Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 165

Văn bản gốc(Tây Tạng)

Trang 22 / 22 (50.000 ký tự/trang)
་བུས་པ་ནི་ཉེས་མེད། གཏར་བཏང་བ་ལ་ཐམས་ཅད་དོ། །མེ་འབུད་པའི་གཞི་ངོ་མཚར་ལྟ་བུར་བཟང་པོ་ཞིག་ཡིན་ན་ས་མ་རུང་བར་འགྱུར་བའི་ཕྱིར་བླ་གབ་མེད་ཀྱང་མེ་འབུད་

དུ་མི་གནང་ངོ་། །དེའི་ཕྱིར་ཞུགས་ཐབ་བཅའ། ལྟག་མ་ལྟར་ས་བཟང་པོ་ལ་གྲང་བའི་རྐྱེན་གྱིས་མ་མི་འབུད་དུ་མི་རུང་ན་ལྕགས་ཀྱི་ཞུགས་ལིང་གི་སྟེང་དུ་མེ་བུད། བསྡུ་བའི་ཕྱིར་ལྕགས་ཀྱི་ལ་ཡུ་བ་ཅན་བྱའོ། །མེ་བསྡུ་བའི་ཕྱིར་ལྕགས་ཀྱི་ཐལ་ཕྱགས་ཡུ་བ་ཅན་བཅང་།
ནུས་པའམ་ཤིང་གིས་ཀྱང་དེའི་དོན་དུ་འགྲུབ་པོ། །ལྕགས་ཀྱི་ཐལ་ཕྱགས་མེད་ན་ཤིང་ལེབ་དང་རུས་པས་མེ་བསྡུར་རུང་ངོ་། །གཙུག་ལག་ཁང་སྐྱོང་གིས་གཙུག་ལག་ཁང་ཉིན་རེ་བཞིན་ཕྱགས། གཙུག་ལག་ཁང་སྐྱོང་གིས་ཉིན་རེ་བཞིན་གཙུག་ལག་ཁང་ཕྱགས་པ་དང་ཆག་ཆག་དང་དཀྱིལ་
འཁོར་བྱ། མི་ནུས་སྤྱད་པའི་ཚེའི་ཕྱོགས་སུའོ། །གཙུག་ལག་ཁང་སྐྱོང་གིས་ལྟག་མ་ལྟར་ཐམས་ཅད་བྱི་དོར་བྱེད་མི་ནུས་ན་ཆོས་འཆད་པ་དང་འདུ་བ་དང་བཤོས་གསོལ་བའི་ས་ཉི་ཚེ་བྱ། ལྷག་མ་ནི་བརྒྱད་དམ་བཅུ་བཞི་དང་བཅོ་ལྔའི་ཚེ་དགེ་འདུན་ཐམས་ཅད་གཎྜཱི་བརྡུངས་པ་ལ་ཆོས་ཀྱི་གཏམ་མམ་
བསྲིངས་པ་མི་སྨྲ་བས་སོ། །གཙུག་ལག་ཁང་སྐྱོང་གིས་ལྟག་མ་ལྟར་ཉི་ཚེ་བྱས་ཏེ་ཐམས་ཅད་བྱེད་མ་ནུས་ན་བཅུ་བཞི་དང་བཅོ་ལྔའི་ཚེ་དགེ་འདུན་ཐམས་ཅད་འདུས་ནས་ཕྱག་དང་ཆག་ཆག་དང་དཀྱིལ་འཁོར་བྱ། དེ་ལྟར་བྱ་བའི་ཚེ་གཏམ་འཁྱལ་པ་དང་འཇིག་རྟེན་གྱི་གཏམ་སྣ་ཚོགས་མི་བྱ་བར་དོན་ལ་
དམིགས་ཤིང་ལས་བྱ། ཆོས་འཕེལ་བའི་ཚེ་ཆག་ཆག་དང་ཤིན་ཏུ་འཇམ་པོའི་བ་ལང་གི་ལྕི་བའི་སྐྱོང་ནུལ་བྱ་ཡོན་བདག་གཙུག་ལག་ཁང་དུ་མཆོད་སྟོན་བྱེད་པའམ་མང་པོ་འདུས་ཤིང་ཆོས་འཆད་པའམ། དཔྱིད་ཟླ་འབྲིང་པོའི་ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས་ཏེ་མངོན་པར་
བྱང་ཆུབ་པ་དང་དུས་འདི་རྣམས་ཀྱི་ཚེ་གཙུག་ལག་ཁང་བྱི་དོར་བྱ། མཇུག་ཏུ་བཀྲུ་འམ། ལྟག་མ་ལྟར་ལས་བྱས་ནས་ལུས་ལ་རྡུལ་ཆགས་པ་བཀྲུ། རྐང་ལག་བཀྲུ། ལུས་བཀྲུ་མ་ནུས་ན་རྐང་ལག་བཀྲུས་པས་ཆོག །ལུས་ཆུས་བརླན་ཏེ་ཕྱི་ལུས་དང་གདོང་ལ་ཆུས་བཏབ་སྟེ་ཐལ་མོའམ་རས་མས་
ཕྱི་སྣུམ་འཐོབ་པར་བྱ། ལྟག་མ་ལྟར་ཆག་ཆག་དང་ལས་བྱེད་པའི་ཚེ་དགེ་འདུན་ཐམས་ཅད་བཤོས་བཟང་པོར་བྱ། དཀོན་མཆོག་གི་ཕྱིར་ཕྱུང་ཞིང་ཕྱགས་པ་དང་། དྲི་གཙང་ཁང་དང་གཟུགས་དང་མཆོད་རྟེན་གྱི་སྲོག་གི་གྲིབ་མ་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་བཀླགས་ཏེ་རྒལ། དཀོན་

