Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 166

Văn bản gốc(Tây Tạng)

Trang 15 / 18 (50.000 ký tự/trang)
་ཡང་སེམས་ཅན་དུ་བགྲང་བ་མ་ཡིན་པའོ། །གལ་ཏེ་ཡན་ལག་ཐམས་ཅད་སེམས་ཅན་དུ་བགྲང་བ་བཞིན་དུ་འཇམ་པའི་
མཚན་ཉིད་ཀྱི་རེག་པ་སྟེར་བར་བྱེད་ན་དེ་ཡང་རེག་པར་མཚུངས་པ་ཉིད་ཀྱི་ཕྱིར་དངོས་གཞིར་འགྱུར་ལ། འོན་ཏེ་མཚན་ཙམ་དོད་པ་ཡིན་ན་ནི་ཁ་ན་མ་ཐོ་བ་ཆུང་བར་འགྱུར་རོ། །དེ་ལྟར་ནི་འདུལ་བ་མདོ་ལས། ཤིང་དང་བ་སོ་དང་། རྡོ་བ་དང་གོས་ལས་བུ་མོའི་གཟུགས་སུ་བྱས་པ་ལ་བསྩལ་བ་ན་གལ་ཏེ་དབང་པོ་ཅི་དོད་པ་
ལས་ཆུང་བར་འགྱུར་ལ་ཡན་ལག་ཐམས་ཅད་ལ་རེག་པ་སྟེར་ན་དངོས་གཞིའོ་ཞེས་འབྱུང་བ་ཡིན་ནོ། །མྱོང་འགྱུར་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་ཤེས་པའི་དུས་ཕྱིས་འབྱུང་བ་ཡིད་ཀྱི་རྣམ་པར་ཤེས་པས་སོ། །དེ་ལྟར་ཡང་འདུལ་བ་མདོ་ལས་ཕྲད་པའི་གཡོ་བ་ཉིད་ཙམ་ལའོ་ཞེས་འབྱུང་བ་ཡིན་ཏེ། གཡོ་
བ་ཉིད་ནི་ལུས་ཀྱི་རྣམ་པར་ཤེས་པ་ཙམ་ཅུང་ཞིག་འགྱུར་བ་ཡིན་ལ་དེའི་དུས་ཕྱིས་འབྱུང་བའི་རྣམ་པར་རྟོག་པ་ཡིད་ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །འཇིགས་མེད་ངོ་ཚ་མེད་ན་ཞེས་བྱ་བ་ནི་འཇིགས་ཤིང་སྐྲག་པ་དང་། ངོ་ཚ་གང་ལ་མེད་པ་ཞེས་བྱ་བའི་དབང་དུ་བྱས་ནས་
སོ། །དེ་ལྟ་བུར་གྱུར་པ་ཡང་འདིར་སྐྲག་པ་དང་ངོ་ཚ་དག་གཟུང་བར་བྱ་བ་གང་གིས་འདོད་པའི་འདོད་ཆགས་མ་སྐྱེས་པའོ། །དེ་ལྟར་ནི་འདུལ་བ་མདོ་ལས་སྐྲག་པ་དང་ངོ་ཚ་བས་ཀུན་དུ་འདོད་ཆགས་མ་སྐྱེས་ནའོ་ཞེས་འབྱུང་བ་ཡིན་ཏེ། གང་གི་ཕྱིར་སྐྲག་པ་དང་ངོ་ཚ་བས་ཀུན་དུ་འདོད་ཆགས་པས་ཏེ། འདོད་པའི་འདོད་

ཆགས་མ་སྐྱེས་པ་དེའི་ཕྱིར་ཆུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཡན་ལག་དེ་ཙམ་གྱིས་འགྱུར་རམ་གཞན་དག་ཀྱང་ཡོད་ཅེ་ན། ཐ་མལ་རྨི་ལམ་མ་ཡིན་བསླབ་བཅས་རྣམས། །འདིར་སྦྱར་དེ་བཞིན་འོག་མ་དག་ཏུ་ཡང་། །ཞེས་བྱ་བ་སྨོས་ཏེ། རང་བཞིན་དུ་གནས་པ་དང་། རྨི་ལམ་མ་ཡིན་པ་དང་། བསླབ་
པ་དང་བཅས་པ་ཞེས་བྱ་བ་སྔར་བཤད་པའི་བསླབ་པའི་གཞི་གང་ཡིན་པ་དེ་དག་ནི་མི་ཚངས་པར་སྤྱོད་པ་ཉིད་ལ་སྦྱར་བར་བྱ་ཞིང་། དེ་བཞིན་དུ་བསླབ་པའི་གཞི་འོག་མ་ཐམས་ཅད་ལ་ཡང་སྦྱར་བར་བྱ་བ་ཁོ་ནའོ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་དག་ཀྱང་བཤད་ཟིན་པ་ཡིན་ཏེ། དེ་ལས་ཀྱང་ཐ་མལ་པ་ཞེས་བྱ་བ་དེ་ལྟ་
བུ་ལ་སོགས་པ་སྔར་བཤད་པའི་ཡན་ལག་གསུམ་པོ་སྲིད་པ་སྟེ། ཡོད་ན་དངོས་གཞིར་འགྱུར་ལ། འོན་ཏེ་རང་བཞིན་དུ་གནས་པ་ལ་སོགས་པ་གསུམ་པོ་དག་ལས་གང་ཡང་རུང་བ་དག་ཀྱང་མེད་ན་ཉེས་པ་མེད་ཅིང་། གཞན་དག་ལས་གང་ཡང་རུང་བ་མེད་ན་ཆུང་བར་འགྱུར་བར་རིག་པར་བྱའོ། །ད་ནི་བདག་
གི་སྒོར་ཡང་གཞན་གྱི་ཡན་ལག་དང་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་ཡན་ལག་ཉིད་གསལ་པོར་བྱས་པའི་ཕྱིར་སྤྲོས་པ་སྟོན་པར་བྱེད་དེ། གང་གི་ཕྱིར། པགས་པ་ཁ་ཤུན་སོ་ལས་ཕར་འདས་ན། །ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་དང་། བདག་ཉིད་ཀྱི་ཁ་དང་བཤང་བའི་ལམ་སྤྱིའི་
དབང་དུ་བྱས་ནས་བསྟན་པ་ཡིན་པའམ། ཡང་ན་བུད་མེད་ཀྱི་ལམ་གསུམ་ཁོ་ནའི་དབང་དུ་བྱས་ནས་དེ་སྐད་དུ་བསྟན་པ་ཡིན་པའི་ཕྱིར་འདིར་མ་ཐོབ་པ་སྒྲུབ་པར་བྱེད་པ་ཡིན་ནོ། །བདག་གི་སྒོར་ཡང་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཡང་ཁ་དང་བཤང་བའི་ལམ་གྱི་མཚན་ཉིད་ཅན་གྱི་སྒོར་རོ། །ཡང་གི་སྒྲ་ནི་
སྐྱེས་པ་དང་བུད་མེད་དང་མ་ནིང་འབའ་ཞིག་ནི་མ་ཡིན་གྱི་བདག་ཉིད་ཀྱི་མཚན་དུ་བཅུག་པ་བདག་གིར་བྱེད་ན་མཐའི་ཉེས་པར་འགྱུར་ཏེ། བདག་ཉིད་ཀྱི་ལ་ཡང་ཞེས་བསྟན་པའི་ཕྱིར་རོ། །སྐྱེས་བུ་གཞན་གྱི་ཡན་ལག་གི་སྦུབས་ཏེ། སྐྱེས་བུའི་མཚན་དུ་བཅུག་པ་བདག་གིར་བྱེད་པ་ནི་རེག་པའི་བདེ་བ་
དག་ཡིན་ཏེ། དེས་རྡོ་རྗེས་གནོད་འདྲའི་རྩ་བ་ཐོབ་པར་འགྱུར་རོ་ཞེས་སྦྱར་བར་བྱའོ། །ཡང་ན་བདག་ཉིད་ཀྱིས་བཅུག་པ་བདག་གིར་བྱེད་པའམ། འོན་ཏེ་བདག་གི་ཡན་ལག་གི་སྦུབས་ཁ་དང་བཤང་བའི་ལམ་དུ་བཅུག་པའི་རེག་པའི་བདེ་བ་བདག་གིར་བྱས་ན་དེས་ཀྱང་རྡོ་རྗེས་གནོད་འདྲའི་རྩ་བ་ཐོབ་པར་འགྱུར་རོ། །

དེ་བཞིན་དུ་ནན་ཏེ་སྟོབས་ཀྱི་རྣམ་པ་ལ་སོགས་པ་གང་ཡིན་པ་ནི་ནན་ལ་སོགས་པ་སྟེ། ནན་ལ་སོགས་པ་དེ་དང་ལྡན་ཞིང་འབྲེལ་པས་སྐྱེས་པ་དང་བུད་མེད་གནོན་པར་གྱུར་ན་དེ་ལས་ཀྱང་རྡོ་རྗེས་གནོད་འདྲའི་རྩ་བ་ཐོབ་པར་འགྱུར་རོ། །གང་གི་ཚེ་ཕྱིས་རེག་པའི་བདེ་བ་བདག་གིར་བྱེད་པ་ཡིན་
གྱི། སྔར་བཅུག་པའི་དུས་ན་བདག་གིར་བྱས་པ་མ་ཡིན་ཏེ། སྟོབས་ཀྱི་རྣམ་པས་བཅུག་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྱིས་རེག་པའི་བདེ་བ་བདག་གིར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་རྩ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲ་ནི་རང་བཞིན་དུ་གནས་པ་འབའ་ཞིག་མ་ཡིན་ནོ། །རྣམ་པ་ཀུན་དུ་ཞེས་བྱ་བ་
ནི་རྣམ་པ་ཐམས་ཅད་དུ་རང་གི་སྒོར་རམ་གཞན་གྱི་སྒོར་རམ། རང་དང་གཞན་གྱི་སྦུབས་སུ་ནན་གྱི་རྣམ་པས་བཅུག་པ་བདག་གིར་བྱེད་ན་ཡང་དངོས་གཞིར་འགྱུར་གྱི། འདི་ལ་ཁྱད་པར་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་བཤད་མ་ཐག་པའི་རྣམ་
པས་ཀུན་དུ་རེག་པའི་བདེ་བ་བདག་གིར་བྱེད་པ་རྒྱུ་དེའི་ཕྱིར་རྡོ་རྗེས་གནོད་འདྲའི་རྩ་བ་ཐོབ་པར་འགྱུར་རོ། །རྡོ་རྗེའི་སྒྲས་རྡོ་རྗེ་བསྟན་པ་ཡིན་ལ། རྩ་བ་ཁོ་ན་རྡོ་རྗེ་ཡིན་པ་དེས་གནོད་པ་ནི་རྩ་བའི་རྡོ་རྗེས་གནོད་པ་སྟེ། དགེ་ཚུལ་གྱིས་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སོགས་པའི་སྒྲས་ནི་འདིར་གཉིད་ལོག་པ་དང་
སྨྱོས་པ་དང་། ཚོར་བས་གཟིར་བ་ཡོངས་སུ་བཟུང་བའི་ཕྱིར། གནས་སྐབས་དེར་བཅུག་ལ་སད་པའི་གནས་སུ་བདག་གིར་བྱེད་ན་རྩ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དང་ནི་བུད་མེད་ལ་སོགས་པའི་སྒོ་དང་། འགྲོ་བ་དང་། རྒྱུད་ཐ་དད་པས་ཐ་དད་པ་དག་ལ་ཁྱད་པར་ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པར་
བྱ་བའི་ཕྱིར། བུད་མེད་ལ་སོགས་རྒྱུད་རིགས་ཐ་དད་སྒོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུད་མེད་དང་པོར་བྱས་པའི་སྐྱེས་པ་དང་། མ་ནིང་གང་ཡིན་པ་དེ་ནི་བུད་མེད་ལ་སོགས་ཏེ་བུད་མེད་ལ་སོགས་དེའི་སྒོ་གསུམ་པོ་དག་དང་རྒྱུད་དང་རིགས་ལས་རྩ་བའི་ཉེས་པ་ལ་བརྟེན་པའི་ཁྱད་པར་ཉིད་ནི་མེད་པ་ཡིན་ཏེ།
བྱེ་བྲག་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་པའི་སྒྲ་ནི་སོ་སོར་སྦྱར་བར་བྱ་བ་ཡིན་ནོ། །རྒྱུད་ཅེས་བྱ་བ་ནི་རྒྱུད་ལྔ་ལ་བྱ་སྟེ་དེ་ལ་ཇི་ལྟར་སྲིད་པར་སྦྱར་བར་བྱ་བ་ཡིན་པས་ན་དགེ་སློང་དག་དམྱལ་བ་དང་ལྷན་ཅིག་ནི་འགལ་བ་ཡོད་པ་ཡིན་ལ། ལྷ་དང་ནི་སྲིད་པ་ཁོ་ན་ཡིན་ནོ། །སྲིན་པོ་དག་དང་ལྷན་

ཅིག་ནི་འགལ་བ་ཡིན་ལ་ཡི་དྭགས་དང་ཡང་སྲིད་པ་ཁོ་ན་ཡིན་ཏེ། དེ་དག་ནི་མཐོང་བའི་སྤྱོད་ཡུལ་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །དུད་འགྲོ་དག་དང་ཡང་སྲིད་པ་ཡིན་ཏེ་འཇུག་པ་ཉིད་ཀྱི་ཕྱིར་རོ། །རིགས་ཐ་དད་པ་ན་བྲམ་ཟེ་ལ་སོགས་པའི་དབྱེ་བ་དག་གིས་སོ། །རྒྱུད་དང་རགས་ནི་རྒྱུད་རིགས་ཏེ་དེ་དག་གི་ཐ་དད་
པ་དེའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཉིད་ནི་གང་གི་ཕྱིར་མིའི་རྒྱུད་དག་ཁོ་ན་ལ་རྩ་བའི་ཉེས་པར་འགྱུར་གྱི་གཞན་ལ་ནི་ཡོངས་སུ་རྫོགས་པའི་རོ་མྱང་བ་མེད་པའི་ཕྱིར་དང་། །དེ་བཞིན་དུ་བྲམ་ཟེའི་རིགས་དག་དང་བྲམ་ཟེའི་རིགས་དག་ཁོ་ན་ལས་ཡིན་གྱི། རིགས་ཅིག་ཤོས་ལས་ནི་མ་ཡིན་ནོ་ཞེས་བྱ་བར་ཁྱད་པར་ཡོད་
པ་མ་ཡིན་པ་ཁོ་ནའོ་ཞེས་ངེས་པར་གཟུང་བའི་དོན་ཡིན་པ་དེའི་ཕྱིར་ཐམས་ཅད་དུ་རྩ་བའི་ཉེས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་བཞིན་དུ། ཤི་དང་མ་ཤི་ཉིད་ལའང་ཁྱད་པར་མེད། །ཅེས་བྱ་བ་ལ་འདི་ལྟར་ཤི་བ་དང་མ་ཤི་བ་ནི་ཤི་དང་མ་ཤི་བའོ། །དེའི་དངོས་པོ་ནི་ཤི་དང་མ་ཤི་བ་ཉིད་དེ་སྐྱེས་པ་དང་བུད་མེད་
དང་མ་ནིང་ཤི་བ་དང་མ་ཤི་བ་ཉིད་དེ་ཡང་ཉེས་པ་བསྟེན་པ་ལ་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཕྱེད་དུ་བཅད་ཀྱང་སླར་ནི་སྦྱར་བའི་རྨ། །ཞེས་བྱ་བ་ལ་སོགས་པ་ལ་ལུས་ཕྱེད་དུ་བཅད་པའི་རྨ་གསུམ་པོ་དག་ཏུ་ཡང་ནོར་བུ་བཅུག་པའི་རེག་པ་བདག་གིར་བྱས་ན་རྩ་བར་འགྱུར་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །
དེ་བཞིན་དུ་ལུས་སྒང་ཚལ་དུ་བཀས་པར་གྱུར་པ་སླར་སྦྱར་བ་ལ་ཡང་། ཁྱད་པར་ཇི་ལྟ་བུ་ཞེ་ན་འདིའི་མཚམས་མི་མངོན་པའི་ཕྱིར་མཚམས་མི་མངོན་པའོ། །བུ་ག་བུད་མེད་ཀྱི་མཚན་དེ་ལ་ཡང་རྩ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །བུད་མེད་ཀྱི་ལུས་ཕྱེད་དུ་བཀས་པའི་མཚམས་མི་མངོན་པའི་ལམ་དང་མཚན་དུ་
བདག་ཉིད་ཀྱི་ཟག་བྱེད་བཅུག་པ་བདག་གིར་བྱེད་ན་རྩ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གི་སྒྲ་ནི་འདིར་སྔ་མ་དང་ཤི་བ་ཉིད་དང་། མ་ཤི་བ་ཉིད་དང་། མ་བཀས་པ་ཉིད་དང་། བཀས་པ་ཉིད་སླར་སྦྱར་བ་ཞེས་བྱ་བ་སྡུད་པར་བྱེད་པ་ཡིན་ནོ། །མངོན་པར་གྱུར་ན་ཇི་ལྟར་བྱ་ཞེ་ན། མཚམས་སླར་
སྦྱར་ཀྱང་མངོན་པར་གྱུར་པ་དང་། །ཞེས་བྱ་བ་སྨོས་ཏེ། བཀས་པར་གྱུར་པའི་མཚམས་སླར་སྦྱར་བ་ཡང་མངོན་པར་གྱུར་པའི་ཟག་བྱེད་ཀྱི་ལམ་དུ་ཟག་བྱེད་བཅུག་པའི་རེག་པའི་བདེ་བ་དགེ་ཚུལ་གྱིས་བདག་གིར་བྱས་ན་ཉེས་བྱས་ཆུང་བར་འགྱུར་རོ། །དེའི་ཕྱིར་དེ་ཉིད་དགེ་ཚུལ་གྱིས་བཤགས་པར་བྱ་

