Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 166
Văn bản gốc(Tây Tạng)
Trang 16 / 18 (50.000 ký tự/trang)
་བ་ལ་ སོགས་པ་སྨོས་ཏེ། འདུལ་བ་ལས་ཉེས་པའི་དབྱེ་བ་གང་གསུངས་པ་གང་ཡིན་པ་འདིར་ཉེས་བྱས་ཀྱི་དབྱེ་བར་བྱས་པ་དེ་ནི་ཡིད་ཀྱི་ཉེས་བྱས་ཀྱི་དབང་དུ་བྱས་ནས་ཉེས་བྱས་ཀྱི་ཉེས་པ་བསྟན་པ་ཡིན་གྱི་བཤགས་པར་བྱ་བ་དག་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་གཞན་ཉིད་ནི་མ་ཡིན་ ཏེ་ཉེས་བྱས་ནི་སྨད་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་བརྫུན་དུ་སྨྲ་བ་ལས་སླར་ལྡོག་པ་སྟེ་བསླབ་པའི་གཞི་བཞི་པའོ།། །།འབྲས་བུ་ལ་སོགས་པ་ཁུ་བ་མནན་པ་ནི་ཞེས་བྱ་བ་ལ་སོགས་པས་བསླབ་པའི་གཞི་ལྔ་པ་འཆད་པར་བྱེད་དེ། དེ་ལ་དང་པོར་མྱོས་པར་འགྱུར་བའི་རང་གི་ངོ་བོ་བསྟན་པར་བྱ་སྟེ། དགག་པའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་མྱོས་པར་བྱེད་པ་ནི་རྣམ་པ་གཉིས་ཏེ། འབྲས་བུའི་ཆང་དང་། འབྲུའི་ཆང་ངོ་། །དེ་ལ་འབྲས་བུའི་ཆང་བཤད་པར་བྱ་སྟེ། །འབྲས་བུ་དང་པོར་བྱས་པ་གང་ཡིན་པ་ཞེས་བྱ་བ་ནི་འབྲས་ བུ་ལ་སོགས་པ་སྟེ། དེ་བཙིར་བའི་ཁུ་བ་མནན་ཞིང་ཡོངས་སུ་སྦྱར་བ་ནི་འབྲས་བུའི་ཆང་ཡིན་ནོ་ཞེས་མྱོས་བྱེད་ཤེས་པ་དག་སྨྲའོ། །དེའི་དབྱེ་བ་དག་སྟོན་པ་ལ། རྒུན་ཆང་བུ་རམ་ཆང་ཞེས་བྱ་བ་ནི་རྒུན་ཆང་དང་བུ་རམ་གྱི་ཆང་དང་དེ་དང་འདྲ་བ་ནི་རྒུན་ཆང་བུ་རམ་ཆང་འདྲ་སྟེ། རྒུན་ཆང་དང་བུ་རམ་ཆང་དུ་བྱས་པ་ ནི་ཆང་ཡིན་ལ་བུ་རམ་ཤིང་གི་ཆང་དུ་བྱས་པ་ཡང་ངོ་། །དེ་དང་འདྲ་བ་ནི་ན་ལི་ཀེ་ར་ལ་སོགས་པ་དང་། མེ་ཏོག་གི་ཆང་དག་ཡིན་ནོ། །དེའི་སྒྲ་ནི་ཕྱིས་པར་རིག་པར་བྱའོ། །དེ་ལྟ་བུར་གྱུར་པའི་བཅོས་པའི་ཆང་བསྟན་ནས་འབྲུའི་ཆང་གི་རང་གི་ངོ་བོ་འབྲུ་བཏགས་མནན་ལས་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ ཡིན་ཏེ། ཀོ་ཏྲ་བ་ལ་སོགས་པའི་འབྲུ་བཏགས་པ་དང་གཞན་དག་ཀྱང་རུང་བ་རྩ་བ་ལ་སོགས་པའི་སྨན་དང་། མནན་པར་གྱུར་པ་ནི་འབྲུའི་ཆང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ནིའི་སྒྲ་ནི་གོང་མ་ལས་ཁྱད་པར་དུ་བྱ་བ་དང་། རིམ་པ་གཞན་དུའི་དོན་ཏོ། །རྣམ་པ་དེ་གཉི་ག་ཡང་རྩྭའི་མཆོག་མ་ནི་རྩྭ་མཆོག་ སྟེ། ཕྲ་མོ་བསྙུགས་པ་དེས་ཀྱང་བཏུང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཏུང་བར་མི་བྱ་བ་དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། མྱོས་འགྱུར་ཞེས་སྨོས་ཏེ། མྱོས་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །རྩྭ་མཆོག་ཙམ་ཡང་ཞེས་བྱ་བའི་ཚིག་ནི་ཐལ་ཆེས་པ་སྤང་བའི་ཕྱིར་ཏེ། རྫས་ཀྱི་ནུས་པ་ཡོངས་ སུ་ཤེས་པར་མི་ནུས་པའི་ཕྱིར་རོ། །དེ་ལ་བཅོས་པའི་ཆང་དང་སྦྱར་བའི་ཆང་མྱོས་པར་བྱེད་པ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ་ཞེས་བྱ་བའི་བཅས་པ་ཅིའི་ཕྱིར་ཞེ་ན། དེའི་དགོས་པ། འབྲུ་ཆང་འབྲས་བུའི་ཆང་གཉིས་སྨོས་པ་ནི། །ཞེས་བྱ་བ་ལ་སོགས་ པ་སྟོན་པར་བྱེད་དེ། འབྲུ་ཆང་འབྲས་བུའི་ཆང་ཞེས་བྱ་བ་ནི་དེ་ལྟ་བུ་གཉིས་བསྟན་ཞིང་གཉིས་སྨོས་པ་ནི་དངོས་པོ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀོ་ཏྲ་བ་ལ་སོགས་པ་དགག་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། འབྲུའི་ཆང་དང་འབྲས་བུའི་ཆང་སྨོས་པ་ནི་ཀོ་ཏྲ་བ་ལ་སོགས་པ་དགག་པའི་ཕྱིར་ཏེ་མྱོས་ པར་བྱེད་པའི་ཀོ་ཏྲ་བ་ལ་སོགས་པ་གསལ་བའི་ཕྱིར་དང་། མྱོས་པར་བྱེད་པའི་འབྲས་བུ་གསལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྟེ་འདི་སྐད་དུ་རྩ་བའི་ཉེས་པར་མི་འགྱུར་བའི་དབང་དུ་བྱས་ནས་མྱོས་པར་བྱེད་པ་དེ་དག་ཀྱང་ལོངས་སྤྱོད་པ་འཐོབ་པ་ཡིན་ནོ། །འབྲུའི་ཆང་དང་འབྲས་བུའི་ཆང་ སྨོས་པས་ཀོ་ཏྲ་བ་ལ་སོགས་པ་གསལ་བར་གྱུར་པ་ཡིན་ཏེ། དེའི་ཕྱིར་ཀོ་ཏྲ་བ་ལ་སོགས་པས་མྱོས་པར་བྱེད་པ་ལོངས་སྤྱོད་པ་ནི་དེའི་ཕྱོགས་སུ་གཏོགས་པ་ཉིད་ཡིན་པའི་ཕྱིར་ཡིད་ཀྱིར་འགྱུར་བ་སུས་ཟློག་པར་བྱེད། དང་གི་སྒྲ་ནི་སྡུད་པར་བྱེད་པའོ། །མྱོས་པར་འགྱུར་བ་སྨོས་པ་ཅིའི་ཕྱིར་ཞེ་ན། མ་རེད་ཉམས་ཕྱིར་མྱོས་པར་འགྱུར། །ཞེས་བརྗོད་ཅེས་བྱ་བ་སྨོས་པ་ཡིན་ཏེ། དགག་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །མྱོས་པར་འགྱུར་ཞེས་སྨོས་པ་ནི་མྱོས་འགྱུར་ཞེས་བརྗོད་པ་སྟེ་མྱོས་པར་འགྱུར་བའི་སྒྲ་ཉེ་བར་གཟུང་བ་ཡིན་ནོ། །མ་རེད་པ་དང་ཉམས་པ་ནི་གང་མྱོས་བྱེད་ཀྱི་དངོས་པོར་མ་རེད་ པ་དང་། མྱོས་བྱེད་ཀྱི་དངོས་པོ་ལས་ཉམས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་དེ་བཟློག་པའི་ཕྱིར་དེར་སྨྲས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་གང་ལོངས་སྤྱོད་པ་དེའི་ཕྱིར་འཆད་པར་འགྱུར་རོ། །བག་མེད་པའི་ཚིག་སྨོས་པ་ཅིའི་ཕྱིར་ཞེ་ན། ལྡོག་པའི་རྒྱུར་ནི་བག་མེད་པ་ཞེས་བརྗོད་ཅེས་བྱ་བ་ སྨོས་ཏེ། བག་མེད་པའི་གནས་ལས་སླར་ལྡོག་པར་བགྱི་ཞེས་བྱ་བའི་བག་མེད་པའི་ཚིག་གང་ཡིན་པ་དེ་ནི་ལྡོག་པའི་རྒྱུ་སྟེ། ལྡོག་པའི་བྱེད་པའི་རྒྱུར་ཉེ་བར་བཀོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་མྱོས་པར་བྱེད་པའི་ལྟུང་བ་ནི་བག་མེད་པའི་གནས་སུ་གནས་པ་ཡིན་ཏེ། འདི་ལ་བག་ མེད་པ་འབྲས་བུའི་ཚུལ་དུ་ཞེས་བྱ་བས་གནས་དང་རྒྱུ་ཡིན་པ་དེའི་ཕྱིར་ལྡོག་པ་འབྲས་བུ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ད་ནི། གང་གིས་མྱོས་ཤེས་མྱོས་འགྱུར་བཏུང་བ་ནི། །ཞེས་བྱ་བ་ལ་སོགས་པས་ཉེས་བྱས་སྟོན་པར་བྱེད་དེ། མྱོས་པར་འགྱུ་བ་ཡིན་ནོ་སྙམ་དུ་འདུ་ཤེས་པ་ནི་མྱོས་འགྱུར་འདུ་ཤེས་ ཏེ། དེ་གང་ལ་ཡོད་པ་དེ་ནི་མྱོས་ཤེས་ཡིན་ནོ། །བཏུང་བར་བྱ་བ་ཡིན་པས་ན་བཏུང་བ་སྟེ། མྱོས་པར་འགྱུར་བ་ཡང་དེ་ཡིན་པས་ན་མྱོས་འགྱུར་བཏུང་བའོ། །དེ་དགེ་ཚུལ་གང་གིས་མྱོས་བྱེད་དུ་འདུ་ཤེས་པས་མྱོས་པར་འགྱུར་བའི་བཏུང་བ་འཐུངས་ན་དགེ་ཚུལ་དེ་ལ་ཉེས་བྱས་ཁོ་ནར་འགྱུར་རོ། ། འདུ་ཤེས་སྨོས་པས་ནི་འདི་སྐད་དུ་བསླབ་པའི་གཞི་དེ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཅི་ཐམས་ཅད་དུའམ་ཞེ་ན་མྱོས་འགྱུར་ཞེས་སྨོས་ཏེ། གལ་ཏེ་མྱོས་འགྱུར་ཏེ་མྱོས་པར་འགྱུར་བ་དེ་ལ་ཡོངས་སུ་རྫོགས་པའི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉིད་ནི་ ཉེས་བྱས་ཀྱི་ཉེས་པ་ཁོ་ནར་འགྱུར་གྱི་ཐ་མ་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བའོ། །མྱོས་པར་འགྱུར་བའི་ལྟུང་བ་འབའ་ཞིག་མ་ཡིན་གྱི། འོན་ཀྱང་སྙིགས་མ་ཟ་བ་ལ་ཡང་ཉེས་པར་འགྱུར་རོ་ཞེས་སྟོན་པར་བྱེད་དེ། སྙིགས་མ་དག་ཟ་བ་ནི་སྙིགས་མ་ཟོས་པ་སྟེ། སྙིགས་མ་ཟ་བ་དེ་ ལས་ཉེས་བྱས་ཀྱི་གནོད་པར་འགྱུར་ཞིང་སྦང་མ་ཟོས་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །བཅོས་པའི་ཆང་གི་ནུར་རྩི་ནི་སྙིགས་མ་ཡིན་ལ་སྦྱར་བའི་ཆང་གི་ནུར་རྩི་ནི་སྦང་མ་ཡིན་ཏེ། དེ་དག་ཟོས་ན་ཡང་ཇི་ལྟར་མྱོས་འགྱུར་འཐུངས་ན་ཡོངས་སུ་རྫོགས་པའི་ཉེས་བྱས་སུ་འགྱུར་བ་དེ་ བཞིན་དུ་ཉེས་བྱས་ཀྱི་རྡོ་རྗེའི་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །རྡོ་རྗེའི་གནོད་པ་ནི་རྡོ་རྗེའི་གནོད་པའོ། །ཉེས་བྱས་ཁོ་ནའི་རྡོ་རྗེའི་གནོད་པ་ནི་ཉེས་བྱས་རྡོ་རྗེའི་གནོད་པར་འགྱུར་ཏེ་རྡོ་རྗེས་གནོད་པ་བཞིན་དུ་ཉེས་བྱས་ཀྱི་ཉེས་པ་ཡང་གདུང་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། ། དང་ནི་ཉེས་བྱས་སུ་སྡུད་པར་བྱེད་པའོ། །ད་ནི། གལ་ཏེ་ཕབས་དང་རྩ་བ་ལ་སོགས་པ། །མྱོས་སྐྱེད་ཟ་བ་ཆུང་བ་ཉིད་དུ་འགྱུར། །ཞེས་བྱ་བས་ཉེས་བྱས་ཆུང་བ་སྟོན་པར་བྱེད་དེ། གལ་ཏེ་ཕབས་ཀྱི་རིལ་བུ་ཟོས་ན་དགེ་ཚུལ་དེ་ལ་ཉེས་བྱས་ཆུང་བར་འགྱུར་རོ། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་ པའི་དོན་ཏེ། རྩ་བ་ལ་སོགས་པ་ཟ་ན་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མྱོས་སྐྱེད་ཅེས་བྱ་བ་སྨོས་ཏེ། གལ་ཏེ་རྩ་བ་ལ་སོགས་པ་མྱོས་པ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་དེ་ལྟ་བུར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཕབས་ཀྱི་རྡོག་ནི་མྱོས་ པར་འགྱུར་བའི་དོན་གྱི་ས་བོན་གང་ཞིག་སྦྱར་བ་ཡིན་ནོ། །གང་དག་ལ་མྱོས་པར་འགྱུར་བ་མེད་པ་དེ་ཅི་བཏུང་བར་བྱ་བའམ་ཞེ་ན། གང་ལ་མྱོས་འགྱུར་རོ་དང་དྲི་ཡོད་པ། །མྱོས་འགྱུར་མེད་ཀྱང་བཏུང་བར་བྱ་བ་མིན། །ཞེས་བྱ་བ་སྨོས་ཏེ། མྱོས་པར་འགྱུར་བ་ནི་མྱོས་འགྱུར་ཏེ། མྱོས་པར་འགྱུར་ བ་དེ་ཉིད་ལ་མེད་དུ་ཟིན་ཀྱང་བཏུང་བར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་བཏུང་བར་མི་བྱ་ཞེ་ན། སྨྲས་པ། གང་ལ་མྱོས་འགྱུར་དྲི་དང་རོ་ཡོད་པ་སྟེ། མྱོས་པར་འགྱུར་བའི་དྲི་དང་རོ་རྫས་གང་དག་ལ་ཡོད་ཅིང་དེ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་མྱོས་པར་བྱེད་པ་མ་ཡིན་དུ་ཟིན་ཀྱང་བཏུང་བར་མི་བྱའོ། །ཀྱང་ གི་སྒྲ་ནི་མྱོས་པར་འགྱུར་བ་འབའ་ཞིག་མ་ཡིན་གྱི་འོན་ཀྱང་མྱོས་པར་འགྱུར་བ་མ་ཡིན་ཡང་བཏུང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར་རོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ་གང་གི་ཕྱིར་མྱོས་པར་འགྱུར་བ་མེད་ཀྱང་དྲི་དང་རོ་ཡོད་པ་དེའི་ཕྱིར་སྤང་བར་བྱ་བ་ཡིན་ནོ་ཞེས་བསྟན་པ་དང་རིམ་པ་གཞན་དུ་ བལྟ་བར་བྱ་བའི་དོན་ཡིན་ནོ། །འདི་ལ་ཡང་ཉེས་པ་ཆུང་བར་བཤད་པར་བྱའོ། །ལུས་ལ་བསྐུ་བ་ལ་སོགས་པ་ནད་ཀྱི་གཉེན་པོའི་ཕྱོགས་ཀྱི་དོན་དུ་ནད་པ་ཁོ་ནས་བྱའི་གཞན་དག་གིས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དང་། ལུས་ལ་བསྐུ་དང་ཁུར་བར་བཅང་བ་ནི། །མྱོས་འགྱུར་ནད་ པ་མ་གཏོགས་མ་བྱེད་ཅིག །ཅེས་བྱ་བ་སྨོས་ཏེ། ཆང་གིས་ལུས་ལ་བསྐུ་བ་དང་ཁུར་བར་བཅང་བར་བྱའོ་ཞེས་སྡུད་པ་དེའི་ཕྱིར་གཞན་དུ་ནད་ཀྱི་རྒྱུ་མཚན་གྱིས་ཀྱང་བཏུང་བར་བྱ་བ་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཅི་སྟེ་ཡང་མྱོས་བྱེད་བཏུང་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ དེ་ལྟ་ན་ཡང་ནད་ཀྱི་རྒྱུ་མཚན་གྱིས་ལུས་ལ་བསྐུ་བ་དང་། ཁུར་བར་བཅང་བ་མ་གཏོགས་པ་གཞན་གྱི་དོན་དུ་མི་བྱ་སྟེ། ནད་ཀྱི་གཉེན་པོའི་ཕྱིར་བཏུང་བར་བྱ་བ་ཡང་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། མྱོས་འགྱུར་རྩྭ་མཆོག་ཙམ་ཡང་བཏུང་མི་བྱ། །ཞེས་བརྗོད་པ་ཡིན་ནོ། །བསྐོལ་བར་ གྱུར་ཏམ་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་དམིགས་ཀྱིས་བསལ་བ་སྨྲས་པ་ཡིན་ཏེ། བསྐོལ་བ་དེ་མྱོས་པར་འགྱུར་བ་བསྐོལ་བར་གྱུར་པ་གང་གི་ཚེ་འཐུངས་པར་གྱུར་པ་དེའི་ཚེ་ཉེས་པ་མེད་པ་ཡིན་ནོ། །ཉིད་ནི་གང་གི་ཕྱིར་བསྐོལ་བས་མྱོས་པར་འགྱུར་བའི་དངོས་པོ་ལས་ཉམས་པར་ གྱུར་པ་དེའི་ཕྱིར་འཐུངས་པ་ལ་ཉེས་པ་མེད་པ་ཁོ་ན་ཡིན་ཞེས་ངེས་པར་གཟུང་བའོ། །དེ་བཞིན་དུ་དེ་དང་ཁ་དོག་ཙམ་འདྲ་བར་གྱུར་ཏམ་ཞེས་བྱ་བ་ལ་མྱོས་པར་འགྱུར་བ་དེ་དང་ཁ་དོག་ཙམ་འདྲ་བར་གྱུར་པ་ཡང་འཐུངས་ན་ཉེས་པ་མེད་དོ་ཞེས་བྱ་བར་སྦྱར་རོ། །འམ་ནི་སྡུད་པར་བྱེད་པ་ཡིན་ནོ། །དེ་བཞིན་ དུ་མ་རེད་གང་ཡིན་ཞེས་བྱ་བ་ལ་སོགས་པ་ལ་གང་ཡང་མ་རེད་པ་དང་། ཉམས་པ་མྱོས་པར་འགྱུར་བའི་དངོས་པོ་གང་ལ་ཡོད་པ་དེ་ཡང་འཐུངས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བར་སྦྱར་བར་བྱའོ། །འམ་གྱི་སྒྲ་ནི་ཀྱང་གི་སྒྲའི་དོན་ཡིན་ནོ། །གང་གི་ཕྱིར་ཞེ་ན། གང་གི་ཕྱིར་བསླབ་པའི་གཞི་འདི་ལ་མྱོས་པར་འགྱུར་བའི་ རྒྱུ་སྤངས་པ་དེའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་མྱོས་འགྱུར་ཕྱོགས་སུ་གཏོགས་པ་ཞེས་བྱ་བ་ལ་སོགས་པས་ཡིད་ཀྱི་ཉེས་བྱས་འཆད་པར་བྱེད་དེ། འདི་ལྟ་སྟེ། བཙོང་དང་། རི་སྒོག་དང་། སྒོག་སྐྱ་ནི་མྱོས་འགྱུར་གྱི་ཕྱོགས་སུ་འདོད་ཅིང་སེམས་ཏེ། ཇི་ལྟར་མྱོས་པར་འགྱུར་ བ་ཤིན་ཏུ་སྨད་པ་དེ་བཞིན་དུ་འདི་ཡང་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །འདི་ལྟ་སྟེའི་སྒྲ་ནི་ཡང་གི་སྒྲ་ཡིན་པས་ནི་འདི་སྐད་དུ་མྱོས་པར་འགྱུར་བའི་ཕྱོགས་སུ་གཏོགས་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་དུས་མ་ཡིན་པའི་ཟས་ཀྱི་ཕྱོགས་སུ་གཏོགས་པ་ཡང་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ཡང་ནི་ཞེས་བྱ་ བ་ཉེ་བར་དགོད་པར་བྱ་བ་ཡིན་ཏེ་མྱོས་པར་འགྱུར་བ་དང་འདྲ་བར་ཤིན་ཏུ་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་དེ་ལྟར་འདུལ་བ་རྣམ་པར་འབྱེད་པ་ལས་རྣམ་པར་དཔྱད་པ་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ནད་པ་ལ་རྗེས་སུ་གནང་བ་ཡིན་གྱི་གཞན་དག་ལ་ནི་ཉེས་པ་དག་ཏུ་འགྱུར་ཏེ། མྱོས་པར་ བྱེད་པ་དང་འདྲ་བར་དྲེགས་པར་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་མཁས་པའི་ལུང་གིས་ནད་པ་ལ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་པར་བྱེད་དེ། བཙོང་ལ་སོགས་པ་དེ་དག་གནང་བ་ནི་བཅོམ་ལྡན་འདས་ཀྱིས་བཅས་པ་མཛད་པའོ། །མཁས་པའི་ལུང་ནི་སྨན་པའི་ལུང་ལས་ཞེས་བྱ་བའི་ཐ་ཚིག་ གོ། །གང་དུ་ཞེ་ན། མ་དད་མངོན་སུམ་མིན་ཞེས་བྱ་བ་སྨྲས་ཏེ། མི་མ་དད་པའི་མངོན་སུམ་མིན་ཏོ། མཐོང་བའི་ཕྱོགས་སུ་མ་ཡིན་ཏེ་དེ་ལ་སྨོད་པ་སྲིད་པའི་ཕྱིར་རོ། །དེ་ལ་ལོངས་སྤྱོད་པའི་དོན་དུ་ཇི་ལྟར་བྱ་ཞེ་ན། གཙུག་ལག་ཁང་གི་ཕྱི་རོལ་ཁྱིམ་བྱས་ལ་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། གཙུག་ལག་ཁང་གི་ཕྱི་རོལ་དུ་ཁྱིམ་བྱས་པ་ལ་ཞུགས་ནས་སོ། །ཅིའི་ཕྱིར་ཞེ་ན། ཕན་པར་བྱ་ཕྱིར་ཞེས་སྨོས་པ་ཡིན་ནོ། །ཁྱིམ་ཁྱད་པར་ཇི་ལྟ་བུ་ཞེ་ན། དབེན་པར་ཞེས་བྱ་བ་སྨོས་ཏེ། སྐབས་དང་མཐོངས་བསྒྲིབས་པར་གྱུར་པ་གང་ལ་ཡོད་པ་དེ་ནི་དབེན་པ་ཡིན་ཏེ་དེར་ཞུགས་ནས་ཞེས་བྱ་བའི་ དོན་ཏོ། །དེ་ལ་ཕན་པ་བྱེད་པའི་དུས་དེར་ཡང་དགེ་འདུན་གྱི་མལ་སྟན་དག་ནད་པ་ལ་ནམ་ཡང་། བཅོམ་ལྡན་འདས་ཀྱིས་གནང་བ་ཡང་མེད་དེ། དྲི་ངན་པས་སྨེ་བར་འགྱུར་རོ་ཞེས་བྱ་བའི་དོན་དུ་ཁོང་དུ་ཆུད་པར་བྱའོ། །ཅི་ཙམ་ན་གཙུག་ལག་ཁང་དུ་འཇུག་པར་བྱ་བ་ཡིན་ཞེ་ན། དྲི་ང་བྲལ་བར་གྱུར་ནས་དེའི་འོག་ ཏུ། །ཞེས་བྱ་བ་སྨོས་ཏེ། དགེ་ཚུལ་གང་གི་ལུས་དྲི་ང་བ་དང་བྲལ་བར་གྱུར་པ་ན་སྟེ། ཞག་བདུན་དག་ན་དྲི་ང་བ་ཡང་ལུས་དང་བྲལ་བར་གྱུར་པའི་འོག་ཏུ་གཙུག་ལག་ཁང་དུ་འཇུག་ཅིང་རབ་ཏུ་འཇུག་པར་བྱའོ། །ཅིའི་ཕྱིར་ཞེ་ན། རང་གཞན་གནས་ནས་ཞེས་བྱ་བ་སྨོས་པ་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་ བའོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་མྱོས་པར་བྱེད་པ་བཏུང་བ་ལས་སླར་ལྡོག་པ་སྟེ་བསླབ་པའི་གཞི་ལྔ་པའོ།། །།ད་ནི། གར་དང་གླུ་དང་བརྡུང་བར་བྱ་བ་རྣམས། །སྡོམ་ཅན་བདག་དང་གཞན་གྱིས་བྱ་བ་མིན། །ཞེས་བྱ་བ་ལ་སོགས་པས་བསླབ་པའི་གཞི་དྲུག་པ་འཆད་པར་བྱེད་པ་ཡིན་ ཏེ། གར་དང་གླུ་དང་བརྡུང་བར་བྱ་བ་དག་སྡོམ་ཅན་བདག་རང་གིས་མི་བྱ་ཞིང་གཞན་གྱིས་ཀྱང་བྱ་བ་མ་ཡིན་ནོ། །གང་ཅུང་ཞིག་རྒོད་པའི་བསམ་པས་ལུས་རབ་ཏུ་སྐྱོད་པར་བྱེད་པ་ནི་གར་ཡིན་ལ། གང་ཅུང་ཞིག་དེ་ཉིད་ཀྱི་བསམ་པས་དབྱངས་ལེན་པར་བྱེད་པ་ནི་གླུ་ཡིན་ནོ། །བརྡུང་བར་བྱ་བ་དག་ནི་གང་ འགའ་ཞིག་ཏུ་རྫ་རྔ་དང་རྔ་བོ་ཆེ་དག་ལ་ཐ་ན་སོར་མོ་དག་གིས་ཀྱང་རིམ་གྱིས་སམ། གོ་རིམས་མ་ཡིན་པས་རྡུང་བར་བྱེད་ཅིང་རབ་ཏུ་སྐྱོད་པར་བྱེད་པ་ཡིན་ཏེ། རང་གི་བརླ་ལ་སོགས་པ་ལ་བརྡེག་པ་ལ་སོགས་པས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །བསླབ་པའི་གཞི་འདི་ནི་འདུ་ཤེས་གཙོ་བོར་གྱུར་པ་ ཉིད་ཡིན་པས་གང་གི་ཕྱིར་བློ་སྔོན་དུ་བཏང་བས་བྱས་ན་བློ་སྔོན་དུ་སོང་བས་ཞེས་བྱ་བའི་དབང་དུ་བྱས་ནས་ཉེས་པ་ཡོད་པ་ཡིན་ནོ། །ཅི་འདི་རྒྱུ་གང་གིས་མི་བྱ་བ་ཡིན་ཞེ་ན། འདི་དག་འཁོར་བར་ཆགས་པར་བྱེད་པའི་རྒྱུ་ཞེས་བྱ་བ་སྨོས་ཏེ། འཁོར་བ་ལ་ཆགས་པ་ནི་འཁོར་བར་ཆགས་པ་སྟེ། ཀུན་ནས་ ཞེན་པ་ཞེས་བྱ་བའི་དོན་ཏོ། །གར་ལ་སོགས་པ་བྱེད་པ་འདི་ནི་འདིར་རྒྱུ་སྟེ་བྱེད་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་གར་ལ་སོགས་པ་ལ་རབ་ཏུ་དགའ་བ་ནི་སྐྱོ་བར་མི་འགྱུར་བ་དེའི་ཕྱིར་མངོན་པར་དགའ་བ་ནི་འཁོར་བའི་རྒྱུ་ཡིན་ནོ། །དེ་ལྟ་བུར་གྱུར་པ་བྱས་ན་ཅིར་འགྱུར་ཞེ་ན། འོན་ཀྱང་ཇི་སྟེ་བྱས་ན་ ཉེས་བྱས་སུ་འགྱུར་ཞེས་བྱ་བ་སྨོས་ཏེ། གར་ལ་སོགས་པ་འོན་ཀྱང་ཉེས་བྱས་སུ་འགྱུར་རོ། །འདི་ལ་ཉེས་བྱས་ཡོད་པའི་ཕྱིར་ཉེས་བྱས་དང་དགེ་ཚུལ་ལྡན་པར་འགྱུར་རོ། །འོན་ཀྱང་ཞེས་བྱ་བ་ནི་གལ་ཏེ་ཡང་འཁོར་བར་ཆགས་པའི་རྒྱུ་ཡིན་པ་དེ་ལྟ་ན་ཡང་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ ལ་མཆོད་པའི་དོན་དུ་ཇི་ལྟར་བསྒྲུབ་པར་བྱ། །དེའི་ཕྱིར་ཡང་མི་བསྐུལ་ལམ་ཞེ་ན་སྨྲས་པ། དེ་ལ་གཞན་གྱི་དོན་ལྟ་ཞོག །བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་དོན་དང་དགོས་པ་འདིས་ཞེས་བྱ་བ་ནི་མཆོད་པའི་ཕྱིར་ཏེ། དེའི་དངོས་པོ་དེ་ལ་ཡང་མཆོད་པའི་རྒྱུ་མཚན་དུ་ཡང་བསྐུལ་བར་མི་བྱའོ། །ཇི་ ལྟར་མི་བསྐུལ་ཞེས། བརྡུང་བ་དང་གླུ་ལོང་ཞེས་བྱ་བ་སྨོས་པ་ཡིན་ནོ་ཞེས་ནི་དེ་ལྟར་ཞེས་བྱ་བའི་དོན་ཡིན་ཏེ། འདི་སྐད་དུ་དེ་ལྟ་བུར་གྱུར་པའི་དངོས་ཀྱི་ཚིག་བརྗོད་པར་མི་བྱའོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ་གར་ལ་ཡང་དེ་སྐད་དུ་བརྗོད་པར་མི་བྱའོ། །འོ་ན་ཇི་ལྟར་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ ཕྱིར་བསྐུལ་བར་བྱ་ཞེ་ན། །ལྷ་དང་ལྷ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་དང་ལྷ་མ་ཡིན་ནི་ལྷ་དང་ལྷ་མིན་དབང་པོ་སྟེ། །དེས་མཆོད་པའི་ཞབས་ཀྱི་རྡུལ་སངས་རྒྱས་གང་ལ་མངའ་བ་དེ་ནི་ལྷ་དང་ལྷ་མིན་དབང་པོས་མཆོད་པའི་ཞབས་རྡུལ་ཅན་ཏེ། དེ་ལ་རང་གི་བཟོས་མཆོད་པ་གྱིས་ཞེས་བྱ་བ་ནི་ཚིག་གི་ལྷག་ མའོ། །འོན་ཀྱང་ཞེས་བྱ་བ་ནི་ཇི་སྟེ་ཡང་ཞེས་བྱ་བའི་དོན་ཡིན་ནོ། །གླུའི་དམིགས་ཀྱིས་བསལ་བ་ནི། ཆོས་རྣམས་དབྱངས་སུ་འདོན་ལ་ཉེས་པ་མེད། །ཅེས་བྱ་བ་ལ་སོགས་པ་ལ། །ཆོས་མཉན་པ་སྦྱིན་པའི་གླུ་ལ་ནི་ཉེས་པ་ཡོད་པ་མ་ཡིན་ནོ། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱ་བ་དང་། རིམ་པ་གཞན་ དུའི་དོན་ཏོ། །སྟོན་པའི་ཡོན་ཏན་བརྗོད་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ལ། ཇི་ལྟར་སྔ་མ་ལ་ཉེས་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་ཡོན་ཏན་བརྗོད་པ་སྟེ། སྟོན་པས་ཉེ་བར་མཆོད་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཡང་དབྱངས་མི་ ཤེས་པ་ཡིན་ན་ཇི་ལྟར་བྱ་ཞེ་ན། དབྱངས་ལ་མི་མཁས་དམ་པའི་ཆོས་ཀྱི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱངས་མི་ཤེས་པ་ནི་དབྱངས་ལ་མི་མཁས་པའི་དགེ་ཚུལ་དབེན་པར་ཞུགས་ཏེ་བསླབ་པར་བྱའོ། །ཅིའི་རྒྱུ་མཚན་གྱིས་ཤེ་ན། དམ་པའི་ཆོས་ཀྱི་ཕྱིར་ཞེས་སྨྲས་པ་ཡིན་ནོ། །ནིའི་སྒྲ་ནི་འདིར་ ཡང་དབྱངས་ལ་མི་མཁས་ན་ཞེས་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །ཉིད་ནི་དོན་གཞན་རྣམ་པར་གཅོད་པའོ། །དབེན་པར་ཞུགས་ཏེ་ཞེས་སྨོས་པ་ནི་བག་མེད་པ་རྣམ་པར་སྤང་བའི་ཕྱིར་རོ། །བསླབ་པར་བྱ་ཞེས་བྱ་བ་ནི་འདི་བསླབ་པའི་གཞི་ནི་མ་ཡིན་གྱི། གལ་ཏེ་དམ་པའི་ཆོས་ལ་བསྟོད་པས་ཉེ་བར་ མཆོད་པའི་ཕྱིར་བསླབ་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་ཚིག་དེ་དག་ནི་མཆོག་ཏུ་ཞེས་བྱ་བར་ཤེས་པར་བྱའོ། །འདིར་གར་ལ་སོགས་པ་བདག་ཉིད་བྱེད་པ་དང་། གཞན་བྱེད་དུ་བཅུག་ན་ཡོངས་སུ་རྫོགས་པའི་ཉེས་བྱས་སུ་འགྱུར་ལ། གལ་ཏེ་མཆོད་པའི་རྒྱུ་མཚན་གྱིས་བྱེད་ན་དེའི་ཚེ་ན་སྨད་དོ། ། ད་ནི་གར་ལ་སོགས་གཏོགས་པ་ཞེས་བྱ་བ་ལ་སོགས་པས་ཡིད་ཀྱིར་འགྱུར་བ་འཆད་པར་བྱེད་དེ། ཆུའི་རྔ་ལ་སོགས་པ་གང་ཡིན་པ་དེ་ནི་ཆུའི་རྔ་ལ་སོགས་པའོ། །གང་དེ་ནི་གར་ལ་སོགས་པའི་ཕྱོགས་སུ་གཏོགས་པ་ཡིན་པ་དེའི་ཕྱིར་ཡིད་ཀྱིར་འགྱུར་ཏེ། ཆུའི་ཡུལ་ལ་རྩེ་བ་ཉམས་སུ་མྱོང་བར་ བྱེད་ན། ཞེས་བྱ་བའི་ཐ་ཚིག་གོ། །སོགས་པའི་སྒྲས་ནི་རྐྱལ་ལ་སོགས་པ་བསྡུའོ། །ཆུའི་རྔ་ནི་ཆུ་ལ་བརྡུང་བ་ཡིན་ནོ། །དེ་བཞིན་དུ་ཆུ་ལ་བྱི་འཛུལ་བྱེད་པ་ནི་འོག་ཏུ་འགྲོ་བར་བྱེད་པའོ། །དེ་བཞིན་དུ་རིང་དུ་འགྲོ་བ་ཞེས་བྱ་བ་ནི་ཆུའི་ནང་དུ་ནུབ་པར་གྱུར་པ་ཉིད་ཀྱིས་དུད་འགྲོ་བཞིན་དུ་འགྲོ་བར་བྱེད་པའོ། ། འབྱུང་བ་ནི་འོག་ཏུ་འཇུག་པ་ལས་སྟེང་དུ་འབྱུང་བར་བྱེད་པའོ། །དེ་བཞིན་དུ་མཆོང་བ་དང་རྒྱུག་པ་ནི་མཆོང་བ་དང་རྒྱུག་པ་སྟེ། དེ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆོང་བ་ནི་ལྟེང་ཀ་ལ་སོགས་པའོ། །སོགས་པ་སྨོས་པས་ནི་རྐང་པ་ཕྱུང་ཞིང་ཕྱུང་ཞིང་འགྲོ་བ་འམ། བགྲད་པར་ བྱས་ནས་འགྲོ་བ་བསྡུའོ། །དེ་དག་ཐམས་ཅད་རྩེད་མོའི་རྒྱུ་མཚན་ཡིན་ན་བཀག་པ་ཡིན་ནོ། །དེ་དག་ཉེས་པའི་གཉེན་པོའི་ཕྱིར་རླུང་ལ་སོགས་པ་ལ་ཉེས་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་རྩེད་མོ་སྨོས་པ་ཡིན་ནོ། །སོ་སྣང་གྱུར་ཅིང་དེ་བཞིན་སྒྲ་ཆེ་བ། །འཕགས་པས་རྟ་གང་དང་ནི་གཏམ་མི་བྱ། ། ཞེས་བྱ་བ་ལ། སོ་སྣང་བར་གྱུར་པ་ནི་གསལ་པོར་གྱུར་པས་འཕགས་པ་སྟེ། རབ་ཏུ་བྱུང་བས་དགོད་པར་མི་བྱ་ཞིང་གཏམ་མི་བྱ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གྱི་སྒྲ་ནི་དེ་བཞིན་སྒྲ་ཆེ་བར་བཤད་མ་ཐག་པ་དེ་མི་བྱའོ་ཞེས་བྱ་བར་སྦྱར་བར་བྱ་བའི་ཕྱིར་རོ། །དང་ནི་སྡུད་པར་བྱེད་པ་ཡིན་ནོ། །སྒྲ་ཆེ་བ་སྨོས་ པས་ཅུང་ཞིག་དགོད་པ་ལ་ཉེས་པ་མེད་པ་ཡིན་ཏེ། དེ་སྐད་དུ་ཡང་བཞིན་གྱི་མདོག་གསལ་བ་དང་། འཛུམ་པ་སྔོན་དུ་འགྲོ་བས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་པས་ཁ་ཤིན་ཏུ་གདངས་པར་མི་བྱའོ། །གང་གི་ཚེ་ཁ་གླལ་བར་འགྱུར་བ་དེའི་ཚེ་ཇི་ལྟར་བྱ་བ་ཡིན་ཞེ་ན། གླལ་བྱུང་ན་ནི་ལག་ པའམ་ཆོས་གོས་ཀྱི་གྲ་ཡང་རུང་སྟེ། ཁ་ནི་དགབ་པར་བྱ་ཞེས་བྱ་བ་སྨོས་ཏེ། ལག་པའམ་གོས་ཀྱི་མཐའ་མ་དག་གིས་ཁ་ལེགས་པར་བཀབ་སྟེ་གླལ་བར་བྱའོ། །འོན་ཏེ་འགའ་ཞིག་ཏུ་གཞན་གྱི་དབང་གིས་མི་ནུས་པ་དེའི་ཚེ་ན་ཉེས་པ་མེད་དེ། དང་ནི་མ་བསྟན་པ་སྡུད་པར་བྱེད་པ་ཡིན་ཏེ། དཔེར་ན་ཁ་ གདངས་ནས་ཆུ་བཏུང་བ་དེ་ལྟ་བུའོ། །སྔར་བཤད་པའི་འབྱུང་བ་ལ་སོགས་པའི་དམིགས་ཀྱིས་བསལ་བ་ནི། སྨན་པའི་ལུང་ངམ་ཡང་ན་བསླབ་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནད་པ་ལ་ཕན་པའི་དོན་དུ་སྨན་པའི་ལུང་གིས་དབེན་པའི་ས་ཕྱོགས་སུ་འབྱུང་བ་ལ་སོགས་པ་བྱས་ན་ཉེས་པ་ མེད་པ་ཡིན་ཏེ། སྨན་པའི་ལུང་ཁོ་ནས་རྒྱལ་བ་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཡང་ན་བསླབ་པའི་ཕྱིར་ཏེ། དེ་ལྟ་ན་ཡང་དབེན་པའི་ཕྱོགས་སུ་རྐྱལ་པ་ལ་ཉེས་པ་མེད་དོ། །ཨ་ཐའི་སྒྲ་ནི་ཡང་ན་ཞེས་བྱ་བའི་དོན་ཡིན་ནོ། །གང་དུ་བུད་མེད་སྒྲུབ་བྱེད་ཁྲུས་བྱེད་པ། །མུ་དེ་ཐག་རིང་ དུ་ནི་སྤང་བར་བྱ། །ཞེས་བྱ་བ་ལ་གང་དུ་བུད་མེད་ཁྲུས་བྱེད་པ་དང་། གང་དུ་སྒྲུབ་པར་བྱེད་པ་གླང་པོ་ལ་སོགས་པ་ཁྲུས་བྱེད་པའམ། ཆུ་འཐུང་བའི་མུ་དེ་ཐག་རིང་སྟེ། རིང་བ་ནས་རིང་པོར་སྤང་བར་བྱ་བ་ཡིན་ནོ། །འདོད་ཆགས་སྐྱེད་པའི་རྒྱུ་མཚན་རབ་ཏུ་བཅོམ་པར་བྱ་བའི་ཕྱིར་དང་། ཀུན་ནས་རྩོད་ པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་ཞེས་བྱ་བའི་དགོས་པ་ཡོད་པར་རིག་པར་བྱའོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་གར་ལ་སོགས་པ་ལས་སླར་ལྡོག་པ་སྟེ། བསླབ་པའི་གཞི་དྲུག་པའོ།། །།ད་ནི་དྲིའི་བྱུག་པའམ་མེ་ཏོག་ཕྲེང་བའང་རུང་ཞེས་བྱ་བ་ལ་སོགས་ པས་བསླབ་པའི་གཞི་བདུན་པ་འཆད་པ་ཡིན་ཏེ། ཙན་དན་ལ་སོགས་པའི་དྲིས་རྗེས་སུ་བསྐུས་པ་དེ་ནི་དྲིའི་བྱུག་པ་སྟེ། དགེ་ཚུལ་གང་གིས་བཅངས་ན། གླེན་པ་དེ་ནི་ཉེས་བྱས་ཉིད་ཀྱིས་གཙེས་པར་འགྱུར་ཞེས་བྱ་བར་སྦྱར་བར་བྱའོ། །དེ་བཞིན་དུ་མེ་ཏོག་ཕྲེང་བ་སྟེ། བརྒྱུད་མ་དེ་ཡང་མགོ་བོའམ་སྐེ་ ལ་བཏགས་ན་དེ་ཡང་ཉེས་བྱས་ཉིད་ཀྱིས་གཙེས་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཕྲེང་བ་ནི་མེ་ཏོག་ཙམ་གྱི་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །དེ་ལྟར་ལུས་ལ་གུར་གུམ་ལ་སོགས་པའི་མདོག་གི་ཁ་དོག་གིས་བཅངས་པ་དེ་ཡང་གཙེས་པར་འགྱུར་རོ་ཞེས་བྱ་བར་སྦྱར་བར་བྱའོ། །གང་ལ་ཞེ་ན། ལུས་ལ་ ཞེས་སྨོས་པ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མི་གཙང་སྣོད་ཀྱི་ཞེས་བྱ་བ་ལ་མི་གཙང་བ་ནི་གཙང་བ་མ་ཡིན་པ་སྟེ། དེའི་སྣོད་དུ་གྱུར་པ་དེ་ལ་ཞེས་བྱ་བའི་དོན་ཏོ། །གཙེས་པ་ནི་རྣམ་པར་གཙེས་པ་ཞེས་བྱ་བའི་དོན་ཏོ། །ཉིད་ནི་ཉེས་བྱས་ཀྱི་ཉེས་པས་གཙེས་པ་ཁོ་ན་ཞེས་རིམ་པ་གཞན་དང་ངེས་པར་ གཟུང་བ་ཡིན་ནོ། །འདི་སྐད་དུ་དགེ་ཚུལ་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ། དག་བྱེད་དང་ནི་ཆོས་གོས་བདུག་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། དག་བྱེད་དང་ཆོས་གོས་ལ་སྤོས་ཀྱིས་བདུག་པ་དང་། སེན་མོ་བདར་བས་འཆོས་པ་དང་། མིག་སྨན་དང་། མཆུ་དམར་པོར་བྱེད་པ་དང་། དེ་བཞིན་དུ་ལོང་མོ་ཡན་ཆད་དེ་གོང་དུ་སོ་ཕག་གིས་བདར་ཞིང་དྲི་མ་མེད་པར་སྦྱངས་པ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་ལ་སོགས་པ་ཀུན་དུ་སྤྱོད་པ་ན་ཉེས་བྱས་སུ་འགྱུར་རོ། །ཅི་ཐམས་ཅད་དུའམ་ཞེ་ན། གཡན་པ་མེད་པར་ཞེས་སྨྲས་ཏེ། གལ་ཏེ་གཡན་པ་ཡོད་པ་དེའི་ ཚེ་ཉེས་པར་མི་འགྱུར་རོ། །དག་བྱེད་ཅེས་བྱ་བ་ནི་རྫས་དྲི་བཟང་བ་ཅན་གྱིས་དག་བྱེད་དུ་བྱས་པ་མགོ་ལ་བཅངས་པའོ། །གཞན་ཡང་ཆོས་གོས་ལ་དྲི་བཟང་པོས་བདུག་པར་བྱེད་པ་དང་། སེན་མོ་འཆོས་པ་ཞེས་བྱ་བ་ནི་འཚེར་བར་བྱེད་པའི་བསམ་པས་ཡིན་གྱི་དྲི་མ་བསལ་བར་བྱེད་པའི་ ཕྱིར་ནི་མ་ཡིན་ནོ། །གཞན་ཡང་མཆུ་དམར་པོར་བྱེད་པ་ནི་སོ་རྩི་ཟ་བ་ལ་སོགས་པས་སོ། །གཡན་པ་ནི་ཚིག་རླུང་དང་ཁྲག་ལ་སོགས་པའི་ཉེས་པར་མཚོན་པར་བྱེད་པ་ཡིན་ཏེ། ལོང་མོའི་འོག་མན་ཆད་ལ་ནི་ཉེས་པ་མེད་དོ། །ཉེས་བྱས་ཉིད་ཅེས་བྱ་བ་ཉིད་ནི་ལྷག་མ་ཡང་མ་ཡིན་ལ་ཡིད་ཀྱིར་འགྱུར་བ་ ཡང་མ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བ་ཉིད་ཡིན་པའི་ཕྱིར་དྲིའི་བྱུག་པ་ཉེས་བྱས་སུ་འགྱུར་བ་དེ་ལྟ་ན་ཡང་ནད་པ་དེས་དབེན་པར་འདུག་སྟེ་ནད་ལ་ཕན་པའི་ཕྱིར་ཙན་དན་ལ་སོགས་པས་བསྐུ་བར་བྱའོ། །ཅིའི་ཕྱིར་ཞེ་ན། སྤྲས་པ་འཇིག་རྟེན་གྱི་མ་དད་པ་ནི་འཇིག་རྟེན་མ་དད་པར་འགྱུར་ བ་སྟེ། དེ་སྤང་བར་བྱ་བའི་ཕྱིར་རོ། །གང་གི་ཕྱིར་དེ་འདྲ་བ་མཐོང་བར་འགྱུར་ན་མ་དད་པ་སྟེ། དད་པ་མ་ཡིན་པ་སྐྱེ་བར་འགྱུར་བ་དེའི་ཕྱིར་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །གང་གི་ཚེ་ཆོས་སྟོན་པ་ལ་སོགས་པས་ཉེ་བར་འཁོད་པ་ན་ཡོན་བདག་གིས་དྲི་བྱིན་ན་དེ་ཅི་ལྟར་བྱ་ཞེ་ན། དད་པ་དག་གིས་རྐང་པ་དྲིས་ བསྐུས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དད་པ་དགེ་བསྙེན་གྱིས་རྐང་པ་ལ་དྲིས་བསྐུས་ན་སྡོམ་ཅན་གྱིས་ཆོས་སྟོན་གྱི་དུས་ཕྱིས་བཀྲུ་བར་བྱའོ། །གང་གི་ཚེ་ཞེ་ན། སྨྲས་པ་ཡོན་བདག་གིས་མ་མཐོང་བར་རོ། །ནི་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཡིན་ནོ། །དེ་བཞིན་དུ་དད་པས་ཕུལ་བའི་ མེ་ཏོག་དྲི་ཞིམ་པོ་ཅན་འཕགས་པ་སྟེ་རབ་ཏུ་བྱུང་བས་བསྣམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་བྱས་ནས་ཤེ་ན། མིག་ལ་ཕན་ནོ་ཞེས་སྨོས་ཏེ། མེ་ཏོག་དྲི་ཞིམ་པོ་ཅན་ཐམས་ཅད་མིག་ལ་ཕན་ནོ་ཞེས་བྱ་བ་ནི་དབང་དུ་བྱས་ནས་སོ། །ཆགས་པའི་བློ་གྲོས་ནི་ཆགས་བློ་སྟེ་ཉེས་བྱས་ཆུང་བར་ འགྱུར་རོ། །ད་ནི་དྲི་ལ་སོགས་པའི་སྐབས་དབྱེའོ། །ཞེས་བྱ་བ་ལ་སོགས་པ་ཡིད་ཀྱིར་འགྱུར་བ་རྗོད་པར་བྱེད་པ་ཡིན་ཏེ། དྲི་ལ་སོགས་པའི་ཕྱོགས་སུ་གཏོགས་པ་གང་ཡིན་པ་དེ་དག་གི་སྐབས་འབྱེད་པའོ། །ད་ནི་ད་ལྟར་ཏེ་ཉེས་བྱས་ཀྱི་དེ་མ་ཐག་པའི་སྐབས་སུ་ཞེས་བྱ་བའི་དོན་ཏོ། །ཆུ་ ལ་སོགས་པར་གདོང་ནི་བལྟ་མི་བྱ། །ཞེས་བྱ་བ་ལ་སོགས་པས་དེ་སྟོན་པ་ཡིན་ཏེ། ཆགས་པའི་སེམས་ཀྱིས་ཆུ་ལ་སོགས་པ་དག་ལ་གདོང་བལྟ་བར་མི་བྱའོ། །སོགས་པའི་སྒྲས་ནི་མེ་ལོང་ལ་སོགས་པ་གཟུང་ངོ་། །ཅི་རྣམ་པ་ཐམས་ཅད་དུ་ཉེས་པར་འགྱུར་རམ་ཞེ་ན། སྔོན་དང་ད་ལྟར་བདག་ ལུས་ཅིར་འགྱུར་ཞེའམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ལུས་དང་ཁོག་པའི་སྔོན་དང་ད་ལྟར་གྱི་གནས་སྐབས་གང་ལ་རྣམ་པར་དཔྱོད་པའི་བསམ་པ་དང་། སྐྱོ་བ་སྐྱེད་པའི་ཕྱིར་སྔོན་བདག་གི་ལུས་དར་ལ་བབ་པ་ད་ལྟར་གྱི་གནས་སྐབས་ཇི་འདྲ་སྙམ་པས་གདོང་ལ་ ལྟ་ན་ཉེས་པ་མེད་དོ། །ཅི་ངོ་གདོང་དུ་གཏོགས་པའི་རྨ་འདི་དྲུབས་སམ་འོན་ཏེ་མ་ཡིན་ཞེས་རྣམ་པར་བརྟག་པའི་ཕྱིར་བལྟ་བ་ལ་ཉེས་པ་མེད་དོ། །གང་གི་ཚེ་ཞེ་ན། ཉེས་པར་མི་འགྱུར་རོ་ཞེས་སྨོས་པ་ཡིན་ནོ། །གང་གི་གདོང་ལ་སོགས་པ་ལ་ལྟ་བ་ལ་ཉེས་པར་མི་འགྱུར་ཏེ་བསམ་པའི་དབང་གིས་ཞེས་ བྱ་བའི་ཐ་ཚིག་གོ། །སེ་རལ་ཁ་དང་མཛུབ་རིས་ཚུད་གསུམ་དང་། །རྒྱན་རྣམས་ཐམས་ཅད་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ་སེ་རལ་ཁ་ནི་ཚངས་པའི་སྐུད་པའོ། །མཛུབ་རིས་ནི་དཔྲལ་བའི་ཕྱོགས་སུ་ཐལ་བའམ། གཞན་འགའ་ཞིག་གིས་མཛུབ་རིས་བྱས་པའོ། །ཚུད་གསུམ་ ནི་བཀྲ་ཤིས་པའི་ཕྱིར་ལག་ངར་གྱི་ཕྱོགས་སུ་སྐུད་པ་བཏགས་པའོ། །སེ་རལ་ཁ་དང་མཛུབ་རིས་དང་ཚུད་གསུམ་ནི་ཞེས་བརྗོད་པར་བྱའོ། །བཤད་མ་ཐག་པ་དེ་དག་སོར་གདུབ་ལ་སོགས་པའི་རྒྱུན་གཞན་དང་གཞན་ཐམས་ཅད་ཀྱང་ཡོངས་སུ་སྤང་བར་བྱའོ། །ནད་སོགས་ཞི་ཕྱིར་དཔུང་པ་གཡོན་ པ་ལ། །སྔགས་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་དེའི་དམིགས་ཀྱིས་བསལ་བ་སྨྲས་ཏེ། ནད་ལ་སོགས་པ་ཞི་བར་བྱེད་པ་ནི་ནད་སོགས་ཞི་བའོ། །སོགས་པའི་སྒྲས་ནི་མི་མ་ཡིན་པ་ལ་སོགས་པ་ཡོངས་སུ་བསྡུས་པ་ཡིན་ནོ། །དེའི་དོན་ནི་ནད་སོགས་ཞི་ཕྱིར་སྔགས་ལ་སོགས་པའི་ སྐུད་པ་སྡོམ་ཅན་གྱིས་གདགས་པར་བྱའོ། །སྔགས་ལ་སོགས་པ་གང་ཡིན་པ་དེ་ནི་སྔགས་ལ་སོགས་པ་སྟེ། སོགས་པའི་སྒྲས་སྨན་ཡོངས་སུ་བསྡུའོ། །དེ་དང་ལྡན་པའི་སྐུད་པ་ནི་སྔགས་ལ་སོགས་པའི་སྐུད་པ་སྟེ། སྡོམ་ཅན་དགེ་ཚུལ་གྱིས་བཅང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ དུ་གདགས་པར་བྱ་བ་ཡིན་ཞེ་ན། དཔུང་པ་གཡོན་པར་ཞེས་སྨྲས་ཏེ། དེ་ཡང་དཔུང་པའི་རྩ་བར་ཞེས་བྱ་བར་རིག་པར་བྱའོ། །ནིའི་སྒྲ་ནི་ནད་ལ་སོགས་པའི་གཉེན་པོར་གདགས་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །ཀྱང་གི་སྒྲ་ནི་གཞན་རང་བཞིན་ གྱིས་ཁ་ན་མ་ཐོ་བ་ནད་ཀྱི་གཉེན་པོའི་དོན་དུ་གདགས་པར་བྱ་བ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་སྔགས་ལ་སོགས་པའི་སྐུད་པ་དག་ཀྱང་ཞེས་སྡུད་པ་མ་ཡིན་པ་དང་། རིམ་པ་གཞན་ཡིན་ནོ། །ནད་ལ་སོགས་པ་སོས་པར་གྱུར་ན་ཇི་ལྟར་བྱ་ཞེ་ན། ནད་སོས་ནས་ནི་སྐུད་པ་བཀྲོལ་ ནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནད་སོས་ཤིང་བྲལ་བར་གྱུར་ནས་སྐུད་པ་དེ་དཔུང་པ་ལས་བཀྲོལ་ནས་གཞག་པར་བྱའོ། །གང་དུ་ཞེ་ན། བུ་ག་གཙང་མའི་ཕྱོགས་སུ་ཞེས་བྱ་བ་སྨོས་ཏེ། གཙང་མར་གྱུར་པའི་བུ་གའི་ཆ་ནི་བུ་ག་གཙང་མའི་ཕྱོགས་ཏེ། ཀ་བ་ལ་སོགས་པའི་ཞེས་ བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །གཙང་བ་ཉིད་ཀྱང་གནོད་པ་མེད་པར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །སྡོམ་ཅན་གྱིས་ནི་སྣ་ཚོགས་གདུགས་མི་བཅང་། །གྲོང་དུ་ཡུ་བ་བསྒྲེང་བ་གནང་བ་མེད། །ལོ་མ་དང་ནི་སྨྱུག་མ་གཉིས་ཀྱི་གདུགས། །ཡུ་བའི་ཚད་ནི་གདུགས་ཀྱི་ཚད་ཙམ་ཡིན། །ཞེས་ བྱ་བ་ལ། སྡོམ་ཅན་གྱིས་གདུགས་བཅང་བར་མི་བྱའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། སྣ་ཚོགས་ཞེས་བྱ་བ་སྨོས་ཏེ། རྨ་བྱའི་གདུགས་ལྟ་བུའོ། །སྣ་ཚོགས་པ་བཀག་པས་ཁྲ་བོ་མ་ཡིན་པ་བཅངས་པ་ལ་ནི་ཉེས་པ་མེད་དོ། །དེའི་ཚེ་ཡང་གྲོང་དུ་གནང་བ་མེད་པ་སྟེ་བཀག་པ་ཡིན་ནོ། །ཁྱད་ པར་ཇི་ལྟ་བུ་ཞེ་ན། ཡུ་བ་བསྒྲེང་བ་སྟེ་ཡུ་བ་གྱེན་དུ་བསྒྲེང་བ་ཡིན་པ་དེའི་ཕྱིར་གྲོང་གི་ནང་དུ་གདུགས་ལོགས་སུ་བསྙལ་ནས་འགྲོ་བར་བྱའོ། །དང་ནི་སྣ་ཚོགས་པ་བཀག་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཁྲ་བོ་མ་ཡིན་པ་ཡང་གྲོང་དུ་བཀག་པ་ཡིན་ནོ། །ཞེས་སྡུད་པར་བྱེད་པའོ། །གདུགས་དེ་ཡང་རྣམ་པ་ གཉིས་ཏེ་ཞེས་བསྟན་པའི་ཕྱིར་ལོ་མ་དང་ནི་སྨྱུག་མ་གཉིས་ཀྱི་གདུགས་ཞེས་བྱ་བ་སྨོས་ཏེ། ལོ་མ་ལས་བྱས་པ་ནི་ལོ་མའི་ཡིན་ཏེ་ལོ་མ་ཞེས་བྱ་བ་ནི་ཤིང་ལོ་རྗོད་པར་བྱེད་པ་ཡིན་ཏེ། དཔེར་ན་ཏ་ལའི་གདུགས་ལྟ་བུའོ། །སྨྱུག་མ་ལས་བྱས་པ་ནི་སྨྱུག་མའི་ཡིན་ཏེ། རྣམ་པ་འདིས་གདུགས་ རྣམ་པ་གཉིས་སུ་འགྱུར་རོ། །ཚད་པ་ལས་སྐྱོབ་པར་བྱེད་པས་ན་དེ་ནི་གདུགས་ཞེས་བྱའོ། །དེ་ལྟ་བུར་གྱུར་པ་བཤད་ཅིང་གནང་བའི་གདུགས་དེའི་ཚད་ཙམ་ཞེས་བྱ་བ་ལ་གདུགས་ཀྱི་ཚད་དུ་ཡུ་བ་བཤད་པ་ཡིན་ཏེ། ཁོག་པའི་ཚད་ཀྱི་ཡུ་བ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དང་ནི་ལོ་མ་ལ་ སོགས་པའི་གདུགས་བཤད་པ་དང་། དེའི་ཚད་ཀྱི་ཡུ་བ་བཤད་པ་ཡིན་ནོ་ཞེས་སྡུད་པར་བྱེད་པའོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་དྲི་ལ་སོགས་པ་ལས་སླར་ལྡོག་པ་སྟེ་བསླབ་པའི་གཞི་བདུན་པའོ།། །།ད་ནི། ཆེ་ཞིང་མཐོ་བའི་མལ་སྟན་ཉལ་བ་ནི། །ཞེས་ བྱ་བ་ལ་སོགས་པས་བསླབ་པའི་གཞི་བརྒྱད་པ་འཆད་པ་ཡིན་ཏེ་མལ་སྟན་ཆེན་པོ་ལ་དགེ་ཚུལ་ཉལ་བར་བྱེད་ན་གཟིར་བར་འགྱུར་རོ། །གང་གིས་ཤེ་ན། ཉེས་བྱས་བཀྲ་མི་ཤིས་པས་ཞེས་བྱ་བ་སྨོས་ཏེ། ཉེས་བྱས་ཁོ་ན་བཀྲ་མི་ཤིས་པ་ཡིན་པས་ཉེས་བྱས་བཀྲ་མི་ཤིས་པ་སྟེ། ཤིས་པ་མ་ཡིན་པ་ དེའི་ཕྱིར་དེས་ཞེས་བྱ་བའི་དོན་ཏོ། །ཡང་ན་མལ་སྟན་མཐོན་པོ་ལ་ཉལ་བ་སྟེ་དེ་ལ་ཡང་ཉལ་བར་བྱེད་ན་གཟིར་བར་འགྱུར་རོ་ཞེས་བྱ་བ་ཐམས་ཅད་བརྗོད་པར་བྱ་བ་ཡིན་ཏེ། དེ་ལ་ཉལ་ན་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མལ་སྟན་དེ་གཉིས་ཀྱི་རང་བཞིན་ཅི་ཡིན་ཞེས་ བསྟན་པའི་ཕྱིར། ཁྲུ་གང་ཚད་ལས་འདས་པ་མཐོ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲུ་གང་ཚད་ལས་འདས་པ་ཞེས་བྱ་བ་ནི་ཁྲུའི་ཚད་ལས་ལྷག་པར་གྱུར་པའོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་དེ་ལྟ་བུར་གྱུར་པ་དེ་ནི་མཐོན་པོ་ཡིན་པ་དེའི་ཕྱིར་འདི་ལ་ཉལ་བར་མི་ བྱའོ། །རིན་ཆེན་ལ་སོགས་རྐང་རྒྱན་ཆེ་བ་ཡིན། །ཞེས་བྱ་བ་ལ་རིན་པོ་ཆེ་ལ་སོགས་པས་རྐང་པ་རྣམ་པར་སྤྲས་པའི་ཕྱིར་རིན་ཆེན་ལ་སོགས་རྐང་རྒྱན་ཏེ། དེ་ལྟ་བུར་གྱུར་པ་དེ་ནི་མལ་སྟན་ཆེན་པོ་ཡིན་ནོ། །སོགས་པའི་སྒྲས་ནི་གསེར་ལ་སོགས་པ་བསྡུའོ། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་ པའི་དོན་ཏོ། །མཐོ་བའི་མལ་སྟན་རིན་ཆེན་འོད་སྤྲས་པ། །ཞེས་བྱ་བ་ལ་སོགས་པས་དམིགས་ཀྱིས་བསལ་བ་སྨྲས་པ་ཡིན་ཏེ། སྟན་མཐོན་པོ་ལ་འཛེགས་ནས་ཆོས་བསྒྲགས་པ་རབ་ཏུ་སྦྱིན་པར་བྱའོ། །གང་གི་ཕྱིར་བདེ་བར་གཤེགས་པའི་ཆོས་སྲི་ཞུ་བྱ་བ་དང་། མཆོད་པར་བྱ་བ་ཡིན་པའི་ཕྱིར་རོ། ། ཁྱད་པར་ཇི་ལྟ་བུ་ཞེ་ན། རིན་ཆེན་འོད་སྤྲས་ཞེས་བྱ་བ་སྨོས་ཏེ། རིན་པོ་ཆེ་དག་གི་འོད་ནི་རིན་ཆེན་འོད་དེ་འོད་ཟེར་དེ་དང་འདྲ་བར་འབར་བའི་གཟི་བརྗིད་བཟང་པོ་དང་ལྡན་པ་དེ་ལྟ་བུར་གྱུར་པ་དེ་ལ་འཛེགས་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་མངོན་སུམ་དུ་བྱས་ནས་ཤེ་ན། འདིར་ནི་འདུ་བྱེད་འཇིག་ པར་བསམས་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུ་བྱེད་རྣམས་འཇིག་ཅིང་ཉམས་པ་དེ་ནི་འདུ་བྱེད་འཇིག་པར་བསམ་པ་སྟེ། དམིགས་ནས་ཞེས་བྱ་བའི་དོན་ཏོ། །འདིར་ནི་ཞེས་བྱ་བ་ནི་ཆོས་སྒྲོགས་པའི་དུས་སུའོ། །དེ་ལྟ་བུར་དམིགས་པས་རིན་པོ་ཆེ་ལ་སོགས་པས་སྤྲས་པའི་སྟན་ལ་ འཛེགས་ནས་ཆོས་བསྒྲགས་པ་སྦྱིན་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །གནོད་སྦྱིན་གནས་དང་ལྷ་ཡི་གནས་དག་དང་། །ཀླུ་ཡི་གནས་སུ་རིན་ཆེན་འབར་བ་རྣམས། །ཁྱིམ་པས་བསྟབས་ཀྱང་སྡོམ་ཅན་མི་དག་པར། །བསྒོམས་ནས་འདུག་པར་གྱུར་ཀྱང་ཉེས་པ་མེད། །དེ་བཞིན་དུ་ཁྱིམ་གྱི་ནང་དུ་ ཁྱིམ་པས་བསྟབས་པ་སྟེ་ཁྱིམ་གྱི་ནང་དེར་ཁྱིམ་པས་བསྟབས་པའི་སྟན་ལ་ཆོས་བསྒྲགས་པ་སྦྱིན་པ་ལས་དུས་གཞན་གྱི་ཚེ་ཡང་འདུག་པར་བྱའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། རིན་པོ་ཆེ་དེ་དག་གི་འོད་ཟེར་འབར་བ་དེས་གསལ་བར་བྱས་པ་ལ་ཡང་ངོ་། །འདི་སྐད་དུ་ཁྱིམ་པས་ཁྱིམ་ནང་དུ་རིན་ པོ་ཆེ་ལ་སོགས་པས་སྤྲས་པའི་སྟན་བཤམས་པ་ལ་རྗེས་སུ་གཟུང་བའི་བློས་འདུག་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །ཇི་ལྟར་བསམས་ནས་འདུག་པར་བྱ་ཞེ་ན། མི་རྟག་པར་བསྒོམས་ནས་ཞེས་བྱ་བ་སྨོས་ཏེ། མི་རྟག་པར་བསྒོམས་པ་ནི་མངོན་སུམ་དུ་བྱས་པ་ཡིན་ཏེ། འདུས་བྱས་ཐམས་ ཅད་ནི་མི་རྟག་པའོ་ཞེས་བསྒོམས་པ་འདིས་དེའི་རྒྱུ་ཅན་སེམས་རྒོད་པ་མངོན་པར་བཅོམ་ནས་ཡོན་བདག་གི་བསོད་ནམས་སྤེལ་བར་བྱ་བའི་ཕྱིར་འདུག་པར་བྱའོ། །དེ་བཞིན་དུ་གནོད་སྦྱིན་གྱི་གནས་ཏེ་ཁྱིམ་པ་དེ་དང་དེ་བཞིན་དུ་ལྷའི་གནས་ཏེ་ཁྱིམ་དུ་སྡོམ་ཅན་ཡིད་ལ་བྱེད་པ་དེས་འདུག་པ་དེ་ལ་ཉེས་པ་ ཡོད་པ་མ་ཡིན་ནོ། །ཀླུའི་གནས་ཏེ་ཁྱིམ་དུ་བསམ་པ་དེ་ཉིད་ཀྱིས་འདུག་པ་དེ་ལ་ཉེས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ས་གཞི་དང་ཐེམ་སྐས་རིན་པོ་ཆེའི་རང་བཞིན་ནི་དེ་དག་གི་བསོད་ནམས་ལས་བྱུང་བའི་ཕྱིར་རོ། །དང་ནི་ཐམས་ཅད་དུ་སྡུད་པའོ། །ཇི་ལྟར་ཡང་བསླབ་པའི་གཞི་འདི་དངོས་ པོ་གཙོ་བོར་གྱུར་པ་ཡིན་ཏེ། རྟོག་པ་སྤངས་པ་ཙམ་གྱིས་གནས་པ་ལ་སོགས་པ་ལ་ཉེས་པར་འགྱུར་བ་དེ་ལྟ་ན་ཡང་མི་རྟག་པའི་ཡིད་ལ་བྱེད་པའི་རྣམ་པ་མེད་པར་འདུག་ན་ཁ་ན་མ་ཐོ་བ་ཆུང་བར་འགྱུར་ལ། ཡིད་ལ་བྱེད་པའི་རྣམ་པ་དེས་ཀྱང་ཡོད་པ་མ་ཡིན་པར་རིག་པར་བྱའོ། །ད་ནི། མཐོ་ལ་ སོགས་ཕྱོགས་ཉིན་པར་ཉལ་བ་དང་། །ཞེས་བྱ་བ་ལ་སོགས་པས་ཡིད་ཀྱི་ཉེས་པར་འགྱུར་བ་འཆད་པ་ཡིན་ཏེ། ཉིན་པར་ཉལ་ན་སྟན་མཐོན་པོ་ལ་སོགས་པའི་ཕྱོགས་སུ་གཏོགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་པ་དེའི་ཕྱིར་ཉིན་པར་ཉལ་བ་ཡིད་ཀྱི་ཉེས་པར་འགྱུར་ རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གཉིད་ཀྱིས་ཟིལ་གྱིས་མནན་པར་གྱུར་པ་དེའི་ཚེ་ཇི་ལྟར་བསྒྲུབ་པར་བྱ་བ་ཡིན་ཞེ་ན། གཉིད་ཀྱི་ནད་དུ་གྱུར་པ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གཉིད་ཀྱིས་ནད་དུ་གྱུར་ཅིང་གཅིང་བར་གྱུར་པ་དེ་དག་ལ་གནང་བ་སྟེ། བཅོམ་ལྡན་འདས་ཀྱིས་ཉིན་པར་ཉལ་བ་དེ་རྗེས་སུ་གནང་བ་ ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །དུས་ཅི་སྲིད་ཅིག་ཏུ་ཞེ་ན། ཅུང་ཟད་ཅེས་བྱ་བ་སྨོས་པ་ཡིན་ནོ། །ཅུང་ཟད་ཅེས་བྱ་བའི་ཚིག་ནི་དུས་ཅི་ཙམ་གྱིས་གཉིད་སངས་པར་གྱུར་ནས་དགེ་བའི་ཕྱོགས་ལ་སྦྱོར་བར་བཟོད་པ་དེ་ཙམ་ཉེ་བར་མཚོན་པར་བྱེད་པ་ཡིན་པར་རྟོགས་པར་བྱའོ། །ནད་པ་དང་ནི་ནད་ གཡོག་མ་གཏོགས་པར། །སྡོམ་ཅན་མར་མེ་སྣང་ལ་ཉལ་མ་གནང་། །ཞེས་བྱ་བ་ལ། མར་མེའི་སྣང་བ་ལ་ཉལ་བ་ནི་མར་མེ་སྣང་ལ་ཉལ་བ་སྟེ། ཉི་མ་དང་ཟླ་བའི་སྣང་བ་ལས་སྣང་བ་དང་ལྡན་པའི་ཕྱོགས་གཞན་དེ་ལ་སྡོམ་ཅན་མ་གནང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཐམས་ཅད་དམ་ ཞེ་ན། སྨྲས་པ། ནད་པ་མ་གཏོགས་པ་དང་ནད་པ་དེའི་ནད་གཡོག་བྱེད་པའི་སྡོམ་ཅན་མ་གཏོགས་པར་སྡོམ་ཅན་གཞན་དག་ཅེས་བྱ་བའི་དོན་ཏོ། །དང་ནི་སྡུད་པར་བྱེད་པ་ཡིན་ནོ། །གདིང་བ་མེད་པར་ཉལ་བ་རིགས་པ་མིན། །ཞེས་བྱ་བ་ལ། དགེ་འདུན་གྱི་མལ་སྟན་ལ་གདིང་བ་མེད་ཅིང་གདིང་བ་ དང་བྲལ་བས་ཉལ་བར་རིགས་པ་མ་ཡིན་པ་དེའི་ཕྱིར། དགེ་འདུན་གྱི་མལ་སྟན་གདིང་བས་གཡོགས་ནས་ཡོངས་སུ་ལོངས་སྤྱད་པར་བྱ་བ་ཡིན་ནོ། །ལོངས་སྤྱོད་པ་དེ་ལ་ཡང་གཡོགས་མ་མེད་པ་ཉིད་ལ་གདིང་བས་གཡོགས་པ་ཉིད་ནི་འདུག་པ་ལ་བར་དུ་ཆོད་པའི་དགོས་པ་ཉིད་ཡིན་པའི་ཕྱིར་ རོ། །དེ་ཡང་འདིར་ཁྲི་དང་ཁྲིའུ་ལས་གཞན་པ་ཉིད་ལ་ཞེས་རྟོགས་པར་བྱ་སྟེ། དེ་ཉམས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་། མལ་སྟན་ཀོ་ལྤགས་ནམ་ཡང་གནང་བ་མེད། །ཅེས་བྱ་བ་ལ། ཀོ་ལྤགས་ཀྱི་མལ་སྟན་ལོངས་སྤྱོད་པ་ནམ་ཡང་གནང་བ་མེད་པ་ཁོ་ན་ཡིན་ཏེ། ཀོ་ལྤགས་ ཀྱི་མལ་སྟན་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་གནང་བ་ཡིན་ནམ་ཞེ་ན། སྨྲས་པ། ཁྱིམ་པའི་ཁྱིམ་དུ་སྟན་ཙམ་ཉི་ཚེ་གནང་ཞེས་བྱ་བ་ལ། ཁྱིམ་པའི་ཁྱིམ་དུ་སྟན་ཉི་ཚེ་ཙམ་ཡོངས་སུ་ལོངས་སྤྱོད་པར་གནང་བ་ཡིན་ནོ། ། ནིའི་སྒྲ་ནི་གཞན་གཙུག་ལག་ཁང་ལ་སོགས་པར་མ་ཡིན་ནོ་ཞེས་ཁྱད་པར་དུ་བསྟན་པའི་ཕྱིར་རོ། །ཙམ་ཞེས་སྨོས་པ་ནི་མལ་སྟན་རྣམ་པར་བཅད་པ་ཡིན་ནོ། །ཅི་ཐམས་ཅད་དུ་ཚུལ་འདི་ཡིན་ནམ་ཞེ་ན། རྡོ་འཇོག་ཏུ་ནི་གཉི་གའང་གནང་བ་ཡིན། །ཞེས་བྱ་བ་ལ། རྡོ་འཇོག་ཅེས་བྱ་བ་ནི་ཡུལ་ མཐའ་འཁོབ་ཡིན་ཏེ། དེ་ལ་མལ་དང་སྟན་གཉི་ག་ཡང་གནང་བ་སྟེ། བཅོམ་ལྡན་འདས་ཀྱིས་གནང་ངོ་ཞེས་བྱ་བ་ནི་ལྷག་མའོ། །རྡོ་འཇོག་ལས་གཞན་འགའ་ཞིག་ཏུ་ཡང་ཀོ་ལྤགས་ཀྱི་མལ་སྟན་ལོངས་སྤྱོད་པར་གནང་བ་མེད་པ་དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཡོན་ཏན་འོད་ཀྱིས། ཨ་མྲ་པ་རནྟ་དག་ཏུ་ཀོ་ ལྤགས་མི་བཅང་བར་མི་བྱའོ་གསུངས་པ་ཡིན་ནོ། །ཁ་ཅིག་ཡུལ་གྱི་དབུས་སུ་མལ་སྟན་ཀོ་ལྤགས་མིན། །ཡུལ་གྱི་མཐའ་འཁོབ་ཏུ་ནི་གཉི་གའང་གནང་། །ཞེས་འདོན་པ་དེ་ནི་མི་རིགས་པར་སྣང་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་རྡོ་འཇོག་ཁོ་ན་དག་ཏུ་ཀོ་ལྤགས་ཀྱི་སྟན་ ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པ་དང་། རྟག་ཏུ་ཁྲུས་གནང་བ་དེའི་ཕྱིར་གཞན་དུ་འདོན་པ་མི་རིགས་སོ་ཞེས་ཁོ་བོ་སེམས་སོ། །བ་གླང་རྟ་དང་སྟག་དང་སེང་གེ་དང་། །དོམ་དང་བྱི་ལའི་པགས་པ་རུང་བ་མིན། །ཞེས་བྱ་བ་ལ། བ་གླང་ནི་གླང་པོ་ཆེ་ཡིན་ལ་རྟ་ནི་མགྱོགས་འགྲོ་སྟེ་དེ་གཉིས་ཀྱི་པགས་པ་མི་ རུང་བ་ཡིན་པས་འདི་གཉིས་ཀྱི་པགས་པའི་ལྷམ་བཅང་བར་མི་བྱ་ཞིང་རྡོ་འཇོག་དག་ཏུ་ཡང་དེ་དག་ལས་བྱས་པའི་མལ་སྟན་ལ་ལོངས་སྤྱད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ནིའི་སྒྲ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་རུང་བ་མ་ཡིན་ནོ་ཞེས་སྔ་མ་ལས་བྱེ་བྲག་ཏུ་བྱ་བའི་དོན་ཡིན་ནོ། །དེ་བཞིན་དུ་སྟག་དང་སེང་གེ་དང་། དོམ་ དང་དྲེད་དང་བྱི་ལ་ཞེས་བྱ་བ་ལ། སྟག་དང་སེང་གེ་དང་དོམ་དང་བྱི་ལ་དག་ཅེས་སྦྱར་རོ། །དེ་དག་གི་པགས་པ་རུང་བ་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་ཐམས་ཅད་ལ་བརྗོད་པར་བྱའོ། །བལ་བ་ཛ་དང་གྲེས་མ་རྩྭ་སོགས་ལས། །བྱས་པའི་ལྷམ་ནི་བཅང་བར་བྱ་བ་མིན། །ཞེས་བྱ་བ་ལ་ བལ་བ་ཛ་ནི་རྩྭའི་བྱེ་བྲག་ལ་བྱའོ། །གྲེས་མ་ནི་རྩྭ་མུན་ཛ་ལ་བྱའོ། །རྩྭ་ནི་སྨྱུག་ཤུན་ཏེ་ཟླས་དབྱེ་བའི་བསྡུ་བ་བྱའོ། །རྩྭ་དེ་དག་ལས་བྱས་པའི་ལྷམ་བཅང་བར་བྱ་བ་མ་ཡིན་ནོ། །ཡང་གི་སྒྲས་ནི་འདི་སྐད་དུ་སྡོམ་ཅན་གྱིས་རུང་བ་མ་ཡིན་པའི་པགས་པ་འབའ་ཞིག་མ་ཡིན་པ་ཤིང་ལས་ བྱས་པའི་ལྷམ་ཡང་གནང་བ་མེད་དོ་ཞེས་བཤད་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །གང་དུ་ཞེ་ན་གཙུག་ལག་ཁང་སྟེང་གནས་ཁང་ཁྱམས་རྣམས་སུ་ཞེས་བྱ་བ་སྨོས་ཏེ། གཙུག་ལག་ཁང་གི་སྟེང་སྟེ་སྟེང་གི་བླ་གབ་མེད་པ་དང་གནས་ཁང་དང་ཁྱམས་དག་ཏུ་ལོངས་སྤྱོད་པར་གནང་བ་མེད་དོ། ། རྟག་ཏུ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གནང་བ་མེད་པས་དེ་འགའ་ཞིག་ཏུ་ཡང་ཞེས་བྱ་བའི་དོན་ཏོ། །ནིའི་སྒྲ་ནི་ཤིང་གི་ལྷམ་ནམ་ཡང་གཙུག་ལག་ཁང་གི་སྟེང་ལ་སོགས་པ་དག་ཏུ་གནང་བ་མེད་དོ་ཞེས་སྔ་མ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ། །ནིའི་དམིགས་ཀྱིས་བསལ་བ་ནི། གཅི་བ་དང་བཤང་བའི་ གནས་ཕྱོགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅི་བ་དང་བཤང་བ་ནི་གཅི་བ་དང་བཤང་བའོ། །དེ་གཉིས་ཀྱི་གནས་ནི་གཅི་བ་དང་བཤང་བའི་གནས་སོ། །དེ་གཉིས་ཀྱི་ཕྱོགས་ནི་ཉེ་འཁོར་དང་ནང་ཡིན་ཏེ། དེ་དག་ཏུ་ཤིང་གི་ལྷམ་དེ་ལོངས་སྤྱོད་པ་ལ་ཉེས་པ་མེད་དོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཁྱིམ་གྱི་ནང་བཅས་མ་བསྐུས་ཞེས་བྱ་བ་སྨོས་ཏེ། ཁྱིམ་གྱི་ནང་དང་ལྷན་ཅིག་འཇུག་པའི་ཕྱིར་ཁྱིམ་གྱི་ནང་བཅས་སུའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མ་བསྐུས་པ་སྟེ་བསྐུས་པ་ལས་གཞན་པའི་ས་ཕྱོགས་དེ་ལ་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཡིན་ཏེ། བྱི་དོར་བྱས་པ་ཉིད་ལ་ནི་ཉེས་པར་འགྱུར་རོ་ཞེས་ རིག་པར་བྱའོ། །མཛེ་ཅན་གྱིས་ནི་དགེ་འདུན་ཁྲི་ལ་སོགས། །ཞེས་བྱ་བ་ལ་དགེ་འདུན་གྱི་ཁྲི་ལ་སོགས་པ་སྤང་བྱ་སྟེ། ཡོངས་སུ་ལོངས་སྤྱོད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །སོགས་པའི་སྒྲས་ནི་ཆོལ་ཟངས་ལ་སོགས་པ་བསྡུ་བའི་ཕྱིར་རོ། །དེ་བཞིན་དགེ་འདུན་ལ་སོགས་ཞེས་བྱ་བ་ལ། དགེ་འདུན་ འདུ་ཞིང་ཚོགས་པར་གྱུར་པ་ནི་དགེ་འདུན་འདུ་བ་སྟེ། དེ་ལ་སོགས་པ་གང་ཡིན་པ་དེ་ནི་དགེ་འདུན་འདུ་ལ་སོགས་པའོ། །དེ་བཞིན་གྱི་སྒྲ་ནི་ཇི་ལྟར་གོང་དུ་སྤང་བར་བྱ་ཞེས་བསྟན་པ་དེ་ལྟར་འདིར་ཡང་སྤང་བར་བྱའོ་ཞེས་བཤད་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་དགེ་འདུན་ཡོངས་སུ་ལོངས་སྤྱོད་པའི་གནས་ ཡོངས་སུ་བསྡུ་བའི་ཕྱིར་ཏེ། དཔེར་ན་གཅི་བའི་ཁང་པ་ལ་སོགས་པ་བསྡུའོ། །དགེ་འདུན་གྱིས་དེ་ཇི་ལྟར་བྱ་བ་ཡིན་ཞེ་ན། དགེ་འདུན་གྱིས་ཀྱང་དེ་ནི་དབེན་བཞག་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཛེ་ཅན་དེ་ནི་དགེ་འདུན་གྱིས་ཀྱང་ཡོངས་སུ་བསྐྱང་བར་བྱའོ། །ཇི་ལྟ་ཞེ་ན། སྨན་གྱི་སྦྱོར་བས་ཞེས་བྱ་ བ་སྨོས་ཏེ། སྨན་གྱི་སྦྱོར་བ་ནི་སྨན་གྱི་སྦྱོར་བ་སྟེ། སྨན་གྱི་སྦྱོར་བས་སྨན་སྦྱིན་པ་དང་། ནད་གཡོག་སྦྱིན་པ་དེས་ཡོངས་སུ་བསྐྱང་བར་བྱ་ཞེས་བྱ་བའི་དོན་ཡིན་ནོ། །གང་དུ་བཞག་ནས་ཤེ་ན། དབེན་ཞེས་བྱ་བ་སྨོས་ཏེ། སྐྱེ་བོ་ཉེ་བར་འཚོགས་པ་ལས་དབེན་པར་གྱུར་པར་གཞག་ཅིང་བཅུག་ནས་ཞེས་བྱ་བའི་ ཐ་ཚིག་གོ། །མཛེ་ཅན་འབའ་ཞིག་ལ་མ་ཡིན་གྱི། འོན་ཀྱང་ནད་པ་ཐམས་ཅད་ལ་སྨན་དང་། ནད་གཡོག་སྦྱིན་པས་ན་ཡོངས་སུ་བསྐྱང་བར་བྱ་བ་ཡིན་པས་ན། ནད་པ་ཐམས་ཅད་ནད་གཡོག་རྣམས་ཀྱིས་ནི། །འཚོ་བ་ཤིན་ཏུ་དཀོན་པར་བསམས་ནས་ཀྱང་། །རང་བཞིན་སྡིག་པ་མ་གཏོགས་བསྒྲིབས་ ནས་ཀྱང་། །བཅས་པའི་ཁ་ན་མ་ཐོས་བསྐྱང་བར་བྱ། །ཞེས་བྱ་བ་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ། སྲོག་གཅོད་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཡོངས་སུ་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར། བཅས་པའི་ཁ་ན་མ་ཐོ་བས་ཀྱང་ནད་པ་ཡོངས་སུ་བསྐྱང་བར་བྱ་ བ་ཡིན་ནོ། །ཡང་གི་སྒྲས་ནི་འདི་སྐད་དུ། ནད་གཡོག་ལ་སོགས་པ་སྦྱིན་པ་ལ་སོགས་པས་བསྐྱང་བ་དེ་ལྟ་ཞོག་གི །བཅས་པའི་ཁ་ན་མ་ཐོ་བས་ཀྱང་ཞེས་བྱ་བར་བསྟན་པར་འགྱུར་རོ། །བཅས་པའི་ཁ་ན་མ་ཐོ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་ཉེས་ དམིགས་བསྟན་པའི་སྒོ་ནས་བཀག་པ་མཛད་པ་ཡིན་གྱི། སྲོག་གཅོད་པ་ལ་སོགས་པ་བཞིན་དུ་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །ཅི་ཞིག་བྱས་ནས་ཤེ་ན། འཚོ་བ་ཤིན་ཏུ་དཀོན་པར་བསམས་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྡོམ་ལ་གནས་པའི་འཚོ་བ་ཤིན་ཏུ་རྙེད་པར་དཀའ་བ་ ཡིན་པར་བསམས་ཤིང་ཤེས་ནས་ཞེས་བྱ་བའི་དོན་ཏོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་འཚོ་བ་ཤིན་ཏུ་རྙེད་པར་དཀའ་བ་དེའི་ཕྱིར་ནད་པ་བསྐྱང་བར་བྱ་བ་ཡིན་ནོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་མལ་སྟན་ཆེ་མཐོ་ལས་སླར་ལྡོག་པ་སྟེ་བསླབ་པའི་གཞི་བརྒྱད་པའོ།། །། ད་ནི་བསླབ་པའི་གཞི་དགུ་པ་འཆད་པ་ཡིན་ཏེ་དེ་ལ་དང་པོར་དུས་བསྟན་ན་གང་བརྗོད་པ་དེ་ཁོ་ནས་དུས་མ་ཡིན་པ་ཡང་ཤེས་པར་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས། སྐྱ་རེངས་སྔོན་པོ་ལ་སོགས་བཟུང་ནས་ནི། །རང་གླིང་ཉི་མ་མ་ཡོལ་བར་དུ་དུས། །ཞེས་བྱ་བ་ལ་སོགས་པ་ལ། རང་གི་གླིང་གི་སྐྱ་རེངས་སྔོན་པོ་ལ་སོགས་པ་གཟུང་བ་ནས། རང་གི་གླིང་ཁོ་ནའི་ཉི་མ་མ་ཡོལ་བའི་བར་ཞས་ནི་དུས་མ་ཡིན་པའི་ཟས་ཀྱི་བསླབ་པའི་གཞིའི་སྐབས་འདིར་དུས་ཡིན་ནོ་ཞེས་བྱ་བར་སྦྱར་ཞིང་དེ་གཉི་ག་ལ་རང་གླིང་ཞེས་སྨོས་པ་མངོན་པར་སྦྱར་བར་བྱའོ། །དེ་ལ་སྐྱ་རེངས་སྔོན་པོ་ཞེས་བྱ་བ་ནམ་ མཁའ་ལ་སྔོན་པོར་སྣང་བ་ཤར་བ་དེ་དང་པོར་བྱས་ནས་བདག་ཉིད་ཀྱི་གླིང་གི་ཉི་མ་ཕྱེད་སྒང་ཞེས་བྱ་བ་དེ་ནི་འདིར་དུས་ཡིན་ནོ་ཞེས་བྱ་བའི་སྒྲ་ནི་བསྟན་མ་ཐག་པ་ལ་བསྙེགས་པའོ། །སྐྱ་རེངས་ནི་རྣམ་པ་གསུམ་སྟེ་སྐྱ་རེངས་སྔོན་པོ་དང་སྐྱ་རེངས་སེར་པོ་དང་། སྐྱ་རེངས་དམར་པོའོ། །དེ་ལ་ཐུན་ཐ་མ་ལ་ ཤར་ཕྱོགས་ནས་སྔར་བཤད་པའི་རྣམ་པ་འཆར་བ་ནི་སྐྱ་རེངས་སྔོན་པོ་ཞེས་བྱའོ། །དེའི་འོག་ཏུ་སྐྱ་རེངས་སེར་པོ་ཤར་ན་ནམ་མཁའ་ལ་སེར་པོ་རྣམ་པར་སྣང་བར་འགྱུར་བ་དེ་ནི་སྐྱ་རེངས་སེར་པོ་ཞེས་བྱའོ། །དེའི་འོག་ཏུ་སྐྱ་རེངས་དམར་པོ་ཤར་ན་ནམ་མཁའ་དམར་པོ་རྣམ་པར་སྣང་བར་འགྱུར་བ་དེ་ནི་སྐྱ་རེངས་ དམར་པོ་ཞེས་བྱ་སྟེ། དེ་ལྟར་ནི་སྐར་མའི་བསྟན་བཅོས་ལས། སྐྱ་རེངས་སྔོན་པོ་ཤར་ན་ནི། །ཤར་ཕྱོགས་སུ་ནི་སྔོར་སྣང་ཞིང་། །སྐར་མའི་གདོང་གི་འོད་ཉམས་ལ། །ནམ་མཁའ་སྔོ་སྐྱར་གྱུར་པ་ཡིན། །སྐྱ་རེངས་སེར་པོ་ཤར་ན་ནི། །དེ་ལས་ཤར་ཕྱོགས་དམར་སྐྱ་ཞིང་། །སྐར་མའི་འོད་ནི་ཆུང་ བར་འགྱུར། །ནམ་མཁའ་སེར་སྐྱར་འགྱུར་བ་ཡིན། །སྐྱ་རེངས་དམར་པོ་ཤར་ན་ནི། །སྐར་མའི་འོད་ནི་མེད་གྱུར་པས། །མཚམས་ཉིད་སྐྱ་རེངས་དག་ཏུ་ཤར། །ཉི་མ་འཆར་ཕྱིར་མཚམས་ཀྱང་ཡིན། །ཞེས་འབྱུང་བ་ཡིན་ནོ། །ལྷག་མ་འདི་ཙམ་ལུས་པའི་དུས་སུ་སྐྱ་རེངས་སྔོན་པོ་འཆར་བར་ འགྱུར་རོ་ཞེས་འཇིག་རྟེན་པ་དག་ལས་དེ་དག་ཤེས་པ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་འདི་ལ་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་ཟས་སུ་མ་གསུངས་སོ། །དེ་ལྟར་ཡང་མཚན་གྱི་བརྒྱད་ཆ་གཅིག་ལུས་པ་ན་རྒྱལ་པོའི་ཐུན་ཚོད་ཀྱིས་རྔ་བརྡུང་བར་བྱའོ་ཞེས་སྐར་མའི་བསྟན་བཅོས་ ལས་རྣམ་པར་གཞག་པ་དེའི་ཕྱིར་འདིར་ཡང་ཚུལ་འདི་ཉིད་ཡིན་པར་རིག་པར་བྱའོ། །རང་གླིང་སྨོས་པ་ནི་གླིང་གཞན་རྣམ་པར་བཅད་པའི་ཕྱིར་རོ། །དེ་ལྟར་ནི། མཚན་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་འབྱུང་བ་ཡིན་ཏེ། གང་བྱང་གི་སྒྲ་མི་སྙན་དུ་མཚན་ཕྱེད་དུ་ གྱུར་པ་དེའི་ཚེ་ཤར་གྱི་ལུས་འཕགས་སུ་ཉི་མ་ནུབ་ལ་དེ་ཉིད་ཀྱི་ཉི་མ་ཕྱེད་ན་འཛམ་བུའི་གླིང་དང་། ནུབ་ཀྱི་བ་གླང་སྤྱོད་དག་ཏུ་ཡང་ཉི་མ་ཤར་བར་འགྱུར་རོ་ཞེས་བྱ་བ་དེ་ལྟར་དུས་གཅིག་ཁོ་ནར་འགྱུར་རོ། །དེ་བཞིན་དུ་བཟློག་པའི་སྒོ་ནས་ཐམས་ཅད་ལ་སྦྱར་བར་བྱའོ། །དེའི་ཕྱིར་རང་གི་གླིང་གི་དུས་ ཀྱི་ཞེས་བྱ་བའི་དབང་དུ་བྱས་ནས། གང་ཞིག་འཛམ་བུའི་གླིང་དུ་སྐྱེས་པ་དེ་གླིང་གཞན་དུ་འགྲོ་ན་ཡང་རང་གི་གླིང་གི་དུས་ཀྱི་དབང་གིས་མཚན་ཕྱེད་དང་ཉི་མ་ནུབ་པའི་དུས་སུ་ཡང་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །གླིང་གཞན་ན་གནས་པའི་ཡང་ཚུལ་ནི་འདི་ཉིད་ཡིན་པར་ཁོང་དུ་ ཆུད་པར་བྱའོ། །ཇི་སྟེ་དུས་མ་ཡིན་པར་སྒྲེགས་པ་བྱུང་ན་ཇི་ལྟར་བྱ་བ་ཡིན་ཞེ་ན། ཇི་སྟེ་སྒྲེགས་པ་བྱུང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟོས་པ་སློན་ཐབས་སུ་བྱུང་བ་ནི་སྒྲེགས་པ་ཡིན་ནོ། །དེ་གལ་ཏེ་བྱུང་ཞིང་འོངས་ནས་སྒྲེགས་པ་བོར་ནས་གུས་པར་བྱས་ཏེ། རུང་བའི་ཆུས་ཁ་བཤལ་ བར་བྱ་ཞིང་དུས་མ་ཡིན་པར་དུས་མ་ཡིན་པའི་ཟས་ཀྱི་ཉེས་པར་འགྱུར་བ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །དུས་སུ་ཡང་བཀྲུ་བ་ནི་ཟང་ཟིང་གི་དྲི་མ་ཡོངས་སུ་སྤང་བའི་ཕྱིར་རོ་འོན་ཀྱང་མ་བྱས་ན་ནི་དུས་མ་ཡིན་པའི་ཟས་ཀྱི་ཉེས་པར་འགྱུར་རོ། །ཇི་སྟེ་ཞེས་ བྱ་བ་ནི་གལ་ཏེའི་དོན་ཡིན་ནོ། །སྡོམ་ཅན་གང་ཞིག་བ་ལང་དང་འདྲ་བར་མིད་པ་གཉིས་ཡོད་དེ། གཅིག་གིས་ནི་ཟས་ཟ་བར་བྱེད་ལ་གཉིས་པས་ནི་སྐྱུགས་ལྡད་འབྱིན་པར་བྱེད་ན་དེ་ཇི་ལྟར་བྱ་བ་ཡིན་ཞེ་ན། མིད་པ་གཉིས་ཡོད་ན་ནི་ཅི་དགར་མིད་ཅེས་བྱ་བ་སྨོས་ཏེ། མིད་པ་གཉིས་གང་ལ་ཡོད་པ་ དེ་ནི་མིད་པ་གཉིས་ཡོད་པ་སྟེ་བ་ལང་དང་འདྲ་བར་དེ་ལྟ་བུར་གྱུར་པ་དེས་སྒྲེགས་པ་མིད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ཞེ་ན། ཅི་དགར་ཞེས་བྱ་བ་སྨོས་ཏེ་ཇི་ལྟར་དགའ་བ་སྟེ་འདོད་པ་མ་བཟླས་པས་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་དུས་མ་ཡིན་པར་མིད་པ་གཉིས་ཡོད་པས་ཀྱང་སྒྲེགས་པ་གཅིག་ བོར་ལ་རུང་བའི་ཆུས་ཁ་བཀྲུས་ལ་ཕྱིས་ཇི་ལྟར་འདོད་པར་མིད་པར་བྱའོ་ཞེས་བྱ་བའི་དོན་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ནིའི་སྒྲ་ནི་སྔ་མ་ལ་བྱེ་བྲག་ཏུ་བྱ་བའི་དོན་ཏོ། །ལས་ཀྱི་དབང་གིས་བ་གླང་བདག་བཞིན་དུ། །ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་བ་གླང་བདག་ལ་མིད་པ་གཉིས་ ཡོད་པས། བཅོམ་ལྡན་འདས་ཀྱིས་སྒྲེགས་པ་མིད་པར་གྱིས་ཤིག་ཅེས་རྗེས་སུ་གནང་བ་མཛད་པ་དེ་བཞིན་དུ་གཞན་དེ་ལྟ་བུར་གྱུར་པས་ཀྱང་བྱས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི། སྡོམ་ལ་གནས་པའི་ཚེ་ནི་ཉིན་གཅིག་ཀྱང་། །ཞེས་བྱ་བ་ལ་སོགས་པས་དུས་མ་ཡིན་པའི་ཟས་དམིགས་ཀྱིས་ བསལ་བ་ཡིན་ཏེ། གང་གི་ཕྱིར་བསྟན་པ་འདི་ལ་རབ་ཏུ་བྱུང་བ་དག་ནི་ཚེ་སྟེ་སྲོག་ནི་ཉིན་གཅིག་སྟེ་ཉི་མ་གཅིག་ཙམ་ཡང་འདོད་ཅིང་དགོས་པ་ཡིན་གྱི་ཡུན་རིང་པོ་འབའ་ཞིག་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་གི་དོན་ཏོ། །གང་ལ་ཞེ་ན། སྡོམ་ལ་གནས་པ་ཞེས་བྱ་བ་སྨོས་ཏེ། སྡོམ་པ་ནི་ བསྟན་པ་འདི་ལ་རབ་ཏུ་བྱུང་བའི་བསླབ་པའི་གཞི་ཡིན་ནོ། །དེ་ལ་གནས་པའི་ཕྱིར་སྡོམ་ལ་གནས་པ་ཞེས་བྱའོ། །གང་གི་ཕྱིར་དེ་ཇི་སྲིད་འཚོ་བར་གྱུར་པ་དེ་སྲིད་དུ་བསོད་ནམས་འཕེལ་བར་འགྱུར་རོ་ཞེས་བྱ་བའི་དབང་དུ་བྱས་ནས་དེ་ལྟ་བུར་གྱུར་པ་དེ་ལ་ཞེས་བརྗོད་པར་བྱའོ། །གང་གི་ཕྱིར་དེ་ལྟ་བུར་ གྱུར་པ་དེའི་ཕྱིར་ནད་པ་ལ་མཁས་པའི་ལུང་ཉིད་བཟའ་བའི་དུས་ཡིན་ལ་ལུང་འབོགས་པར་བྱེད་པའི་ཕྱིར་ལུང་སྟེ་བཟའ་བའི་དུས་སུའོ། །མཁས་པ་ཞེས་བྱ་བ་ནི་སྨན་པ་ཁོ་ན་ལ་མི་བྱའི་འོན་ཀྱང་གཞན་དག་ཀྱང་ཡིན་ཏེ། གང་འགའ་ཞིག་གིས་ནད་པའི་བཟའ་བའི་དུས་ཤེས་པར་བྱས་ནས་ལུང་འབོགས་ པར་བྱེད་ན་དེ་ཉིད་མཁས་པ་ཡིན་ལ། བདག་ཉིད་ཀྱིས་ཀྱང་ཤེས་པར་བྱས་ནས་འདི་ནི་ངའི་བཟའ་བའི་དུས་ཡིན་ནོ་ཞེས་ལུང་སྟོན་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་མཁས་པ་ཞེས་སྨྲས་པ་ཡིན་ནོ། །འདི་སྐད་དུ་གང་ཞིག་གིས་ནད་པ་ལ་ཕན་པའི་དུས་ཤེས་པ་དེ་ཉིད་ལ་སྨན་པ་ཞེས་བྱའོ་ཞེས་བསྟན་པར་འགྱུར་རོ། །དང་ནི་ཚིག་ གི་ཁ་བསྐང་བའོ། །རབ་ཏུ་གནོད་གྱུར་པ་ལ་དུས་མིན་མེད། །ཅེས་བྱ་བ་ལ། རབ་ཏུ་གནོད་པ་ནི་མུ་གེ་དང་མི་ངས་ཀྱི་དགོན་པ་ཡིན་ཏེ། དུས་གང་གི་ཚེ་ཆོས་སྟོན་མི་རྙེད་པ་དེ་ལྟ་བུར་གྱུར་པ་ཐོབ་ཅིང་རྙེད་པ་དེ་ལ་ནི་རྣམ་པ་ཐམས་ཅད་དུ། དུས་མ་ཡིན་པ་ཡོད་པ་མ་ཡིན་པས་དེ་ལ་གང་གི་ཚེ་རྙེད་པར་ གྱུར་པ་དེའི་ཚེ་ཡོངས་སུ་སྤྱད་པར་བྱ་ཞིང་མི་ངས་ཀྱི་དགོན་པར་ཡང་དུས་མ་ཡིན་པར་འབྲས་བུ་དང་རྩ་བ་དག་ཡོངས་སུ་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །འདི་ལ་ཡང་སྡོམ་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའི་རྒྱུ་བརྗོད་པར་བྱ་བ་ཡིན་ནོ། །འདུལ་བ་ལས་ཉ་དང་ཤ་ བཟའ་བར་གསུངས་པ་དེ་ཁྱད་པར་ཇི་ལྟ་བུ་བཟའ་བར་བྱ་བ་ཡིན་ཞེ་ན། དམ་པས་ཉ་དང་ཤ་གནང་གང་ཡིན་པ། །གནོད་དང་བརྩེ་མེད་རོ་ལ་སོགས་ཆགས་དང་། །ཡོངས་སུ་བཙལ་བའི་སེམས་རྣམས་སྤངས་ནས་ཀྱང་། །ལྷུང་བཟེད་འོངས་པ་བརྟགས་ཏེ་བཟའ་བར་བྱ། །ཞེས་བྱ་བ་སྨོས་ཏེ། དམ་པ་ སྟེ་འཇིག་རྟེན་པའི་དྲང་སྲོང་དག་གིས་གནང་བའི་བཟའ་བར་བྱ་བ་གང་ཡིན་པ་དེ་བརྟགས་ནས་བཟའ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་འོངས་པ་ཞེས་བྱ་བའི་ཚིག་གིས་ཉ་དང་ཤ་དག་བྱེད་པ་དང་བྱེད་དུ་བཅུག་པ་ལ་བཀག་པ་ཡིན་ཏེ། གང་གི་ཕྱིར་བདག་ཉིད་སྒྲུབ་ཅིང་འཚེད་པ་དང་གཞན་བྱེད་དུ་བཅུག་ པས་ཉ་དང་ཤ་དག་བཟའ་བར་མི་བྱའི་འོན་ཀྱང་ཟས་ལ་བཀད་པའམ་བསོད་སྙོམས་ལ་འཇུག་པ་ན་ལྷུང་བཟེད་དུ་འོངས་པར་གྱུར་པ་ཅང་མི་སྨྲ་བའི་སྒོ་ནས་དེ་ལྟ་བུར་གྱུར་པ་དེ་ཡོངས་སུ་ཟོས་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །ཇི་ལྟར་བཟའ་བར་བྱ་བ་ཡིན་ཞེ་ན། གནོད་པ་དང་བརྩེ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གནོད་པ་དང་བརྩེ་བ་མེད་པ་དང་། རོ་ལ་སོགས་པ་ལ་ཆགས་པ་དང་། ཡོངས་སུ་བཙལ་བ་སྟེ་ཟླས་དབྱེ་བའི་བསྡུ་བའོ། །གནོད་པ་ལ་སོགས་པ་དང་ལྡན་པ་ཡང་དེ་དག་ཡིན་ལ། སེམས་ཀྱང་ཡིན་པས་ཞེས་བྱ་བའི་བར་གྱི་ཚིག་ཕྱི་མར་བྱ་སྟེ། ཁྱད་པར་གྱི་བསྡུ་བ་ཡིན་ནོ། །དེ་ལྟ་བུར་གྱུར་པ་དེས་ རྣམ་པར་སྤངས་ནས་ཀྱང་དེ་བཟའ་བར་བྱའི། འོན་ཀྱང་བཙལ་བས་ནི་མ་ཡིན་ནོ། །དེ་ལ་གནོད་པ་ནི་སེམས་ཅན་ལ་འཚེ་བའོ། །བརྩེ་བ་མེད་པ་ནི་སེམས་ཅན་གྱི་ཡུལ་ལ་སྙིང་རྗེ་དང་བྲལ་བས་སྙིང་བརྩེ་བ་མེད་པའོ། །རོ་ལ་སོགས་ཆགས་ཞེས་བྱ་བ་ནི་དྲི་དང་རོ་ལ་སོགས་པ་ལ་སྲེད་པར་གྱུར་པའོ། །ཡོངས་ སུ་བཙལ་བ་ནི་གང་ནས་རྙེད་པར་འགྱུར་སྙམ་པའི་སེམས་ཀྱིས་གང་ལུས་དང་ངག་གིས་ཡོངས་སུ་བཙལ་བ་སྟེ་ཚོལ་བར་བྱེད་པ་ཡིན་ནོ། །ལྷུང་བཟེད་འོངས་པ་ཞེས་བྱ་བ་སྨོས་པ་ཉིད་ཀྱིས་བཀག་པ་ཉིད་ཡིན་པའི་ཕྱིར་རོ། །ཇི་སྟེ་ཡང་བཅོམ་ལྡན་འདས་ཀྱིས་མ་གསུངས་པ་དེ་ལྟ་ན་ཡང་བཟའ་བ་ལོངས་ སྤྱོད་པའི་ཆོ་ག་གཞན་ལ་ཡང་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ནི་ཟས་ལ་ནི་སྨན་གྱི་འདུ་ཤེས་གཞག་པར་བྱ་ཞིང་བདག་ཉིད་ལ་ནི་ནད་པའི་འདུ་ཤེས་གཞག་པས་བཟའ་བར་བྱའི། གཞན་དུ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཤ་ལ་སོགས་པ་ཤིན་ཏུ་ལེགས་པར་བཀག་པ་ ཡིན་ནོ། །གང་གི་ཕྱིར་བཟའ་བ་ཙམ་གྱི་རོ་ལ་ཆགས་པ་ཡང་ཅུང་ཟད་ལྟོགས་པ་བསལ་བའི་ཕྱིར། བཟའ་བར་བྱེད་པ་ཉིད་ཡིན་པ་དེ་ལྟ་བུ་དེ་ཡང་བཀག་པ་ཡིན་ནོ། །འོན་ཀྱང་རོ་ལ་ཆགས་པས་ཤ་ཡོངས་སུ་ལོངས་སྤྱོད་པ་ཡིན་པ་དེའི་ཕྱིར་ཡང་འདིར་ཕྲ་བ་བཀག་པས་རགས་པ་བཀག་པ་ཤིན་ཏུ་ལེགས་ པར་བྱ་བར་རིག་པར་བྱའོ། །གང་དུ་ཉེས་པ་དེ་དག་མེད་པ་དེར་ནི་ཟས་དང་འདྲ་བར་བྲུ་བ་ཚ་བ་ཟློག་པ་ཉིད་ཀྱི་ཕྱིར་ཉེས་པ་མེད་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། ནས་ཆན་འབྲས་ཆན་ཁུར་བ་ཉ་དང་ཤ། །སྲོག་གནས་ཕྱིར་ནི་འདི་དག་བཟའ་བར་གསུངས། །ཞེས་འཆད་པར་འགྱུར་རོ། །དགེ་ཚུལ་བའི་སྨན་ ནི་རྣམ་པ་གཉིས་ཏེ། དུས་སུ་རུང་བ་དང་། དུས་སུ་རུང་བ་མ་ཡིན་པའོ། །དུས་སུ་རུང་བ་དེ་ཡང་རྣམ་པ་གཉིས་ཏེ། བཟའ་བར་བྱ་བ་དང་བཅའ་བར་བྱ་བའོ། །དེ་ལ། ནས་ཆན་འབྲས་ཆན་ཁུར་བ་ཉ་དང་ཤ། །ཞེས་བྱ་བ་ལ་སོགས་པས་བཟའ་བ་འཆད་པར་བྱེད་པ་ཡིན་ཏེ། ནས་ཆན་དང་འབྲས་ཆན་དང་ཁུར་བ་ དང་ཉ་དང་ཤ་ནི་ཞེས་བྱ་བ་ནི་ཟླས་དབྱེ་བའི་བསྡུ་བའོ། །ནས་ཆན་ལ་སོགས་པ་དེ་དག་ནི་རབ་ཏུ་བྱུང་བའི་སྲོག་གནས་ཕྱིར་ཏེ། སྲོག་གནས་པའི་དོན་དུ་བཟའ་བ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །དེ་ལ་ནས་ཆན་ནི་ཏིལ་དང་མ་ཤ་དང་འབྲས་དག་ལས་གྲུབ་པའོ། ། ཁུར་བ་ནི་སྣུམ་ཁུར་རོ། །ལྷག་མ་དག་ནི་གྲགས་པ་ཡིན་ནོ། །འདི་སྐད་དུ་བཤད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་དག་གི་སྲོག་གནས་པའི་ཕྱིར་སྨན་གྱི་ཚུལ་དུ་བཟའ་བར་བྱའོ་ཞེས་གསུངས་པ་དེ་ཉིད་ཀྱི་ཕྱིར་ཟས་ལ་སྨན་ཞེས་བྱའོ། །སྡོང་བུ་འབྲས་བུ་ཨུཏྤལ་ལ་སོགས་རྩ། །ཞེས་བྱ་བ་ ལ་སོགས་པས་བཅའ་བར་བྱ་བ་འཆད་པར་བྱེད་པ་ཡིན་ཏེ། བུ་རམ་ཤིང་གི་སྡོང་བུ་ནི་བཅའ་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་ནི་ཆུ་ཤིང་གི་འབྲས་བུ་ལ་སོགས་པ་དང་། མ་ཤའི་གོང་བུ་ལ་སོགས་པའོ། །ཨུཏྤལ་ལ་སོགས་རྩ་ཞེས་བྱ་བ་ལ། །ཨུཏྤལ་ལ་སོགས་པའི་རྩ་བ་གང་ཡིན་པ་དེ་ནི་ བཅའ་བར་བྱ་བ་ཡིན་ནོ། །ཨུཏྤ་ལ་ཞེས་བྱ་བས་ནི་ཨུཏྤ་ལ་སྔོན་པོ་དང་ཨུཏྤལ་དམར་པོ་གཟུང་ངོ་། །སོགས་པའི་སྒྲས་ནི་པད་མ་ལ་སོགས་པ་གཟུང་ངོ་། །བཅའ་བ་ནི་རྣམ་པ་གཉིས་ཏེ་དུས་སུ་རུང་བ་དང་། དུས་སུ་རུང་བ་མ་ཡིན་པའོ། །དེ་ཁྱད་པར་དུ་བྱ་བའི་དོན་དུ་དེ་དག་སྔ་དྲོའི་དུས་སུ་བཅའ་བར་བྱ་ཞེས་ བྱ་བ་སྨོས་སོ། །བསྟན་མ་ཐག་པ་དེ་དག་ནི་སྔ་དྲོའི་དུས་སུ་ཞེས་བྱ་བ་ལ་དེ་དག་ཅེས་བྱ་བའི་སྒྲ་ཕྱིས་པ་ཡིན་པར་རིག་པར་བྱའོ། །ནིའི་སྒྲ་ནི་དུས་མ་ཡིན་པ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །ད་ནི། དུས་ཀྱི་མ་ཡིན་རུང་བའི་ཆུས་འདྲེས་པ། །ཞེས་བྱ་བ་ལ་སོགས་པས་དུས་མ་ཡིན་པར་རུང་བ་རྗོད་པར་བྱེད་ དེ། ཆུ་ཤིང་འབྲས་བུ་ལ་སོགས་པའི་བཏུང་བ་ནི་ཆུ་ཤིང་གི་འབྲས་བུ་ལ་སོགས་པའི་བཏུང་བ་སྟེ། གང་ཆུ་ཤིང་གི་འབྲས་བུ་ལ་སོགས་པ་ལས་བྱས་པར་གྱུར་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཚགས་བཙགས་ཞེས་བྱ་བ་སྨོས་ཏེ། ཚགས་ལས་བཙགས་པ་ནི་ཚགས་བཙགས་ཏེ་ཆུ་ཚགས་ལས་ བཙགས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཁྱད་པར་དུ་བྱེད་པ་ནི་རུང་བའི་ཆུས་འདྲེས་པ་ཞེས་བྱ་བ་སྨོས་ཏེ། དུས་མ་ཡིན་པར་རུང་བ་གང་ཡིན་པ་དེ་ལ་རུང་བའི་ཆུས་འདྲེས་ཤིང་གཏོང་བ་སྟེ། དེ་ལྟ་བུར་གྱུར་པའི་བཏུང་བ་ནི་དུས་མ་ཡིན་པར་རུང་བ་ཡིན་པར་རིག་པར་བྱའོ། །དེ་ལ་ཚགས་ བཙགས་ཞེས་བྱ་བ་ནི་བཏུང་བའི་རྫས་དུས་སུ་རུང་བ་ཉིད་ཡིན་པའི་ཕྱིར། ཚགས་ལས་བཙགས་པ་དུས་མ་ཡིན་པ་དག་ཏུ་འཐུངས་ན་ཡང་ཉེས་པ་མེད་པར་ཤེས་པར་བྱའོ། །སོགས་པའི་སྒྲས་ནི་རྒུན་འབྲུ་ལ་སོགས་པའི་བཏུང་བའི་རྫས་དག་སྡུད་པ་ཡིན་ནོ། །དེ་བཞིན་དུ། དར་བ་དང་ནི་དར་བས་དང་ བ་སྟེ། །རྙོག་པ་མེད་པ་ཞེས་བྱ་བའི་བར་དུའོ། །དེ་ལྟ་བུར་གྱུར་པའི་དར་བ་དང་བ་ཚགས་ལས་བཙགས་པ་རུང་བའི་ཆུས་འདྲེས་པ་དེ་ཁོ་ན་བཞིན། དུས་མ་ཡིན་པར་རུང་བ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་འདས་མ་ཐག་པ་ཐམས་ཅད་ལ་ཤེས་པར་བྱའོ། །དེ་ལྟར། རྩབ་མོ་ཞོ་ག་ཆུ་དང་བཅོས་ཚ་ དང་། །ཞེས་བྱ་བ་ནི་གཅིག་བཞིན་དུ་གྱུར་པའི་ཟླས་དབྱེ་བའི་བསྡུ་བའོ། །དེ་ལྟ་བུར་གྱུར་པ་དེ་དག་ནི་དུས་མ་ཡིན་པར་རུང་བ་མ་ཡིན་པར་རིག་པར་བྱའོ། །ཞོ་ག་ཆུ་ཞེས་བྱ་བ་ནི་ཞོའི་ཞོ་ག་ཆུའོ། །དེ་བཞིན་དུ། བུ་རམ་ཤིང་ཁུ་དེ་བཞིན་ཚྭ་གང་ཡིན། །ཞེས་བྱ་བ་ལ། དེ་ལྟ་བུར་གྱུར་པ་ཚགས་ལས་ བཙགས་ཤིང་རུང་བའི་ཆུས་གཏོར་བ་སྔ་མ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་དུས་མ་ཡིན་པར་རུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བཅོས་པའི་ཚ་ནི་ཇི་ལྟར་བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་ཀུན་དུ་སྦྱར་བའི་བཅོས་པའི་ཆང་ཉམས་ཤིང་སྐྱུར་པོར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ། གང་ཞིག་འབྲུ་དང་བཅས་པའི་ཀོ་ཏྲ་བ་ལ་སོགས་པ་ལས་བྱས་པ་སྦྱར་བའི་ཆང་གི་རྫས་ཉམས་ཤིང་སྐྱུར་པོར་གྱུར་པ་གང་ཡིན་པ་ལ་འབྲུ་ཚ་ཞེས་བྱའོ། །བུ་རམ་སྦྲང་རྩི་ཏིལ་མར་མར་སར་དང་། །ཁཎྜ་ཞག་དང་ཁ་རར་བཅས་པ་ཉིད། །ཅེས་བྱ་བ་ལ། བུ་རམ་དང་སྦྲང་རྩི་དང་ཏི་ལ་མར་དང་མར་ སར་དང་ཁཎྜ་དང་ཁ་རར་བཅས་པ་ཉིད་དང་། ཕག་ལ་སོགས་པ་རུང་བའི་ཤར་འདོད་པའི་ཞག་ནི། བུ་རམ་སྦྲང་རྩི་ཏིལ་མར་མར་སར་ལ་སོགས་པ་སྟེ། དེ་དག་ཐམས་ཅད་ནི་བཙགས་ཤིང་དང་བའི་ཆུས་གཏོར་བ་དེ་ལྟ་བུར་གྱུར་པ་དག་དང་། བུ་རམ་ལ་སོགས་པ་ལ་རུང་བའི་ཆུས་གཏོར་བ་དག་ ནི་དུས་མ་ཡིན་པར་རུང་བ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །བཅས་པ་ཉིད་ཅེས་བྱ་བ་ནི་ཁ་ར་དང་བཅས་པའི་ཁཎྜ་དུས་མ་ཡིན་པར་རུང་བ་ཡིན་ཏེ། འདི་སྐད་དུ་ཇི་ལྟར་ཁཎྜ་དུས་མ་ཡིན་པར་རུང་བ་ཡིན་པ་དེ་བཞིན་དུ་ཁ་ར་ཡང་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དང་ནི་སྡུད་པའི་དོན་ཡིན་ནོ། །ཡུང་ དང་སྒེ་གཤེར་གླ་སྒང་ལ་སོགས་རྩ་དེ་བཞིན་ནོ། །ཞེས་བྱ་བར་སྦྱར་ཏེ། རྩ་བ་ཡང་དེ་བཞིན་དུ་དུས་མ་ཡིན་པར་རུང་བ་ཡིན་ནོ། །གང་ཞེ་ན། ཡུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུང་དང་སྒེ་གཤེར་དང་གླ་སྒང་ལ་སོགས་པ་དང་ཞེས་བྱ་བ་ནི་གཅིག་བཞིན་དུ་གྱུར་པའི་ཟས་དབྱེ་བའི་དོན་ཏོ། ། སོགས་པའི་སྒྲས་ནི་བོང་ང་དཀར་པོ་ལ་སོགས་པ་རྩ་བར་གྱུར་པ་དག་གཟུང་ངོ་། །དེ་བཞིན་དུ་སྡོང་བུ་ཡང་དུས་མ་ཡིན་པར་རུང་བ་ཡིན་པར་རིག་པར་བྱའོ། །གང་ཞེ་ན། གུ་རུ་ཙི་དང་ཙན་དན་སོགས་སྡོང་བུ། །ཞེས་བྱ་བ་སྨོས་ཏེ། གུ་རུ་ཙི་དང་ཙན་དན་དམར་པོ་ལ་སོགས་པ་དང་ཞེས་སྔ་མ་བཞིན་ དུ་བསྡུ་བར་བྱའོ། །ཙན་དན་ནི་ཙན་དན་དམར་པོ་ཡིན་ནོ། །སོགས་པའི་སྒྲས་ནི་སྲེག་ཤིང་ལ་སོགས་པ་སྡོང་བུའི་སྨན་གྱི་རང་བཞིན་དུ་གྱུར་པ་བསྡུ་བ་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ལོ་མ་དུས་མ་ཡིན་པར་རུང་བ་བཞེད་ཅིང་དགོངས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །གང་ ཡིན་ཞེ་ན། ནིམ་པ་པ་ཏོ་ལ་སོགས་ཞེས་བྱ་བ་སྨོས་པ་ཡིན་ནོ། །སོགས་པའི་སྒྲས་ནི་བ་ཤ་ཀ་ལ་སོགས་པ་བསྡུས་པ་ཡིན་ནོ། །དེ་བཞིན་དུ་མེ་ཏོག་དག་དུས་མ་ཡིན་པར་རུང་བ་ཡིན་པར་ཤེས་པར་བྱའོ། །གང་དག་ཡིན་ཞེ་ན། བ་ཤ་ཀ་དང་དྷ་ན་ཀ་ལ་སོགས་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། །སོགས་ པའི་སྒྲ་ནི་འདིར་ཕྱིས་པ་ཡིན་པར་བལྟ་བར་བྱ་སྟེ། ཀོ་ཤ་ཏ་ཀི་ལ་སོགས་པ་བསྡུ་བའི་ཕྱིར་རོ། །འབྲས་བུ་དུས་མ་ཡིན་པར་རུང་བ་ཡིན་པར་རྟོགས་པར་བྱའོ། །ཨ་རུ་བ་རུ་སྐྱུ་རུ་ན་ལེ་ཤམ། །ཞེས་བྱ་བ་ལ་སོགས་པས་དེ་འཆད་པར་བྱེད་དེ། ཨ་རུ་ར་དང་། བ་རུ་ར་དང་། སྐྱུ་རུ་ར་དང་། ན་ལེ་ཤམ་ དང་། ཞེས་སྔ་མ་བཞིན་དུ་བསྡུ་བ་བྱའོ། །ཀ་ཀོ་ལ་དང་སུག་སྨེལ་པི་པི་ལིང་འབྲས་དང་། །ཞེས་བྱ་བ་ལ་ཀ་ཀོ་ལ་དང་། སུག་སྨེལ་དང་། པི་པི་ལིང་སྟེ། དེ་དག་ཐམས་ཅད་དུས་མ་ཡིན་པར་རུང་བ་ཡིན་པར་རིག་པར་བྱའོ། །དང་གཅིག་ནི་སྡུད་པར་བྱེད་པ་ཡིན་ལ། གཉིས་པ་དང་། ཡང་གི་སྒྲ་ནི་ཚིག་གི་ཁ་བསྐང་བ་ཡིན་ནོ། །འགྱུར་བྱེད་དུས་མ་ཡིན་པར་རིག་པར་བྱའོ། །གང་ཞེ་ན། ཏིལ་སོགས་ཐལ་བ་དང་ནི་ལན་ཚྭ་ལྔ། །ཞེས་བྱ་བ་སྨོས་པ་ཡིན་ནོ། །སོགས་པའི་སྒྲས་ནི་ནས་ལ་སོགས་པ་གཟུང་ངོ་། །དུས་སུ་རུང་བ་མ་ཡིན་པའི་ལན་ཚྭ་ནི་ལྔ་སྟེ། རྒྱམ་ཆ་དང་། ཁ་རུ་ ཚ་དང་། རྩལ་རུ་ཚ་དང་། ལན་ཚྭ་དང་། རྒྱ་མཚོའི་ཚའོ། །ཐང་ཆུ་དུས་སུ་རུང་བ་མ་ཡིན་པ་གང་ཞེ་ན། ཤིང་ཀུན་སྤྲ་ཚིལ་སྲ་རྩི་རྒྱ་སྐྱེགས་དག །ཅེས་བྱ་བ་སྨོས་ཏེ། ཤིང་ཀུན་དང་། སྤྲ་ཚིལ་དང་། སྲ་རྩི་དང་། རྒྱ་སྐྱེགས་ཞེས་སྔ་མ་བཞིན་དུ་བསྡུ་བར་བྱའོ། །སྲ་རྩི་ནི་སརྫ་ར་ས་ཡིན་ནོ། ། སྤྲ་ཚིལ་ནི་སྦྲང་རྩིའི་སྤྲ་ཚིལ་ལོ། །བཏུང་བ་ལ་སོགས་པ་གང་ཡིན་པ་དེ་ཐམས་ཅད་ནི་གཞན་རིགས་འདྲ་བའི་སྨན་གང་དག་གི་ཉེ་བར་མཚོན་པར་བྱེད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར། བྲུ་བ་བསལ་ཕྱིར་བཟའ་མིན་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་བྲུ་བ་སྟེ། ལྟོགས་པ་བསལ་བའི་གཉེན་པོའི་དོན་དུ་བཟའ་བར་བྱ་བ་མ་ཡིན་པའི་རྫས་གང་ཡིན་པ་དེ་ནི་དུས་སུ་རུང་བ་མ་ཡིན་པའི་སྨན་དུ་མ་ཤིའི་བར་དུ་གསུངས་པ་བཞིན་བསྟན་པ་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་ཟས་དང་འདྲ་བ་བྲུ་བ་བསལ་བའི་ཕྱིར་བཟའ་བར་བྱ་བ་མ་ཡིན་གྱི་ འོན་ཀྱང་ནད་ཀྱི་ཕྱིར་ཨ་རུ་ར་ལ་སོགས་པ་དང་འདྲ་བར་དུས་སུ་རུང་བ་མ་ཡིན་པའི་སྨན་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སམ་འདུལ་བ་ལ་མཁས་པ་དག་གིས་ཇི་སྲིད་འཚོ་བར་གསུངས་པ་ཡིན་ནོ། །མ་ཤིའི་བར་དུ་ཞེས་བྱ་བ་ནི་ཤི་བ་ལ་ཐུག་པའི་བར་དུ་རུང་བ་ཡིན་ནོ་ཞེས་བྱ་བའི་དབང་ དུ་བྱས་པ་དེ་ཉིད་ཀྱི་ཕྱིར་ཇི་སྲིད་འཚོ་བ་ཞེས་བྱ་བ་ཡིན་ལ། ཇི་སྲིད་འཚོ་བ་རུང་བ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་དུས་མ་ཡིན་པར་ཡང་བཟར་རུང་བའི་ཕྱིར་དུས་སུ་རུང་བ་མ་ཡིན་པ་མ་ཡིན་ནོ། །གང་གི་ཚེ་དུས་སུ་རུང་བ་མ་ཡིན་པ་ལ་དུས་སུ་རུང་བ་འདྲེས་པར་གྱུར་ན་དེ་ཇི་ལྟར་ལོངས་སྤྱོད་པར་བྱ་བ་ཡིན་ཞེ་ན། དུས་མིན་པ་ལ་དུས་རུང་གང་འདྲེས་པ། །དེ་དག་དུས་ཀྱི་དབང་དུ་བཟའ་བར་བྱ། །ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་དུས་སུ་རུང་བ་མ་ཡིན་པ་ལ་དུས་སུ་རུང་བ་ཟས་འདྲེས་པར་འགྱུར་བ་དེ་ནི་དུས་སུ་རུང་བ་ཁོ་ནའི་དབང་དུ་བཟའ་བར་བྱ་བ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །འདི་སྐད་དུ་དུས་སུ་རུང་བ་དང་འདྲེས་པ་གང་ ཡིན་པ་དེ་གལ་ཏེ་དུས་སུ་རུང་བ་དེ་དང་ཐ་དད་པར་བྱེད་ནུས་པ་ནི་གང་བུ་རམ་ལ་སོགས་པ་ལ་འབྲས་ལ་སོགས་པ་ཞུགས་པར་གྱུར་པ་བཀྲུས་ནས་ཟང་ཟིང་མེད་པར་བྱེད་པར་ནུས་པ་དེའི་ཚེ་དུས་སུ་རུང་བ་མ་ཡིན་པར་རིག་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །ཉིད་ནི་ངེས་པར་གཟུང་བའོ། །ད་ནི་དུས་མིན་ཕྱོགས་ ནི་ཞེས་བྱ་བ་ལ་སོགས་པས་དུས་མ་ཡིན་པའི་ཟས་ཀྱི་ཕྱོགས་བརྗོད་པ་ཡིན་ནོ། །དུས་མ་ཡིན་པའི་ཟས་ཀྱི་ཕྱོགས་སུ་གཏོགས་པ་སྟེ། ཟས་ཀྱི་སྒྲ་ཕྱིས་པ་ཡིན་ནོ། །གང་ཞེ་ན། སྣོད་གཅིག་བཟའ་ཞེས་བྱ་བ་སྨོས་ཏེ། སྣོད་གཅིག་ལ་གཉིས་ཀས་བྱིན་གྱིས་བརླབས་ནས་སྣོད་གཅིག་ཏུ་བཟའ་ བར་བྱེད་པ་ནི་སྣོད་གཅིག་ཏུ་ཟ་བ་ཡིན་ཏེ། དེ་དག་ནི་དུས་མིན་ཕྱོགས་ཞེས་བྱ་བ་ཡིན་ནོ། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །གང་གི་ཚེ་ཞེ་ན། སྣོད་གཞན་ཡོད་པར་གྱུར་ན་འཇིགས་མེད་ཕྱོགས་སུ་ཞེས་བྱ་བ་སྨོས་ཏེ། སྣོད་གཞན་ཡོད་ཅིང་འབྱོར་པ་ནའོ། །གང་དུ་ཞེ་ན། འཇིགས་ མེད་ཕྱོགས་སུ་ཞེས་བྱ་བ་སྨོས་ཏེ། འཇིགས་པ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་འཇིགས་མེད་དེ། འཇིགས་པ་མེད་པའི་ས་ཕྱོགས་དེར་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་འཇིགས་པ་མེད་པའི་ས་ཕྱོགས་སུ་སྣོད་གཞན་ཡོད་ན་ཡང་གཉིས་པ་དང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་ཟ་ན་ཉེས་བྱས་སུ་འགྱུར་ ལ། འཇིགས་པ་དང་བཅས་པའི་ས་ཕྱོགས་སུ་སྣོད་གཞན་ཡོད་ན་གཞན་དང་ལྷན་ཅིག་ཏུ་ཟ་ན་ཡང་ཉེས་པར་འགྱུར་ཞིང་འཇིགས་པ་དང་བཅས་པར་སྣོད་གཞན་མེད་ན་ཉེས་པར་མི་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །འདིའི་དམིགས་ཀྱིས་བསལ་བ་ཡང་། ཕ་མ་དང་ཡང་སྣོད་གཅིག་བཟའ་བར་ནི། ། དུས་ཀྱིས་འཆུ་ན་དབེན་པར་ཉེས་མེད་དོ། །ཞེས་བྱ་བ་སྨོས་ཏེ། དབེན་པ་ནི་སྐྱེ་བོས་དབེན་པར་གྱུར་པའི་ས་ཕྱོགས་དང་། སྟེང་ཁང་འོག་ཁང་ལ་སོགས་པར་ཕ་མ་དང་ལྷན་ཅིག་སྣོད་གཅིག་ཏུ་ཟ་བ་ལ་ཉེས་པ་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གང་གིས་ཤེ་ན། དུས་ཀྱིས་འཆུ་ན་ཞེས་བྱ་བ་སྨོས་པ་ཡིན་ ནོ། །ནིའི་སྒྲ་ནི་འདིར་ཡང་གཞན་དང་ལྷག་པར་ཉེས་པར་འགྱུར་ལ། ཕ་མ་དང་ནི་ཉེས་པ་མེད་དོ་ཞེས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ད་ནི་མཛེས་དགའ་ལ་སོགས་མདོར་གསུངས་ཚུལ་དུ་བཟའ། །ཞེས་བྱ་བ་ལ་སོགས་པས་ཇི་ལྟར་བཟའ་བར་བྱ་བ་དེ་ལྟར་སྟོན་པར་བྱེད་དེ། མཛེས་དགའ་ལ་སོགས་ པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚུལ་ཏེ། རིགས་པ་དེས་བཟའ་བ་དག་བཟའ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ནི་མཛེས་དགའི་མདོ་ལས། བཅོམ་ལྡན་འདས་ཀྱིས་མཛེས་དགའ་དཔེར་ན་ཤིང་རྟ་མཁན་གྱི་སྐྱེས་བུས་ཤིང་རྟའི་མིག་ལ་མིག་སྨན་སྐུད་པར་བྱེད་པ་ནི་ སྤྲས་པར་བྱ་བའི་ཕྱིར་མ་ཡིན། བརྒྱན་པར་བྱ་བའི་ཕྱིར་མ་ཡིན་གྱི་ཞེས་བྱ་བ་ནས་ཤིང་རྟ་ཉིད་ཁུར་འདེགས་པའི་ཕྱིར་ཡིན་པ་དེ་ལྟ་དེ་ལྟར་རིགས་ཀྱི་བུ་ཟས་ཟ་བར་བྱེད་པ་སྤྲས་པར་བྱ་བའི་ཕྱིར་མ་ཡིན་བརྒྱན་པར་བྱ་བའི་ཕྱིར་མ་ཡིན་གྱི། འོན་ཀྱང་ཇི་སྲིད་ལུས་གནས་པ་དང་། འཛིན་པ་ཉིད་ཀྱི་ཕྱིར་རོ་ཞེས་ བྱ་བའི་བར་དུ་གསུངས་སོ། །དེའི་ཕྱིར་ཇི་སྲིད་ལུས་གནས་པར་འགྱུར་བ་དེ་ཙམ་དེའི་བསམ་པས་ལུས་གནས་པར་བྱ་བའི་དོན་དུ་བཟའ་བར་བྱའོ། །ལྷག་པར་ནི་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། །དད་པས་བྱིན་པ་ལྷག་པར་ཟོས་པ་ལས་ཉེས་པ་བྱུང་བའི་ཕྱིར་ཡང་ཆུང་བ་ཡིན་ཏེ། དགོས་པ་དང་ལྡན་པ་མ་ཡིན་པའི་ཕྱིར་རོ། །སོགས་པའི་སྒྲ་ནི་འདིར་མདོ་སྡེ་ཉེ་བར་མཚོན་པར་བྱེད་པའི་དོན་ཡིན་ནོ། །དང་ནི་གུས་པར་བྱ་བ་དང་བཟའ་བར་བྱའོ་ཞེས་རྗེས་སུ་དྲང་བའི་དོན་ཏོ། །ཚོད་དང་ལྡན་པར་བཟའ་ཞེས་བྱ་བ་འདི་ལ་ཡང་དང་ནི་རྗེས་སུ་འབྲེལ་བས་བཟའ་བར་བྱ་བའི་སྒྲས་ འདྲེན་པ་ཡིན་ནོ། །དེ་ལ་ལྡན་པ་ཞེས་བྱ་བ་ནི་བྱ་བ་ཁྱད་པར་དུ་བྱེད་པ་ཡིན་ནོ། །ཇི་ལྟར་བཟའ་བར་བྱ་བ་ཡིན་ཞེ་ན། ཚོད་དང་ལྡན་པར་ཞེས་བྱ་བར་ཚོད་དང་ལྡན་པ་ནི་ཚོད་དང་ལྡན་པ་སྟེ། ཚོད་རིག་པའི་འདུ་ཤེས་ཀྱིས་བཟའ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གུས་པར་ བྱས་ཏེ་ཞེས་སྨོས་པ་དེ་ནི། །ཁམ་ཆེའམ་ཡང་ན་ཆུང་བར་རིགས་པ་མིན། །ཞེས་བྱ་བ་ལ་སོགས་པ་ཀུན་ནས་འཆད་པར་བྱེད་དེ་ཁམ་ཆེན་པོ་བཟའ་བའི་ཕྱིར་རིགས་པ་མ་ཡིན་ཞིང་ཆུང་བ་ཡང་རིགས་པ་མ་ཡིན་པ་དེའི་ཕྱིར་ཁམ་པར་མ་དག་གིས་བཟའ་བར་བྱ་བ་ཡིན་ནོ། །ཁམ་དང་བཅས་པར་འཇུག་པ་ཡིན་ པའི་ཕྱིར་ཁམ་བཅས་ཏེ་དེས་ནམ་ཡང་སྨྲ་བ་སྟེ། བརྗོད་པར་མི་བྱའོ་ཞེས་བྱ་བའི་ཐ