མཆོག་གསུམ་གྱི་ཕྱིར་ཆག་ཆག་དང་མཎྜལ་ལ་སོགས་པ་བྱེད་པའི་ཚེ་མིང་གིས་སྨོས་པ་འདི་རྣམས་གྲིབ་མ་ལ་འགོང་སྟེ་མི་འགྲོར་མི་རུང་ན་ཞལ་ནས་གསུངས་པའི་ཚིགས་བཅད་ཀླགས་ཏེ་འགྲོ། །མལ་སྟན་ཡང་དེ་དག་གི་ཉིན་མོ་བརྟགས་ཤིང་གནས་པས་བཅོས། ལྟག་མའི་མཆོད་སྟོན་བྱ་བ་དང་སངས་
རྒྱས་བལྟམས་པའི་ཉི་མ་ལ་མལ་སྟན་བསྐམ་པ་དང་སྤྲུག་པ་དང་རལ་ཞིང་ཆད་པ་ལ་སོགས་པ་བཅོས། གདབ་ཅིང་བྱུག་པ་དང་ཤིན་ཏུ་འཇམ་པའི་བ་ལང་གི་ལྕི་བའི་སྐྱོང་ནུལ་གནས་པའི་དངོས་པོར་བྱ། བཅུ་བཞི་དང་བཅོ་ལྔའི་ཚེ་དགེ་སློང་གང་ཟག་གིས་གནས་ཁང་ཡང་མིང་གིས་སྨོས་པ་འདི་རྣམས་དང་
ཕྱག་དར་དང་ཆག་ཆག་བྱ། མལ་སྟན་བརྟུལ་པ་སྤྲུག །དགེ་སློང་གང་ཟག་གི་མལ་སྟན་ལ་རྡུལ་ཆགས་ན་སྤྲུག །དེ་སྟེ་ཤིན་ཏུ་ན་བཀྲུ། ལྟག་མ་ལྟར་སྤྲུགས་ཏེ་ཡང་རྡུལ་མ་སོང་ཞིང་དྲི་མ་ཡོད་ན་བཀྲུ། ཆག་ཆག་བཏབ་པའི་སྟེང་དུ་ཕྱགས་ཏེ་དེ་དག་གདིང་། ས་ཕྱགས་ཏེ་ཆག་ཆག་
བྱས་ཏེ་སྟན་བཏིང་ལ་དེར་ཉལ་བར་བྱ། གཞི་མ་སྤྲུགས་པ་རྡུལ་ཅན་ལ་མ་ཡིན། རེ་ལྡེ་ལྟ་བུ་ལ་རྡུལ་ཡོད་པ་ན་རེ་ལྡེའི་སྟེང་ན་རྡུལ་ཡོད་ན་རྡུལ་མ་སྤྲུགས་པར་སྟན་མི་གདིང་། གདིང་བ་ལ་སོགས་གཅིག་སྤྲུག་པར་བསྐོ། །བདག་གི་མལ་སྟན་ལ་རྡུལ་ཡོད་ན་རས་ཡུག་གཅིག་གིས་རྡུལ་སྤྲུག །
ངན་པས་སོ། །ལྟག་མ་ལྟར་རྡུལ་སྤྲུག་པ་ནི་རས་ངན་པ་ལས་བྱ། དེ་བཅོས། རས་ངན་པ་དེར་རལ་ན་བཙེམ། མི་ནུས་ན་བཤད་དེ་ཤིང་བུ་ལ་བཅིངས་ཏེ་སྤྲུག བཙེམས་ཏེ་ཡང་སྤྱད་དུ་མ་བཏུབ་ན་ཤད་ཤད་པོར་དྲས་ཏེ་ཤིང་ལ་བཅིངས་ཏེ་སྤྲུག །དེ་ལྟ་བུར་ཡང་མི་རུང་ན་ལྕི་བ་དང་འཇི་བ་བསྲེས་
ཏེ་ཀ་བའམ་རྩིག་པ་གས་པར་བྱུགས། ལྟག་མ་ལྟར་བྱས་ཏེ་རྙིངས་ཏེ་སྤྱད་དུ་མི་རུང་ན་ཡོན་བདག་དད་པས་བྱིན་པ་ཡོན་བདག་བསྐྱེད་པའི་ཕྱིར་འཇི་བ་དང་བསྲེས་ཏེ་གཙུག་ལག་ཁང་རྡོལ་བར་གླན། བྱིན་པའི་བསོད་ནམས་རིང་དུ་སྤེལ་བའི་ཕྱིར་རོ། །ལྟག་མ་ལྟར་འཇི་བ་དང་བསྲེས་ཏེ་སྐྱོང་ནུལ་བྱ་བ་
སེར་སྣའི་ཕྱིར་བྱ་བ་མ་ཡིན་གྱི་ཡོན་བདག་གི་ཡོན་རིང་དུ་སྤེལ་བའི་ཕྱིར་བྱ། སྒོ་ཁང་དུའམ་ཁྱམས་སུ་མལ་བཅའ་བར་མི་བྱ། སྒོ་གང་དུ་དགེ་སློང་ལངས་པའི་ཕྱིར་ཉལ་བའམ། མལ་སྟན་དེར་མི་གཞག་སྒྲ་ངན་པ་ཟེར་བའི་རྐྱེན་དུ་བརྒྱད་དང་བཅུ་བཞི་ལ་ཁྱམས་སུའོ། །དགེ་སློང་གིས་མལ་སྟན་ཀུན་བཙོངས་ཏེ་

ཟོས་སོ་ཞེས་འཕྱ་བའི་ཕྱིར་བཅུ་བཞི་དང་བཅོ་ལྔའི་ཉིན་པར་ཁྱམས་སུ་ཕྱུང་སྟེ་བསྐམ་པ་དང་སྤྲུག་པ་དང་ཐབས་ཀྱིས་ཁྱིམ་པ་ལ་བསྟན། དགེ་སློང་ཁྲི་དང་ཁྲིའུ་བཅང་། དགེ་འདུན་དང་གང་ཟག་གིས་ཁྲི་དང་ཁྲིའུ་བཅངས་ཀྱང་ཉེས་མེད། ཏར་ཏར་བ་མ་རུང་བར་མི་བྱ་བའི་ཕྱིར་རྐང་པའི་
འོག་ཏུ་ཟླུམ་པོར་གཅད་པར་བྱ་བའམ། ཕུབ་མའི་ཐུག་བུའི་སྟེང་དུ་གཞག་གམ་དར་དཀྲི། གཙུག་ལག་ཁང་གི་ས་གཞི་བཟང་པོ་ལ་འགོག་པའི་མི་སྡུག་པར་འགྱུར་བའི་ཕྱིར་ཁྲིའུ་དང་རྐང་བཞི་ལ་སོགས་པ་རྩིབས་མི་རྣོ་བ་དང་ཕུབ་མའི་སྟེང་དུ་གཞག་གམ་ཞབས་ར་དས་དཀྲིས་ལ་ས་མི་སྣད་པར་