བ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་དུ་ཚིག་གི་ལྷག་མ་ཡིན་ནོ། །དེ་བཞིན་དུ། སྤུ་མེད་ཕག་ལ་སོགས་པའི་རྨ། །ཞེས་བྱ་བ་ལ་ཕག་ལ་སོགས་པའི་གང་ཡིན་པ་དེ་ནི་ཕག་ལ་སོགས་པ་སྟེ། རིགས་རྗོད་པར་བྱེད་པ་ཡིན་གྱི་གསལ་བ་བརྗོད་པ་ནི་མ་ཡིན་ནོ། །སོགས་པའི་སྒྲས་ནི་སྤྲེའུ་ལ་
སོགས་པ་གཟུང་ངོ་། །དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྤུ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་སྤུ་མེད་པའོ། །སྤུ་མེད་པ་ཡང་ཡིན་ལ་བཅོས་པ་ཡང་ཡིན་པས་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །བཅོས་པ་ཞེས་བྱ་བ་ནི་བསྲེགས་པ་སྟེ། དེ་ལྟ་བུར་གྱུར་པ་སྤུ་མེད་པ་བཅོས་པའི་ཕག་ལ་སོགས་པ་དེའི་རྨར་སྐྱེས་པའི་དབང་པོ་བཅུག་
ན་ཞེས་བྱ་བ་སྔ་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ། །དེ་ལྟར་མགོ་ནི་བཅད་པར་གྱུར་པའི་ཁ། །ཞེས་བྱ་བ་ལ་བཅད་པ་ཡང་ཡིན་ལ་མགོ་ཡང་ཡིན་པས་མགོ་ནི་བཅད་པ་སྟེ། དེའི་ཁ་ལ་བཅུག་ན་ཞེས་ཐམས་ཅད་སྔ་མ་བཞིན་ནོ། །དང་ནི་ཀུན་ལ་ཉེས་པར་མཚུངས་པར་སྟོན་པའི་སྒོ་ནས་སྡུད་པར་བྱེད་པ་ཡིན་ནོ། །དང་གཉིས་
པ་ནི་བཤད་པ་སྡུད་པར་བྱེད་པ་ཡིན་ཏེ། དཔེར་ན་རྨ་བཅོས་མ་དེ་ལ་ཡང་ཇི་ལྟ་བ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །ནི་ནི་གང་གི་ཕྱིར་བསྟན་མ་ཐག་པ་ནི་ཆུང་བ་ཉིད་དེ་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །བཅོས་པ་ནི་ཉམས་པ་ཉིད་ཡིན་པའི་ཕྱིར་ཉེས་པ་ཆུང་བ་ཉིད་དུ་གྲུབ་པ་ལ་ཡང་བརྗོད་པ་ནི་མིའི་འཇམ་པའི་བྱ་
བ་ཙམ་ཡོད་པས་རྩ་བའི་ཉེས་པར་འགྱུར་རོ་ཞེས་འདིར་དོགས་པ་ཟློག་པའི་ཕྱིར་རོ། །དེ་བཞིན་དུ་གོས་ཀྱིས་དཀྲིས་པ་དང་བལྟབ་པར་གྱུར་པ་དང་ཞེས་བྱ་བ་ལ། གོས་ཀྱིས་དཀྲིས་པ་ནི་གོས་ཀྱིས་དཀྲིས་པ་སྟེ། སྐྱེས་པའི་དབང་པོའམ་བུད་མེད་ཀྱི་དབང་པོའམ་དེ་གཉི་ག་གོས་ཀྱིས་དཀྲིས་པ་དང་། དེ་བཞིན་དུ་
མཚན་ཉིས་བལྟབ་ཏུ་བྱས་པ་དང་། སྒོ་ལ་མ་རེག་པ་སྟེ། བུད་མེད་ཀྱི་དབང་པོའི་མཚན་ཉིད་ལ་སྐྱེས་པའི་དབང་པོ་གང་གི་སྒོ་ལ་མ་རེག་པ་དེ་ནི་དེ་ལ་བཅུག་པ་ན་ཉེས་པ་ཆུང་བར་འདོད་དེ། བཅོམ་ལྡན་འདས་བཞེད་པ་ཡིན་ནོ། །དེ་བཞིན་དུ་བུད་མེད་ལ་སོགས་པའི་སྒོར་སྐྱེས་པའི་དབང་པོ་མ་བཅུག་པར་བསྟེན་པར་
བྱ་བའི་ཕྱི་རོལ་ལ་ཀུན་ནས་རེག་པ་ཙམ་ལ་ཆུང་བར་བཞེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་གོས་ཀྱིས་དཀྲིས་པའི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གང་ཡིན་པ་ཕན་ཚུན་རེག་པ་མེད་པ་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་མཚན་ཉིས་བལྟབ་ཏུ་བྱས་པའི་ནོར་བུ་ལ་བུད་མེད་ཀྱི་དབང་པོས་རེག་པ་མེད་པ་དང་། སྒོ་ལ་མ་རེག་པ་

ནི་སྐྱེས་པའི་དབང་པོ་ལ་རེག་པའི་བདེ་བ་ཉམས་སུ་མྱོང་བ་མེད་པའི་ཕྱིར་དེ་ལ་ཉེས་བྱས་ཆུང་བར་འགྱུར་རོ། །འདིར་སྒོ་ལ་མ་རེག་པ་ཉིད་ནི་ལམ་ཡངས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་རྟོགས་པར་བྱའོ། །གོས་ཀྱིས་དཀྲིས་པ་ལ་སོགས་པ་གོང་མ་གསུམ་པོ་དག་ལ་རེག་པའི་བདེ་བ་ཉམས་སུ་མྱོང་བ་རྩ་བར་གྱུར་པའི་ཡན་ལག་མེད་པའི་ཕྱིར་
ཉེས་པ་ཆུང་བར་འགྱུར་བ་ནི་འོག་ཏུ་བཅུག་པའི་མཚན་ཉིད་ཅན་གྱི་རྩ་བའི་ཡན་ལག་མེད་པའི་ཕྱིར་རོ། །འདུལ་བ་ལས་བར་དང་བཅས་ཤིང་བར་ཆད་མེད་པ་དང་། བར་ཆད་མེད་ཅིང་བར་དང་བཅས་པ་དང་། བར་དང་བཅས་ཤིང་བར་ཆད་དང་བཅས་པ་ཞེས་བྱ་བ་འདིས་རྩ་བའི་ཉེས་པར་གསུངས་པ་མ་ཡིན་ནམ་གོས་ཀྱིས་དཀྲིས་
པ་དེ་ཇི་ལྟར་ན་ཉེས་པ་ཆུང་བར་བརྗོད་ཅེ་ན། གོས་ཏེ་སྟུག་པར་གྱུར་ན་ཞེས་བྱ་བ་སྨོས་ཏེ། གོས་སྟུག་པོ་མང་པོས་དཀྲིས་པ་ཉིད་ལ་རེག་པའི་བདེ་བ་ཉམས་སུ་མྱོང་བ་མེད་པའི་ཕྱིར་ཆུང་བར་འདོད་པ་སྟེ། བཅོམ་ལྡན་འདས་ཉེས་བྱས་ཆུང་བར་བཞེད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས། བུད་མེད་ཀྱི་དབང་པོས་སྐྱེས་
པའི་དབང་པོ་ལ་མ་རེག་པར་བཅུག་པ་ལ་ཉེས་པ་ཆུང་བར་གསུངས་པའི་ཤུགས་ཀྱིས། དཀྲིས་པ་ལ་ཡང་ཉེས་པ་ཆུང་བར་བསྟན་པ་ཡིན་གྱི་འོན་ཀྱང་གྲགས་པའི་ཚིག་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྲབ་མོས་རྩ་བར་འགྱུར་ཏེ་འགལ་བ་མེད། །ཅེས་བྱ་བ་ལ། གོས་སྲབ་མོས་དཀྲིས་པ་ཉིད་
ལ་ནི་རྩ་བར་འགྱུར་ཏེ་ཞེས་བྱ་བ་དང་འདི་ལ་འགལ་བ་མེད་ཅེས་བྱ་བ་ནི་སྔར་བཤད་པའི་ཉེས་པ་ཡིན་ནོ། །ནིའི་སྒྲ་ནི་གོང་མ་ལས་ཁྱད་པར་དུ་བྱེད་པ་ཡིན་ཏེ། གང་གི་ཕྱིར་སྔ་མ་ལ་ནི་རེག་པའི་བདེ་བ་ཉམས་སུ་མྱོང་བ་མེད་ལ་འདི་ལ་ནི་ཡོད་པའི་ཡང་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་གནས་སྐབས་འདི་ལ་ཉེས་པ་
འདིར་འགྱུར་རོ་ཞེས་བསྟན་པའི་ཕྱིར་སེམས་སྐྱེད་ཡིད་ཀྱིར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཚུལ་མ་ཡིན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ངེས་པའི་མཚན་ཉིད་ཅན་གྱི་འདི་དང་འདི་བྱའོ་ཞེས་སྐྱེད་པ་དེ་ནི་དང་པོར་སྐྱེད་པ་ཡིན་ཏེ་སྦྱོར་བར་འགྱུར་རོ། །ཡིད་ལ་བྱེད་པའི་བློ་དེ་ཡང་བསྡམ་པར་
བྱ་བའི་ཁ་ན་མ་ཐོ་བ་ཡིན་གྱི་བཤགས་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཚུན་ཆད་དུ་ཞེ་ན། སོ་ལ་སོགས་པ་རེག་པར་འགྱུར་བར་དུ། །ཞེས་བྱ་བ་སྨོས་ཏེ། སོ་དང་པོར་བྱས་པའི་གཞན་གང་ཡིན་པ་དེ་ནི་སོ་ལ་སོགས་པའོ། །སོགས་པའི་སྒྲས་བཤང་བའི་ལམ་དང་། ཟག་བྱེད་ཀྱི་ལམ་བསྡུ་བ་ཡིན་ཏེ།

དེ་ལ་ཀུན་ནས་རེག་པས་ན་རེག་པ་སྟེ་དེའི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ། །སོ་ལ་སོགས་པའི་མཚམས་འདས་རྩ་བར་འགྱུར། །ཞེས་བྱ་བ་ལ་སོགས་པའི་མཚམས་ནི་ཁ་ལ་སོགས་པའི་མཚམས་ཏེ་ཚིགས་ཡིན་པ་དེ་བས་ན། སོ་ལ་སོགས་པའི་མཚམས་འདས་ཤིང་ཁར་བཅུག་ན་རྩ་བར་འགྱུར་
རོ་ཞེས་བྱ་བའི་ཐ་ཚིག་གོ། །དུའི་སྒྲ་ནི་ཁྱད་པར་དུ་བྱེད་པ་དང་གོང་མ་ལས་རིམ་པ་གཞན་གྱི་དོན་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ་གང་གི་ཕྱིར་སོ་ལ་སོགས་པ་ནི་ཁ་ལ་སོགས་པའི་དང་པོ་ཡིན་པ་དེའི་ཕྱིར་དེ་ལས་ཤིན་ཏུ་འདས་པར་གྱུར་ན་རྩ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་དགེ་ཚུལ་འདོད་
པའི་འདོད་ཆགས་ལ་ཡོངས་སུ་གནས་པས་འདི་དང་འདི་བྱའོ་ཞེས་སྐྱེད་པར་བྱེད་པ་དེ་ལ་དང་པོར་སོ་ལ་སོགས་པ་ལ་རེག་པ་ལས་ཉེས་བྱས་སུ་འགྱུར་ལ། ཕར་འདས་པ་ལས་ནི་རྩ་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །ཇི་ལྟར་སྲོག་གཅོད་པ་ལ་སོགས་པ་འདུ་ཤེས་གཙོ་ཆེར་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་ཅི་འདི་ལ་
ཡིན་ནམ་ཞེ་ན། འཁྲིག་པ་ལ་ནི་འདུ་ཤེས་གཙོ་བོ་མེད། །ཅེས་བྱ་བ་སྨོས་ཏེ། བསླབ་པའི་གཞི་གང་ལ་འདུ་ཤེས་གཙོ་བོ་སྟེ་གཙོ་ཆེར་བྱེད་པ་དེ་ནི་འདུ་ཤེས་གཙོ་བོའོ། །དེའི་དངོས་པོ་ནི་འདུ་ཤེས་གཙོ་བོ་ཉིད་དོ། །འཁྲིག་པ་སྟེ་འཁྲིག་པའི་བསླབ་པའི་གཞི་ལ་གང་ལ་དེ་ཡོད་པ་མ་ཡིན་ནོ། །བཤད་མ་ཐག་པའི་ལམ་གསུམ་
པོ་ལ་ལམ་དུ་འདུ་ཤེས་པས་ལམ་གང་ཡང་རུང་བར་བཅུག་ན་མཐའི་ཉེས་པར་འགྱུར་ལ། དེ་བཞིན་དུ་གཞན་དུ་ཤེས་པས་བུད་མེད་གཞན་དང་ལྷན་ཅིག་གམ་ལམ་ལ་ལམ་མ་ཡིན་པར་འདུ་ཤེས་པས་རྩ་བར་འགྱུར་ལ། ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པས་ཆུང་བར་འགྱུར་རོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ནི་
ཡིད་ཀྱི་ཉེས་པར་འགྱུར་བ་མི་ཚངས་སྤྱོད་དང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། མི་ཚངས་པར་སྤྱོད་པ་དང་འདྲ་བ་ནི་ཆ་འདྲ་བ་སྟེ། མི་ཚངས་པར་སྤྱོད་པའི་ཆའི་རྗེས་སུ་བྱེད་པ་ཞེས་བྱ་བའི་དོན་ཏེ། དེའི་ཚུལ་ནི་རང་བཞིན་ཏེ། དེ་ནི་མི་ཚངས་པར་སྤྱོད་པའི་ཚུལ་དང་འདྲ་བར་གསུངས་པ་ཡིན་ནོ། །དེ་གང་
ཞེ་ན། ཇི་ལྟར་ཆེད་དུ་ཁུ་བ་ཕྱུང་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆེད་དུ་སྟེ་བློ་སྔོན་དུ་སོང་བས་བདག་ཉིད་ཀྱི་ཁུ་བ་ཕྱུང་ནའོ། །ཇི་ལྟར་ཞེས་བྱ་བའི་སྒྲ་ནི་ཡིད་ཀྱིར་འགྱུར་བ་དག་ཉེ་བར་སྟོན་པའི་དོན་ཏོ། །ཆེད་དུ་ཞེས་བྱ་བ་སྨོས་པ་ནི་རྨི་ལམ་ལ་སོགས་པའི་གནས་སྐབས་ལ་ཉེས་པ་མེད་པར་བསྟན་པའི་ཕྱིར་རོ། །

