་ཞིག་འཆང་བྱེད་པ། །ངེས་པར་འགལ་ ཚབས་ཅན་དུ་འགྱུར། །ཕག་གི་ཡན་ལག་ལ་སོགས་དང་། །བུ་རམ་ཤིང་ལ་སོགས་པ་དག །ཆོམ་རྐུན་གྱིས་ནི་བོར་བ་གང་། །སྐྱེ་བོས་མཐོང་བ་བླང་བར་བྱ། །རྒྱབ་དང་མགོ་བོ་རྐེད་པ་ཡིས། །ཁུར་པོ་ཁུར་བའི་སྡོམ་བརྩོན་གང་། །དེ་ཡི་འགལ་ཚབས་སྡུག་བསྔལ་གྱིས། །འཇིག་རྟེན་ ཕ་རོལ་གཟིར་བར་བྱེད། །སྲིན་བུས་ལ་བ་རིན་པོ་ཆེ། །ཟོས་པ་ལ་ནི་ནིམ་པ་དང་། །འདབ་མ་བདུན་པ་ལ་སོགས་པའི། །ལོ་མའི་ཕྱེ་མས་བསྒོ་བར་གསུངས། །ཕ་ནི་དབུལ་པོ་མ་ཡིན་པས། །བུ་ལ་ནོར་སྐལ་སྟེར་བ་ན། །ཚུལ་ཁྲིམས་ལྡན་པས་བླངས་ནས་ནི། །དཀོན་མཆོག་གསུམ་གྱི་ དགོས་པ་བྱ། །མཚམས་གཞན་གནས་པས་དེ་ཡི་ཚེ། །འདུན་པ་ཕུལ་ན་ཉེས་བྱས་ཏེ། །འབུལ་དུ་བཅུག་ཀྱང་མི་འཆགས་པས། །ངེས་པར་ཉེས་བྱས་ལས་གཞན་མིན། །ལ་བ་ལ་སོགས་བཟང་པོ་གང་། །ཚོགས་ཀྱི་ཅི་བདེར་ཐོབ་པ་ན། །དེ་ནི་བཙོངས་ཏེ་བགོ་བྱ་ཡི། །གཤག་ ཅིང་གཏུབ་པར་མི་བྱའོ། །གནས་མལ་རབ་ཏུ་མ་བརྟགས་པར། །ཉལ་བ་ལ་ནི་ཉེས་བྱས་འགྱུར། །རྟ་དང་ཁྱིམ་བྱ་བར་ཏེ་ཀེ །གླང་སོགས་འཐབ་ཏུ་གཞུག་མི་བྱ། །བདེ་གཤེགས་ཀྱིས་ནི་གཉིས་པོ་ལ། །པུས་འཁྱུད་རྗེས་སུ་གནང་བ་སྟེ། །ལུས་ནི་ནད་ཀྱིས་ཉམས་པ་དང་། །གཞན་ ཡང་རྒན་པོ་དེ་ལའོ། །གནས་ནས་འགྲོ་བར་འདོད་པ་ཡིས། །སླར་ཡང་འོང་བར་འདོད་པ་ན། །གནས་མལ་ཀུན་ནས་སྦྱངས་ནས་ནི། །ལེགས་པར་གཏད་དེ་འགྲོ་བར་བྱ། །གང་ལ་གཏད་པ་དེ་ཡིས་ཀྱང་། །དེ་ནི་འབད་པས་ཀུན་ཏུ་བསྲུང་། །འོངས་ནས་སླར་ཡང་སྦྱིན་བྱ་སྟེ། །རྟགས་སམ་གོ་ བར་བྱས་ཏེའོ། །གང་སྔོན་བྲང་འགྲོ་མ་མཐོང་ནས། །མནན་པས་དགེ་སློང་བཟུང་ནས་ནི། །གཉིས་ཀ་ཡང་ནི་ཤི་བར་གྱུར། །དེས་ན་འདི་ནི་གོ་བྱེད་ཡིན། །བརྟུལ་ཞུགས་ཅན་གྱིས་ཟླ་ཕྱེད་དེར། །ཚེས་བརྒྱད་དང་ནི་བཅོ་ལྔ་ལ། །གནས་མལ་ལེགས་པར་སྦྱང་བར་བྱ། །མ་སྦྱངས་ན་ནི་ བསླབ་ནི་འཐོབ། །གནས་ཁང་བཟང་པོ་དེར་བསྒྲུབས་པ། །ཚོགས་ལ་ཉེ་བར་མཁོ་བ་ཡང་། །སྔོན་དུ་གང་འོས་ཐོབ་པས་སྦྱང་། །རྒན་རིམས་ཇི་བཞིན་འདིར་ཡོད་མིན། །བྱ་བ་ཡོངས་སུ་རྫོགས་པ་ན། །སྣོད་སྤྱད་དང་ནི་ཡོ་བྱད་གོས། །སྔོན་དུ་བླངས་ནས་ཁྱེར་བྱ་སྟེ། །ཕལ་པའི་ལས་ ཀྱིས་མ་ཡིན་ནོ། །ཚོགས་ཀྱི་གནས་མལ་བཟང་པོ་ཉིད། །གང་ཟག་དབང་ལ་དེ་མི་འདོད། །རྒྱབ་རྟེན་བཅས་པའི་སྟན་དག་ནི། །གཉིས་ཀ་ལ་ཡང་རྗེས་སུ་གནང་། །ལོ་གསུམ་ཁྱད་པར་ཞུགས་པ་དང་། །ལྷན་ཅིག་སྟན་གཅིག་ལ་མི་འདུག །དགེ་སློང་བསྙེན་པར་མ་རྫོགས་དང་། །ལྷན་ ཅིག་སྟན་ལ་རུང་མ་ཡིན། །མཁན་པོ་དང་ནི་སློབ་མ་ཡང་། །ཁྱིམ་པའི་ཁྱིམ་དུ་རྗེས་སུ་གནང་། །སྟན་ཅིག་ལ་འདུག་དེར་ཡང་ནི། །གཉིས་པ་ཅུང་ཟད་མེད་ནའོ། །མལ་སྟན་ལ་སོགས་བླངས་ནས་ནི། །འཇིགས་བཅས་གཞན་དུ་འགྲོ་བ་ན། །སྡོམ་བརྩོན་གྱིས་དེར་ལོངས་སྤྱད་ནས། ། འཇིགས་བྲལ་ཚེ་ན་གཏད་པར་བྱ། །འདི་ལ་འཇིགས་དང་བྲལ་ནས་ནི། །སྔར་བཞིན་ཡང་དག་ཡོངས་སུ་སྤྱད། །རྡོལ་དང་རལ་དང་ཟགས་པ་དག །ཆོ་ག་བཞིན་དུ་བཅོས་པར་བྱ། །གང་དེར་གདིང་བ་ལ་སོགས་པ། །སྤྱད་མི་བཟོད་དག་ལོངས་སྤྱོད་ཕྱིར། །དེ་ཡིས་ས་ལྕིར་ལེགས་བསྲེས་ ནས། །རྩིག་པའི་ཁུང་བུ་ལ་སོགས་བྱུག །དེ་ལྟར་ལེགས་པར་སྦྱར་ན་ནི། །སྦྱིན་འབྲས་བདེ་བའི་དོན་དུ་འགྱུར། །སྦྱིན་བདག་རྣམས་ཀྱི་བསོད་ནམས་རྒྱུན། །མི་འཆད་པ་ཡི་རྒྱུ་ཡིན་ནོ། །གཙུག་ལག་ཁང་གཞན་རྙེད་པ་ནི། །སྤྱད་དེ་གཞན་དུ་གནས་པ་ན། །དེ་ཡིས་གོང་ངམ་དུ་ན་ཡང་། །ཐམས་ ཅད་རིན་ཚད་གཞལ་བར་བྱ། །དགེ་འདུན་དག་གི་གནས་མལ་ལ། །ཤེས་བྱེད་མཚན་མ་གདབ་པར་བྱ། །ཆེ་གེའི་སྦྱིན་བྱའི་ཆོས་ཡིན་ཞེས། །མཛེས་པའི་ཡི་གེ་རྣམས་ཀྱིས་སོ། །ཁྲི་སྟེང་ཁྲི་ནི་བརྩེགས་པ་ལ། །དགེ་སློང་འདུག་པར་བྱེད་པ་དེ། །ཉེས་བྱས་དུང་གི་སྒྲ་གཅན་གྱིས། ། བདས་ཏེ་དེ་ནི་འོག་ཏུ་ལྟུང་། །དགེ་ཚུལ་གང་ཞིག་དད་པ་ཅན། །སློབ་ལ་རབ་གུས་བློ་ལྡན་གྱི། །ཚོགས་ལ་གོ་བྱས་དེ་དག་གི །གནས་མལ་ལ་ནི་རུང་བ་ཉིད། །ཀོ་ལྤགས་ལས་གྱུར་མལ་སྟན་དག །ཡུལ་གྱི་དབུས་སུ་བཀག་པ་སྟེ། །ཁྱིམ་པའི་ཁྱིམ་དུ་འདུག་ཙམ་རུང་། །དེར་ཡང་ཉལ་བ་ གནང་མ་ཡིན། །གཙུག་ལག་ཁང་གི་སྒོ་དྲུང་དུ། །དོམ་ལྤགས་ཉིད་ཀྱི་རྗེས་སུ་གནང་། །ཀོ་ལྤགས་ཀྱི་ནི་མལ་སྟན་དག །མཐའ་འཁོབ་ཏུ་ནི་ཉེས་པ་མེད། །ངོ་མཚར་ནོར་བུ་མུ་ཏིག་སོགས། །རིན་ཆེན་མཆོག་གིས་མཛེས་པ་ལ། །གསེར་དང་བ་སོ་ལ་སོགས་ རྐང་། །མལ་སྟན་ཆེན་པོ་ཞེས་བྱར་བརྗོད། །གང་གི་སྟེང་དུ་བརླ་འདུག་ནས། །རྐང་བརྐྱང་ས་ལ་མི་རེག་པ། །མལ་སྟན་ཁྱད་པར་འདི་འདྲ་ཡང་། །དེ་ནི་མལ་སྟན་མཐོན་པོར་འདོད། །འདི་དག་བསྙེན་གནས་སྡོམ་པར་ནི། །ཁྱིམ་པ་ལ་ཡང་རབ་བཀག་སྟེ། །དེ་འདིར་གཉིས་ཀ་དགེ་སློང་ལ། ། ཅི་ཕྱིར་དགག་པར་མི་འོས་མིན། །ཁྲིའུ་ལ་ནི་གཅིག་པུར་འདུག །གཉིས་ནི་ཤིང་ཁྲི་བརྟན་པའོ། །བརྟན་དང་མི་བརྟན་ཤེས་བྱས་ནས། །ཤིང་ཁྲི་ལ་ནི་གསུམ་སོགས་ཀྱང་། །གཎྜཱི་བརྡུངས་ནས་ཞུས་ཏེ་འམ། །ཚུལ་ཤིང་བྲིམ་པ་དག་གིས་ཀྱང་། །རྙེད་པ་འགེད་བྱེད་དེ་ཡི་ཚེ། ། དགེ་སློང་ཀུན་ལ་གོ་བར་བྱ། །ཤི་སོགས་བརྡ་ནི་སྤྲོད་བྱེད་པའི། །བྱིའོ་ལ་སོགས་གཎྜཱི་ལྔ། །དགེ་སློང་རྣམས་ཀྱིས་བརྡུང་བ་ནི། །འགལ་མེད་རྗེས་སུ་གནང་བ་ཡིན། །ལན་ཅིག་ཀུན་ཏུ་བཏེག་པ་ཡིས། །གང་དུ་རབ་ཏུ་བརྡུང་བ་ནི། །དེ་ནི་ཤི་བར་མཚོན་བྱེད་པ། །བྱིའོ་ཉིད་བརྗོད་དང་པོའོ། ། གང་དུ་ལན་གཉིས་བཏེག་པས་བརྡུང་། །དེ་ནི་གཉིས་པ་ལས་སུ་ཤེས། །དེ་ཉིད་གཅིག་གི་ལྷག་པར་ནི། །འདུ་བ་ཞེས་བྱར་མངོན་པར་བརྗོད། །ངེས་མེད་གནོད་བྱུང་གཎྜཱི་སྟེ། །དེ་ཡང་འཇིག་རྟེན་གོ་བྱེད་ཡིན། །སྒྲ་ལྡན་ཁར་གསིལ་འཁྲོལ་བ་ནི། །བསམ་གཏན་པ་རྣམས་གོ་བྱེད་ཉིད། ། གཙུག་ལག་ཁང་དུ་གློ་བུར་གང་། །འཇུག་ཚེ་ཕྱི་རོལ་རྐང་གཉིས་བཀྲུ། །སྤྲུག་གམ་ཡང་ན་ཕྱི་བྱ་སྟེ། །ཆུ་འམ་ཡང་ན་ལོ་མས་སོ། །ནང་ཞུགས་ཉེ་བར་ཕྱིན་པ་ན། །བརྟུལ་ཞུགས་ཅན་ཐད་ཕྱག་བྱ་སྟེ། །དེས་ཀྱང་དེ་ལ་ཅི་ནུས་སུ། །དེ་དག་ལ་ནི་བྱ་བ་ཡིན། །དཀའ་ཐུབ་ཅན་གྱིས་ ཐོག་མར་ནི། །དགེ་འདུན་དག་གི་ནང་ཁྲིམས་དྲི། །དེ་ཡིས་སྟོན་པའི་བཀའ་བཞིན་དུ། །ཡང་དག་རྗེས་སུ་བསྲུང་བར་བྱ། །གཙུག་ལག་ཁང་དུ་དགེ་སློང་ལ། །གནོད་བྱེད་དུ་ནི་མི་འགྱུར་བ། །ཡོན་ཏན་འཕེལ་དུ་རུང་བ་གང་། །དེ་འདྲ་དགེ་སློང་རྣམས་ཀྱིས་བཅའ། །ཤེས་བྱ་མ་ལུས་དེ་ཉིད་ནི། ། མཁྱེན་པའི་དེ་བཞིན་གཤེགས་པ་ལ། །བརྟུལ་ཞུགས་ཅན་གྱིས་ཚེ་ལྡན་དང་། །རིགས་རུས་མཚན་ནས་སྨོས་པ་དང་། །ཡུལ་ནས་བརྗོད་པར་མི་བྱའོ། །རྒན་པོ་དག་ལ་གསར་བུ་ཡིས། །བཙུན་པ་ཞེས་ནི་བརྗོད་བྱ་སྟེ། །གསར་བུ་ལ་ནི་རྒན་པོས་ཀྱང་། །ཚེ་ལྡན་ཞེས་བརྗོད་གཞན་དུ་མིན། ། རིགས་པ་ཡིས་ནི་ཅི་ནུས་སུ། །ཉལ་ཉིལ་ངེས་པར་བསལ་བར་བྱ། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །གཎྜཱི་བརྡུང་ནས་གནས་པས་སོ། །བཤང་གཅི་མཆིལ་མ་ངར་སྣབས་དང་། །ཁྲག་ཀྱང་ངེས་པར་འདོར་བ་ན། །སྒྲ་བཅས་སེ་གོལ་གཏོགས་བྱ་སྟེ། །བསླབ་པ་ཟད་པར་མི་འདོད་ནའོ། །རྩྭ་ སྔོན་དང་ནི་ཆུ་དག་ལ། །དོར་བར་བྱ་བ་མ་ཡིན་ནོ། །ས་གཞི་གཙང་མའི་ཕྱོགས་དག་དང་། །གང་དུ་འགལ་མཐོང་དེར་ཡང་མིན། །ཉིན་མཚན་བདེར་གནས་དགེ་སློང་གིས། །ཏམ་པོ་ལ་ནི་མི་བཟའ་སྟེ། །དགེ་སློང་རིགས་པ་བསྟན་པ་ཡི། །ནད་པ་ལ་ནི་ཉེས་པ་མེད། །དུས་མིན་ཟས་ལ་བཀག་པ་ཡིས། ། འབྲས་བུ་གང་ཡང་མི་བཟའ་སྟེ། །མཁས་པ་རྣམས་ཀྱིས་ཆོས་འདུལ་ལས། །གནང་བ་དེ་སྤྱད་མདོར་བསྡུས་ཡིན། །དགའ་བོའི་མིག་སྨན་ཐུར་མ་སོགས། །ཐུབ་པས་ཇི་སྐད་མདོར་གསུངས་བཞིན། །དེ་བཞིན་དགེ་སློང་རྣམས་ཀྱིས་འདིར། །བཟའ་བ་བག་ཡོད་ཡོངས་སུ་སྤྱད། །གཙུག་ལག་ཁང་ནང་དགེ་ སློང་གིས། །སྐྲ་དང་ཁ་སྤུ་བྲེག་མི་བྱ། །ནད་པས་ས་གཞི་གཙང་མ་ལ། །གོས་དག་བཏིང་སྟེ་བྲེག་པར་བྱ། །སྐྲ་སོགས་འབྲེག་པར་བྱེད་པ་ལ། །རྒན་རིམས་ཇི་བཞིན་རྗེས་སུ་གནང་། །ཉུང་ངུ་ཙམ་ཞིག་བྲེགས་ན་ཡང་། །གསར་བུའི་འཕྲོ་ནི་མི་གཅད་དོ། །དང་པོར་མགོ་བོ་ཡང་ནི་ཁ། །དེ་ནས་སྣ་ཡི་གཙང་སྦྲ་ དང་། །དེ་འོག་རྐང་ལག་སེན་མོ་སྟེ། །ལས་བྱེད་རིམ་པ་འདི་དག་གོ། །སྐྲ་ནི་ཆན་པས་མི་བྲེག་སྟེ། །བརྟུལ་ཞུགས་ཅན་ལ་གནང་བ་ནི། །འགའ་ཞིག་གནས་སུ་རྨ་ཉེ་ན། །ཆད་པས་གཅད་དུ་རུང་བ་ཡིན། །ནད་པ་ལ་ནི་གོ་བྱས་ནས། །ཚངས་སྤྱོད་རྣམ་པར་མཁས་པ་ཡིས། །ཀུན་ཁྱབ་ཕྱོགས་སུ་དྲན་ ལྡན་པས། །སྤུ་དག་བྲེགས་སོགས་རུང་བ་ཡིན། །ཟླ་འདྲ་འབྲས་བུའི་རྣམ་པའམ། །དེ་བཞིན་སྤུ་གྲིའི་སོ་ལྟ་བུར། །གཅད་དོ་རྩི་ཡིས་མི་བྱུག་ཅིང་། །དག་ཕྱིར་ཡིན་ཏེ་མཛེས་ཕྱིར་མིན། །དགོན་པ་པ་ཡིས་སོར་གཉིས་ལས། །ལྷག་པར་སྐྲ་སྐྱེ་གཞག་མི་བྱ། །གྲོང་གི་མཐར་གནས་བརྟུལ་ལྡན་ གྱིས། །སོར་གཉིས་ཡང་ནི་མི་རུང་སྨད། །སྐྲ་རྣམས་བྲེགས་ཟིན་རྗེས་ཐོགས་ལ། །དག་པའི་དོན་དུ་ཁྲུས་བྱའོ། །སྡོམ་བརྩོན་རྐྱེན་དབང་ལྡན་གྱུར་ན། །ཡན་ལག་ལྔ་རྣམས་བཀྲུ་བར་གནང་། །དགེ་འདུན་སྤྱི་ཁང་ཉེར་གནས་སུ། །སྤུ་གྲི་ལ་སོགས་སྣོད་བཅས་བཞག །སྐྲ་ སོགས་ལས་ལ་མཁས་ན་ནི། །དབེན་པར་བྱེད་ལ་བཀག་པ་མེད། །སོ་ཤིང་བྱས་ཤིང་ཁ་བཀྲུས་ནས། །དམ་པའི་ཆོས་ནི་བཤད་བྱ་སྟེ། །ཟས་དུས་ཡང་ནི་དེ་ཉིད་ལས། །གཞན་དུ་འོས་པ་མ་ཡིན་ནོ། །དེ་ཡང་རྣམ་གསུམ་རིང་ཤོས་ནི། །སོར་ནི་བཅུ་གཉིས་ཤེས་པར་བྱ། །བརྒྱད་ནི་ཆུང་ངུ་དེ་ཡི་དབུས། ། བར་མ་ཞེས་ནི་བརྗོད་པ་ཡིན། །དེ་དོར་ནས་ཀྱང་ལྕེ་བཞར་གྱིས། །འབད་དེ་ལྕེ་ནི་བཞར་བར་བྱ། །ཁར་བ་ཟངས་དང་ར་གན་ལྕགས། །ལྕེ་བཞར་རྣམ་པ་བཞི་ཡིན་ནོ། །གྲོང་གི་ཐ་མར་གནས་པ་ཡིས། །དེ་དག་ཉེར་བསྒྲུབ་གཞན་ཡང་ནི། །མེད་ན་ལེགས་པར་བྲུད་པ་ཡི། །ཤིང་ཚལ་གྱིས་ཀྱང་བཞར་རུང་ཉིད། །གལ་ ཏེ་ཤིང་ཚལ་ཡང་མེད་ན། །ཁ་དང་ལྕེ་ཡི་དྲི་མ་ནི། །ཇི་ལྟར་སུས་ཀྱང་མི་མཐོང་བར། །ལྕི་བར་བཅས་པའི་ཆུ་ཡིས་སྦྱང་། །སྔོན་བྱུང་དུག་ཅན་སྦྲུལ་ཤི་བས། །བྲམ་ཟེའི་བུར་སྐྱེས་གྱུར་པ་ཞིག །རབ་བྱུང་དེ་ཡི་ལྕེ་ཡི་དྲིས། །རྣམ་སྦྱང་ཉེས་པ་མང་པོར་གྱུར། །དང་པོར་སྦྲང་མ་སོ་ཤིང་གིས། །དེ་ཡིས་རྩངས་པ་ ཤི་གྱུར་ཏེ། །དེ་ཡིས་ནེ་ལེ་དེ་ལ་གང་། །རེག་པས་མཐའ་དག་ཤི་བར་གྱུར། །དེ་ཡི་དྲི་དོར་ཐམས་ཅད་དུ། །འགྲོ་བ་རྣམས་ནི་རིམ་གྱིས་ཤི། །དེ་ཡི་ཕྱིར་ན་བཅོམ་ལྡན་འདས། །ཐུགས་རྗེ་ལྡན་པས་བཀག་པ་ཡིན། །ཚུལ་ལྡན་རྣམས་ཀྱི་སོ་ཤིང་ནི། །བཀྲུས་ནས་ཡོངས་སུ་དོར་བར་བྱ། །ཆུ་དག་མེད་ན་ས་ ལ་ཡང་། །བྲུད་དེ་ཡོངས་སུ་དོར་བར་བྱ། །གཅི་བ་དང་ནི་བཤང་བ་དང་། །སོ་ཤིང་བཅའ་བའི་བྱ་བ་སྟེ། །རྣམ་པ་གསུམ་པོ་དགེ་སློང་གིས། །སྒྲིབ་གཡོགས་ཅན་གྱི་ཕྱོགས་སུ་བྱ། །དགེ་སློང་དག་ལ་རིམ་གཅིག་པའི། །མཆིལ་ལྷམ་བཅང་བ་རྗེས་སུ་གནང་། །མཆིལ་ལྷམ་རིམ་པ་མང་པོ་ཅན། །མ་བརྟགས་ པར་ནི་བཅང་མི་བྱ། །སྒྲ་ཅན་དང་ནི་རིན་པོ་ཆེ། །བཅང་དུ་རུང་བ་མ་ཡིན་ནོ། །ཚུལ་ཁྲིམས་ལན་པས་ལོངས་སྤྱོད་ན། །དགེ་འདུན་གྱི་ལ་ཉེས་པ་མེད། །ལྷགས་རླུང་ཅན་གྱི་ས་ཕྱོགས་སམ། །ཁ་བ་ཅན་དུ་ཉིན་མོ་ཡང་། །རྐང་པའི་གནས་སྐབས་རིག་བྱ་སྟེ། །ཡུ་བ་ཅན་ཡང་རྗེས་སུ་གནང་། །སྟག་དང་སེང་གེ་ དྲེད་དང་རྟ། །གླང་པོའི་པགས་པས་བྱ་བ་མིན། །གཞན་དག་ཀྱང་ནི་དེ་དག་གི །རྒྱུས་པ་ཅན་ནི་རྣམ་པར་སྤངས། །གཞན་ཡང་སྡེར་མོ་ཅན་དང་ནི། །མཆེ་བ་ཅན་ནི་མི་བཅང་སྟེ། །སྤྱང་ཁྱི་བྱི་བ་ལ་སོགས་པའི། །པགས་པས་བྱས་པའི་མཆིལ་ལྷམ་ཡང་། །གཙུག་ལག་ཁང་དུ་ཐམས་ཅད་དུ། །ཤིང་གི་ མཆིལ་ལྷམ་མི་རུང་སྟེ། །བཤང་དང་གཅི་བའི་ཁང་པ་དང་། །ཁྱིམ་པའི་གྲོང་དུ་ཉེས་པ་མེད། །འོད་མ་མུན་ཛ་ལ་སོགས་པའི། །རང་བཞིན་མཆིལ་ལྷམ་མི་བཅང་སྟེ། །རླུང་ཁྲག་ནད་ཀྱིས་ཉེན་པ་ཡི། །ནད་པ་དག་ལ་བཀག་པ་མེད། །གྲུ་ལ་སོགས་པ་མེད་པ་ན། །གླང་པོ་རྟ་དང་མ་ཧེ་དང་། །ཁྱུ་མཆོག་ རྔ་མོའི་མཇུག་མ་ལ། །འཇུས་ཏེ་བརྒལ་བ་བཀག་པ་མེད། །ཚོགས་ལ་འབད་པས་ཐམས་ཅད་དུ། །བསྲུང་ལ་རག་ལས་ཡོད་མ་ཡིན། །རྒྱལ་པོའི་སྐལ་བ་ལེན་པ་དང་། །ཞིང་གི་བྱ་བ་རྗེས་སུ་གནང་། །གཙུག་ལག་ཁང་དུ་ཆར་སོགས་ཀྱི། །འཇིགས་པ་རྣམས་ཀྱིས་གཡེངས་པ་ན། །ཚོགས་ ཀྱི་ནགས་ཀྱི་ལོ་ཏོག་ནི། །འབད་པས་རང་གིས་བསྐུར་བར་བྱ། །དགེ་འདུན་གྱི་ནི་བ་ལང་སོགས། །རབ་ཏུ་འབད་པས་བསྲུང་བར་བྱ། །ཁུར་ཁོལ་ཤོད་ཅིག་སོད་ཅིག་ཅེས། །ཚིག་ངན་བརྗོད་པར་མི་བྱའོ། །དགེ་ཚུལ་ལ་སོགས་གང་རྣམས་ཀྱིས། །ལམ་དུ་ལམ་བརྒྱགས་ཁུར་བ་ན། །དེས་དོན་བསྐུར་བྱ་ཆུ་ལ་ ཡང་། །དགེ་སློང་གིས་ནི་བསྒྲལ་བར་བྱ། །དུབ་པ་ན་ཡང་བསྐུར་བྱ་ཞིང་། །དེ་ནི་དེ་ཡིས་བྱིན་བརླབས་ཏེ། །སེམས་ཀྱི་འགྱོད་པ་མེད་པས་ནི། །ཐེ་གུ་ལ་སོགས་སྦྱོར་བས་སོ། །རྐུན་པོས་སྐྲག་གྱུར་བོར་བ་འམ། །བརྒལ་དཀའི་ཆུ་ལ་བོ་བ་ཡང་། །དེ་ནི་ལེགས་བླངས་ཕྱུང་ནས་ཀྱང་། །ཡོངས་སུ་སྤྱོད་ལ་ བཀག་པ་མེད། །བཟའ་བཅའ་རྫས་སོགས་ཀྱིས་གང་བའི། །ཤིང་རྟ་བགྲོད་དཀའི་ལམ་དུའམ། །ཁ་ལོ་བ་ཡི་སྟན་མ་གཏོགས། །འབད་པས་དགེ་སློང་རྣམས་ཀྱིས་བཀྲི། །འདི་ལ་འདི་གཉིས་འོས་ཡིན་པས། །གྲུ་ནི་འདམ་སོགས་ཟིན་པ་ན། །གྲུ་གདོང་རྣམ་པར་སྤངས་ནས་ནི། །དེ་ནི་དགེ་སློང་རྣམས་ ཀྱིས་བཀྲི། །རླུང་སོགས་མེད་ན་ཚོན་གྱི་ལས། །བྱའོ་ཉི་མ་ངན་པར་མིན། །འདི་ལ་གང་དུ་སྐྱོན་འབྱུང་བའི། །ས་ཡི་ཆ་དང་ཉིན་གུང་མིན། །མཁས་པས་ཕལ་ཆེར་རྡུལ་དང་ཆར། །རླུང་དང་ཉི་དུས་མ་ཡིན་ཏེ། །འདི་ནི་ཁང་བཟངས་སོགས་དོན་དུ། །ས་གཞི་གཙང་མར་སྦྱངས་ནས་སོ། །དགེ་ སློང་རྣམས་ནི་རྩོད་པ་དག །བྱེད་ན་ཆོས་ལྡན་ལྷན་ཅིག་པས། །མ་གུས་བྱེད་པ་དེ་དག་ནི། །ཡལ་བར་མི་དོར་དགག་པར་བྱ། །ཁྲིམས་འཆལ་གྱུར་ལ་ཁྲིམས་ལྡན་གྱིས། །ཚུལ་མཉམ་རྣམས་ལ་མང་ཐོས་ཀྱིས། །ཐོས་པ་མཉམ་ལ་སྤོབས་པ་ཅན། །སྤོབས་པ་མཉམ་ ལའང་ཕུལ་བྱུང་གིས། །གང་ཞིག་དང་པོར་རྩོད་པ་ལ། །དེ་ཡི་ཚིག་གིས་འདུལ་གྱུར་བ། །སྤོབས་ཅན་ཉིད་ལའང་གང་ལྷག་པ། །དེ་དག་ཚིག་གིས་འདུལ་བ་ཡིན། །རབ་ཏུ་ངེས་དང་ལྡན་པ་ཡིས། །རྩོད་པ་ཡོངས་སུ་རྟོག་པ་པོས། །ཕན་ཚུན་ནང་ཁོན་བསྟན་པ་ལ། །ཡང་ན་བཏང་སྙོམས་གཞག་པར་ བྱ། །མི་མཐུན་པས་ཀྱང་ལམ་དག་ཏུ། །ཕྲད་ན་རྒན་ལ་ཕྱག་བྱ་སྟེ། །དེས་ཀྱང་ནད་མེད་གྱུར་ཅིག་བརྗོད། །གཞན་དུ་གཉིས་ཀ་ལྟུང་བར་འགྱུར། །བསྲོ་ཁང་ཁྲུས་ཀྱི་གནས་སུ་ནི། །སྒོ་དྲུང་སྲུང་མ་གཞག་བྱ་སྟེ། །དགེ་སློང་རྣམས་ནི་ཁྲུས་སྲོད་དག །བྱེད་པ་མ་དད་བཟློག་ཕྱིར་རོ། །སྡོམ་བརྩོན་སྣ་ཚོགས་ ཚོན་དག་གིས། །རི་མེའི་ཆོ་ག་དེ་དག་གནང་། །གང་དག་ལ་ནི་རུང་བའི་ལས། །སེམས་ཅན་རྣམ་པ་མ་གཏོགས་སོ། །གནས་ཁང་དག་ཏུ་རུས་པ་ཡི། །ཚོགས་བཅས་དུར་ཁྲོད་ཆེན་པོ་བྲི། །གཅེར་བུ་སོ་གཙིགས་འཇིགས་པ་ཡི། །ཐོད་པའི་ཕྲེང་བ་རྒྱན་དུ་བྱ། །རྩ་བའི་སྒོར་ནི་དབང་ཕྱུག་ཆེ། །ཀུན་ དགའ་བཞིན་གྱི་དཀྱིལ་འཁོར་ཅན། །ལག་ན་བེ་ཅོན་ཐོགས་པ་ཡི། །གནོད་སྦྱིན་རྣམས་ཀྱི་བདག་པོ་བྲི། །ཆོ་འཕྲུལ་པད་མ་རྒྱས་པ་ལ། །བདེར་གཤེགས་གཟུགས་མང་བཞུགས་པ་དང་། །སྲིད་པའི་འཁོར་ལོའི་བར་དག་ཏུ། །སྒོ་ཁང་ལོགས་ནི་གཉིས་སུའོ། །གཙང་ཁང་སྒོར་ནི་གནོད་སྦྱིན་ རྣམས། །མེ་ཏོག་ཕྲེང་ཐོགས་བྲི་བྱ་སྟེ། །གུས་པས་བཟའ་བ་མང་ཐོགས་ནི། །ཁྱམས་ཀྱི་བཀོད་པའི་ས་དག་ཏུའོ། །མཛོད་སྒོར་གནོད་སྦྱིན་ཆེན་པོ་ནི། །ལག་ན་རིན་ཆེན་མྱུ་གུའི་མིང་། །ཁ་ནས་རིན་ཆེན་མང་སྐྱུག་པ། །གསེར་གྱི་བུམ་པ་བཟང་ཐོགས་པའོ། །ཀུན་ནས་འདུ་བའི་ཁང་པར་ནི། །བརྟུལ་ ལྡན་རྒན་ཞིང་རྒན་པ་རྣམས། །ཆོས་དང་མངོན་བརྗོད་འཆད་པ་ནི། །བྱེད་པ་མངོན་པར་གནས་པ་བྲི། །བསྲོ་ཁང་མེ་ཡི་གནས་སུ་ནི། །མདོ་སྡེ་ལྷ་ཡི་ཕོ་ཉ་བྲི། །ནད་པའི་སྔས་སུ་སྐུ་གཟུགས་ནི། །ནད་པའི་དབུགས་འབྱིན་བླ་མར་མཛད། །སྣ་ཚོགས་རྒྱན་གྱིས་ཕུན་ཚོགས་པའི། །ཀླུ་མོ་ཆུ་ཡི་ གནས་སུ་སྟེ། །དུར་ཁྲོད་འཇིགས་སུ་རུང་བ་ནི། །བཤང་དང་གཅི་བའི་ཁང་པར་རོ། །ཁང་བཟངས་དག་གི་ངོས་དག་ཏུ། །ཐུབ་པའི་སྔོན་གྱི་སྐྱེས་རབས་བྲི། །དཔེར་ན་ཐམས་ཅད་སྒྲོལ་དང་ནི། །ཟླ་འོད་བཟོད་པར་སྨྲ་ལ་སོགས། །གཙུག་ལག་ཁང་སོགས་འདུལ་བ་ལ། །འཇིག་རྟེན་མངོན་ པར་དད་འཕེལ་ཕྱིར། །རི་མོའི་ཆོ་ག་བརྗོད་པ་འདི། །ཐུགས་རྗེ་ཅན་གྱིས་ལེགས་པར་གནང་། །ཁྱམས་དང་ཁང་བཟངས་རྣམས་སུ་ནི། །ཆེད་དུ་མེ་སྦར་མི་བྱ་སྟེ། །དགོས་པས་དེ་དང་མཐུན་པར་ནི། །མདག་མ་ཡོངས་སུ་སྤྱད་པར་བཞེད། །ས་གཞི་ཡོངས་སུ་སྦྱངས་པ་ལ། །མེ་ནི་བཏང་བར་ མི་བྱ་སྟེ། །དེ་ཕྱིར་དེ་ནི་སྦར་བའི་ཕྱིར། །མེ་ལིང་རྗེས་སུ་གནང་བ་ཡིན། །སངས་རྒྱས་ཚོགས་ཀྱི་རྒན་པོ་དང་། །རྒྱལ་པོ་དང་ནི་སློབ་དཔོན་དང་། །དེ་བཞིན་མཁན་པོ་ཉིད་ཀྱི་བཀའ། །གང་ཞིག་རིགས་ན་འདའ་མི་བྱ། །དང་པོ་འདིར་ནི་གང་ཅུང་ཟད། །གནང་མེད་བཀག་པ་མེད་པ་ནི། ། གང་ཞིག་རུང་དང་མཐུན་པ་ན། །དེ་ནི་ཐེ་ཚོམ་མེད་པར་སྤྱད། །མི་རུང་བ་དང་ཉེ་ལྟ་ན། །སྡོམ་བརྩོན་རྣམས་ཀྱིས་དེ་མི་སྤྱད། །འདི་ནི་ཆོས་འདུལ་མདོར་བསྡུས་པ། །བསྟན་བཅོས་སྒྲོན་མ་ལྟ་བུར་གཞག །འདུལ་བ་འམ་ནི་མདོ་སྡེ་ཡི། །གླེང་གཞི་གསལ་པོར་མ་དྲན་ན། །བཞུགས་པའི་ གྲོང་ཁྱེར་རྣམས་ཀྱི་མིང་། །གང་འདོད་དོན་ནི་སྨོས་པར་བྱ། །མཉན་ཡོད་གནས་བཅས་ཙམ་པ་ཀ །བཱ་རཱ་ཎ་སཱི་ཡངས་པ་ཅན། །རྒྱལ་པོའི་ཁབ་ཅེས་གྲགས་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་ཤེས། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ཏེ། །ས་བདག་མི་དབང་གསལ་རྒྱལ་བརྗོད། །བུད་ མེད་རྣམས་ལ་ས་ག་སྟེ། །བརྗེད་ངས་དག་ནི་སྨོས་པར་བྱ། །གྲོང་ཁྱེར་བཱ་རཱ་ཎ་སཱི་སྟེ། །ས་བདག་ཡང་ནི་ཚངས་སྦྱིན་ནོ། །སྐྱེས་པའམ་དེ་བཞིན་བུད་མེད་ལ། །བསྙེན་གནས་སྟེར་ན་བསྒྲུབ་བྱ་བ། །དང་པོའི་སྦྱོར་བ་གང་ཡིན་ལ། །ཀློག་པ་དྲན་པ་མི་གསལ་ན། །བསླབ་པའི་གཞི་ནི་མཐར་ཐུག་པ། ། འདི་ནི་ཐུབ་པས་གསུངས་པ་ཡིན། །ཐོག་མར་བཱ་རཱ་ཎ་སཱིར་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །ལྔ་སྡེ་བཟང་ལ་ཕན་བཞེད་པས། །མདོ་སྡེ་བཅོམ་ལྡན་འདས་ཀྱིས་གསུངས། །གཉིས་པའང་གང་གི་འཁོར་ཀུན་ནི། །གཟུགས་ལ་སོགས་པ་ཕུང་པོར་བཅས། །བདག་འཛིན་ཞགས་པ་གཅིག་ བུ་ཡིས། །འཆིང་བ་མཐའ་དག་རྣམ་གྲོལ་མཛད། །ལྔ་སྡེ་བཟང་རྣམས་ཉིད་ཀྱི་ཕྱིར། །གོས་དག་ལེགས་བགོས་འཚམ་དང་མཛེས། །ཟླུམ་པོ་ལ་སོགས་ཐ་སྙད་ཀྱིས། །བསླབ་གཞི་ཡང་དག་གསུངས་པ་ཡིན། །ཇི་ལྟར་གནས་ནི་གཙང་མའི་ལྷ། །བག་ཡོད་གོས་ ཡོངས་གྱོན་བྱེད་པ། །དེ་བཞིན་ཐུབ་པས་དགེ་སློང་ལ། །ཟླུམ་པོར་རབ་ཏུ་གསུངས་པ་ཡིན། །ཐུབ་པས་རིམ་པ་འདི་ཡིས་ནི། །བཟང་སྦྱིན་ལ་སོགས་མཐོ་རིས་དང་། །ཐར་པ་འདོད་པ་དེ་དག་ལ། །བསླབ་པའི་གཞི་ཡང་བཅའ་བར་མཛད། །སོ་གའི་དུས་ན་མཐའ་མེད་པའི། །རྒྱ་མཚོར་འཇུག་ པ་ཇི་བཞིན་དུ། །གང་གིས་དང་པོར་འདུལ་བ་ལ། །ཚུལ་ཁྲིམས་དྲི་མ་སྦྱོང་མཛད་པ། །དྲུག་སྡེ་བདག་ཉིད་ཆེན་པོ་རྣམས། །ངོ་མཚར་བཅས་པའི་སྤོབས་པ་ཅན། །མཚོན་པ་མེད་ཀྱང་གྲུབ་པ་སྟེ། །བཟང་པོ་དེ་དག་དྲང་སྲོང་ཆེ། །དགའ་བོ་ཉེ་དགའ་འགྲོ་མགྱོགས་དང་། །འཆར་ཀ་ འདུན་པ་ནམ་སོ་སྟེ། །མཁས་པ་དཔའ་པོ་དྲུག་སྡེར་གྲགས། །སངས་རྒྱས་བསྟན་པ་བསྲུང་བར་མཛད། །སླར་ཡང་དེ་དག་ཤིན་ཏུ་བཟང་། །རབ་བསྔགས་མུན་པ་འཇོམས་བྱེད་པ། །མཁས་པ་རྣམས་ཀྱིས་གང་ལྟར་ཡང་། །འདུལ་བ་ལས་ནི་འདའ་མི་བྱེད། །སངས་རྒྱས་སྲས་སུ་གང་ གྱུར་པ། །དེ་དག་ཡོན་ཏན་བསམ་མི་ཁྱབ། །གང་འདིར་ཉེ་བར་བསྟན་པ་ནི། །རྟོགས་པར་བྱེད་པའི་བཤེས་གཉེན་མཆོག །ཡུན་རིངས་བསགས་སྡིག་མི་ཤེས་པས། །འགྲོ་བ་གཉིད་ཀྱིས་ལོག་པ་འདི། །གང་གིས་དམ་ཆོས་བསྟན་པ་ཡི། །ལག་པས་བསྐུལ་ཏེ་སད་མཛད་པའོ། །ཡུན་ རིངས་གོམས་པས་བསྐྱེད་པ་ཡི། །ཐུགས་རྗེས་ཐུགས་ནི་བརླན་པ་སྟེ། །བདག་ཉིད་ཆེན་པོའི་མཛད་པ་ནི། །རྣམ་བཅུ་གདོན་མི་ཟ་བ་ཡིན། །གཞན་དག་བྱང་ཆུབ་ལུང་བསྟན་དང་། །བྱང་ཆུབ་སེམས་བསྐྱེད་བསྟན་པ་དང་། །སྐུ་ཚེ་ལྔ་ཆ་འདོར་བ་དང་། །མཆོག་གཉིས་རབ་ཏུ་བྱུང་བ་དང་། ། སངས་རྒྱས་གདུལ་བྱ་འདུལ་བ་དང་། །མཚམས་གཅད་པ་ནི་བསྒྲུབ་པ་དང་། །ཆོ་འཕྲུལ་རབ་ཏུ་བསྟན་པ་དང་། །ལྷ་ཡི་གནས་སུ་གཤེགས་པ་དང་། །ལས་ཀྱི་དབྱེ་བ་བཤད་པ་དང་། །ཡབ་ཡུམ་བདེན་པ་མཐོང་བ་ལ། །ཇི་སྲིད་མ་བཀོད་དེ་སྲིད་པར། །མྱ་ངན་འདའ་བར་མི་མཛད་དོ། །གང་གིས་ཐུབ་པའི་ བསྟན་པ་འདི། །འཇིག་རྟེན་སྣང་མཛད་རིན་པོ་ཆེ། །རྒྱ་མཚོ་སྒྲོལ་བའི་གྲུ་ལྟ་བུ། །སྡུད་པོ་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་མང་དུ་ཐོས་པ་ཡིས། །སྐྱེ་བའི་ལྕགས་སྒྲོག་རྣམ་གྲོལ་བ། །ཐོས་འཛིན་མདོ་སྡེའི་སྡེ་སྣོད་ཀྱི། །སྡུད་པོ་འཕགས་པ་ཀུན་དགའ་ལའང་། །གང་གིས་ངན་སོང་སྦྲུལ་གདུག་ནི། ། འདུལ་བའི་ལེགས་བཤད་དྲི་མེད་པའི། །སྔགས་ཀྱིས་གསོ་བར་མཛད་པ་དང་། །འཕགས་པ་ཉེ་བ་འཁོར་ལ་ཡང་། །གང་གིས་ཀུན་ནས་མ་མོ་ཡི། །སྡེ་སྣོད་རབ་ཏུ་བསྟན་པ་ཡིས། །སྒྲོན་མ་བཞིན་དུ་གསལ་མཛད་པ། །བློ་ལྡན་འཕགས་པ་འོད་སྲུངས་ལའང་། །རྒྱལ་པོའི་ཁབ་ཏུ་སྡེ་སྣོད་གསུམ། ། འདིས་ལེགས་ཐམས་ཅད་བསྡུས་པ་ཡིན། །ལྷར་བཅས་མི་ཡི་འཇིག་རྟེན་དུ། །སྣང་བ་ཆེར་མཛད་འདི་ཡིན་ནོ། །གང་དུ་ཐོས་ལྡན་འདི་དག་དང་། །དགྲ་བཅོམ་སྡིག་པ་རིང་སྤངས་པ། །ལྔ་བརྒྱ་པོ་ནི་དམ་པའི་ཆོས། །ཡང་དག་བསྡུས་པའི་དབང་པོར་གྲགས། །བརྒྱ་བྱིན་ཐོག་མར་བྱས་པ་ཡི། ། ལྷ་རྣམས་དམ་ཆོས་གུས་པ་ཡིས། །གང་དུ་འདུས་པ་ཆེན་པོས་ནི། །ནམ་མཁའི་ངོས་ནི་རྒྱན་དུ་བྱས། །རྒྱལ་པོའི་ཁབ་ཀྱི་མཐར་ཡང་ནི། །ས་གཞི་ལྷ་རྣམས་མེ་ཏོག་ནི། །ལག་ནས་ཀུན་ཏུ་འཐོར་བ་ཡིས། །གང་དུ་དེ་ནི་ཡུན་རིངས་མཛེས། །གང་ཚེ་དམ་ཆོས་རིན་ཆེན་མཆོག །ནུབ་ཉམས་ འདམ་དུ་བྱིང་བ་བཞིན། །ལྷ་དང་མི་རྣམས་དོགས་འཇིགས་པ། །བསྡུས་པས་སླར་ཡང་ཡིད་སོས་མཛད། །གང་ཕྱིར་ཐུབ་པས་དམ་པའི་ཆོས་འདི་ནི། །སྐྱེ་དགུ་གསོ་བྱེད་སྐྱོབ་པའི་དཔུང་བྲལ་བ། །སྡུག་བསྔལ་མ་ལུས་ཉེར་ཞིའི་དོན་བསྒྲུབ་ཕྱིར། །བརྩོན་པས་འཁོར་བར་ཡུན་རིངས་སྤྱོད་ པ་ན། །འོད་འབར་དབུ་ནི་མགུལ་གོས་བཅས་པ་དང་། །རང་གི་ཤ་དང་རུས་དུམ་ཁྲག་རྒྱུན་བཏང་། །སྲས་ཀྱང་ཟླ་ཚེས་ཆ་འདྲ་ཡིད་འོང་བའི། །བཙུན་མོ་མཆོག་སྦྱིན་དཔག་མེད་གང་དོན་ཕྱིར། །བདེར་གཤེགས་དཔལ་བརྙེས་ཞི་ལམ་ཆོས་བསྟན་འདི། །ཇི་སྲིད་མ་ནུབ་བར་དུ་རྣམ་ཀུན་ནས། །སྙོམ་ ལས་དོན་མེད་ལྟུང་བ་རྣམ་སྤངས་ཏེ། །ཞི་བའི་དོན་དུ་ཡང་དག་བརྩོན་པར་བྱ། །བདེར་བཤེགས་བཀའ་ནི་མི་རྣམས་ཚིག་ལས་ཁྱད་འཕགས་ཕྱིར། །ཆོས་གང་ཅུང་ཟད་སྤྲོས་ཀྱང་སྙན་དངགས་མཆོག་གྱུར་ཏེ། །བསམ་པའི་ཐབས་ཀྱིས་བསྒྲུབ་འབྲས་ཁ་ན་མ་ཐོ་མེད། །འདི་དེ་ལས་གཞན་བེ་ཤ་ཀས་ཀྱང་ བྱས་པ་ལ། །གང་ཞིག་མ་ཚང་ལྷག་གམ་ཡང་ན་གཞན་དུ་བྱས། །སྔར་བཤད་རྣམས་ལས་གོ་རིམས་འཆོལ་བར་བཤད་ཀྱང་རུང་། །དེ་ཀུན་རང་བཞིན་ཞི་བའི་བསམ་པས་བཟོད་པར་མཛོད། །ཉམ་ངའི་ལམ་དུ་ལོང་བ་རྡེག་འཆོས་མིན་ནམ་ཅི། །དགེ་སློང་ཆོས་འདུལ་ཐིག་ ལེར་བྱས་མཛེས་མེ་ཏོག་ཕྲེང་རྒྱུད་ལེགས་བརྒྱུས་ལས། །གང་ཐོབ་བསོད་ནམས་དཔལ་དེས་འཁོར་བའི་ལུས་ཅན་རྣམས་དང་ལྷན་ཅིག་བདག །འདོད་པའི་འདམ་ལས་རྣམ་པར་བརྒལ་ནས་དད་སོགས་ཡོན་ཏན་ཀུན་གྱིས་བརྒྱན། །མྱ་ངན་འདས་པར་ཚེ་རབས་གཞན་དུའང་བསྙེན་པར་ རྫོགས་པ་བྱེད་པར་ཤོག །གང་དག་ཚུལ་ཁྲིམས་དྲི་མེད་གནས་འདོད་ཅིང་། །མྱ་ངན་འདས་པའི་གྲོང་ཁྱེར་འཇུག་འདོད་པ། །རྟག་ཏུ་ཚིག་ལེར་བྱས་པའི་དོན་འདི་ཉིད། །ཀློག་དང་འདོན་དང་སེམས་པ་ཉིད་དུ་ཤོག །ཇི་ལྟར་འཇིག་རྟེན་རྒ་ནད་འཆི་བའི་གདུང་བས་གདུངས། །ཇི་སྲིད་དུས་ ན་འདོད་ཆགས་མེ་ཡིས་དགའ་མགུར་བསྲེག །དེ་ལྟར་དེ་སྲིད་སེམས་རྒྱུན་དྲི་མ་ངན་འཁྲུད་པའི། །བདེར་གཤེགས་བཀའ་ནི་གང་གཱའི་ཆུ་བཞིན་གནས་གྱུར་ཅིག །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཚིག་ལེའུར་བྱས་པ། མེ་ཏོག་གི་ཕྲེང་རྒྱུད་ཅེས་བྱ་བ། །འདུལ་བ་འཛིན་པ་ཆེན་པོ་ འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ། དཔལ་འཕགས་པ་ས་གའི་ལྷས་མཛད་པ་རྫོགས་སོ།། །།བལ་པོའི་པཎྜི་ཏ་ཛ་ཡཱ་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱི་རྟིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་ཤར་ཕྱོགས་ས་དན་ག་རའི་པཎྜི་ཏ་བ་ན་རདྣ་མ་ཧཱ་སྠི་བཱི་ར་ལ་ གཏུགས་ཏེ། སྒྲའི་དོན་ལ་མཁས་པ་རོང་སྟོན་ཤེས་བྱ་ཀུན་རིག་གིས། འགྱུར་ཅུང་ཟད་བཅོས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཱུ་ལ་སརྦ་ཨསྟི་བ་དི་ཤྲ་མ་ཎེ་ར་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་ བྱས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །སངས་རྒྱས་ལ་ནི་མགོས་གཏུགས་བཤད་པར་བྱ། །གང་ཞིག་སྲོག་ གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་དངུལ་ཉིད་སྤོང་བ་སྟེ། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང་། །འཆི་བའི་མཆེ་བ་ འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །འདུ་ཤེས་གཙོ་ལ་དོན་ཉིད་ཇི་བཞིན་ན། །ལྟུང་རྫོགས་དོན་གཉིས་ཇི་བཞིན་མིན་ན་ཆུང་། །ཡིད་ཉིད་གྱུར་ན་དེས་དང་འདྲ་བར་གཞག།བླངས་པའི་ཕྱོགས་མཐུན་རྣམས་ལ་ཡིད་ཀྱིར་འགྱུར། །གང་ཞིག་རང་བཞིན་གནས་ལ་ བསླབ་བཅས་པས། །མི་གཞན་ཡིན་ལ་མིར་ནི་འདུ་ཤེས་དང་། །གསད་པའི་བསམ་པས་འཁྲུལ་མེད་གསོད་བྱེད་ཅིང་། །མི་ཤི་རྨི་ལམ་མ་གཏོགས་དེ་བརླག་འགྱུར། །གང་གིས་གསང་སྔགས་ལ་སོགས་ཐབས་རྣམས་སམ། །གསོད་པར་སྦྱོར་ལ་ཡི་རང་བས་གསོད་ན། །དེ་ཡང་མཐར་འགྱུར་གསད་ པར་སྦྱོར་བ་ལ། །ཡིད་ཀྱིས་ཡི་རང་ན་ནི་ཡིད་ཀྱིར་འགྱུར། །དེ་བཞིན་བདག་ཉིད་དུད་འགྲོར་མཐུན་པ་ཡིན། །གཟུགས་སུ་བསྒྱུར་ནས་སེམས་ཅན་གསོད་བྱེད་ལ། །སྡོམ་བརྩོན་སྡོམ་བརྩོན་ཉིད་དུ་འདུ་ཤེས་ན། །དངོས་གཞིའོ་མིན་ན་ལྟུང་བ་ཆུང་དང་ལྡན། །རྨི་ལམ་བསླབ་པ་མེད་དམ་གསད་པ་ཡི། ། བསམ་པ་མེད་དམ་སྨྱོས་པས་གལ་ཏེ་གསོད། །དེ་ནི་ལྟུང་བར་མི་འགྱུར་བསྡམ་བྱ་ཡིན། །གསོད་པའི་ཡན་ལག་ལྷག་མ་མ་ཚང་ན། །ལྟུང་ཆུང་འཁྲུལ་མེད་སྲོག་ཆགས་གསད་བསམས་པས། །རིགས་གཞན་བསད་པ་ལས་ནི་ཉེས་བྱས་འགྱུར། །མ་བརྟགས་པ་ཡི་ཆུ་བུམ་བརྙས་པ་ལས། །བྱིན་ པར་གྱུར་ཀྱང་ཉེས་པ་མེད་པ་ཡིན། །གང་གིས་སྲོག་ཆགས་བཅས་ཆུ་ལ་སོགས་སྤྱོད། །ཡང་ན་ཆུ་ཚན་ལ་སོགས་བླུགས་བྱེད་ལ། །བལྟར་ཡོད་སྐྱེ་བོ་ཤི་ན་དེ་ལ་ནི། །སྲོག་ཆགས་རེ་རེའི་ལྟུང་བ་ལྕི་བ་འབྱུང་། །ཐ་མལ་པ་ཡི་མིག་ནི་ནད་མེད་པས། །ཆུ་མི་གཡོ་ཞིང་རྙོག་པ་མེད་ལ་བརྟག།བུམ་པ་ གང་བ་བརྟག་བྱ་ཀེ་ཏ་ཀ །རྣམས་ཀྱིས་ཆུ་རྡུལ་ཅན་དག་དང་བར་བྱ། །ཇི་སྲིད་འདི་ལ་ཡིད་ནི་དག་གྱུར་པ། །དེ་སྲིད་བརྟགས་བྱའི་རིང་མིན་ཐུང་ངུ་མིན། །སྟེང་དུའང་དེ་བཞིན་ཡང་དང་ཡང་དུ་མིན། །གློ་བུར་པ་ཡིས་སྲོག་ཆགས་བཅས་ཏེ་མིན། །དེ་བཞིན་ཁྲོན་པ་དག་དང་ཆུ་རའི་ཆུ། །ལན་ཅིག་ བརྟགས་པས་ཉི་མ་ཤར་བར་དུ། །ཐེ་ཚོམ་མེད་པར་སྤྱད་པར་རུང་བ་ཡིན། །དེ་ཡི་ཉེ་འཁོར་འདོམ་གང་ཁོར་ཡུག་གོ། །ཁྲོན་པ་སོགས་གཙང་ཆུ་ཚགས་དམ་ལ་སོགས། །དགེ་སློང་དགེ་འདུན་དེ་བཞིན་ཡིད་ཆེས་པ། །ལྔ་ཆར་རུང་བའི་ཆུ་ཡིན་བླང་བར་བྱ། །ཆུ་ཚགས་མེད་པ་ དག་ཏུ་མི་བྱའོ། །གང་ཞིག་ཆུ་ཚགས་རིལ་ཚགས་གྲུ་གསུམ་ཚགས། །སྤྱང་ཚགས་རིལ་བཞབས་ཚགས་ཅན་དག་གམ། །གསལ་ཚགས་དག་ཀྱང་བོར་ཏེ་འགྲོ་བྱེད་ན། །དེ་ལ་ཡིད་ཀྱིས་བྱ་བའི་ཉེས་བྱས་འགྱུར། །གལ་ཏེ་སོང་ན་གསལ་ཚགས་ལ་སོགས་ཡོད། །དེ་ཚེ་རྒྱང་གྲགས་ལྔར་ནི་ཆུ་ ཚགས་དག །མེད་པར་འགྲོ་བྱ་གལ་ཏེ་མེད་ན་ཡང་། །དེ་སླར་འོད་འདོད་དཔག་ཚད་ཕྱེད་འགྲོ་བྱ། །གཅུགས་པ་རྣམས་ཀྱི་ཚིག་གིས་ལམ་རིངས་སུ། །སོང་དུ་ཟིན་ཡང་ནམ་ཡང་ཉེས་པ་མེད། །ཆུ་བོའི་འགྲམ་ནས་འགྲོ་བར་བྱེད་པ་ན། །མཐོང་བས་དག་པའི་ཆུ་འཐུངས་ཉེས་པ་མེད། །རྒྱུན་ གྱིས་འབབ་པའི་ཆུ་རྒྱུན་མ་འདྲེས་པ། །དེ་ནི་རྒྱང་གྲགས་རེ་རེར་ལེགས་པར་བརྟག །གཞན་དུ་འཇུག་ངོགས་རེ་རེ་ཁོ་ནར་རོ། །འདི་ནི་ཆུ་ཚགས་མེད་འགྲོ་ཚུལ་ཡིན་ནོ། །སྤུ་བཅས་གོས་དང་ཉིས་རིམ་དག་གིས་ནི། །སྲོག་ཆགས་བཅས་པའི་ཆུ་ཁྲུས་བྱ་བ་བཀག །གང་ན་ཆུ་བས་སྲོག་ཆགས་ མང་བ་དེར། །རིམ་པ་གཅིག་པུས་ཁྲུས་ནི་མི་བྱའོ། །ཁྲོན་པའི་ཆུ་དག་འབྲས་ཆན་ལ་སོགས་དང་། །འདྲེས་པ་བཙགས་ན་དེ་ནི་ཁ་ཟས་མེད། །གང་ཚེ་ཁྱིམ་པའི་བསྟི་ས་ཡོད་པའི་ཆུ། །གཙང་ན་ཕྱི་དྲོའང་ཐེ་ཚོམ་མེད་པར་བཏུང་། །དབྱུ་གུ་གསུམ་ལ་གྲུ་གསུམ་གྲྭ་སྲད་བུས། །བཏགས་ནས་ཆུ་ནི་ ལེགས་པར་བཙག་པར་བྱ། །ལྕི་བ་གཙང་མ་སྐམ་པོའི་ཕྱེ་མ་ཡིས། །ཆུ་ཚགས་ཤིན་ཏུ་སྲབ་ན་གདབ་པར་བྱ། །ཆུ་དག་འཛག་པར་བྱ་ཕྱིར་ཡང་དང་ཡང་། །སྨིག་མའི་ཚལ་བ་དག་གིས་བརྡབ་པར་བྱ། །སྲོག་ཆགས་བསྲུང་ཕྱིར་ལྕགས་ཀྱི་ལུ་གུ་རྒྱུད། །བཏགས་པའི་སྣོད་ནི་འོག་ཏུ་གཞག་པར་ བྱ། །དེ་ཡི་སྲོག་ཆགས་གནོད་པ་སྤང་བའི་ཕྱིར། །སྲོག་ཆགས་ཡོད་ཆུ་ཐར་བྱེད་པ་ཡི་སྣོད། །ཁ་དང་ཞབས་སུ་ཐག་པ་གཉིས་བཏགས་པས། །སྙིང་རྗེའི་ངོར་ནི་ཁྲོན་པའི་ནང་དུ་དབོ། །འཕགས་པས་འཇིག་རྟེན་མདུན་དུ་རིལ་བ་དག །ཁ་ལ་བཟློག་སྟེ་གཏད་ནས་ཆུ་མི་བཏུང་། །ལོ་མ་ལ་ སོགས་མི་རྙེད་དབེན་སོང་སྟེ། །སྐོམ་པའི་ཕྱིར་ནི་འཐུང་ན་ཉེས་པ་མེད། །དུས་དང་དུས་སུ་བུམ་པ་སྐམ་པར་བྱ། །ཁྲུ་ད་ཤིང་གིས་རབ་ཏུ་བཀྲུ་བར་བྱ། །བཏུང་བའི་སྣོད་རྣམས་དག་གི་ཁ་རྣམས་ལ། །རྟག་ཏུ་བསྒྲིམས་ནས་ལོ་མ་ལ་སོགས་དགབ། །སྙིང་ནས་ལན་གཉིས་ལན་གསུམ་ བཀྲུས་ནས་ནི། །ལག་པ་སྣུམ་པ་ཡོད་ཀྱང་དག་པ་ཡིན། །རྙོག་མ་ཅན་གྱི་ཆུ་ནི་ཇི་སྲིད་དུ། །བཞིན་གྱི་གཟུགས་སྣང་བར་དུ་བསྒྲིམས་ཏེ་བཙག །ཁྲོན་པ་ལ་སོགས་རྣམས་ནས་ཆུ་བླངས་ནས། །ཁྲོན་པ་ལ་སོགས་བྱེད་དེ་ཆུ་ལྷ་ལ། །སྦྱིན་པའི་རབས་མཐུན་ཚིགས་བཅད་གདོན་བར་བྱ། ། འཐུང་དང་ཁྲུས་བྱེད་པ་ནའང་དེ་བཞིན་བརྗོད། །མུད་ག་ལ་སོགས་འབྲུ་ལ་སྲོག་ཆགས་ཡོད། །དེ་ནི་བདེ་དང་བསིལ་བར་དགྲམ་པར་བྱ། །འོན་ཀྱང་དེ་ནས་སྲོག་ཆགས་མི་འབྲལ་ན། །འོན་ཀྱང་གནས་ཁང་ནང་དུ་བཅུག་སྟེ་གཞག།ཤིག་རྣམས་དལ་གྱིས་རས་བལ་གཞག་ནས་ནི། །རྩིག་ པ་ལ་སོགས་བུ་ག་རྣམས་སུ་གཞུག །མ་གུ་ན་དག་དེ་བཞིན་བསིལ་བའི་ས། །རྩྭ་སྔོན་བཅས་པའི་ཕྱོགས་སུ་དོར་བར་བྱ། །གདུག་པ་ལ་སོགས་ཉོན་མོངས་བྱེད་པ་གཞན། །རང་གི་སྤྱོད་ཡུལ་དག་ཏུ་གཏང་བར་འོས། །མཐར་གྱུར་དེ་ནི་ཉེས་བྱས་ལྷན་ཅིག་བསྟན། །དེ་ནས་སྲོག་གཅོད་ ཕྱོགས་མཐུན་བཤད་པར་བྱ། །དཔེར་ན་ནད་པ་དག་ལ་དུག་མཚོན་བྱིན། །སྐོམ་ལ་སོགས་པ་མི་འཕྲོད་སྦྱིན་པ་སྟེ། །རྒན་པོ་མཁས་དང་སྨན་པ་དག་ལ་ཡང་། །དྲིས་ནས་ནད་པ་ལ་ནི་སྨན་དག་སྦྱིན། །དེ་ཡི་རིམ་གྲོ་པ་ནི་གླན་མི་བསྐོ། །མེད་པར་གྱུར་ན་ལེགས་པར་བསྒོ་སྟེ་བསྐོ། །གང་གིས་དེ་ ཡི་སེམས་ནི་འཆིར་གནས་པ། །དེ་འདྲའི་ཆོས་རྣམས་ནད་པ་ལ་མི་བཤད། །དེ་ལ་ཇི་སྲིད་ཡུན་རིངས་ཆོས་སྤྱོད་འཚོ། །དེ་སྲིད་དུ་ནི་དགེ་བའི་རྒྱུན་འཕེལ་བས། །སོས་པར་ཤོག་ཤིག་ཡུན་རིངས་གསོན་པར་ཤོག །ནད་འཇིགས་ལས་ཐར་བདེ་བར་ཤོག་ཅེས་བརྗོད། །གལ་ཏེ་ནད་པ་ན་རེ་སྤོ་བྱས་ ན། །བདག་ནི་འཆི་འགྱུར་ཟེར་ན་དེ་མི་བྱ། །གདོལ་པ་བཞིན་དུ་ལྷུང་བཟེད་ལ་སོགས་ཕྱིར། །སྙིང་བརྩེ་མེད་པའི་ཆགས་པའི་སེམས་མི་བྱ། །གང་ཚེ་ཉེས་པའི་གཞི་དག་བྱེད་པ་དང་། །ནད་ཀྱིས་གཞན་གྱི་ཁྲི་དང་ཁྲིའུ་ལ་འདུག །རྡེག་པར་བྱེད་དམ་ཡང་ན་གཟས་པ་དང་། །རྣམ་པར་འཚེ་དང་ འཇིགས་པ་ལ་སོགས་བྱེད། །ཁྲོས་པས་བརྟུལ་ཞུགས་ཅན་ལ་ཟན་མེད་བྱེད། །ངལ་བ་ཕུལ་ལམ་རྒྱལ་ལ་ཆོམ་རྐུན་འབུལ། །བསམས་བཞིན་དུ་ནི་འགྱོད་པའི་ཚུལ་དག་བྱེད། །འཚིར་དང་གཡའ་སྒོག་ལ་སོགས་ནགས་མེས་གཏོང་། །འབྲས་ནི་མ་སྨིན་པར་ཡང་ བརྟོལ་བྱེད་དང་། །ཡན་ལག་གཅོད་དམ་དེ་བཞིན་འབིགས་ཀྱང་རུང་། །དེ་ཡི་ཚེ་ཡང་ཕྱོགས་མཐུན་དེ་ལྟར་འདིར། །ཐམས་ཅད་སྲོག་གཅོད་མཐུན་པ་ཕྱོགས་ཙམ་ཡིན། །སྲོག་གཅོད་པ་སྤོང་བ་སྟེ་བསླབ་པའི་གཞི་དང་པོའོ།། །།དགེ་ཚུལ་གང་ཞིག་རྐུ་བའི་སེམས་ཀྱིས་སུ། །མི་ ཡི་རྫས་སུ་འདུ་ཤེས་མི་གཞན་ནོར། །མ་བྱིན་རིན་ཐང་ཚང་མིས་བདག་གིར་བྱས། །དུར་ཁྲོད་མི་དབང་བསོད་སྙོམས་མ་གཏོགས་པ། །བསམ་པ་གང་དེ་ཉིད་སྦྱོར་གཅིག་པུ་ཡིས། །བདག་གི་དོན་དུ་རྐུ་ན་དེའི་གནས་དང་། །དུས་གྱི་རིན་ཐང་དབང་གིས་དེ་བསྙིལ་བྱ། །དད་པས་རྒྱལ་བའི་རིང་ བསྲེལ་རྐུ་དེ་མིན། །རྐུ་བ་ལ་ནི་རྐུ་སེམས་གཙོ་བོ་སྟེ། །དེ་བས་དེ་དང་བྲལ་ན་ཉེས་པ་མེད། །ཡན་ལག་ལྷག་མ་ཉམས་པས་ཆུང་བར་འགྱུར། །རྨི་ལམ་ལ་སོགས་དག་ལ་ཉེས་པ་མེད། །སེམས་བསྐྱེད་པ་ནི་བསྡམ་བྱ་དང་པོ་ཡི། །སྦྱོར་བ་ལ་ནི་ཉེས་བྱས་རིག་པར་བྱ། །ཕྱི་མའི་སྦྱོར་བ་ལ་ ཡང་ཉེས་བྱས་ཡིན། །དངོས་གཞི་ཀུན་ལ་འདི་ནི་དངོས་གཞི་ཡིན། །ཆུད་གཟན་ཕྱིར་ཕྲོགས་གདོས་དང་བཅས་པ་ཡི། །རྒྱ་སོགས་མ་རུངས་བྱེད་དང་མི་དབང་བའི། །བསོད་སྙོམས་ལེན་པར་བྱེད་ནའང་འཇིག་རྟེན་གྱི། །ཐ་སྙད་ཚུལ་གྱིས་ཆུང་བ་ཉིད་དུ་འགྱུར། །གཞན་གྱི་གོས་ལ་བྱིན་ བཞིན་སྤྱོད་པ་དང་། །སྨན་དང་སྔགས་ཀྱིས་སྦྱིན་དུ་འཇུག་པ་དང་། །སྡུག་པ་འཕྲོག་ཕྱིར་འདམ་པར་བྱེད་པ་དང་། །གཞན་ཕྱིར་བླངས་ནས་འགྱེད་བྱེད་ན་ཡང་འགྱུར། །ཕྱོགས་བཞིའི་འཕགས་པའི་ཚོགས་ཀྱི་ནོར་དག་ལས། །ཕྱོགས་བཞི་པ་ཡི་དོན་དུ་རྐུ་ན་ཉམས། །དུར་ཁྲོད་པ་ནི་ཡོངས་འཛིན་ བཅས་པ་ནས། །གོས་ལ་སོགས་པ་རྐུ་ནའང་དེ་བཞིན་ནོ། །ད་ནི་རྐུ་བའི་དབྱེ་བ་བསྟན་པར་བྱ། །ས་ནི་གལ་ཏེ་བརྩད་པས་གྲ་ཕྲོགས་ན། །གང་ཚེ་ཁྱིམ་པས་དེ་སྦྱོར་བཏང་ཚེ་དེ། །གལ་ཏེ་སླར་ནི་རྒྱལ་བ་ཉིད་ན་བརྐུས། །ཡོངས་སུ་སྐོར་བའི་དབང་གིས་རྐུ་བྱེད་ན། །གང་ཚེ་མཚམས་ཀྱི་སྒོ་དང་འབྱོར་ ན་བརྐུས། །བརྡ་ཡི་སྦྱོར་བས་མི་ལ་རྐུ་བྱེད་ན། །བརྡ་གྲུབ་པ་ཡི་དབང་གིས་ལྟུང་བ་ཡིན། །དུད་འགྲོར་གྱུར་པ་བཅིངས་པས་རྐུ་ན་ནི། །བཅིངས་བཀྲོལ་ཙམ་གྱིས་བརྐུས་པར་ཤེས་པར་བྱ། །ཁྱུ་ལས་བཀར་དང་བཅིངས་པ་རྐུ་བ་ན། །ཁྱུ་ལས་མི་སྣང་གྱུར་ན་བརྐུས་པ་ཡིན། །གལ་ཏེ་བླ་མའི་གོས་ ལ་སོགས་ཁྱེར་ནས། །གོམ་པར་སྐྱེད་དམ་ཡང་ན་འབྲིད་བྱེད་པས། །རེ་ལྡེ་ལ་སོགས་ཕག་ཏུ་མི་སྣང་སོང་། །དངོས་གཞིའོ་མངོན་སུམ་ཕྲོག་པའང་དེ་དང་འདྲ། །གྲུ་ཞིག་ཆུ་བདལ་བའམ་ཐང་ལས་སམ། །ཆུ་བོའི་རྒྱུན་ཕྱོགས་རྐུ་ནའང་དེ་བཞིན་ནོ། །ཀླུང་སོགས་འགྲམ་མི་སྣང་ལ་ཞེང་དུ་ན། །དེ་ བཞིན་སྣང་ལ་ཕ་རོལ་ཕྱིན་འདིར་བརྐུས། །རྒྱུན་ལས་བཟློག་པ་གྲུ་ནི་འདྲེན་བྱེད་ན། །གྲུ་ཚུགས་ཐལ་བ་ལས་ནི་བརྐུས་པ་ཡིན། །གསང་སྔགས་དག་གིས་བརྐུ་བྱ་རྐུ་བྱེད་ན། །རང་གི་མིག་སྔར་སྣང་ན་དེ་བརྐུས་ཡིན། །རྫས་ཀྱི་སྟེང་ཆ་བྱིང་བར་བྱེད་པ་ནི། །གནས་ཀྱི་སྟེང་ཆ་ལས་འདས་བརྐུས་པ་ ཡིན། །ལུས་ཀྱི་རྒྱན་ནི་བཀྲོལ་བ་ཉིད་ན་ཡིན། །ཤོ་ག་མ་དག་ནི་ས་ཉིད་འདས་ནའོ། །སྐལ་བ་ཐོབ་ཕྱིར་སྡོམ་བརྩོན་རྐུན་པོ་ལ། །ལམ་སོགས་སྟོན་པས་གལ་ཏེ་གྲོགས་བྱེད་ན། །སྐལ་བ་ཐོབ་ན་བརྟུལ་ཞུགས་ཉམས་པར་འདོད། །ཚུལ་མིན་ཆད་པས་གཅོད་པ་ཆོད་ན་ཡིན། །ལོ་ཏོག་ བདག་ལ་ཤོག་ཤིག་གཞན་ལ་མིན། །གཞན་གྱི་ཞིང་ལ་ཆུ་འདྲེན་གཅོད་བྱེད་པ། །རང་གི་ལོ་ཏོག་དག་ནི་ལེགས་གྱུར་ཅིང་། །གཞན་གྱི་ལོ་ཏོག་འགྲིབས་འདིར་དངོས་གཞིར་འགྱུར། །གལ་ཏེ་རྫས་ལས་བཤལ་ཏེ་རྐུ་བྱེད་ན། །ངོས་གཞན་གྱིས་ནི་ངོས་གཞན་ས་མཚམས་ཐལ། །དེ་ཚེ་བརྐུས་ཡིན་ བརྟེག་བརྐུས་ས་འ