བྱ། དགེ་འདུན་མ་ཡིན་པས་ཁྲིའུ་རྐང་པ་བྲིས་པ་བདག་གིར་བྱ་ཞིང་མི་སྤྱད། དགེ་སློང་གསུམ་གསུམ་མན་ཆད་གང་ཟག་ལ་ཡོན་བདག་གིས་ཁྲི་དང་ཁྲིའུ་རྐང་པ་མདའ་ཚོན་གྱིས་བྲིས་པ་ཡོན་དུ་ཕུལ་ན་ལེན་དུ་མི་གནང་ངོ་། །དགེ་འདུན་ནི་དབང་ངོ་། །དགེ་འདུན་ཁྲི་བཟང་པོ་དང་རྒྱབ་རྟེན་དང་
བཅས་པའང་མ་ཡིན་ཁྲི་མཐོན་པོ་དང་ཁྲི་རྒྱབ་རྟེན་རང་འཁྲུགས་སུ་འདུག་པ་བཟང་པོ་གང་ཟག་ལ་ཡོན་བདག་གིས་བྱིན་ན་ལེན་དུ་མི་དབང་ངོ་། །འཆང་ཤ་མེ་མར་གྱི་ཤིང་ཡང་མ་ཡིན་གང་ཟག་གིས་ཁྲི་དང་མེ་མར་གྱི་ཤིང་དང་ལྕགས་ཀ་མང་པོ་མི་བཅང་། ཡལ་ཀ་དུ་མ་པོ་ཞེས་གཞན་ལས་སོ། །གང་
ཟག་གིས་མེ་མར་གྱི་སྣོད་ཡང་འཆང་དུ་མི་གནང་བ་ནི་མ་ཡིན་གྱི་ཁ་ཅིག་པ་བཅང་དུ་དབང་ངོ་། ཆོངས་ཤིག་པར། བར་ཚངས་ཅན་དང་སྔགས་ཁབ་གྲུ་བཞི། དགེ་འདུན་ནམ་གང་ཟག་གི་མལ་སྟན་གྱི་གཞི་དང་སྟན་གོང་བུའི་བར་ཤིང་བལ་གྱིས་བཙངས་པ་བཅངས་ཀྱང་ཉེས་མེད། བཞི་དང་
གཉིས་པ་རིམ་གཉིས་སུ་བྱས་ཏེ་བསྟེན། ལྟག་མའི་སྟན་གྲུ་བཞི་ཞེང་དུ་ཁྲུ་དོར་བྱས་ལ་སྲིད་གཉིས་སུ་བལྟ་བ་གྲུ་བཞིར་འགྱུར་གྱིས་དེ་ལྟར་བྱ། ཤིང་བལ་གྱིས་དགང་། སྟན་གྲུ་བཞིའི་ནང་ཤིང་བལ་གང་ཡང་རུང་བས་དགང་། མལ་སྟན་མ་བརྟགས་པར་ཉལ་བ་མ་ཡིན། ནུབ་མོ་ཉལ་ཀར་
མལ་བྱ་བའི་གཞི་སེམས་ཅན་ཡོད་དམ་མེད་བརྟགས་པ་དང་ཕྱི་རོལ་ཆེ་ཆུང་ལྟ་བུར་ཟར་བ་ལས་ཕྱིར་ལོག་ན་སྟན་གྱི་སྟེང་ཅི་ཡོད་བརྟགས་ལ་ཉལ། དྲན་པ་ཉེ་བར་མ་བཞག་པར་ཡང་མ་ཡིན་ནུབ་མོ་ཉལ་བའི་ཚེ་སེང་གེ་ཉལ་སྟབས་བཞིན་དུ་བྱས་ལ་སང་ཡང་སྔར་ལྡང་ངོ་སྙམ་དུ་བསམས་ཏེ་ཉལ། གཞན་

དང་ལྷན་ཅིག་ཏུ་ཁྲིའམ་བཏིང་བ་གཅིག་གམ་གཞན་ལ་ཡང་མ་ཡིན་ནོ། །དགེ་སློང་ནང་ཁྲི་དང་སྟན་ལ་སོགས་པའི་སྟེང་དུ་མཐང་སྦྱར་ཏེ་མི་ཉལ་བརྟགས་པ་ནི་མེད་ལ་ཁྲེལ་ཅན་ན་གདིང་བ་སོ་སོར་བཏིང་ན་བར་དུ་གཏུར་བུ་དང་། ལྷུང་བཟེད་ཀྱི་སྣོད་བཞག་ལ་དྲན་པ་ཉེ་བར་གཞག་སྟེའོ། །དགེ་སློང་ཡན་མན་
དུ་ཡུལ་རྒྱུ་བ་ལ་གོས་ཀྱིས་བྲེལ་པར་གྱུར་ན་ལྷན་ཅིག་ཏུ་ཉལ་དུ་རུང་སྟེ། གཅིག་ལ་གཅིག་མི་རེག་ཅིང་ཁྲེལ་བའི་ཚུལ་དུ་བྱས་ལ་གདིང་བ་སོ་སོར་བཏིང་སྟེ་ལུས་གཉིས་མི་ཕྲད་པར་བྱ་བའི་ཕྱིར་བར་དུ་གཏུར་བུའམ་ལྷུང་བཟེད་ཀྱི་སྣོད་ལྟ་བུས་འཆད་དེ་གཉིད་རིང་དུ་མི་ལོག་པ་དང་མི་རེག་པའི་ཚུལ་དུ་སེམས་དྲན་
པ་ཉེ་བར་གཞག་སྟེ་ཉལ། གསུམ་ཡན་ཆད་འདུ་ཞིང་ཁྲི་ལ་འཛེག་པར་སྤྱད་པ་མ་ཡིན། ཁྲི་ལ་དགེ་སློང་གསུམ་ལས་མང་དུ་ལྷན་ཅིག་མི་འདུག་འཆག་པའི་ཕྱིར་རོ། །ཁྲིའུ་རིང་པོ་ལ་གཉིས་ལས་མ་ཡིན། ཁྲིའུ་ཕྲ་མོ་རིང་པོ་ལ་མི་གཉིས་ལས་མང་དུ་མི་འདུག །ཐ་མལ་པ་ལ་དུ་མ་མ་ཡིན།