ཆགས་པས་འཁྱུད་པར་བྱེད་དང་སྟེག་པས་ཞེས་བྱ་བ་ལ་ཆགས་པའི་སྒོ་ནས་བུད་མེད་ལ་འཁྱུད་པར་བྱེད་པ་སྟེ། །ཡོངས་སུ་འཁྱུད་པས་ཡིད་ཀྱི་ཉེས་པར་འགྱུར་རོ་ཞེས་བཤད་པར་འགྱུར་ཏེ་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་བཞིན་དུ་ཆགས་པའི་སྒོ་ནས་སྟེག་པ་ནི་ལུས་དང་ངག་གི་རྣམ་པར་འགྱུར་བའི་མཚན་ཉིད་ཅན་གྱི་
གཡོ་འགུལ་ཡིན་ཏེ་དཔེར་ན་འཁྲིག་པའི་རྒྱུ་མཚན་ཉེ་བར་སྟོན་པར་བྱེད་པ་དག་ལྟ་བུའོ། །དེ་བཞིན་དུ་འཁྲིག་པའི་ཚིག་རྣམས་སྨྲ་བར་བྱེད་པ་སྟེ། བུད་མེད་ཀྱི་མདུན་དུ་འགའ་ཞིག་འདི་ལྟར་གཉིས་ཀྱིས་གཉིས་སྙོམས་པར་འཇུག་པའི་མཚན་ཉིད་ཅན་གྱི་འཁྲིག་པའི་ཚིག་སྒྲ་དག་སྨྲ་བར་བྱེད་པ་ནི་སྨྲ་བ་སྟེ། དཔེར་ན་རྒྱ་
རྣ་རུ་ལ་སོགས་པའི་སྒྲ་ཡིན་ཏེ། དེ་དག་སྨྲ་བར་བྱེད་ཅེས་བྱ་བའི་དོན་ཡིན་ནོ། །དེ་བཞིན་དུ། ཟས་བཅས་ཁྱིམ་དུ་རྒོད་པས་ལྟད་མོའི་ཕྱིར། །ཞེས་བྱ་བ་ལ། རྒོད་པས་ཏེ་བརྟག་པས་ལྟ་ཞིང་རྟོག་པ་ཡིན་པས་ན་རྒོད་པས་ལྟ་བའོ། །དེའི་དངོས་པོ་ནི་རྒོད་པས་ལྟད་མོ་ཉིད་ཀྱི་ཕྱིར་འདུག་པར་གྱུར་བ་ཉིད་དོ། །གང་
དུ་ཞེ་ན། ཟས་བཅས་ཁྱིམ་དུ་ཞེས་བྱ་བ་སྨོས་ཏེ། བཟའ་བར་བྱ་བ་ཡིན་པས་ན་ཟས་ཏེ། སྐྱེས་པ་དང་བུད་མེད་ཀྱི་ཡིན་ཏེ་གང་གི་ཕྱིར་བུད་མེད་སྐྱེས་པས་ལོངས་སྤྱོད་པར་བྱ་བ་ཡིན་ལ། སྐྱེས་པ་ཡང་བུད་མེད་ཀྱིས་ལོངས་སྤྱད་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །སྐྱེས་པ་ལོངས་སྤྱད་པར་བྱ་བ་བུད་
མེད་ཀྱི་ཡུལ་དང་བཅས་པས་འཇུག་པའི་ཕྱིར་ཟས་བཅས་ཏེ་ཁྱེར་བ་དེར་རོ། །གང་དུ་སྐྱེས་པ་དང་བུད་མེད་གཉིས་གཉིས་ཀྱིས་སྙོམས་པར་འཇུག་པར་འགྱུར་བ་དེར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྨྱན་བྱེད་དང་ཞེས་བྱ་བ་ལ། སྨྱན་གྱི་ཆོས་དག་ནི་སྨྱན་བྱེད་པ་ཡིན་ཏེ། དཔེར་ན་སྐྱེས་པ་འཁྲིག་པའི་བསམ་
པ་ཅན་གྱི་ཚིག་བླངས་ནས་བུད་མེད་ལའམ། བུད་མེད་ཀྱི་ཚིག་བླངས་ནས་སྐྱེས་པ་ལ་སྨྲ་བར་བྱེད་ཅིང་གཉི་ག་དག་ལ་ཡང་ཕྲིན་ལན་གོ་བར་བྱས་པ་དེས་ཕྲད་པར་གྱུར་ན་ཡིད་ཀྱི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་དུས་མ་ཡིན་པར་གྲོང་དུ་འཕྱན་པ་དང་ཞེས་བྱ་བ་ལ། དུས་མ་ཡིན་པ་སྟེ་
ཉི་མ་གུང་ལ་དུས་གཞན་དུ་འཕྱན་པ་ནི་དུས་མ་ཡིན་པར་འཕྱན་ཞིང་འགྲོ་བའོ། །གང་དུ་ཞེ་ན། གྲོང་དུ་ཞེས་བྱ་བ་སྨོས་ཏེ། གྲོང་སྟེ་ཁྱིམ་གྱི་ནང་དུ་བསྟན་པ་འདི་ལ་རབ་ཏུ་བྱུང་བ་གཞན་ལ་མ་བསྒོ་བར་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལ་བསྒོ་བ་ནི་གྲོང་ངམ་ཁྱིམ་ནང་དུ་མཆིའོ་ཞེས་བྱ་བ་ཡིན་པར་ཁོང་དུ་ཆུད་

པར་བྱའོ། །དེ་བཞིན་དུ། མིག་ཟུར་རྒོད་དང་ཟུར་སྟེག་བྱེད་པ་དང་། །ཞེས་བྱ་བ་དེ་ལ། ཟུར་མིག་ནི་མིག་ཟུར་གྱིས་ལྟ་བར་བྱེད་པ་ཡིན་ལ། རྒོད་པ་ནི་ཆགས་པས་ལུས་སེམས་རྣམ་པར་གཡོ་བ་ཡིན་ནོ། །སྟེག་པ་ནི་དེ་ཉིད་ཀྱིས་སེམས་དང་ངག་གི་རྣམ་པར་འགྱུར་བའོ། །གོང་དུ་ཆགས་
པ་ལ་སོགས་པའི་རྣམ་པས་ཞེས་འགྲིག་པའི་རྒྱུ་མཚན་བསྟན་པ་གང་ཡིན་པ་དེ་ནི་འདིར་ཡང་རྒྱུ་མཚན་དུ་གྱུར་པ་ནི་མ་ཡིན་མོད་ཀྱི། ཆགས་པ་ཐ་མལ་པས་བསླད་པར་གྱུར་པ་དེས་ལུས་ངག་གཡོ་བར་བྱེད་ཅེས་བྱ་བ་ནི་ལྷག་མའོ། །བཤད་མ་ཐག་པའི་དེ་དག་ཐམས་ཅད་ནི་ཡིད་ཀྱིར་འགྱུར་རོ་ཞེས་བྱ་བར་རིག་པར་
བྱའོ། །གོང་དུ་ཉེས་པ་གསལ་པོ་བྱས་པ་ཉིད་དང་། དགག་པ་ཉེ་བར་བསྟན་པ་དང་། ཅིག་ཅར་བསྟན་པའི་སྒོ་ནས་ཉེས་པར་འགྱུར་བ་བཤད་པ་ཡིན་ལ། ད་ནི། ཡང་དང་ཡང་དུ་བུད་མེད་ངོར་མི་ལྟ། །ཞེས་བྱ་བ་ལ་སོགས་པས་བྱ་བ་འགོག་པའི་སྒོ་ནས་ཉེས་པར་འགྱུར་བ་སྟོན་ཏེ། ཡང་དང་ཡང་སྟེ་ཕྱི་ཕྱིར་བུད་མེད་
ཀྱི་ངོ་གདོང་ལ་དགེ་ཚུལ་གྱིས་མི་བརྟག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དང་ཡང་དུ་ཞེས་སྨོས་པ་ནི་དགོས་པའི་དབང་གིས་བུད་མེད་ཀྱི་ཡུལ་ལ་ལྷག་པར་ལྟ་བར་བྱེད་པ་ན་ལན་ཅིག་ལྟ་བ་ལ་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར་ཏེ། དེ་ལ་ཡང་འདོད་ཆགས་མེད་པའི་སེམས་ཀྱིས་ཞེས་བྱ་བར་རིག་པར་བྱའོ། །དེ་ལྟར་
ཡང་བཙུན་པ་བཅོམ་ལྡན་འདས་ཉིད་ཡོངས་སུ་མྱ་ངན་ལས་འདས་ནས་བདག་གིས་བུད་མེད་ཀྱི་ཡུལ་ལ་ཇི་ལྟར་བསྒྲུབ་པར་བགྱི། ཀུན་དགའ་བོ་མི་ལྟ་བས་སོ་ཞེས་འབྱུང་བ་ཡིན་ཏེ། ཡང་དང་ཡང་བལྟས་པ་ལས་རྒྱུ་མཚན་འཛིན་པར་འགྱུར་ལ་དེ་ལས་ཆགས་པ་ཡོངས་སུ་བསྟེན་པར་འགྱུར་རོ། །དེ་ལས་ལོག་
པར་བསྒྲུབ་པའི་ཕྱིར་བུད་མེད་ཀྱི་ཡུལ་ལ་ལྟ་བ་ནི་རབ་ཏུ་འབྱུང་བའི་བར་དུ་གཅོད་པ་ཡིན་ནོ། །ངོར་ཞེས་སྨོས་པ་ནི་ཤས་ཆེར་གདོང་ནི་ཆགས་པ་གསལ་པོར་བྱེད་པ་ཡིན་གྱི། དེ་མཐོང་བ་ན་ཆགས་པ་འཇུག་པར་འགྱུར་བའི་ཕྱིར་ཡན་ལག་གཞན་མཐོང་བ་ལ་ནི་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར་ནི་མ་ཡིན་ཏེ། དེ་ལ་
ཡང་ཉེས་དམིགས་མཚུངས་པ་ཉིད་ཀྱི་ཕྱིར་རོ། །རེག་པའི་དུག་ལ་རྣམ་ཡང་རེག་མི་བྱ། །ཞེས་བྱ་བ་ནི་རེག་པ་གང་ཁོ་ན་དུག་ཡིན་པ་དེ་ནི་རེག་པའི་དུག་ཡིན་ཏེ། བུད་མེད་དེ་ལ་དགེ་ཚུལ་སེམས་དག་པའམ་མ་དག་པས་ཀྱང་རེག་པར་མི་བྱ་སྟེ། གང་གི་ཕྱིར་བུད་མེད་ཀྱི་ཡུལ་ལ་རེག་པའམ་བུད་མེད་ཀྱི་ཡུལ་གྱིས་རེག་པ་

ནི་ཆགས་པ་དང་རྗེས་སུ་མཐུན་པ་ཡིན་ལ་དེ་ལས་ཀྱང་ཡོངས་སུ་བསྟེན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་ཡུལ་ནི་རེག་པའི་དུག་ཡིན་ནོ་ཞེས་གསུངས་ཏེ། ཇི་ལྟར་རེག་པའི་དུག་ལ་རེག་ན་སྲོག་དང་བྲལ་བར་འགྱུར་བ་དེ་བཞིན་དུ་བུད་མེད་ཀྱི་
ཡུལ་ལ་སྔར་བཤད་པའི་རིམ་པའི་ཚུལ་གྱིས་རེག་པར་བྱེད་ན་སྡོམ་པའི་བར་དུ་གཅོད་པར་འགྱུར་རོ། །དང་ནི་བུད་མེད་ཀྱི་ངོར་བལྟ་བར་མི་བྱ་རེག་པར་ཡང་མི་བྱའོ་ཞེས་སྡུད་པར་བྱེད་པ་ཡིན་ནོ། །ཆུད་ཟོས་པ་རྗེས་སུ་གཟུང་བའི་ཕྱིར་རེག་པ་ལ་ཉེས་པ་མེད་པར་བསྟན་པའི་ཕྱིར་རོ། །ཇི་སྟེ་ཆུ་དང་མེས་འཆི་དེ་ཡི་ཚེ། །
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུ་དང་མེ་ནི་ཆུ་དང་མེ་ཡིན། དེ་བས་ན་མེ་དང་ཆུ་དེས་ཇི་སྟེ་བུད་མེད་འཆི་བ་དེའི་ཚེ་ནི་དགེ་ཚུལ་གྱིས་རེག་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན་སའི་འདུ་ཤེས་གཞག་སྟེ་ཞེས་བྱ་བ་སྨོས་ཏེ། ཆུའམ་མེས་འཆི་བར་གྱུར་པ་དེ་ནི། འདི་ནི་ས་ཡིན་ཏེ་ས་དང་མཚུངས་པ་འདི་ལ་ཆགས་པ་སྐྱེད་
པ་མི་རིགས་སོ་སྙམ་པའི་འདུ་ཤེས་བཞག་ལ་སྙིང་རྗེའི་དབང་གིས་ལག་པའམ་སྐྲ་ལ་བཟུང་ནས་ཆུ་དང་མ་ལས་དྲང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ནིའི་སྒྲ་ནི་སྔ་མ་ལས་ཀྱང་ཁྱད་པར་དུ་བྱ་བའི་དོན་ཏོ། །ཇི་སྟེ་བུད་མེད་སྡོམ་ཅན་མཐོང་ཆགས་འགྱུར། །དེ་ལ་སྡོམ་ཅན་དེ་ནི་རིང་མི་གནས། །ཞེས་བྱ་བ་ལས་ཕྱོགས་
གང་དུ་གནས་ན་སྡོམ་ཅན་མཐོང་ནས་བུད་མེད་ཆགས་པར་འགྱུར་བ་དེར་རམ། བུད་མེད་མཐོང་ནས་དགེ་ཚུལ་ཆགས་པར་འགྱུར་བ་དེར་ཡུན་རིང་པོ་དུས་རིང་པོར་གནས་པར་མི་བྱའོ། །ཉེས་དམིགས་ཡོངས་སུ་སྤང་བའི་ཕྱིར་དེ་དག་ནི་འགྲོ་བ་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །རྡོ་ལ་སོགས་པས་ཡན་ལག་
བརྡུང་མི་བྱ། །ཞེས་བྱ་བ་ལ་ཆགས་པའི་མེས་གདུངས་པར་གྱུར་པའི་དགེ་ཚུལ་གྱིས་ཡན་ལག་སྦུ་བུ་སྟེ། སྐྱེས་པའི་དབང་པོ་རྡོ་ལ་སོགས་པས་བརྡུང་བར་མི་བྱ་ཞིང་བརྡེག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སོགས་པའི་སྒྲས་ནི་ཐོ་བ་ལ་སོགས་པ་ཡོངས་སུ་བསྡུའོ། །འོ་ན་འདོད་ཆགས་ཀྱི་མེ་ཇི་ལྟར་
ཞི་བར་བྱ་ཞེ་ན། འདོད་ཆགས་མེ་ནི་མི་སྡུག་ཆུས་ཞི་བྱེད། །ཅེས་བྱ་བ་སྨོས་ཏེ། འདོད་ཆགས་ཁོ་ན་མེ་ཡིན་པས་ན་འདོད་ཆགས་མེ་སྟེ། ཡོངས་སུ་སྲེག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །མི་སྡུག་ཆུས་ཞི་བྱེད་ཅེས་བྱ་བ་དེ་ལ་མི་སྡུག་པ་ཁོ་ན་ཆུ་ཡིན་པ་དེ་བས་ན་མི་སྡུག་ཆུས་སོ། །མི་སྡུག་པ་ཞེས་བྱ་བ་ནི་མི་གཙང་བའི་

སྒོམ་པ་སྟེ་དེ་ལྟ་བུར་གྱུར་པའི་ཆུས་འདོད་ཆགས་ཀྱི་མེ་ཞི་བར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ། །ཉིད་ནི་ངེས་པར་གཟུང་བའོ། །བུད་མེད་གྱེན་དུ་གདོང་བལྟས་འཐུང་བ་ལ། །རང་གི་རྒྱུན་མི་འཆད་པར་ཆུ་མི་བླུད། །ཅེས་བྱ་བ་ལ་བར་མི་འཆད་པའི་རྒྱུན་ཆུ་གང་ལ་ཡོད་པ་དེ་ནི་རྒྱུན་མི་
འཆད་པའི་ཆུ་སྟེ། དེ་ནི་གྱེན་དུ་གདོང་བལྟས་ནས་འཐུང་བ་ལ་བླུད་པར་མི་བྱའོ། །སུ་ལ་ཞེ་ན་བུད་མེད་ལ་ཞེས་སྨོས་པ་ཡིན་ནོ། །རང་གི་སྒྲ་ནི་གཞན་གྱིས་སྦྱོར་བ་ལ་ཉེས་པ་མེད་དོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །གང་གི་ཕྱིར་རྒྱུན་མི་འཆད་པར་བཏུང་བར་བྱ་བ་བྱིན་པ་ལས་བུད་མེད་ཀྱི་ཡུལ་གྱེན་དུ་གདོང་ལྟ་བས་
འཐུང་བ་ན་མིག་དང་མིག་གི་གཟུགས་ཕྲད་པར་འགྱུར་ལ། དེ་ལས་རྒྱུ་མཚན་འཛིན་པ་ལ་སོགས་པ་སྔ་མ་དང་འདྲ་བ་དེའི་ཕྱིར་རང་གི་སྙིམ་པ་བཀང་བས་ཆུ་སྦྱིན་པར་བྱའི་རྒྱུན་མི་འཆད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁུར་བ་བྱིན་ལྟར་འགྱུར་བས་ཟས་ལ་སོགས། །རང་གི་ལག་གིས་མི་སྦྱིན་གོས་མེད་ལ།
ཞེས་བྱ་བ་ལ། གོས་མེད་ནི་ནམ་མཁའི་གོས་ཅན་ཏེ། དེ་དག་ལ་ཟས་ལ་སོགས་པ་རང་གི་ལག་གིས་ཏེ་བདག་ཉིད་ཀྱི་ལག་པ་ནས་སྦྱིན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བདག་ཉིད་ཀྱི་མངོན་སུམ་དུ་སྦྱིན་དུ་མི་གཞུག་གོ། །ཅིའི་ཕྱིར་ཞེ་ན། ཁུར་བ་བྱིན་ལྟར་འགྱུར་བས་ཞེས་བྱ་བ་སྨོས་ཏེ། ཁུར་བ་དག་
སྦྱིན་པ་ནི་ཁུར་བ་བྱིན་པ་བཞིན་ཏེ། ཁུར་བ་བྱིན་པ་ལྟར་མ་གྱུར་ཅིག་པའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། ཇི་ལྟར་འཕགས་པ་ཀུན་དགའ་བོས་ཁུར་བ་བྱིན་པ་ན་སྐུར་བ་བཏབ་པའི་ཉེས་པ་ལྟར་འདིར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ནི་འདུལ་བ་ལས་འཕགས་པ་ཀུན་དགའ་བོས་ཁུར་བ་བླངས་
ནས་དགེ་འདུན་ཟས་ཀྱི་ཕྱིར་འཁོད་པ་ལ་འབྲིམ་པའི་ཚེ། གཅེར་བུ་མ་སློང་མོ་མདུན་དུ་གཉེར་བ་དག་ལ་ཁུར་བ་བྱིན་པ་ན་དེ་ལ་གཅིག་ནི་གཞོན་ལ་གཉིས་པ་ནི་རྒན་པས་དེར་བྱ་རོག་དང་ཏ་ལའི་ཚུལ་དུ་གཞོན་ནུ་མའི་ལག་པར་ཁུར་བ་གཉིས་བྱིན་ལ་རྒན་མོའི་ལག་པར་གཅིག་བྱིན་པས་རྒན་མོ་དེས་གཞོན་ནུ་མ་ལ། ཀུན་དགའ་
བོ་ཁྱོད་དོན་དུ་གཉེར་བར་བྱེད་དོ་ཞེས་སྨྲས་སོ་ཞེས་འབྱུང་བ་ཡིན་ནོ། །བུད་མེད་ཀྱི་ཡུལ་ལ་ཇི་ལྟར་ཆོས་བཤད་པར་བྱ་ཞེ་ན། གདོང་དུ་འབྲུ་ཚུགས་སུ་ནི་ལྟ་བ་དང་། །ཆགས་མེད་མིག་གིས་བུད་མེད་ཆོས་ཤོད་ཅིག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བུད་མེད་ལ་དགེ་ཚུལ་གྱིས་བཤད་ཅིང་བསྟན་པར་བྱའོ། །

བཤད་པ་དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྨྲས་པ་བུད་མེད་ཀྱི་ཡུལ་ལ་མིག་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་ཕྱིར་ཆགས་མེད་མིག་སྟེ། དེས་བཤད་པར་བྱའི་གཞན་དུ་མ་ཡིན་ནོ། །གདོང་དུ་འབྲུ་ཚུགས་སུ་ནི་ལྟ་བ་དང་། །ཞེས་བྱ་བ་ལ་འབྲུ་ཚུགས་ཀྱང་དེ་ཡིན་ལ་ལྟ་བ་ཡང་ཡིན་པས་ན་འབྲུ་ཚུགས་སུ་ལྟ་བ་དེ་བས་ན་དེས་བུད་
མེད་ཀྱི་ཡུལ་གྱི་གདོང་ལ་བལྟ་བས་ཆོས་བཤད་པར་མི་བྱའོ། །གལ་ཏེ་དེ་ལ་ཡང་ཆོས་སྟོན་པར་བྱེད་ན། དེར་རིག་པའི་སྐྱེས་པ་ཡོད་པ་འགྱུར་ན་སྔར་བཤད་པའི་ཚུལ་དུ་ཇི་སྲིད་འདོད་པར་བཤད་པར་བྱ་བའམ། ཡང་ན་ཚིག་ལྔའམ་དྲུག་དག་གི་ཆོས་བཤད་པར་བྱ་བ་ཡིན་ཏེ། དཔེར་ན་སངས་རྒྱས་རྗེས་སུ་དྲན་པ་དང་། གཟུགས་
ཀྱི་ཕུང་པོ་ནས་ཚོར་བའི་ཕུང་པོའི་བར་དུ་ཞེས་བྱ་བ་ཡིན་གྱི་གཞན་དུ་ན་ལོག་པར་སྦྱར་བའི་ཞི་བའི་ལས་ཀྱི་བདག་ཉིད་ཀྱིས་སྲོག་འཇོམས་པར་འགྱུར་བ་ལྟ་བུའོ། །དེ་བཞིན་དུ། ཉལ་དང་འདུག་དང་འགྲོ་སོགས་བུད་མེད་སྤང་། །ཞེས་བྱ་བ་ལ། དགེ་ཚུལ་གྱིས་བུད་མེད་དང་ལྷན་ཅིག་གཅིག་པུ་ཆགས་པས་དབེན་པར་
ཉལ་བ་དང་འདུག་པ་དང་ཡུལ་གཞན་དུ་འགྲོ་བ་སྤང་བར་བྱའོ། །སོགས་པའི་སྒྲས་ནི་བསོད་སྙོམས་ལ་འཇུག་པ་དང་། གཞན་དབེན་པར་འདུག་པ་ཡང་སྤང་བར་བྱ་བ་ཡིན་ནོ། །དེ་ལ་འདིར་ཆོས་བསྟན་པ་ལ་སོགས་པ་ལ་ཉེས་པ་ཡོད་པ་མ་ཡིན་པ་ནི། ཇི་སྟེ་སྐྱེས་པ་ཡོད་ན་ཉེས་པ་མེད། །ཅེས་བྱ་བ་སྨོས་ཏེ་ཉལ་
བ་ལས་གཞན་དུ་ཇི་སྐད་དུ་བཤད་པའི་རིག་པའི་སྐྱེས་པ་ལེགས་པར་བཤད་པ་ལ་སོགས་པ་ཡོངས་སུ་གོ་བ་དང་འཛིན་ནུས་པ་ཡོད་ནའོ། །ཉལ་བ་ལ་ནི་ཁྱོ་དང་བུ་དང་མིང་པོ་ལ་སོགས་པ་གང་ལས་འཇིགས་པ་དང་ངོ་ཚ་བར་འགྱུར་བ་གཟུང་བར་བྱའོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་མི་ཚངས་པར་སྤྱོད་
པ་ལས་སླར་ལྡོག་པའི་གཞི་གསུམ་པའོ།། །།ད་ནི། བླ་མ་དེ་བརྗོད་བློ་ཡིས་མི་ཆོས་ལས། བླ་མ་ཞེས་བྱ་བ་ལ་ཡོད་དོ་ཞེས། །ང་རྒྱལ་མ་གཏོགས་མི་ལ་བརྫུན་དུ་སྨྲས། །གཞན་གྱིས་གོ་བར་གྱུར་ན་བསྐྲད་པར་བྱ། །ཞེས་བྱ་བ་ལ་སོགས་པས་བཞི་པ་འཆད་པར་བྱེད་ལ། མིའི་ཆོས་ལས་བླ་མར་གྱུར་
པ་བདག་ལ་ཡོད་ཅེས་གཞན་རིག་པའི་མི་ལ་དེ་བརྗོད་པའི་སེམས་ཀྱིས་བརྫུན་དུ་སྨྲས་ནས་གཞན་གྱིས་གོ་བར་གྱུར་ན་དངོས་གཞིའི་ཉེས་པར་འགྱུར་ཏེ། མངོན་པའི་ང་རྒྱལ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་བརྗོད་པར་བྱ་བ་ལ་མིའི་ཆོས་ནི་མི་ཆོས་ཏེ་དེ་ཡང་རྣམ་པ་

གཉིས་ཏེ། བླ་མར་གྱུར་པ་དང་། བླ་མར་གྱུར་པ་མ་ཡིན་པའོ། །དེ་ལ་སྒྲིབ་པ་ལྔ་ལ་སོགས་པ་ནི་མི་ཆོས་བླ་མ་མ་ཡིན་པ་ཡིན་ཏེ། དམན་པ་ཉིད་ཡིན་པའི་ཕྱིར་རོ། །མིའི་ཆོས་ལས་བླ་མར་གྱུར་པ་བསམ་གཏན་ལ་སོགས་པ་ནི་བླ་མ་གྱུར་པ་ཉིད་ཡིན་ཏེ། སྒྲིབ་པ་ལྔ་ལ་སོགས་
པ་ལ་ལྟོས་ན་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པའི་ཕྱིར་རོ། །མི་ཆོས་ཉིད་ནི་མི་དག་གིས་ཐོབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །བླ་མ་ཞེས་བྱ་བ་ནི་བླ་མ་ཞེས་བྱ་བའི་མིང་གང་ལ་ཡོད་པ་ཞེས་བྱ་བའི་དབང་དུ་བྱས་ནས་གང་དེ་ལྟ་བུར་གྱུར་པའི་ཆོས་དེ་ནི་བླ་མ་ཞེས་བྱ་བ་ཡིན་ཏེ། དགེ་ཚུལ་གྱིས་སྨྲས་ན་དེ་བསྐྲད་
པར་བྱ་ཞིང་བསྙིལ་བར་བྱ་སྟེ། འོག་ཏུ་ལྟུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ཉིད་ཅེས་བྱ་བ་ནི་ངེས་པར་བཟུང་བ་ཡིན་པར་བལྟ་བར་བྱའོ། །དེའི་ཕྱིར་གཞན་བརྗོད་པའི་བསམ་པས་གཞན་བརྗོད་ན་ཆུང་བར་འགྱུར་རོ། །སུ་ལ་སྨྲས་པས་ཤེ་ན། མི་ལ་ཞེས་བྱ་བ་སྨོས་ཏེ་མི་ཞེས་བྱ་
བ་ནི་མིའི་རིགས་གཟུང་བ་ཡིན་ནོ། །ཇི་སྐད་སྨྲས་པས་ཤེ་ན། ང་ལ་ཡོད་ཅེས་བྱ་བ་སྨོས་པ་ཡིན་ནོ། །དེ་ནི་རྣམ་པ་གཞན་མཚོན་པར་བྱེད་པ་ཡིན་ཏེ་དཔེར་ན་ངས་ཐོབ་པོ་ངས་ཤེས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་ལྟ་བུའོ། །བསམ་པ་གང་གིས་ཤེ་ན། བླ་མ་དེ་བརྗོད་བློ་ཡིས་ཞེས་བྱ་བ་སྨོས་ཏེ། བླ་
མའི་བརྗོད་པ་ནི་བླ་མ་བརྗོད་པ་སྟེ། །དེའི་བློ་དང་བསམ་པ་ནི་བླ་མ་བརྗོད་བློ་ཡིན་ཏེ། དེའི་ཕྱིར་དེས་སོ། །འདི་སྐད་དུ་མིའི་ཆོས་ལས་བླ་མར་གྱུར་པ་སྨྲ་བའི་བསམ་པས་ཞེས་བསྟན་པར་འགྱུར་རོ། །དེ་ལ་འགའ་ཞིག་ཏུ་མིའི་ཆོས་ལས་བླ་མར་གྱུར་པ་རྟོགས་པ་མེད་པར་སྔར་རྟོགས་པའི་བསམ་པས་བདག་
གིས་མིའི་ཆོས་ལས་བླ་མར་གྱུར་པ་རྟོགས་སོ་ཞེས་བྱ་བ་དེ་ལྟ་བུ་གསལ་བར་བྱས་པའི་ཕྱིར། །ང་རྒྱལ་མ་གཏོགས་ཞེས་བྱ་བ་སྨོས་པ་ཡིན་ཏེ་མངོན་པའི་ང་རྒྱལ་དག་མེད་པར་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པའི་ང་རྒྱལ་ནི་ཉེས་པ་མེད་དོ། བརྫུན་ཞེས་བྱ་བ་ནི་འདུ་ཤེས་མེད་པའི་ཕྱིར་རོ། །གང་གི་ཚེ་བསྐྲད་
པར་བྱ་བ་ཡིན་ཞེ་ན། གཞན་གྱིས་གོ་བར་གྱུར་པ་ནི་གཞན་གྱིས་རྟོགས་པར་གྱུར་པ་ནའོ། །གཞན་ཞེས་བྱ་བ་ནི་བཤད་མ་ཐག་པའི་མིའི་རྒྱུད་ཡུལ་ཉིད་དུ་གང་མཚོན་པར་བྱ་བའམ། གཞན་གྱིས་དེ་རྟོགས་པར་འགྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལ་བརྗོད་པའི་བསམ་པས་མི་གཞན་ལ་སྨྲས་པ་ན་ཆུང་བར་

འགྱུར་ཞིང་བཟློག་པ་དང་། དེ་བཞིན་དུ་ཡིད་གཉིས་ཀྱང་ཆུང་བར་འགྱུར་རོ། །གོ་བར་གྱུར་ན་ཞེས་སྨོས་པ་ནི་གཉིད་ལོག་པ་དང་། ར་རོ་བ་དང་། སེམས་འཁྲུགས་པ་དང་། སྐད་མི་གོ་བ་ཡོངས་སུ་སྤང་བའི་ཕྱིར་རོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་གཞན་གྱིས་གོ་བར་གྱུར་ན་
སྡོམ་པ་འཇིག་པར་འགྱུར་བ་དེའི་ཕྱིར་བསྐྲད་པར་བྱ་བ་ཡིན་ཏེ། གོང་དུ་བསྟན་པ་ལས་བཟློག་པ་ནི་ཐམས་ཅད་དུ་ཉེས་པ་ཆུང་བར་འགྱུར་རོ་ཞེས་ཤུགས་ཀྱིས་བརྗོད་པར་འགྱུར་རོ། །མིའི་ཆོས་ལས་བླ་མར་གྱུར་པ་དེ་ཡང་གང་ཡིན་ཞེ་ན། བསམ་གཏན་སོགས་དང་མངོན་ཤེས་འབྲས་བུར་བཅས། །ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། བསམ་གཏན་དང་པོར་བྱས་པ་གང་ཡིན་པ་དེ་ནི་བསམ་གཏན་ལ་སོགས་པའོ། །སོགས་པའི་སྒྲས་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་གཟུང་ཞིང་གཞན་ཡང་དེ་ལྟ་བུར་གྱུར་པ་སྐྱེ་མཆེད་ཀྱི་མཚན་ཉིད་ཅན་བྱམས་པ་ལ་སོགས་པའི་ཏིང་ངེ་འཛིན་བསྡུའོ། །བསམ་གཏན་ནི་གཟུགས་ན་
སྤྱོད་པའི་སེམས་ཀྱི་བྱེ་བྲག་ཡིན་ལ། གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པའི་སེམས་ཀྱི་བྱེ་བྲག་ཡིན་ནོ། །མངོན་པར་ཤེས་པ་ནི་མངོན་པར་ཤེས་པ་ལྔ་འམ། མངོན་པར་ཤེས་པ་དྲུག་དག་ཡིན་ནོ། །དེ་ལ་མངོན་པར་ཤེས་པ་ལྔ་ནི་ལྷའི་མིག་དང་། རྣ་བ་དང་། སྔོན་
གྱི་གནས་རྗེས་སུ་དྲན་པ་དང་། གཞན་གྱི་སེམས་ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པའོ། །ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པས་བསྲེས་པ་དག་ནི་དྲུག་པར་འགྱུར་རོ། །འབྲས་བུ་ནི་བཞི་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་།
དགྲ་བཅོམ་པའི་འབྲས་བུའོ། །འབྲས་བུ་དང་བཅས་པར་འཇུག་པས་ན་འབྲས་བུར་བཅས་པའོ། །ཡོན་ཏན་ནི་ཡོན་ཏན་དུ་བྱེད་གོམས་པར་བྱེད་པས་ན་ཡོན་ཏན་ཏེ། དྲན་པ་ཉེ་བར་གཞག་པ་བཞི་ནས་བརྩམས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱ་བའི་བར་དུ་སྟེ། དེ་དག་ནི་འབྲས་བུར་བཅས་
པའི་ཡོན་ཏན་དག་ཡིན་ནོ། །བསླབ་པའི་ཚིག་འདིར་མིའི་ཆོས་ལས་བླ་མར་གྱུར་པ་བསྟན་པ་ཡིན་ནོ། །ད་ནི་བསམ་གཏན་དང་པོ་ལ་སོགས་པ་འབའ་ཞིག་མ་ཡིན་གྱི། འོན་ཀྱང་དེ་དག་ཀྱང་ཡིན་ནོ་ཞེས་སྡུད་པར་བྱེད་པའོ། །བླ་མར་གྱུར་པ་བཤད་པ་དེ་ལྟར་དེ་ཙམ་སྤྱིར་བསྟན་ནས་ད་ནི། བརྗོད་པར་བྱ་