ཁྲིའུ་ཆུང་ངུ་གྲུ་བཞི་ལ་མི་གཅིག་ལས་ལྷག་པར་མི་འདུག་པར་ལོ་གསུམ་པ་དང་དེ་དང་ལྷན་ཅིག་ཏུ་སྟན་ལ་མ་ཡིན། དགེ་སློང་ནང་ལོ་མ་ལོན་པ་དང་ལོ་གསུམ་ལོན་པ་མན་ཆད་ནི་སྟན་གཅིག་ལ་འདུག་ཏུ་རུང་ངོ་། །བར་དུ་ལོ་གསུམ་གྱིས་ཆོད་ན་གནས་བརྟན་མན་ཆད་གང་ཡང་སྟན་གཅིག་ལ་འདུག་ཏུ་རུང་
ངོ་། །ལོ་བཞི་ལོན་ན་ལྷན་ཅིག་ཏུ་འདུག་ཏུ་མི་རུང་ངོ་། །གྲོང་བར་དུ་མཁན་པོ་དང་ཡང་སྟན་མེད་ན་དྲན་པ་བཞག་སྟེ་སྤྱད། དགེ་སློང་རྒན་གཞོན་འདྲེས་པར་གྲོང་དུ་སོང་བ་ལ་ཡོན་བདག་སྟན་གཅིག་ལས་མ་བཏིང་ན་མཁན་པོ་མན་ཆད་གང་ཡང་རུང་སྟེ་སྟན་ལ་འདུག་ཏུ་རུང་ངོ་། །ཁང་བུའང་ཁྱིམ་
པ་དང་མ་ཡིན། གཙུག་ལག་ཁང་ཡང་རུང་གྲོང་ཡང་རུང་ཁྱིམ་པ་དང་སྟན་གཅིག་ཏུ་མི་འདུག །རབ་ཏུ་མ་རྫོགས་པ་དང་མ་ཡིན་ནོ། །དགེ་སློང་དང་སྟན་གཅིག་ཏུ་མི་འདུག །མ་ནིང་དང་ཟ་མ་དང་མ་བསད་པ་ལ་སོགས་པ་དང་མུར་འདུག་དང་མུར་འདུག་ཏུ་འཇུག་པ་དང་། རྐུན་གནས་དང་
སོ་སོར་གནས་པ་དང་། མི་གནས་པ་དང་མ་ཡིན། མིང་གིས་སྨོས་པ་འདི་རྣམས་དང་སྟན་གཅིག་ལ་མི་འདུག །སློབ་པ་མི་བྱིན་པ་དང་མ་ཡིན། ཚེ་གཅིག་གི་བར་དུ་སློབ་པ་བྱིན་པ་ནའང་སྟན་གཅིག་ལ་མི་འདུག་དྲིའུ་རྔོག་ཐམས་ཅད་དང་རབ་ཏུ་རྫོགས་པ་དང་དགེ་འདུན་འདུས་པ་ལས་གཞན་དུ་

ན་སྟན་ནོ། །དགེ་འདུན་མང་དུ་འདུས་པའི་ཚེ་དྲིའུ་རྔོག་ལྟ་བུ་སྟན། འདྲ་བ་མང་ཞིག་བཏིང་ན་དེའི་ཚེ་ནི་གནས་བརྟན་ལོ་བརྒྱ་མན་ཆད་དེ་རིང་ཁྲིམས་རྫོགས་ཡན་ཆད་སྟན་གཅིག་ལ་འདུག་ཀྱང་ཉེས་མེད་དགེ་སློང་དང་ནི་མི་དབང་། སྟེགས་བུ་ནི་མ་ཡིན་ནོ། །ས་སྟེགས་སམ་ཤིང་
ལེབ་བམ་རྡོའི་སྟེང་ན་ནི་ཁྱིམ་པ་དང་ལྷན་ཅིག་ཏུ་རུང་ངོ་། །དོག་ཅིང་གློ་བུར་བྱུང་ན་ལྷུང་བ་མེད། བཅུ་བཞིའམ་བཅོ་ལྔའི་ཚེའམ་སྟན་མེད་དེ་གཅིག་གི་སྟེང་དུ་གཅིག་འདུག་པ་ཙམ་དུ་དོག་ན་དེའི་ཚེ་དགེ་སྦྱོང་དང་ལྷན་ཅིག་ཏུ་འདུག་ཏུའང་རུང་། མལ་སྟན་སྦེད་ན་གཉིས་ལས་གཅིག་ལས་ཁྲིའམ་ཁྲིའུ་
འོ། །མལ་སྟན་ཞིག་གནས་གཅིག་ནས་གནག་ཏུ་ཁྲི་དང་བཅས་ཏེ་སྤོས་ན་ཁྲི་ཡང་སྟེ་མི་བསྐུར་བར་གཅིག་གིས་གོས་བསྡུས་ལ་གཅིག་གིས་ཁྲིའུ་བསྐུར་རོ། །གཞན་གྱིས་བར་ཚངས་ཅན་ལ་སོགས་པའོ། །འདི་དགེ་འདུན་གྱི་ན་སྙིང་མི་བར་མི་དྲང་མི་བརྩེ་བར་མི་དྲང་མི་བཤལ། ལྟག་མ་
འདྲ་བར་དགེ་འདུན་གྱི་མལ་སྟན་བསྐྱ་ན་སྒོ་ལ་མི་ཤོང་དུ་མི་གནང་བར་དྲག་ཤུལ་མི་བྱ་བར་བག་ཡོད་པར་དལ་གྱིས་མ་རལ་བར་བྱ་ཞིང་བསྐྱ། ཇི་ལྟར་དེ་དུ་བ་དང་དྲི་མ་དང་རྡུལ་གྱིས་རེག་པར་འགྱུར་བ་དེ་ལྟར་མ་ཡིན། དགེ་འདུན་གྱི་མལ་སྟན་དུ་བ་དང་དྲི་མ་དང་རྡུལ་ལ་སོགས་པས་མ་རེག་པར་ནན་བྱ།
འདི་མི་གཙང་བའི་ཁང་བུ་དང་ཉེ་བར་སྤྱད་པར་མི་བྱ། དགེ་འདུན་མལ་སྟན་བཤང་གཅིས་ལྟ་བུར་མི་བསྐུར་མི་སྤྱད་དེར་མི་གཞག །མ་རུང་བར་བྱས་ཏེ་དོར་བར་མི་བྱ། དགེ་འདུན་གྱི་མལ་སྟན་ཞིག་སྟེ་མེད་ཀྱང་རུང་དོར་རོ་སྙམ་མི་བསམ། བསྲད་སྐམ་སྤྲུག་རྡོལ་བར་ལྷན་པར་སྦྱིན། དགེ་འདུན་གྱི་
མལ་སྟན་མིང་གིས་སྨོས་པ་འདི་རྣམས་ལྟར་ནན་ཏན་བྱེད་ཅིང་རིམ་གྲོ་བྱ་བ། གས་ན་ཤུར་བུས་སོ། །མལ་སྟན་གས་ན་སླར་བཙེམ་སྟེ་ཐད་ཀ་ཐད་ཀར་སྲ་བར་སྣམ་བུས་གཟུངས་བྱ། དབུས་ཟད་མཐའ་དབུས་སུ་བྱ། སྟན་སྤྱད་སྤྱད་དེ་དབུས་རྡོལ་ན་སྐྱེད་དུ་འཆད་དེ་དབུས་གཉིས་ཐ་མར་བཏང་ལ་ཐ་མ་
གཉིས་དབུས་སུ་བཏང་ན་སྲ་པར་འགྱུར། རིགས་ན་བཙོ། །གོས་དྲི་མ་ཁྱེར་རམ་ཁ་དོག་ཡལ་ན་སླར་བཀྲུས་ཏེ་བཙོ། །སླར་བཙོས་པར་མི་ནུས་ན་མེ་མར་གྱི་སྙིང་པོར་བསྐོས་ཏེ། དཀོན་མཆོག་གི་སྦྱོར་བའམ་གང་ཟག་གི་སྦྱིན་པ་དག་ལ་ཡང་ངོ་། །དགེ་འདུན་ལ་དད་པའི་ཡོན་བདག་གིས་མལ་སྟན་སྦྱིན་

པ་སྤྱད་སྤྱད་དེ་རྙིངས་ནས་སྤྱད་དུ་མི་རུང་བར་གྱུར་ན་སྟེ། དཀོན་མཆོག་གསུམ་གྱི་སྤྱན་སྔར་མེ་མར་དུ་བུད་གང་ཟག་ཆོས་ཀླག་པའི་མེར་མར་དུ་བྱས་ཀྱང་ཉེས་མེད། དེར་ཡང་མི་མཁོ་ན་འཇི་བ་དང་རྩིག་པ་འམ་ཀ་བའམ་སྒོའམ་དཀོན་མཆོག་གི་ལ་བསྐུས་ཏེ་འདི་དེ་ལྟ་བུའི་ནན་ཏན་གྱིས་སོ། །ལྟག་མ་ལྟར་མེ་མར་
གྱི་རྒྱུར་ཀྱང་མི་རུང་ན་བ་ལང་གི་ལྕི་བ་དང་བསྲེས་ཏེ་རྩིག་པ་དང་། སྒོ་ལ་སོགས་པ་རལ་ཞིང་བུ་ག་ཡོད་པར་གླན། དགོས་ནས་བཅངས་པས་སོ། །ལྟག་མ་ལྟར་དགེ་འདུན་གྱིས་མལ་སྟན་བཙོ་ཞིང་བཅོས་པ་ལ་སོགས་པ་དང་ཐ་མ་རྩིག་པ་ལ་གླན་པའི་བར་དུ་བྱ་བ་ནི་མལ་སྟན་སུ་སྤྱོད་སྤྱོད་པའི་གང་ཟག་
གིས་བྱ། ལྟག་མ་དགེ་འདུན་གཎྜཱི་བརྡུངས་ལ་འདུས་ཏེའོ། །ལྟག་མ་ལྟར་མ་དགོས་ཤིང་སྤྱི་ལ་འདུག་པ་ལས་རུལ་ཏམ་མ་རུལ་བར་གྱུར་ན་དགེ་འདུན་ཐམས་ཅད་འདུས་ཏེ་བ་ལང་གི་ལྕི་བ་དང་སྦྱར་ལ་ལྟག་མ་ལྟར་བྱ། དགེ་འདུན་གྱིས་བརྐུས་པ་མཐོང་སྟེ་མི་ཟློགས་པར་མི་བྱ། དགེ་འདུན་གྱི་ནོར་
རྫས་ཅིའང་རུང་སྟེ་རྐུན་པོས་ཁྱེར་རམ་ཕྱུགས་ཞིག་ཞིང་ལས་བཟའ་བར་གྱུར་ན་དགེ་སློང་གིས་མཐོང་བས་སྐོད་ཅིག །བསྔགས་ན་དགེ་འདུན་གྱི་ལ་གཡེལ་བར་མི་བྱ། དགེ་འདུན་གྱི་ནོར་རྫས་ལ་རྐུན་པོ་ཞིག་འོངས་ཏེ་ནོར་རྐུན་བདག་དང་དགེ་འདུན་གྱི་འདྲ་མི་སྟོར་བར་ནན་ཏན་བྱ། གནས་སུ་
མ་ཕྱིན་པར་ཁྱེར་བས་སྤྱད་པར་བྱ། ལྟག་མ་ལྟར་དགེ་འདུན་གྱི་མལ་སྟན་དང་རྫས་རྐུན་པོས་ཁྱེར་བ་ལས་བདག་གིས་མ་བཏང་སྟེ། བདག་གིས་གཙུག་ལག་ཁང་གཞན་དུ་ཁྱེར་བའི་ཚེ་ལམ་ན་སྤྱད་པ་ལས་ཉེས་མེད་དོ། །བདག་གི་གནས་སུ་བསྐུར་བར་མི་འགྲུབ་ཀྱི་བར་དུ་གནས་གཞན་དུ་
སྤྱད་པར་སྤྱོད་ཅིག །ལྟག་མ་ལྟར་མལ་སྟན་ལ་སོགས་པ་གཙུག་ལག་ཁང་གཞན་དུ་ཁྱེར་བ་བདག་གཅིག་གཙུག་ལག་ཁང་རྐུན་པོས་མ་ཞི་བའི་བར་དུ་མལ་སྟན་དེ་ལ་སྤྱད་ཀྱང་ཉེས་མེད། གནས་གཞན་གྱི་ཟས་དང་ཡོ་བྱད་དང་རྙེད་པ་གནས་གཞན་དུ་སྤྱད་པར་མི་བྱ། བདག་གཙུག་