བ་རྣམ་པ་མང་པོ་དག །ད་ནི་བཤད་པར་བྱ་ཡིས་ཉན་པར་གྱིས། །ད་ནི་ད་ལྟར་ཏེ་མིའི་ཆོས་བླ་མར་གྱུར་པ་འདི་བརྗོད་བྱ་གཞན་ལ་སྨྲ་བར་བྱ་བ་དེ་བཤད་པར་བྱ་ཡིས་མཉན་པར་ཏེ་རྣ་གཏོད་པར་གྱིས་ཤིག་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། རྣམ་པ་མང་པོ་ཞེས་བྱ་བ་ལ། བརྗོད་པར་བྱ་བ་
རྣམ་པ་མང་པོའོ། །དང་ནི་ཡང་གི་དོན་ཏེ་བཤད་པར་བྱ་བ་རབ་ཏུ་བསྟན་པར་བྱ་བ་བླ་མར་གྱུར་པ་དེ་མང་པོར་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་འཆད་པར་བྱེད་པ་ཡང་རྣམ་པ་མང་པོ་ཉིད་ཡིན་ནོ། །རྣམ་པ་མང་པོ་དེ་ཡང་ཁ་ཅིག་ཏུ་ནི་འབྲས་བུའི་སྒོ་ནས། ཁ་ཅིག་ཏུ་ནི་དངོས་སུ། ཁ་ཅིག་ཏུ་ནི་དེའི་ཆོས་བརྗོད་པའི་
སྒོ་ནས། ཁ་ཅིག་ཏུ་ནི་ཉམས་པའི་སྒོ་ནས། ཁ་ཅིག་ཏུ་ནི་གཞན་ལ་སྙད་འདོགས་པའི་སྒོ་ནས། ཁ་ཅིག་ཏུ་ནི་དོན་འདྲ་བ་བརྗོད་པའི་སྒོ་ནས། ཁ་ཅིག་ཏུ་ནི་ཟུར་གྱིས་གླེངས་པའི་སྒོ་ནས། ཁ་ཅིག་ཏུ་ནི་ཕྱི་མ་ཡང་དག་པའི་སྒོ་ནས། ཁ་ཅིག་ཏུ་ནི་མི་སྨྲ་བས་དང་དུ་ལེན་པའི་སྒོ་ནས་ཞེས་བྱ་བ་རྣམ་པ་མང་པོས་
བཤེས་པར་བྱ་ཡིས་མཉན་པར་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཀྱང་། ལྷ་ལ་སོགས་མཐོང་ལྷ་མིན་ལ་སོགས་བདག །ཅེས་བྱ་བ་ལ་སོགས་པས་གོ་རིམས་བཞིན་དུ་རྗོད་པར་བྱེད་པ་ལ། ལྷ་ལ་སོགས་པ་གང་ཡིན་པ་དེ་ནི་ལྷ་ལ་སོགས་པ་སྟེ། མཐོང་ངོ་ཞེས་བྱ་བར་སྦྱར་རོ། །ལྷའི་མིག་
གིས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སོགས་པའི་སྒྲས་ནི་ཀླུ་དང་གནོད་སྦྱིན་ལ་སོགས་པ་གཟུང་ངོ་། །འཆི་བ་མེད་པས་ན་འཆི་མེད་དེ་ལྷ་དག་ཡིན་ནོ། །དེ་དག་ལ་སོགས་པ་གང་ཡིན་པ་དེ་ནི་ལྷ་ལ་སོགས་ཏེ། དེ་དག་བདག་ལ་ལྟ་ཞིང་ཞེས་བྱ་བར་སྦྱོར་རོ། །བདག་ཉིད་ཀྱིས་མངོན་སུམ་དུ་གྱུར་པའི་མཐོང་
བ་ཁས་བླངས་ནས་དེ་སྐད་དུ་སྨྲ་བ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དང་ནི་འགྲོ་བ་ལ་སོགས་པ་ཕན་ཚུན་དུ་འཕེལ་བ་ཉིད་ཡིན་པར་རིག་པར་བྱའོ། །དེ་དག་ནི་འབྲས་བུ་ཉེ་བར་སྟོན་པའི་སྒོ་ནས་སྨྲ་བ་ཡིན་ནོ། །སྡུག་བསྔལ་ལ་སོགས་ཤེས་པ་དང་། །ཞེས་བྱ་བ་ལ། སྡུག་བསྔལ་ནི་སྡུག་བསྔལ་གྱི་བདེན་
པ་ཡིན་ཏེ། དེའི་དངོས་པོ་ནི་སྡུག་བསྔལ་ཉིད་དོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་སོགས་པའོ། །སོགས་པའི་སྒྲས་ནི་བདེན་པ་གཞན་དག་སྡུད་པར་བྱེད་པ་ཡིན་ནོ། །འདིས་ནི་བླ་མར་གྱུར་པའི་ཆོས་དངོས་སུ་རབ་ཏུ་སྟོན་པར་བྱེད་པའོ། །དང་ནི་བསམ་གཏན་ལ་སོགས་པ་ཡོངས་སུ་

སྡུད་པ་ཡིན་ཏེ། བདག་གི་བསམ་གཏན་ཁོང་དུ་ཆུད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལྟ་ན་དང་ནི་གཉི་གར་སྦྱར་བར་བྱའོ། །ཟག་པ་ཟད་པའི་ངེས་པའི་ཁྱད་པར་དང་། །ཞེས་བྱ་བ་ལ་སོགས་པས་དེའི་ཆོས་ཉིད་བརྗོད་པས་ལུང་སྟོན་པར་བྱེད་པ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཟག་པ་ཟད་
པ་གང་དག་ཡིན་པ་དེ་དག་ནི་ཟག་པ་ཟད་པ་སྟེ། འདོད་ཆགས་དང་བྲལ་བའོ། །དེ་དག་གི་ངེས་པ་ནི་སོ་སོར་ངེས་པའི་ཁྱད་པར་ཏེ་གཞན་དག་ལ་ཡང་ཞེས་བྱ་བའི་དབང་དུ་བྱས་ནས། སྟན་བཀྲ་ལ་སོགས་པའི་མཚན་ཉིད་ཀྱི་བྱེ་བྲག་དག་ཡིན་པ་དེའི་ཕྱིར་དེ་དང་བདག་ཉིད་ཁོ་ན་ཡང་དག་པར་ལྡན་པར་སྨྲ་བར་
བྱེད་པའོ། །ཉིད་ནི་བདག་ཉིད་ཀྱིས་གཞན་ལྡན་པར་སྨྲས་ན་ཉེས་པ་ཆུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །ད་ནི་དེའི་དཔེར་བྱེད་པ། གང་དུ་སྟན་བཀྲ་ལ་སོགས་དགྲ་བཅོམ་ཐོབ། །ཅེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ། བཀྲ་བ་སྟེ་སྣ་ཚོགས་པའི་སྟན་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྟན་བཀྲ་ལ་སོགས་པ་
ཡིན་པ་དེའི་ཕྱིར་དེ་ཁྱིམ་གྱི་ནང་དུ་ཐོབ་པའོ། །ཅི་ཐམས་ཅད་ཀྱིས་སམ་འོན་ཏེ་དགྲ་བཅོམ་པས་ཤེ་ན། དགྲ་བཅོམ་ཞེས་བྱ་བ་སྨོས་པ་ཡིན་ནོ། །དེ་ལྟར་འདོད་ཆགས་དང་བྲལ་བ་ལ་ངེས་པ་ཉིད་ཡིན་པར་བསྟན་པའི་འོག་ཏུ། དེ་ནི་བདག་གིས་ཐོབ་སྟེ་གཞན་གྱིས་མིན། །ཞེས་བྱ་བ་སྨྲ་བའོ། །དེ་སྐད་
དུ་བསྟན་པ་ན་གཞན་གྱིས་འདི་ཡང་དགྲ་བཅོམ་པ་དག་ཡིན་ནོ་ཞེས་བྱ་བར་རྟོགས་པར་འགྱུར་རོ། །དང་ནི་བདག་ཉིད་འདོད་ཆགས་དང་བྲལ་བ་དང་མཚུངས་པར་སྡུད་པ་ཡིན་ནོ། །དེ་ཉིད་དུ་ནི་ཞེས་བྱ་བ་ནི་ཁྱིམ་གང་དུ་དགྲ་བཅོམ་པས་ཐོབ་པ་གཞན་གྱིས་མིན་ཏེ། གཞན་ཉིད་ཀྱིས་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །ཉམས་པའི་དབང་དུ་བྱས་ནས། དགེ་སྦྱོང་ལམ་ལས་ཡོངས་སུ་བདག་ཉམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོངས་སུ་སྟེ་ཀུན་ནས་འཕགས་པའི་ལམ་ལ་སོགས་པ་ལས་ཉམས་ཤིང་ཡོངས་སུ་ཉམས་པར་གྱུར་ཅེས་བྱ་བ་ནི་ལྷག་མའོ། །དེ་ཡང་རྣམ་པ་གཉིས་ཏེ་འཕགས་པའི་ལམ་ཐོབ་པ་
དང་མ་ཐོབ་པའོ། །གང་གི་ཕྱིར་འཕགས་པའི་ལམ་མ་ཐོབ་པ་ལ་ཡང་ཉམས་པ་ཞེས་བརྗོད་པ་དེའི་ཕྱིར་ཁྱད་པར་དུ་བྱ་བའི་ཁྱད་པར་ཐོབ་པ་ལས་ཉམས་པར་གྱུར་ཏོ་ཞེས་དགེ་ཚུལ་སྨྲ་ན་ཞེས་བྱ་བར་སྦྱར་རོ། །གཞན་ལས་ཁྱད་པར་དུ་བྱ་བ་ཡིན་པས་ན་ཁྱད་པར་ཏེ། འཕགས་པའི་ལམ་ཡིན་པ་དེའི་ཕྱིར་

གལ་ཏེ་ཐོབ་པ་ལས་ཉམས་སོ་ཞེས་སྨྲ་བར་བྱེད་པ་དེའི་ཚེ་བཤད་མ་ཐག་པའི་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་དེ་ཉིད་དཔེར་བྱེད་པ། དགེ་སྦྱོང་ལམ་ལས་ཡོངས་སུ་བདག་ཉམས་ཞེས་བྱ་བས་སྟོན་པར་བྱེད་པ་ཡིན་ཏེ། དགེ་སྦྱོང་གི་དངོས་པོ་ནི་དགེ་སྦྱོང་ཉིད་དེ་འཕགས་
པའི་ལམ་ཡིན་ཏེ། གང་གི་ཕྱིར་བསྟན་བཅོས་ལས། དགེ་སྦྱོང་ཉིད་ནི་དྲི་མ་མེད་པའི་ལམ་ཡིན་ནོ་ཞེས་རབ་ཏུ་གྲགས་པ་ཡིན་ནོ། །དགེ་སྦྱོང་ཡང་དེ་ཡིན་ལ་འཕགས་པའི་ལམ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་ལས་བདག་ཉམས་སོ་ཞེས་དགེ་ཚུལ་བདག་ཉིད་སྨྲ་བ་ཡིན་ནོ། །མ་
ཐོབ་པ་ལས་ཉམས་པའི་བསམ་པས་ནི་ཉེས་པ་ཆུང་བར་བཤད་པར་འགྱུར་རོ། །དགེ་སྦྱོང་གི་ལམ་ནི་མིའི་ཆོས་གཞན་གྱིས་ཉེ་བར་མཚོན་པར་བྱེད་པའོ། །དེ་ལས་ཅིར་འགྱུར་ཞེ་ན། བླ་མའི་ཚིག་རྣམས་དེ་དང་ལྡན་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུའི་བླ་མའི་ཚིག་བརྗོད་པ་དང་ལྡན་ཞིང་འབྲེལ་
པར་བརྗོད་པའི་ངག་འདི་ལ་ཞེས་བྱ་བའི་དོན་ཡིན་པ་དེ་བས་ན་ཚིག་དང་རབ་ཏུ་ལྡན་པའི་ཕྱིར་རོ། །བཅོམ་ནས་དམྱལ་བར་འགྲོ་ཞེས་བྱ་བ་ནི་རྩ་བའི་ཉེས་བྱས་ཀྱིས་རྣམ་པར་བཅོམ་ཞིང་བཤིག་ནས་དམྱལ་བར་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། །མི་མ་ཡིན་པ་ཐམས་ཅད་ལ་རིམ་པ་འདི་ཡིན་ནམ་ཞེ་ན། ཕྱག་དར་ཁྲོད་
ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་ཕྱག་དར་ཁྲོད་ཀྱི་འདྲེ་ནི་འདྲེ་ཁ་འབར་མ་ཡིན་ལ། དེ་དག་དང་སོ་སོར་འབྲེལ་པ་དག་ལ་ཉེས་པ་ཆུང་བ་སྟེ། བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷ་ལ་སོགས་པའི་དངོས་གཞིའི་ཡན་ལག་གི་སྐབས་སུ་ཕྱག་དར་ཁྲོད་ཀྱི་འདྲེའི་ཚིག་ཡོད་པ་དེའི་
ཕྱིར། ཕྱག་དར་ཁྲོད་ཀྱི་འདྲེ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་སྨྲས་ན་ཆུང་བར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དང་ནི་དེ་བཞིན་དུ་རང་གི་མཚན་ཉིད་འཛིན་པའི་རྒྱུ་མཚན་ཡང་ཆུང་བར་འགྱུར་རོ་ཞེས་སྡུད་པར་བྱེད་པ་ཡིན་ནོ། །རང་གི་མཚན་ཉིད་འཛིན་པར་བྱེད་པས་ན་རང་གི་མཚན་ཉིད་འཛིན་པ་སྟེ་ཤེས་
པའི་ཁྱད་པར་བསམ་གཏན་གྱི་དངོས་གཞི་འཛིན་པར་བྱེད་པ་དང་། ཆགས་པ་ཀུན་ནས་འཛིན་པར་བྱེད་པའོ། །གང་གི་ཕྱིར་ཤེས་པའི་དངོས་པོ་དེ་ཉིད་ལ་རང་གི་མཚན་ཉིད་སོ་སོར་སྣང་བ་དེའི་རྒྱུ་མཚན་དང་བྱེད་རྒྱུ་བགྲོད་པར་བྱ་བ་ཡོངས་སུ་མ་རྫོགས་པའི་གནས་སྐབས་ཀྱི་མཚན་ཉིད་ཡིན་ལ་དེ་ཡང་དེ་ལ་

ཅུང་ཞིག་མི་གསལ་བར་སྣང་བ་སྨྲ་བར་བྱེད་ན་དེ་ལ་ཡང་ཉེས་པ་ཆུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཡིན་པའམ་ཡང་ན་རང་གི་མཚན་ཉིད་འཛིན་པ་ཡང་ཡིན་ལ་རྒྱུ་མཚན་ཡང་ཡིན་པས་ན་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བ་ཡིན་ནོ། །གང་གི་ཕྱིར་དེ་ལ་ཡང་རང་གི་མཚན་ཉིད་སོ་སོར་སྣང་བ་མི་གསལ་བའི་རྒྱུ་མཚན་བགྲོད་
པར་བྱ་བ་ཡོངས་སུ་མ་རྫོགས་པ་ལ་སོགས་པ་ཞེས་བྱ་བ་སྡུག་བསྔལ་ལ་སོགས་པ་ཤེས་པ་དང་ཞེས་སྨོས་པའི་དངོས་གཞིའི་ཡན་ལག་གི་གནས་སུ་འདི་བལྟ་བར་བྱ་བ་ཡིན་ནོ། །དེ་བས་ན་འདི་བདག་ལ་ཡོད་དོ་ཞེས་ལུང་སྟོན་པར་བྱེད་ན་ཉེས་བྱས་ཀྱི་ཉེས་པར་འགྱུར་བར་རིག་པར་བྱའོ། །གཞན་ལ་སྙད་
འདོགས་པའི་དབང་དུ་བྱས་ནས། སྡོམ་ཅན་གང་དག་ལྷ་སྒྲ་ཐོས་ཡོད་ཅེས། །ཇི་བཞིན་གཞན་ལ་སྙད་འདོགས་སྨྲ་བྱེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་རོལ་པོ་གཞན་ལ་སྙད་འདོགས་པ་ནི་གཞན་ལ་སྙད་འདོགས་པ་སྟེ། གཞན་གྱི་མིང་གིས་ཞེས་བྱ་བའི་དོན་ཡིན་པ་དེའི་ཕྱིར་
གཞན་ལ་སྙད་འདོགས་པས་སྨྲ་བར་བྱེད་ན་ཡང་ངོ་། །ཡང་གི་སྒྲ་ནི་སྔ་མ་ལ་ཇི་ལྟ་བ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ་ཞེས་སྡུད་པར་བྱེད་པའོ། །དེའི་དཔེར་བྱེད་པ། སྡོམ་ཅན་གང་དག་ལྷ་སྒྲ་ཐོས་ཡོད་ཅེས། །ཞེས་བྱ་བས་སྟོན་པར་བྱེད་པ་ཡིན་ཏེ། གནས་སྐབས་འགའ་ཞིག་ཏུ་བདག་ཉིད་ལ་བསམས་
ནས། སྡོམ་ཅན་གང་དག་ལྷ་དག་གི་སྒྲ་ཐོས་པ་ཡོད་དོ་ཞེས་བྱ་བའི་ཚིག་དེ་ལས་དེ་ནི་ངེས་པར་འདི་ཉིད་ཡིན་ནོ་ཞེས་གཞན་སེམས་པར་འགྱུར་ཏེ། འདིར་དེ་ཉིད་ཆུང་བའོ། །ཅིའི་ཕྱིར་ཆུང་བར་འགྱུར་ཞེ་ན། སྨྲས་པ། བདག་ཅེས་བྱ་བ་དེ་དང་བྲལ་བ་དེ་ནི་ཆུང་བར་འགྱུར་ཞེས་བྱ་བར་སྦྱར་བར་
བྱའོ། །དེ་ནི་ཆུང་ཞེས་བྱ་བ་ལ་དེ་ཡང་དེ་ཡིན་ལ་ཆུང་བ་ཡང་ཡིན་པས་ན་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །དེ་ཡང་བཤད་མ་ཐག་པའི་ཉེས་བྱས་ཆུང་བར་འགྱུར་བར་ཤེས་པར་བྱའོ། །གཞན་ལ་སྙད་འདོགས་པས་སྨྲ་བ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བར་སྤྱིའི་ཚིག་ཏུ་བསྟན་པས་འདིས་དེ་དག་གི་
དཔེར་བྱེད་པ་ཡིན་ཏེ། འདི་སྐད་དུ་བདག་ལ་བསམས་ནས་གཞན་གྱི་མིང་གིས་སྤྱིར་མིའི་ཆོས་བླ་མ་སྨྲ་བར་བྱེད་ན་ཉེས་པ་ཆུང་བར་འགྱུར་ཏེ། བཤད་མ་ཐག་པའི་བདག་གི་སྒྲ་མ་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །གང་གི་ཚེ་བདག་ཅེས་བྱ་བ་ཡང་བརྗོད་པར་གྱུར་པ་དེའི་ཚེ་ཇི་ལྟར་འགྱུར་ཞེ་ན།