ལག་ཁང་གཅིག་གི་རྐྱེན་ལ་གཏོགས་པ་དེ་ནས་ཟས་དང་། གོས་དང་མལ་སྟན་བླངས་ལ་གནས་གཞན་དུ་ཁྱེར་ཏེ་མི་སྤྱད་དོ། །དེ་ལ་དེ་ལྟར་མི་སྦྱིན། ལྟག་མ་ལྟར་གཙུག་ལག་ཁང་གཞན་དུ་ཁྱེར་བ་ལས་དགེ་འདུན་གྱིས་མི་རྐུ། ཁྱེར་ན་འབུལ་དུ་གཞུག །ལྟག་མ་ལྟར་དགེ་འདུན་

གྱིས་བསྒོ་སྟེའང་མ་བཏུབ་སྟེ་ཁྱེར་ན་ཇི་ཙམ་ཁྱེར་བ་སྐྱིན་པ་དགུག །མེད་ན་སྦྱིན་པས་སོ། །ལྟག་མ་ལྟར་སླར་འབུལ་དུ་གཞུག་པ་ཁོ་ན་ལ་ནོར་ཡོད་མེད་དབུལ་དུ་མི་བདོག་ན་མཐོང་ངམ་ནས་དགེ་འདུན་ཐོག་མ་སུས་ཟས་བྱིན་པ་ལའང་འབུལ་དུ་གཞུག །ཁ་ན་མ་ཐོ་བ་མེད་
པ་ན་བདག་གི་གཙུག་ལག་ཁང་གི་དགེ་འདུན་གྱི་སྐལ་པ་མི་དགོས་པ་རྩྭའམ་ཤིང་སྤྱད་ཀྱང་ངོ་། །དགེ་སློང་གཅིག་གམ་གཉིས་སམ་གང་ཡང་རུང་བས་བདག་འཚོ་བ་ཐམས་ཅད་དགེ་འདུན་དང་ལྷན་ཅིག་དབང་བ་ལས་དགེ་འདུན་ལ་མི་དགོས་པའི་རྩྭ་དང་ཤིང་ཙམ་གང་གིས་སྤྱད་པ་ནི་ཉེས་མེད་དོ། །
གཞན་ཐུག་ཐུབ་ཅིའང་བྱར་མི་རུང་ངོ་། །ཇི་ལྟར་རྒྱུད་དུ་མ་བསྐོས་པར་འཁོར་ཞིང་སྤྱོད་པ་ཇི་ལྟར་རྒན་རིམས་ཀྱིས་མ་ཡིན་ནོ། །དགེ་འདུན་སྤྱིའི་ཟངས་དང་རྫ་མ་དང་སྟ་རེ་དང་སྟེའུ་ལ་སོགས་པ་ཡོ་བྱད་ཅིའང་རུང་སྟེ། དགེ་སློང་གཅིག་སྤྱོད་ཅིང་འདུག་པ་ལ་ང་རྒན་གྱིས་ཚུར་འོང་གཅིག་ཅེས་མི་བྱ།
ལྷན་ཅིག་ཏུ་བསླང་ན་ནི་དེ་ལྟར་རོ། །དགེ་འདུན་ལ་སྨན་བརྡུངས་པའམ་ཟངས་ལ་ཚོན་བཙོ་བ་ལ་གཉིས་ཀ་ཚོན་བཙོ་བ་ཡིན་ནའང་ལས་ལྷན་ཅིག་བྱ། གཉིས་ཀ་སྨན་གྱི་ལས་བྱེད་ནའང་ཐབས་ཤིག་བདུན་ལས་སོ་སོར་བྱེད་ན་རྒན་རིམས་སུའོ། །དེས་བརྩམས་པ་ལ་འབྲལ་བར་མི་བྱ། ཟངས་སམ་
གཏུན་ལྟ་བུ་དགེ་སློང་གཅིག་སྤྱོད་པར་རྩོམ་ཞིང་འདུག་པ་ལ་ཁྱོད་ཀྱི་རྫས་འོར་ལ་སྤྱད་པ་ལ་འོན་ཅིག་ཅེས་མི་བྱ། རྐང་པ་ཆུས་བརླན་ཏེ་འཁྲུ་བ་དེར་རོ། །ཆོལ་ཟངས་སུ་རྐང་པ་འཁྲུ་བའི་ཚེ་གནས་བརྟན་ཞིག་ན་རེ་ཆོལ་ཟངས་འོན་ཅིག་ཅེས་ཟེར་ན་རྐང་པ་ཆུས་མ་གཤེར་ན་སྦྱིན། གཤེར་ན་རྐང་པ་
བཀྲུས་ཏེ་སྦྱིན། ཁང་བུར་ནི་ཞུགས་ན་དེར་རོ། །ཕྱི་རོལ་གྱི་ཁང་བུ་དང་དགེ་སློང་གཞོན་ནུ་སྔར་འགྲོ་བར་བརྩམས་པ་ལ་རྒད་པོ་ཕྱིས་འོངས་ཏེ་ང་འགྲོ་སྟོད་ཅེས་མི་བྱ། ཆོག་བུ་པ་ནི་འདུག་པ་ལས་མི་བསླང་། ཁང་བུའི་ནང་ན་དགེ་སློང་བསམ་གཏན་བྱེད་ཅིང་འདུག་པ་ལ་ཁྱོད་ལངས་ཏེ་ཕྱིར་སོང་ཞེས་
མི་བྱ། འདིར་ཅི་ལྟར་རྒན་རིམས་སུ་མ་ཡིན། བསམ་གཏན་བྱེད་པའི་གནས་སུ་རྒན་གཞོན་གང་ཡང་རུང་གང་སྔ་སྔ་བབ་བབ་ཏུ་འདུག་ཀྱང་ཉེས་མེད་དོ། །ཟས་དང་ལས་བརྩམ་པ་ལ་དགེ་སློང་གིས་མ་ཡིན། དགེ་སློང་གཞོན་ནུ་སྟན་མཐོན་པོ་ལ་འདུག་སྟེ་ཟས་བཟའ་བར་བརྩམས་པ་ལས་དགེ་

སློང་རྒན་པོ་ཕྱིས་བརྩམས་ཏེ་ཁྱོད་ལངས་ང་འདུག་ཅེས་མི་བྱ། གྲལ་མ་ཡིན་པར་མི་འདུག །གྲལ་ཐབས་ལས་གོང་དུའང་མི་འདུག་འོག་ཏུའང་མི་འདུག་པར་བདག་བདག་གི་གྲལ་དུ་འདུག་གོ། །བྱ་བ་བྱས་ལ་འདོད་པ་ཡོད་ན་འཁོར་ཞིང་སྤྱད་པ་བཅང་བར་མི་བྱ། དགེ་སློང་གིས་ཟངས་ལ་སོགས་པའི་