བདག་གི་སྒྲ་དང་ལྡན་ན་རྩ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། གཞན་ལ་སྙད་འདོགས་པས་གོ་བར་བྱས་པའི་ཕྱིར་དེ་ནི་བདག་ཉིད་ཡིན་ནོ་ཞེས་བདག་ཉིད་སྒྲུབ་པར་བྱེད་པ་དང་ལྡན་ཞིང་འབྱོར་པའི་ཚིག་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་ཚིག་དེས་སྨྲས་ན་རྩ་བར་འགྱུར་རོ། །
ནི་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །དེ་བཞིན་དུ་གཞན་ལ་སྙད་འདོགས་པ་གཞན་ལ་ཡང་བལྟ་བར་བྱའོ། །དོན་འདྲ་བ་བརྗོད་པ་བསྟན་པའི་ཕྱིར་ཇི་ལྟར་མཚུངས་པར་འགྱུར་བའི་སྒྲ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚུངས་པ་ཡང་དེ་ཡིན་ལ་སྒྲ་ཡང་ཡིན་པས་ན་མཚུངས་པར་གྱུར་པའི་
སྒྲ་དག་སྟེ། གང་དག་སྒྲ་མཚུངས་ལ་དོན་ཐ་དད་པ་ནི་དཔེར་ན་འབྲས་བུའི་སྒྲ་དགེ་སྦྱོང་གི་འབྲས་བུ་དང་། ཨ་མྲའི་འབྲས་བུ་ལ་གང་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་བལྟ་བར་བྱའོ། །ཡང་ན་མཚུངས་པ་དེ་འདྲ་བའི་སྒྲ་དོན་གང་ལ་ཡོད་པ་དེ་ནི་མཚུངས་པར་གྱུར་པའི་སྒྲ་དང་ལྡན་པའོ། །
དེའི་ཕྱིར་དེ་དང་བདག་ཉིད་ཡང་དག་པར་ལྡན་པར་སྨྲ་བར་བྱེད་པ་ལས་ཞེས་བྱ་བར་སྦྱར་ཏེ། གོང་དུ་མཚུངས་པའི་སྒྲས་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་བརྗོད་པའི་ཕྱིར་རོ། །དང་ནི་ཇི་ལྟར་ཞེས་བྱ་བ་གོང་དུ་ཇི་ལྟ་བ་དེ་བཞིན་དུ་འདིར་ཡང་ཞེས་སྡུད་པར་བྱེད་པ་ཡིན་ནོ། །བསླབ་ལ་གནས་ནས་བདག་ནི་བསླབ་
ཅེ་འམ། །ཞེས་བྱ་བ་ལ་སོགས་པས་དཔེ་སྟོན་པར་བྱེད་དེ། བསླབ་པ་ནི་སྤྱོད་པ་སྟེ་ཚུལ་ཁྲིམས་ལ་གནས་པ་ཞེས་བྱ་བའི་བར་དུའོ། །དེ་ལ་བསམ་པ་ནི་སེམས་པའོ། །དེ་ལ་བསླབ་པ་ལ་བསམས་ནས་ཞེས་བྱ་བ་ནི་ཀུན་དུ་སྤྱོད་པ་ལ་སེམས་པའི་སྒོ་ནས་ཞེས་བྱ་བའི་དོན་ཏེ་བསམས་པ་དེས་སོ། །བདག་ནི་
སློབ་པ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཐ་མའི་འཕགས་པ་མ་གཏོགས་པ་སློབ་པ་བདུན་ལ་བྱ་སྟེ། སྤང་བར་བྱ་བ་མ་ལུས་པ་སྤོང་བ་ལ་སློབ་པའི་ཕྱིར་རོ། །དེ་ལ་འདི་ནི་བཀའ་ལས་རབ་ཏུ་གྲགས་པའི་ཚུལ་ཡིན་ནོ། །སོ་སོའི་སྐྱེ་བོ་འགའ་ཞིག་ཀྱང་སོ་སོར་ཐར་པའི་བསླབ་པ་ལ་སློབ་པའི་ཕྱིར་ཞེས་བྱ་བའི་
ངས་པའི་ཚིག་གི་ཚུལ་གྱིས་དེ་ཡང་སློབ་པར་འགྱུར་རོ། །དེའི་ཕྱིར་བསམ་པས་སྨྲས་ན་ཆུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན། །ལམ་ལ་ཞུགས་ནས་བདག་ནི་ལམ་གནས་ཤེས། །བྱ་བ་ལ་སོགས་པས་ཀྱང་དོན་འདྲ་བ་ཉིད་སྟོན་པར་བྱེད་དེ། ལམ་དུ་ཞུགས་ནས་འཕགས་པའི་ལམ་ལ་

གནས་པ་ཉིད་གོ་བར་བྱེད་པའི་བསམ་པས་བདག་ནི་ལམ་ལ་གནས་པ་ཡིན་ནོ་ཞེས་སྨྲས་པ་དེ་ལྟ་ན་ཡང་ཉེས་པ་ཆུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལམ་ཞེས་བྱ་བ་ནི་རྣམ་པ་གཞན་སྟོན་པར་བྱེད་པའོ། །སོགས་པ་དེ་དག་དེ་བཞིན་ནོ་ཞེས་བྱ་བ་ལ་དེ་དག་ནི་དེ་ལྟ་བུའི་དོན་ཏེ་དེ་ལྟ་བུ་ལ་སོགས་པའི་མཚུངས་
པའི་སྒྲ་དག་གིས་སྒྲུབ་པར་བྱེད་པ་དག་ནི་སྔར་ཇི་ལྟར་ཆུང་བར་འགྱུར་བ་དེ་བཞིན་དུ་འདི་ལ་ཡང་ཞེས་བྱ་བའི་དོན་ཏོ། །སོགས་པའི་སྐྲས་ནི་མཚུངས་པ་གཞན་རྒྱུན་དུ་ཞུགས་པ་ལ་སོགས་པ་དག་ཀྱང་ཡིན་པར་རིག་པར་བྱ་སྟེ། དཔེར་ན་རྒྱུན་ལ་གནས་ནས་བདག་ནི་རྒྱུན་དུ་ཞུགས་པ་ཡིན་ནོ་ཞེས་བྱ་
བ་ལྟ་བུའོ། །རྒྱུན་གྱི་སྒྲ་ནི་འཕགས་པའི་ལམ་དང་། ཆུ་བོའི་རྒྱུན་ལ་ཡང་བྱ་བ་དེའི་ཕྱིར་དོན་མཚུངས་པ་ཡིན་ནོ། །དེ་བཞིན་དུ་ཀུན་དུ་སྤྱོད་པའི་འཆིང་བ་ལས་གྲོལ་བ་ལ་བསམས་ནས་བདག་ནི་འཆིང་བ་ལ་སོགས་པ་ལས་གྲོལ་བར་གྱུར་ཏོ་ཞེས་བྱ་བ་ལ། གང་གི་ཕྱིར་འཆིང་བའི་སྒྲས་འདོད་ཆགས་ལ་
སོགས་པ་བརྗོད་པ་དེ་འདོད་ཆགས་ཀྱི་བཅིང་བ་དང་། ཞེ་སྡང་གི་བཅིང་བ་ཞེས་བྱ་བ་ལ་སོགས་པས་ཀུན་དུ་སྤྱོད་པ་ལ་སོགས་པ་དང་། འགོག་པ་ཞས་བྱ་བར་དོན་མཚུངས་པ་ཉིད་ཀྱི་ཕྱིར་རོ། །འགའ་ཞིག་སྣོད་ལ་སོགས་པ་ཅུང་ཟད་མེད་པ་ལས་བསམས་ཏེ་ཅུང་ཟད་སྤངས་པ་གོ་བར་བྱ་བའི་ཕྱིར་
བདག་ལ་ཅུང་ཞིག་ཀྱང་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་ཅུང་ཟད་མེད་པའི་སྒྲས་རྫས་དང་ཉོན་མོངས་པ་ལ་བྱ་བ་ཡིན་ཏེ། འདི་གཉིས་མེད་པར་དོན་མཚུངས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་དང་དགྲ་བཅོམ་པ་ལ་ཅུང་ཟད་ཀྱང་མེད་དོ་ཞེས་མཚུངས་པའི་སྒྲ་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་
སོགས་པ་དག་ཏུ་བལྟ་བར་བྱའོ། །གང་གི་ཕྱིར་སློབ་པ་ལ་སོགས་པའི་སྒྲས་གོ་བར་བྱེད་པ་བཤད་མ་ཐག་པའི་རྣམ་པས་བདག་ལ་གཞན་གྱིས་ཟག་པ་མེད་པའི་ཆོས་དང་ལྡན་པ་དང་། སློབ་པ་ལ་སོགས་པ་ཡིན་པར་སོ་སོར་ཤེས་པར་འགྱུར་རོ་སྙམ་པ་དེ་ལ་རང་གི་བསམ་པའི་དབང་དང་། གཞན་
གྱིས་དེ་བཞིན་རྟོགས་པ་དག་ལས་ཉེས་པར་འགྱུར་བ་དང་། མ་ཡིན་ན་ཆེས་ཆུང་བར་འགྱུར་བར་རིག་པར་བྱའོ། །བསམ་པ་དང་གཞན་ཡིད་ཆེས་པ་ཐམས་ཅད་ལ་ཐམས་ཅད་དུ་བརྗོད་པར་བྱ་བ་ཡིན་ནོ། །ཨེ་མའོ་ཇི་ལྟར་བདག་འདྲ་ཁྱོད་གྱུར་ཅིག །འོན་ཏང་ཕྱིར་མི་འོང་བའི་འབྲས་ལྡན་འགྱུར། །

ད་ལྟར་དེ་ལྟར་འཕགས་པ་བདག་མིན་ཞེས། །ཟུར་གྱིས་རྗོད་པར་བྱེད་ན་ཆུང་བ་ཉིད། །ཅེས་བྱ་བས་ཟུར་གྱིས་སྨྲ་བ་སྨོས་པ་ཡིན་ཏེ། ཟུར་གྱིས་སྨོས་པ་ནི་ཆ་ཙམ་སྨྲས་པ་ཡིན་པ་དེའི་ཕྱིར་ཟུར་གྱིས་བརྗོད་ཅིང་སྨྲ་བ་ལས་ཉེས་པ་ཆུང་བར་འགྱུར་གྱི་དངོས་གཞིར་ནི་མི་འགྱུར་རོ་ཞེས་
ཉིད་ནི་ངེས་པར་གཟུང་བ་ཡིན་ནོ། །དེའི་དཔེར་བྱེད་པ། ཨེ་མའོ་ཇི་ལྟར་བདག་འདྲ་ཁྱོད་གྱུར་ཅིག །ཅེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་པ་ཡིན་ཏེ། ཨེ་མའོ་ཇི་ལྟར་བདག་ཅི་འདྲ་བ་སྟེ་བདག་ཇི་ལྟར་དེ་བཞིན་དུ་ཁྱོད་ཀྱང་དེ་དང་འདྲ་བར་གྱུར་ཅིག་པའོ། །ཨེ་མ་ནི་འདོད་པ་བསྔགས་པའི་སྨྲེ་སྔགས་
ཡིན་ནོ། །དེ་སྐད་དུ་སྨྲས་པའི་འོག་ཏུ། འོན་ཏང་ཕྱིར་མི་འོང་བའི་འབྲས་ལྡན་འགྱུར། །ཞེས་བྱ་བ་ལ་སོགས་པས་བདག་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ་ཞེས་སྐད་དུ་སྨྲས་པར་གྱུར་ན་ཞེས་བྱ་བ་ནི་དྲང་བར་བྱའོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་དེ་ལྟ་བུ་ཉིད་དུ་གྱུར་ན་ཅིར་འགྱུར་ཞེ་ན། སྨྲས་
པ། ཕྱིར་མི་འོང་བའི་འབྲས་བུ་དང་ལྡན་པར་འགྱུར་རོ། །ད་ལྟར་ཏེ་ང་དེ་སྐད་དུ་སྨྲས་ན་གཞན་ཡིད་ཆེས་པར་འགྱུར་རོ། །འོན་ཀྱང་ཕྱིར་མི་འོང་བ་ཡིན་པས་རང་ཉིད་ཀྱང་བདག་དང་མཉམ་པ་ཉིད་དུ་ཀུན་དུ་བསྟན་པའི་ཕྱིར་དེ་ལས་གཞན་གྱིས་བདག་ཕྱིར་མི་འོང་བ་ལ་སོགས་པའི་འབྲས་བུ་དང་ལྡན་པར་
སོ་སོར་ཤེས་པར་འགྱུར་རོ་ཞེས་རྣམ་པ་གཞན་འདིས་སྨྲ་བར་བྱེད་པ་དག་ལ་ཆུང་བར་འགྱུར་རོ། །གལ་ཏེ་ཡང་ཕྱིས་འདི་སྐད་དུ། ད་ལྟར་འཕགས་པ་བདག་མིན་ཞེས། །ཞེས་བྱ་བ་སྨྲས་པ་དེ་ལྟ་ན་ཡང་ཟུར་གྱིས་སྨྲས་པ་ཁོ་ནར་འགྱུར་རོ། །དེ་བཞིན་དུ། བསམ་གཏན་སྙོམས་ཞུགས་དེང་ནི་བདག་
མ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ་གཞན་ཡང་འདི་སྐད་དུ་བདག་ནི་དེང་བསམ་གཏན་ལ་སྙོམས་པར་ཞུགས་པ་མ་ཡིན་ནོ་ཞེས་ཟུར་གྱིས་སྨྲས་ན་ཉེས་པ་ཆུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འོན་ཏེ་ཞེས་བྱ་བ་ནི་ཟུར་གྱིས་སྨྲ་བའི་རྣམ་པ་དག་ཉེ་བར་བསྟན་པའི་ཕྱིར་རོ། །ཇི་ལྟར་བསམ་
གཏན་ལ་སྙོམས་པར་ཞུགས་པ་མ་ཡིན་ནོ་ཞེས་ཟུར་གྱིས་སྟོན་པ་དེ་བཞིན་དུ་ཁར་རྩང་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ་ཁར་རྩང་ཞེས་བྱ་བ་ནི་འདས་མ་ཐག་པའི་ཉིན་ཞག་ལ་བྱ་སྟེ་དབང་དུ་བྱེད་པ་གཙོ་བོ་ཡིན་པའི་ཕྱིར་ཁར་རྩང་བསམ་གཏན་ལ་སྙོམས་པར་ཞུགས་པ་ཞེས་བྱ་བ་ནི་འདས་པའི་ཉིན་

ཞག་ལ་སྙོམས་པར་ཞུགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཁར་ཉིན་ཕན་ཆད་མིན་ཞེས་བྱ་བ་ལ་ཁར་ཉིན་ཞེས་བྱ་བ་ནི་འདས་མ་ཐག་པའི་ཉི་མ་ཁར་རྩང་ཞེས་བྱ་བ་ལ་ལྟོས་པ་ཕན་ཆད་དེ། ཁར་ཉིན་ཕན་ཆད་དུ་སྙོམས་པར་ཞུགས་པ་མ་ཡིན་ནོ་ཞེས་བྱ་བ་དེ་བུ་ལ་སོགས་པའི་ཟུར་གྱིས་སྨྲ་བ་ནི་ཉེས་པ་ཆུང་
བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བདག་དེང་བསམ་གཏན་ལ་སྙོམས་པར་ཞུགས་པ་མ་ཡིན་ནོ་ཞེས་སྨྲས་པ་ན། གཞན་འདི་སྙམ་དུ་འདི་ནི་ངེས་པར་བསམ་གཏན་ཐོབ་པ་ཡིན་ཏེ། དེ་ཉིད་ལས་སུ་བྱ་བ་གཞན་དག་ཉེ་བར་ལྷགས་པས་སྙོམས་པར་མ་ཞུགས་པ་ཡིན་ནོ་ཞེས་སྔ་མ་བཞིན་
དུ་བསམ་པ་བརྗོད་པར་བྱའོ། །ཕྱི་མ་ཡང་དག་པ་ནི། འདོད་ཆགས་བྲལ་བའི་ཁྱིམ་འདི་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ། རབ་ཏུ་བྱུང་བའི་ཁྱིམ་དེ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བའི་ཡིན་ནོ་ཞེས་བསྒྲུབས་ནས་ཕྱིས་འདི་སྐད་དུ་བདག་གི་དེ་ཡིན་ཞེས་སྨོས་
པ་ཡིན་ནོ། །ཉིད་ནི་གཞན་གྱི་མ་ཡིན་ཞེས་ངེས་པར་གཟུང་བའོ། །དེ་ཞེས་བྱ་བ་ནི་བསྟན་མ་ཐག་པའི་ཁྱིམ་འདྲེན་པར་བྱེད་པ་ཡིན་ཏེ། གོང་དུ་འདི་ཞེས་མངོན་སུམ་དུ་བྱས་པ་ཁོ་ན་ལས་ལྐོག་ཏུ་གྱུར་པའི་དབང་དུ་བྱས་ནས་དེ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་ཟུར་གྱིས་སྨྲས་པར་གྱུར་པའི་འོག་ཏུ་
འདོད་ཆགས་བདག་མ་བྲལ་ཞེས་སྨྲས་ཏེ། འདོད་ཆགས་ལ་སོགས་པའི་མཚན་ཉིད་དང་བྲལ་ཞིང་དྲི་མ་མེད་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བ་སྟེ་དེ་ནི། བདག་ཡིན་འདོད་ཆགས་བདག་མ་བྲལ་བའོ། །དང་ནི་བདག་ཁོ་ན་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཡིན་ནོ། །དེ་སྐད་
སྟོན་པའི་ཕྱི་མ་ཡང་དག་པ་ཉིད་ཡིན་དུ་ཟིན་ཀྱང་ཟུར་གྱིས་སྟོན་པ་ཁོ་ན་ཡིན་ཏེ། འདི་ལྟར་ཕྱི་མ་ཡང་དག་པ་ལས་ཟུར་གྱིས་སྨྲ་བ་མ་བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་སྨྲ་བར་གྱུར་པ་ནི། བཙུན་པ་ཅི་སྟེ་དགྲ་བཅོམ་བདག་བསོད་སྙོམས། །ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ།
གལ་ཏེ་ཁྱོད་དགྲ་བཅོམ་པར་གྱུར་པ་ཡིན་པ་དེའི་ཚེ་བདག་གི་བསོད་སྙོམས་བཞེས་ཤིག་ཅེས་སྨྲས་པ་ན་ཅང་མི་སྨྲ་བར་གྱུར་པས་དེ་ཁོ་ན་བཞིན་དུ་ཁས་བླངས་ནས་གལ་ཏེ་བསོད་སྙོམས་ལེན་པར་བྱེད་པ་དང་། དེ་བཞིན་དུ་འདི་ཉོན་མོངས་པའི་ཟག་པ་ཟད་པའི་ཕྱིར་ཟག་པ་ཟད་པ་སྟེ། ཟག་པ་ཟད་པར་གྱུར་ཏམ་