སྣོད་གཅིག་དགེ་འདུན་སྤྱིའི་ལ་བདག་གིས་གོས་ལྟ་བུ་བཅོས་ཟིན་ན་རྟག་པར་མི་གཞག་གིས་སུ་དགོས་པ་ལ་སྦྱིན་ནོ། །སྐབས་ཀྱི་མཚན་གྱི་དོན་དུ་དེའི་སྟན་བཏིང་བ་ལ་བྱས་པ་མ་བྱས་པའོ། །དགེ་སློང་གིས་གོས་ཤིག་ལན་ཅིག་ཚོན་དུ་བཅུག་སྟེ། བསྐམ་དུ་བཅུག་ལ་ཕྱིས་ཡང་ཚོན་དུ་གཞུག་དགོས་ན་
ཕྱི་མ་མ་ཟིན་གྱི་བར་དུ་ཤིང་གཞོང་ལྟ་བུའི་གཞི་གཞན་གྱིས་མི་བསྐུར། དེའི་ཚེ་གོས་སམ་རྐེད་ཆིངས་ཀྱིས་དེ་བསྔོ་བར་བྱ། ལྟག་མ་ལྟར་ལྷན་ཅིག་ཚོན་དུ་བཅུག་ནས་བདག་དོན་ཅིག་ལ་སྐད་ཅིག་གུད་དུ་འགྲོ་ན་གཞན་གྱིས་མི་ཁྱེར་བའི་སྐ་རགས་སམ་གོས་ཤིག་གཞོང་ཀུང་དུ་གཞག །དགོས་པ་
ཡོན་ལ་ཐབས་གཞན་ཡོད་ན་དགེ་འདུན་གྱི་དཔག་ཅིང་མི་སྤྱད། ལྟག་མ་ལྟར་གོས་ལ་སོགས་པ་འཚེད་པ་བདག་ལའང་ཟངས་ཤིག་བདོག་ན་དགེ་འདུན་སྦྱིའི་ཟངས་གཞན་མི་སྤྱོད་དོ། །དལ་ན་བདག་གི་དོན་བསྲས་ཏེ་དགེ་འདུན་གྱི་སྤྱད་ཀྱང་ཉེས་མེད། ཁ་ན་མ་ཐོ་བ་མེད་པའི་ནི་དེ་ལྟ་བུའི་ཚུལ་ལས་དོན་
ཡོད་དེ་ཕྲོགས་ནའོ། །དགེ་སློང་ཞིག་ལ་བདག་ལའང་ཟངས་ཤིག་བདོག་ལ་དགེ་འདུན་གྱི་ཟངས་དང་གཉིས་ཀ་སྤྱད་དེ་ལས་ཟིན་ནས་སླར་མི་སྟེར་ན་དགེ་སློང་གིས་ཕྲོགས་ཏེ་སྤྱད་ཀྱང་ཉེས་མེད། དགེ་འདུན་གྱིས་གཏུན་བུ་དང་བཅས་ཏེ་བཅང་། དགེ་འདུན་གྱིས་སྨན་བཏགས་པའི་གཏུན་བུ་བཅངས་ཀྱང་ཉེས་མེད།
སྐྲ་འབྲེག་པའི་ལག་ཆ་ཡང་ངོ་། །དགེ་འདུན་གྱིས་སྐྲ་དང་སེན་མོ་འབྲེག་པའི་སྤྱད་བཅངས་ཀྱང་ཉེས་མེད། ཁུག་མར་བཅུག་ལ་རྩིག་པར་གཞག །ལྟག་མའི་སྤུ་གྲི་རྣམས་ཁུག་མ་ལྟ་བུར་བཅུག་སྟེ་རྩིག་པའི་གསེབ་ལྟ་བུ་མི་སྟོར་བར་གཞག །སྟེའུ་དང་སྟ་རེ་དང་གསོར་བུ་ལ་སོགས་པའི་ལག་ཆ་
ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་དགེ་འདུན་གྱིས་བཅངས་ཀྱང་ཉེས་མེད། དགེ་སློང་གིས་རྙེད་ན་ཁམ་པའི་ལས་ལ་སོགས་པ་དེ་དག་སྦྱིན། དགེ་འདུན་ལ་གང་ཟག་ཁང་པའི་སྣོད་རྙེད་ན་གང་རྙེད་པ་གཏན་སྦྱིན། དགེ་སློང་མས་མཆིང་བུའི་སྣོད་མི་བཅང་། དགེ་སློང་མས་འདི་བཅང་དུ་མི་གནང་།

ཐམས་ཅད་ཀྱིས་ཏིལ་གྱི་སྣོད་བཅང་། དགེ་སློང་སྡེ་ལྔས་ཏིལ་གྱི་སྣོད་བཅངས་ཀྱང་རུང་། སྲང་བརྒྱད་ནས་བཞིའོ། །ཏིལ་གྱི་སྣོད་ལྕིད་སྲང་བརྒྱད་མན་ཆད་བཞི་ཡན་ཆད་ལས་བྱ། ལྕགས་ཀྱི་སྣོད་ཀྱང་ངོ་། །ལྕགས་ཀྱི་སྣོད་སྤྱད་ཀྱི་ནང་དུ་ཆུ་བསྲོ་བ་དང་ཚོད་མ་བཙོ་བ་ལ་
སོགས་པ་བྱར་རུང་། དེའི་ལྕགས་སྒྱེད་ཀྱང་ངོ་། །དགེ་སློང་དང་དགེ་སློང་མས་ལྕགས་སྒྱེད་བཅངས་ཀྱང་ཉེས་མེད། ཁམ་པའི་རྒྱ་ཐབས་ཀྱང་ངོ་། །ལྟག་མ་ལྟར་ཆུ་བསྲོ་བ་དང་ཁ་ཟས་བཙོ་བའི་གང་ཟག་གིས་རྒྱ་ཐབ་ཀྱང་རུང་། གནང་བ་ཐོབ་ན་ཁར་བའོ། །དགེ་སློང་བེར་ཀ་ཁྱེར་དུ་མི་གནང་ངོ་། །