ཞེས་གཞན་གྱིས་དྲིས་པར་གྱུར་པ་ན་དེ་ཁོ་ན་བཞིན་དུ་ཅང་གི་སྨྲ་བའི་རྣམ་པས་ཏེ་མི་སྨྲ་བར་གྱུར་པས་གང་གི་ཚེ་ཁས་བླངས་པར་གྱུར་པ་ནའོ། །དང་ནི་འདིར་ཐམས་ཅད་དུ་ཉེས་བྱས་ཆུང་བར་འགྱུར་རོ་ཞེས་སྡུད་པར་བྱེད་པ་ཡིན་ནོ་འདི་ལ་ཡང་སྔ་མ་བཞིན་དུ་བསམ་པ་ལས་འགྱུར་རོ། །ད་ནི། དེ་དག་བླ་མར་
བརྗོད་པའི་བློས་བརྫུན་སྨྲས། །ཞེས་བྱ་བས་སྔར་བཤད་པའི་མཇུག་སྡུད་པ་ཡིན་ཏེ། བླ་མར་བརྗོད་ཅིང་སྨྲ་བ་དེའི་བློ་དང་སེམས་པ་དག་ནི་བླ་མར་བརྗོད་པའི་བློས་སོ། །དེ་དག་གི་སྒྲ་ནི་དེ་ལྟར་གྱི་དོན་ཡིན་པ་དེ་བས་ན་དེ་ལྟར་བླ་མར་བརྗོད་པའི་བློས་བརྫུན་དུ་སྨྲ་བ་ཡིན་པར་རིག་པར་བྱའོ། །དེ་དག་ནི་
ཉེ་བར་མཚོན་པར་བྱེད་པ་ཡིན་ཏེ། མིའི་ཆོས་བླ་མར་གྱུར་པར་བསྟན་པ་རྣམ་པ་གཞན་ཐམས་ཅད་ལ་ཡང་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་བར་ཤེས་པར་བྱའོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ད་ནི། གཞན་པའི་བརྫུན་དུ་སྨྲ་བ་དེ་ཉོན་ཅིག །ཅེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ།
ད་ནི་ད་ལྟར་ཏེ་མིའི་ཆོས་བླ་མར་གྱུར་པའི་བརྫུན་དུ་སྨྲ་བ་ལས་གཞན་པའི་བརྫུན་དུ་སྨྲ་བ་བརྗོད་པར་བྱ་ཡིས་ཉོན་ཅིག་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །འདུ་ཤེས་གཞན་པའི་ཚིག་ནི་གང་ཡིན་པས། །ཞེས་བྱ་བ་ལ་སོགས་པས་བརྫུན་དུ་སྨྲ་བ་གཞན་འཆད་
པར་བྱེད་པ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་དག་ནི་འདུ་ཤེས་གཞན་པ་སྟེ། གཞན་པའི་ཚིག་གང་དག་ཡིན་པ་དེ་ཁོ་ན་ལ་བརྫུན་དུ་འགྱུར་གྱི་ཅིག་ཤོས་ལས་ནི་མ་ཡིན་ནོ་ཞེས་ཉིད་ནི་ངེས་པར་གཟུང་བའི་ཕྱིར་རོ། །དེ་གང་ལ་ཡིན་ཞེ་ན། སྒྲ་དོན་ཤེས་པ་ཞེས་བྱ་བ་སྨྲས་
ཏེ། སྒྲའི་དོན་ནི་སྒྲ་དོན་ཏེ་སྒྲའི་ཚིག་གི་དོན་གང་ཡིན་པ་དེ་རྣམ་པར་ཤེས་པ་ནི་སྒྲ་དོན་ཤེས་པའོ། །འདིས་གཉིད་ལོག་པ་དང་སྨྱོས་པ་དང་། སྐད་མི་ཤེས་པ་དག་བསལ་བ་ཡིན་ནོ། །དེ་ལ་སྒྲའི་དོན་རྣམ་པར་ཤེས་པ་ཡུལ་དུ་གྱུར་པ་ལ་ཚིག་དེ་བརྫུན་དུ་འགྱུར་རོ། །ཅི་ཐམས་ཅད་ལ་འགྱུར་རམ་ཞེ་ན། མི་
ཞེས་སྨོས་ཏེ་མིའི་ནི་མིའི་རིགས་དག་ལ་བྱའི་མི་མ་ཡིན་པའི་རིགས་དག་ནི་མ་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཀྱི་ཁོངས་སུ་མ་འདུས་པའི་ཕྱིར་རོ། །དེ་ལྟར་ཡང་མིང་རྟོགས་པའི་ཐ་སྙད་ཉིད་ལ་ཞེས་གསུངས་པ་ཡིན་ནོ། །ཚིག་འདིའི་དོན་གསལ་ཏེ། བླ་མར་བརྗོད་པའི་བློས་ཞེས་བྱ་བ་འདི་ཉིད་

ཀྱིས་དངོས་གཞིའི་ཡན་ལག་དང་བྲལ་བ་ནི་ཉེས་བྱས་སུ་འགྱུར་བ་དང་། གཞན་པའི་བརྫུན་དུ་སྨྲ་བ་དག་རབ་ཏུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཚིག་ཁོ་ན་བརྫུན་ཡིན་ནམ་འོན་ཏེ་གཞན་གྱིས་ཀྱང་ཡིན་ཞེ་ན། སྨྲས་པ། དེ་ལ་འཇིག་རྟེན་པའི་ཚུལ་ནི་འདི་ཡིན་ཏེ་ཚིག་བརྫུན་པ་ཡིན་པ་དེ་ལྟ་ན་ཡང་གལ་ཏེ་
ཡང་འདི་ལྟར་ཚིག་གིས་བརྗོད་པར་བྱ་བའི་དོན་ཇི་ལྟ་བུ་ལུས་ཀྱིས་ཀྱང་གོ་བར་བྱེད་ན་ལུས་ཀྱིས་ཀྱང་ཡིན་ཏེ་ངག་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་ཉེས་བྱས་ཁོ་ན་ཉེས་པ་ཆུང་བ་མ་ཡིན་པ་མ་ཡིན་ལ། འོན་ཀྱང་ཉེས་བྱས་ཀྱི་ཉེས་པ་ཆུང་བ་ཡིན་ཏེ་ཡོངས་སུ་མ་རྫོགས་པ་ཞེས་
བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཡོངས་སུ་མ་རྫོགས་པ་ཡིན། གང་ལས་ཏེ་གང་གི་ཕྱིར་ཚིག་ཏུ་བརྗོད་པའི་ཤུགས་ལས་བྱ་བའི་ཐ་སྙད་འདི་ལ་མེད་པ་དེའི་ཕྱིར་ཆུང་བར་འགྱུར་རོ། །འདུལ་བ་ལས་ཐ་སྙད་ཀྱི་རྩ་བར་གྱུར་པ་ནི་གསུམ་སྟེ། འདི་མཐོང་བ་དང་ཐོས་པ་དང་དོགས་པ་ཞེས་གསུངས་པ་
ཡིན་ནོ། །རང་གིས་རྟོགས་པ་དེ་ནི་མཐོང་བ་ཡིན། །ཞེས་བྱ་བ་ལ་སོགས་པས་དེ་དག་གི་རང་བཞིན་འཆད་པར་བྱེད་པ་ཡིན་ཏེ། གང་ཁོ་ན་རང་གི་མངོན་སུམ་མམ་རྗེས་སུ་དཔག་པས་རྟོགས་ཤིང་ཡང་དག་པར་ཡིད་ཆེས་པར་གྱུར་པ་དེ་ཁོ་ན་ལ་མཐོང་བ་ཞེས་བྱའོ། །རབ་ཏུ་བྱུང་བ་འམ་ཁྱིམ་པ་ཡིད་ཆེས་
པ་མི་སླུ་བར་བྱེད་པ་གང་ཁོ་ན་ལས་ཐོས་པ་ཐོས་པ་ཡིན་ནོ། །ཁོ་ན་ནི་ངས་པར་གཟུང་བ་དང་རིམ་པ་གཞན་གྱི་དོན་ཏོ། །གཅིག་ཏུ་ངེས་པའི་རྟགས་གོ་བར་བྱེད་པ་གཟུང་བ་ནི་མཚན་མ་ངེས་པར་གཟུང་བ་ཡིན་ལ། དེ་ལས་གཞན་པ་ནི་མཚན་མ་ངེས་པར་མ་བཟུང་བ་ཡིན་ནོ། །དེ་ལ་དོགས་པ་ཞེས་བྱའོ། །
གང་དུ་མཚན་མ་ངེས་པར་མ་བཟུང་བ་ནི་དཔེར་ན་ཐིབས་པོ་ལ་སོགས་པ་ལས་བུད་མེད་ཀྱི་ཡུལ་བྱུང་བ་དང་། དེ་ཉིད་དེ་ཁོ་ན་ལས་རབ་ཏུ་བྱུང་བ་ཡང་བྱུང་བ་དེ་དག་མཐོང་བ་ལས་ཅི་འདིར་འདི་གཉིས་ཀྱིས་བྱས་པར་གྱུར་ཏོ་ཞེས་དོགས་པར་འགྱུར་གྱི་ངེས་པ་ནི་མེད་དེ་ཐ་སྙད་དུ་བྱ་བ་མ་མཐོང་བ་ཉིད་ཀྱི་ཕྱིར་མཚན་
མ་ངེས་པར་མ་བཟུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་བཤད་མ་ཐག་པའི་ཐ་སྙད་ཀྱི་རྩ་བར་གྱུར་པ་གསུམ་པོ་འདི་དག་གིས་སྨྲས་ནས་གཞན་གྱིས་གོ་བར་གྱུར་པ་ལ་ཉེས་པ་མེད་དེ་འདི་ལ་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཡང་མཐོང་བ་ལ་མཐོང་བ་དང་། ཐོས་པ་ལ་ཐོས་པ་དང་། དོགས་

པ་ལ་དོགས་སོ་ཞེས་སྨྲ་བར་བྱའི་གཞན་དུ་ན་ཉེས་པར་འགྱུར་རོ་ཞེས་རྟོགས་པར་བྱའོ། །ཕ་རོལ་པོས་དྲིས་པ་ལ་ལན་ཇི་ལྟར་སྦྱིན་པར་བྱ་ཞེ་ན། གཞན་གྱིས་གང་དྲིས་དེ་ཉིད་བརྗོད་པར་བྱ། །ཞེས་པ་སྨོས་ཏེ། གཞན་གྱིས་གང་ཁོ་ན་དྲིས་པར་གྱུར་པ་དེ་ཁོ་ན་བརྗོད་པར་བྱ་སྟེ། དེ་
དང་རྗེས་སུ་མཐུན་པ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་ལ་གནོད་བྱའི་ཕྱིར་ནི་གཞན་དུ་མིན། །ཞེས་བྱ་བ་ལ་གཞན་གྱིས་དྲིས་པ་ཡང་གཞན་དུ་ལུང་སྟོན་པར་བྱེད་ན་ཐམས་ཅད་དུ་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཉིད་ནི་ངེས་པར་གཟུང་བ་དང་རིམ་པ་གཞན་ཉིད་ཡིན་ནོ། །
འདིའི་དམིགས་ཀྱིས་བསལ་བ་ནི། །གསད་བྱ་བྲོས་ན་ཇི་ལྟར་གཤེད་མ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསད་པར་བྱ་བ་ནི་རྐུན་པོའམ་གཞན་འགའ་ཞིག་རྒྱལ་པོས་གཟུང་བར་གྱུར་པའོ། །དེ་བྲོས་པར་གྱུར་པ་ལ་གལ་ཏེ་གཤེད་མ་དེས་འཕགས་པས་འགའ་ཞིག་བྲོས་པར་གྱུར་པ་
མ་གཟིགས་སམ་ཞེས་དྲིས་པ་ན། འདྲི་བ་དེ་ལ་ཅི་འདི་རྗེས་སུ་གཟུང་བའི་བློས་ཚོལ་བར་བྱེད་དམ། འོན་ཏེ་གསད་པའི་བློས་ཞེས་བརྟགས་ནས་གང་གི་ཚེ་རྗེས་སུ་གཟུང་བའི་བློས་ཞེས་ཤེས་པར་གྱུར་པ་དེའི་ཚེ་སྨྲས་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་གསད་པའི་བསམ་པས་ཡིན་ནོ་དེའི་ལན་དེའི་
ཚེ་དེ་ལ་ཇི་སྐད་བརྗོད་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ཡིན་ཏེ། དེའི་ཚེ་དེའི་དུས་སུ་འདི་སྐད་བརྗོད་ཅེས་བྱ་བ་ནི་འདི་ཉིད་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་ཅེས་བྱ་བ་ནི་བཤད་པར་བྱ་བའི་རྣམ་པ་ལ་ལྟོས་པ་ཡིན་ལ། ཉིད་ནི་དོན་ཇི་ལྟ་བ་བཞིན་དུ་ལན་བརྗོད་པ་རྣམ་པར་དཔྱོད་པ་ཡིན་
པར་བལྟ་བར་བྱའོ། །ཏུ་སྔ་མ་ནི་གོང་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །ཚུར་ཤོག་ནམ་མཁའ་འམ་ནི་སེན་མོ་མཐོང་། །ཞེས་བྱ་བ་ལ་སོགས་པས་གསད་པར་བྱ་བ་མཐོང་བའི་དྲིས་པའི་ལན་བརྗོད་པར་བྱའོ། །ཚུར་ཤོག་འདུག་ལ་ངལ་སོ་ཤིག་ཅེས་བྱས་པ་དང་། དེས་བརྒྱ་ལ་ཁོ་མི་འདུག་གི་
དྲིས་པ་མཐོང་ངམ་ཞེས་སྨྲ་ན་དེའི་ཚེ་ནམ་མཁའ་ལ་བལྟས་ནས་ནམ་མཁའ་མཐོང་ངོ་། །སེན་མོ་ལ་བལྟས་ནས་སེན་མོ་མཐོང་ངོ་ཞེས་བྱ་བ་དེ་ལ། གཞན་འདི་སྙམ་དུ་བདག་གིར་མ་མཐོང་ངོ་ཞེས་བྱ་བ་འདིས་བརྗོད་པ་ཡིན་ནོ་ཞེས་སེམས་པར་འགྱུར་རོ། །གལ་ཏེ་དེ་ཚིག་ཀུན་གོ་བ་ཡིན་ན་ཁོ་བོས་ཁྱོད་

ལ་ནམ་མཁའ་མཐོང་བ་དང་། སེན་མོ་མཐོང་བ་དྲིས་པ་ནི་མ་ཡིན་གྱི་འོན་ཀྱང་གསད་པར་བྱ་བ་མཐོང་བ་ཡིན་ནོ་ཞེ་ན། དེའི་ཚེ་བརྗོད་པར་བྱ་བ། ལུས་ཅན་རྣམས་གྱིས་དེ་ཉིད་མ་མཐོང་ངོ་། །ཞེས་བྱ་བ་སྨོས་པ་ཡིན་ནོ། །ལུས་ཡོད་པའི་ཕྱིར་ན་ལུས་ཅན་ཏེ་ལུས་ཅན་རྣམས་ཀྱིས་དེ་ཉིད་བདག་ལ་བསམས་
ནས་ཁྱོད་ཀྱི་མི་མཐོང་ངོ་ཞེས་བྱས་པ་ན་གཞན་འདི་ལ་ཡང་གསད་པར་བྱ་བའི་དབང་དུ་བྱས་ནས་འདིས་དེ་སྐད་དུ་བརྗོད་པ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །དེ་ལ་སོགས་པའི་ཐབས་ནི་དེ་ལྟ་བུ་ལ་སོགས་པའི་རྣམ་པས་གཞན་དང་གཞན་གྱི་རྗེས་སུ་འབྲངས་ནས་སྨྲས་ན་ཉེས་པ་ཡོད་པ་མ་ཡིན་པར་སྔར་
བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ཅིའི་ཕྱིར་ཞེ་ན། གཙེས་པ་རྣམས་ནི་ཡོངས་སུ་བསྲུང་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། གཙེས་པའི་སེམས་ཅན་རྣམས་ཡོངས་སུ་བསྲུང་བའི་ཕྱིར་ཡིན་གྱི་གཞན་ལ་གནོད་པའི་བསམ་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི། བརྫུན་དུ་སྨྲ་བའི་རྣམ་པའི་
དབྱེ་བ་སྨྲས། །ཞེས་བྱ་བས་མཇུག་སྡུད་པར་བྱེད་པ་ཡིན་ཏེ། བརྫུན་དུ་སྨྲ་བའི་རྣམ་པའི་རབ་ཏུ་དབྱེ་བ་སྟེ་རྣམ་པ་དུ་མ་གང་ཡིན་པ་དེ་ནི་སྨྲས་པ་ཡིན་ནོ། །འདིས་ནི་འདི་སྐད་དུ། དངོས་གཞིའི་ཉེས་པ་དང་། ཉེས་བྱས་ཀྱི་ཉེས་པའི་དབྱེ་བ་རྣམ་པ་དུ་མར་རབ་ཏུ་བསྟན་ཏོ་ཞེས་བཤད་པར་འགྱུར་རོ། །དེ་མ་
ཐག་ཏུ་ད་ནི་ད་ལྟར་རོ། །བརྫུན་དུ་སྨྲ་བ་ནི་བརྫུན་དུ་སྨྲས་པའོ། །བརྫུན་དུ་སྨྲ་བ་དེའི་ཕྱོགས་སུ་གཏོགས་པ་བརྗོད་པར་བྱ། སྨྲ་བར་བྱ། ཡིད་ཀྱི་ཉེས་པར་བཤད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ནིའི་སྒྲ་ནི་དོན་འདི་ཉིད་ཁྱད་པར་དུ་བསྟན་པའི་ཕྱིར་རོ། །དེ་ཡང་བྱ་བའི་ཚུལ་དང་བྱ་བ་མ་ཡིན་པའི་ཚུལ་ལོ། །དེ་ལ་
བྱ་བའི་ཚུལ་ལ་མི་བྱེད་པ་དང་། བྱ་བ་མ་ཡིན་པའི་ཚུལ་ལ་བྱེད་པ་དག་ནི་ཐམས་ཅད་དུ་ཡིད་ཀྱིར་འགྱུར་རོ། །དེ་ད་དྲིས་ན་ཆོས་བཞིན་དུ་ནི་སླར་སྨྲོས་ཤིག་ཅེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་པ་ཡིན་ཏེ། དངོས་པོ་ཅུང་ཞིག་འགའ་ཞིག་གིས་དྲིས་པར་གྱུར་པ་ན་སླར་སྨྲ་བར་བྱེད་པ་དང་། ལན་གདབ་
པར་བྱའོ་ཞེས་བྱ་བའི་བར་དུའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཆོས་བཞིན་དུ་ཞེས་སྨོས་ཏེ། ཆོས་བཞིན་ནི། ཆོས་ཀྱི་རྗེས་སུ་མཐུན་པའོ། །འོན་ཀྱང་མི་སྨྲ་བར་འདུག་པས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཙེ་བའི་ཕྱིར་ནི་ཞེས་བྱ་བ་སྨོས་པ་ཡིན་ནོ། །གཙེ་བའི་ཕྱིར་འགལ་བའི་ལན་གྱི་ཚིག་ནི་གཞན་

གྱིས་གང་དྲིས་ཞེས་བྱ་བ་ལ་སོགས་པས་སྔར་བཀག་པ་ཁོ་ན་ཡིན་ནོ། །འདིར་ནི་གཙེ་བའི་ཕྱིར་ཅང་མི་སྨྲ་བར་གྱུར་པ་དགག་པའི་ཕྱིར་སྨྲ་བ་ཞེས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །དང་ནི་འགལ་བའི་ཚིག་འབའ་ཞིག་མི་སྨྲ་བ་མ་ཡིན་གྱི་འོན་ཀྱང་མི་སྨྲ་བ་ཁོ་ནས་ཀྱང་འདུལ་བར་མི་བྱའོ་
ཞེས་སྡུད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མཁན་པོ་དང་སློབ་དཔོན་དང་རྒྱལ་པོའི་བཀའ་མཉན་པར་བྱ་བ་ཡིན་ནོ། །ཅི་དེ་ལྟ་དེ་ལྟ་བུས་སམ་འོན་ཏེ་ཚིག་དེ་དག་འདུལ་བ་དང་ལྡན་པ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་དཔྱད་པར་བྱ། །དེ་ཇི་ལྟར་བྱ་ཞེ་ན་སྨྲས་པ། རིགས་པ་ཡིན་ན་མཉན་ཏེ་འདུལ་བ་དང་
རྗེས་སུ་མཐུན་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དཔྱད་པ་ན་འདུལ་བ་དང་རྗེས་སུ་མཐུན་པ་མ་ཡིན་པ་དང་འདུལ་བ་དང་འགལ་བར་གྱུར་པ་དེའི་ཚེ་བརྡ་སྤྲད་པ་སྟེ། ལན་གྱི་ཚིག་མི་རིགས་པ་དང་རུང་བ་མ་ཡིན་ནོ་ཞེས་རབ་ཏུ་སྦྱིན་པར་བྱའི་ཅང་མི་སྨྲ་བའི་བྱ་བ་དང་། ཡང་ན་འགལ་བའི་ཚིག་
གི་ལན་གདབ་པར་མི་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་གནས་བརྟན་གྱི་བཀའ་ཡང་མཉན་པར་བྱའོ། །དགེ་འདུན་གྱི་གནས་བརྟན་སྨོས་པས་དགེ་འདུན་ཡང་བསྡུས་པ་ཡིན་ལ། དགེ་འདུན་གྱིས་བསྐོས་པའི་དགེ་སྐོས་ཀྱང་ཡིན་ཏེ། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་དུ་གྱུར་
པའི་ནི་དཔྱད་པར་མི་བྱ་བ་ཡིན་ལ། གལ་ཏེ་ལྐོག་ཏུ་གྱུར་པ་ཉིད་ཡིན་ན་ནི་བཀའ་གཞན་དག་གིས་རྣམ་པར་དཔྱད་ཅིང་གལ་ཏེ་མཚུངས་པར་གནང་ན་ནན་ཏན་དུ་བྱ་ཞིང་། གལ་ཏེ་གཞན་དུ་ན་སྨྲ་བ་པོ་ལ་སྔ་མ་བཞིན་དུ་བརྡ་སྤྲད་པར་བྱའོ། །དེ་ལ་བླ་མ་ཞེས་བྱ་བས་ནི་སློབ་དཔོན་གཟུང་བ་ཡིན་ཏེ། མཁན་
པོ་མངོན་སུམ་དུ་སྨོས་པའི་ཕྱིར་རོ། །རྒྱལ་པོ་ནི་འགྲོ་བའི་དབང་ཕྱུག་ལ་བྱའོ། །དང་ནི་སྡུད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ། སྐྱེ་བོ་རྣམས་ལ་འདྲེ་སྐད་སྐད་ངན་དང་། །ཞེས་བྱ་བ་ལ་སོགས་པ་ལ། བདག་སྟེ་རང་ཉིད་ཀྱིས་བསྡིགས་པར་མི་བྱ་ཞིང་གཞན་ཏེ་ཕ་རོལ་པོས་ཀྱང་མི་བྱའོ། །རྣམ་པ་
གང་གིས་ཤེ་ན། སྨྲས་པ་འདྲེའི་སྐད་ནི་འདྲེ་སྐད་དེ་འདྲེའི་སྐད་དེ་དང་འདྲ་བའི་སྐད་ངན་ནི་སྐད་ཀྱི་བྱེ་བྲག་ཡིན་ལ་དེ་ནི་འདྲེ་སྐད་སྐད་ངན་ཡིན་ཏེ་དེས་སོ། །དཔེར་ན་མུན་ཁུང་དུ་ཞུགས་ནས་གཞན་འཇིགས་པ་སྐྱེད་པའི་དོན་དུ་འདྲེ་སྐད་དང་འདྲ་བའི་སྒྲ་འདོན་པར་མི་བྱ་བ་དང་། གཙིགས་པ་དང་འདྲ་བའི་

མཆེ་བ་ནི་མཆེ་བ་གཙིགས་པ་སྟེ། རྣམ་པར་འགྱུར་བའི་མཆེ་བ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་མི་སྡུག་པ་བརྗོད་ཅིང་སྨྲ་བ་དང་སྒྲོགས་པས་ཕ་རོལ་པོ་ལ་འཇིགས་པ་བསྐྱེད་པའི་དོན་དུ་དེ་ལྟ་བུར་གྱུར་པའི་འདྲེའི་གཟུགས་ཉིད་དང་། ཁྱོད་ཟོས་པར་འགྱུར་རོ་ཞེས་བྱ་བའི་སྒྲ་དེ་དག་ནི་འདྲེ་
སྐད་སྐད་ངན་དང་། མཆེ་བ་གཙིགས་པ་མི་སྡུག་བརྗོད་པ་ཡིས། །ཞེས་བྱ་བའི་དོན་ཡིན་ནོ། །ཅི་རྣམ་པ་ཐམས་ཅད་དུ་ཉེས་པར་འགྱུར་རམ་ཞེ་ན། ཅི་སྟེ་ཕན་ཕྱིར་བྱས་ན་ཉེས་པ་མེད། །ཅེས་བྱ་བ་སྨོས་ཏེ། འདྲེ་སྐད་ལ་སོགས་པ་དེ་དག་བརྗོད་པ་ཕན་པའི་ཕྱིར་བྱས་ན་ནི་གལ་ཏེ་འདི་ལྟར་གྱུར་
པའི་འདྲེ་ནི་ཐ་དད་པར་གནས་པ་དང་། ལེ་ལོས་གནོད་པར་གྱུར་པ་དག་ཟ་བར་བྱེད་པ་ཡིན་ནོ་ཞེས་ཡང་དག་པར་རིག་པར་བྱ་བའི་དོན་ཡིན་ཏེ། འབྲས་བུ་ལ་བསམས་ནས་ཐབས་བརྗོད་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །འདི་འཇིགས་པ་སྐྱེད་པའི་ཚུལ་ཉིད་ཡིན་པའི་ཕྱིར་སྲོག་གཅོད་པའི་ཕྱོགས་སུ་
གཏོགས་པ་ཉིད་ཡིན་ཏེ། །ཚིག་གི་བདག་ཉིད་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་ནས་དེ་འདིར་བཀོད་པ་ཡིན་ནོ། །དེ་བཞིན་དུ། རྒྱལ་གཟུགས་པ་དང་མནའ་དོར་མི་སྨྲ་བཅས། །དེ་དག་མ་གནང་ཞེས་བྱ་བ་ལ་རྒྱལ་ལ་སོགས་པས་འཛུགས་པ་ནི་རྒྱལ་གཟུགས་པ་སྟེ། རྒྱལ་ལ་སོགས་པས་
ངེས་པ་ཡིན་ནོ། །དཔེར་ན་གལ་ཏེ་འདི་ལྟར་གྱུར་ན་བདག་གི་ཡིན་གྱི་དེ་སྟོན་ཅིག་ཅེས་བྱ་བ་ལྟ་བུའོ། །མནའ་ནི་མནའ་འདོར་བར་བྱེད་པའོ། །ཆེ་གེ་མོའི་ཞབས་ལ་རེག་གོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མི་སྨྲ་བ་ནི་སྨྲ་བ་ལས་ཐམས་ཅད་དུ་ལྡོག་པའམ་ཡི་དམ་དུ་བྱས་པའི་ཚུལ་ཡིན་ནོ། །མི་
སྨྲ་བ་དང་བཅས་པས་འཇུག་པ་ནི་མན་འདོར་མི་སྨྲ་བཅས་པ་སྟེ། དེ་དག་ཐམས་ཅད་མ་གནང་བ་ཡིན་ནོ། །གང་གི་ཕྱིར་རབ་ཏུ་བྱུང་བ་ལ་དེ་དག་ཚུལ་མ་ཡིན་ཏེ། གང་རྒྱལ་གཟུགས་པ་ནི་ཁྱིམ་པའི་ཆོས་ཀྱི་དབང་དུ་བྱས་པ་ཡིན་ལ། རབ་ཏུ་བྱུང་བ་བདེན་པ་ཡིན་པ་དེ་བས་ན་མནའ་དོར་
བ་ཚུལ་དང་མི་མཐུན་པ་ཡིན་ཏེ། སྡོམ་ཅན་དག་བརྫུན་སྨྲ་བ་ནི་མནའ་དོར་བའི་སྒོ་ནས་བདག་ཉིད་བདེན་པར་སྨྲ་བར་སྒྲུབ་པར་བྱེད་དོ། མི་སྨྲ་བ་ནི་མུ་སྟེགས་ཀྱི་རྒྱལ་མཚན་ཡིན་པའི་ཕྱིར་སྤང་བར་བྱ་བ་ཡིན་ནོ། །ལམ་དུ་ཞུགས་པ་ནི་ཇི་ལྟར་བྱ་བ་ཡིན་ཞེ་ན། མི་སྨྲ་བའི་དངོས་པོ་ནི་མི་སྨྲ་བ་

ཉིད་དུ་བྱའི། བུད་མེད་ལ་སོགས་གཏམ་ངན་མི་བྱ་སྟེ། བུད་མེད་ཀྱི་ཡུལ་གྱི་གཏམ་མམ་ཟས་ལ་སོགས་པའི་གཏམ་ནི་འདོད་ཆགས་ཀྱི་རྗེས་སུ་མཐུན་པ་ཉིད་ཡིན་པས་མི་བྱ་ཞིང་། སྐྱོ་བ་དང་རྗེས་སུ་མཐུན་པ་ཡང་བྱ་བ་མ་ཡིན་པ་དེའི་ཕྱིར་གཏམ་ངན་གྱི་ཚིག་བྱས་
པ་ཡིན་ནོ། །སོགས་པའི་སྒྲ་ནི་དེ་ལྟ་བུའི་རིགས་ཅན་ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་རོ། །ཡང་གི་སྒྲ་ནི་ཚིག་གི་ཁ་བསྐང་བའོ། །གང་ལམ་ལ་སོགས་པ་འགའ་ཞིག་ཏུ་ངལ་བསོ་བ་དེར། གུས་པ་སྟེ་མོས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པ་བཀླག་པར་
བྱའོ། །རྒྱུད་གསུམ་ཚོགས་པར་གྱུར་པ་ནི་རྒྱུད་གསུམ་པ་སྟེ། དེ་ལས་སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་དང་། བར་དུ་མདོ་འདོན་པ་ནི་རྒྱུད་གསུམ་པ་མེད་ན་དེས་ལུང་གི་ཚིགས་སུ་བཅད་པ་བཀླག་པར་བྱའོ། །གཙུག་ལག་ཁང་དུ་གནས་པར་གྱུར་ན་གཙུག་ལག་ཁང་གི་བདག་པོ་
དང་ལྷ་ཉིད་ཀྱི་ཆེད་དུ་ཚིགས་སུ་བཅད་པ་གཉིས་བཀླག་པར་བྱ་སྟེ། འདི་དག་ཐམས་ཅད་དེའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །འོན་ཏེ་ལྷ་གཞན་གྱི་རྟེན་མཐོང་བར་གྱུར་པ་དེའི་ཚེ་ཇི་ལྟར་བྱ་བ་ཡིན་ཞེ་ན། སེ་གོལ་བརྡབས་ཏེ་དེར་ཡང་ཚིགས་བཅད་ཀླག །ཅེས་བྱ་བ་སྨོས་ཏེ། དེ་ལ་ལྷ་
སྟེགས་སུ་ཞུགས་པ་ན་སེ་གོལ་བརྡ་བྱས་ནས་བརྩམ་པར་བྱ་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཀླག་པར་བྱའོ། །དང་ནི་ཐམས་ཅད་དུ་མཚུངས་པར་སྡུད་པར་བྱེད་པ་ཡིན་ལ། ཡང་ན་ཞེས་བྱ་བ་ནི་ཚིག་ཉེ་བར་དགོད་པ་ཡིན་ནོ། །དེ་ལ་མཛའ་བོ་འབྱེད་པར་བྱེད་པ་སྤང་བར་བྱའོ། །འདིས་ནི་འདི་
སྐད་དུ་ཕྲ་མ་མི་བྱའོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་དུ་ཚིག་རྩུབ་མོ་སྤང་བར་བྱ་སྟེ། ཚིག་རྩུབ་མོ་ནི་ཕན་པ་མ་ཡིན་པའི་ཚིག་ཡིན་ནོ། །དེ་བཞིན་དུ་སྐྱོན་ནས་བརྗོད་པར་མི་བྱ་སྟེ། དཔེར་ན་ཁྱོད་ནི་དམངས་རིགས་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་བྱ་བ་ལྟ་བུ་དེ་དག་ནི་སྤང་བར་བྱ་བ་ཡིན་ནོ། །
དང་ནི་སྤང་བར་བྱ་བའི་སྒྲ་རེ་རེ་ལ་སྦྱར་བར་བྱ་བའི་དོན་ཏོ། །འདུལ་བ་ལས་ཕྲ་མ་ལ་སོགས་པ་བྱས་པས་དགེ་ཚུལ་དག་ལ་ཉེས་བྱས་སུ་འགྱུར་བར་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་ན་ཡིད་ཀྱིར་འགྱུར་ཞེ་ན། དེའི་ཕྱིར། དབྱེ་བའི་འདུལ་བ་ལས་གསུངས་ཉེས་བྱས་གང་། །ཞེས་བྱ