དྲ་བའང་ཁ་དོག་གཅིག་པའོ། །ལྷུང་བཟེད་ཀྱི་སྣོད་ཀྱི་དྲ་བ་ཁ་དོག་གཅིག་པ་ལས་བྱ། དེ་དག་སྦྱིན། བེར་ཀ་དང་དྲ་བ་དང་དགེ་འདུན་གྱིས་དད་པ་སྦྱིན། རྒས་པ་དང་ན་བ་ལའོ། །ལྟག་མ་ལྟར་སྦྱིན་པ་ནི་རྒན་པ་དང་ནད་པ་ལས་སྦྱིན་ནོ། །འགྲུབ་ན་འདི་དག་ཚིག་གཅིག་གིས་སྦྱིན། ལྟག་མ་ལྟར་དགེ་
འདུན་གྱི་དད་པ་སྦྱིན་པ་ན་གསོལ་བ་དང་ཞུ་བ་གཅིག་གིས་སྦྱིན་ནོ། །དགེ་སློང་གཉིས་སོ་སོར་སྦྱིན་ན་གསོལ་བ་དང་ཞུ་བ་གཅིག་གིས་བྱར་རུང་ངོ་། །འཁར་བ་སྒྲ་ཅན་བཅངས་ཏེ་སྦྲུལ་ལ་སོགས་པ་བསྐྲད་པའི་ཕྱིར་རོ། །དགེ་སློང་མཚན་མོ་ཕྱི་ནང་དུ་འཇུག་པ་ལ་སྦྲུལ་ལ་སོགས་པས་རྐང་པ་ལ་ཟིན་པར་
དོགས་པའི་ཕྱིར་སྨྱུག་མའམ་ལྕགས་ལྟ་བུ་སྒྲ་ཅན་གྱིས་གསིལ་ཞིང་འགྲོ། ཁར་པའི་རྩ་བ་གས་ན་ཕོར་ཀ་གདབ། བེར་ཀའི་ཞབས་གས་ན་ལྕགས་ཀྱི་ཕོར་ཀ་གདབ། ཡ་རོལ་དུ་ན་གཅེ་འུས་དཀྲིའི། ཁར་པའི་མགོ་མ་གས་ཀྱང་རུང་ལྕགས་སམ་ཟངས་ཀྱིས་དཀྲི། གདུགས་བཅང་སྟེ་རེ་ལྡེ་མཁན་
གྱི་ལའམ་ལོ་མའི་ལའོ། །རེ་ལྡེའམ་ལོ་མ་གདུགས་བྱས་ཏེ་བཅངས་ཀྱང་ཉེས་མེད། ལུས་ཀྱི་ཚད་དུ་ཡུ་བའོ། །གདུགས་ཀྱི་ཡུ་བ་ལུས་ཀྱི་ཚད་དུ་བྱས་ཀྱང་རུང་གདུགས་ཉིད་ཀྱི་ཞེང་ཚད་དུ་བྱ།འདི་དང་གྲོང་གི་དབུས་སུ་མི་འགྲོ། གདུགས་གྱོན་བཞིན་དུ་གྲོང་དབུས་སུ་མི་འགྲོ། ལམ་གྱི་དབང་
གིས་ནི་གློ་ལ་ཕབ་སྟེའོ། །གྲོང་གི་བར་དུ་ལམ་བྱུང་སྟེ་མི་འགྲོར་མི་རུང་ན་མགོ་ལ་མི་གཡོགས་པར་ཕབ་སྟེ་འགྲོ། །བསོད་སྙོམས་སྤྱོད་པའི་ཚེ་ཆར་པ་བབ་ནའོ། །བསོད་སྙོམས་བྱེད་པའི་ཚེ་ཆར་པ་བབ་ན་གདུགས་ཐོགས་ཏེ་སོང་ཡང་ཉེས་མེད། ཡུ་བ་ལ་ཆགས་པ་ནི་མ་བརྟགས་པ་མ་ཡིན་

པའོ། །བེར་ཀ་དང་གདུགས་ཀྱི་ཡུ་བ་ལ་ཟས་ཆགས་ན་མ་བརྟགས་ཀྱིས་བཀྲུས་ཤིག་ཆད་ན་ཁྱིམ་དུ་གཞག །བསོད་སྙོམས་བྱེད་པའི་ཚེ་ཆར་པ་ཆད་ན་གདུགས་ཁྱིམ་པ་ལ་བཅོལ་ཏེ་འགྲོ། །ལྡོག་ན་བསྐུར། བསོད་སྙོམས་བསླངས་ཏེ་ཕྱིར་ལོག་ན་བླངས་ཏེ་འགོ་ཇ་མཁན་དང་སྟུ་འཚོང་མ་དང་ཆང་འཚོང་
པ་དང་རྒྱལ་པོའི་རིགས་དང་། ཕྱག་དར་བའི་ཁྱིམ་དུ་མི་སྤྱད། མིང་གིས་སྨོས་པ་འདི་རྣམས་ཀྱི་ཁྱིམ་དུ་མི་བསླང་། མི་གཙང་བའི་ཁང་བུ་དང་ཉེ་བར་མི་གནས། བཤང་གཅིའི་སར་བཤང་གཅི་མི་བྲོ་བར་མི་འཇུག །རིན་པོ་ཆེར་གྱུར་པའི་གོས་དང་དགོན་པར་མི་གནས། དགོན་པ་ལ་དགེ་སློང་གནས་
ན་གོས་ཟ་འུག་དང་བཙོས་བཅོས་དང་དར་ལ་སོགས་པ་བཟང་པོ་མི་བགོ །རྐུན་པོས་གསོད་དུ་འོང་ངོ་། །ན་མེ་རུའི་ཕྱེ་མས་ལ་བ་ལ་བཏབ་ན་སྲོག་ཆགས་མི་སྐྱེའོ། །ན་མེ་རུའི་ཕྱེ་མ་ཞེས་བྱ་བའི་ཤིང་ཏོག་བཏགས་པའི་ཕྱེས་གོས་ལ་བཏབ་ན་སྲིན་མི་ཟ། ཤིང་ཀུན་ཀྱང་ངོ་། །ཤིང་ཀུན་གོས་ལ་བཏབ་ན་སྲིན་
མི་ཟ་ནི་མ་པ་དང་བ་ཤ་ཀའི་ལོ་མ་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་ཀྱི་ཕྱེ་མས་གོས་ལ་བཏབ་ནའང་སྲིན་མི་ཟ། དེའི་ངོས་སུ་དེ་རབ་ཏུ་བབ་ནའོ། །ལྟག་ལ་ནི་མ་པ་ལ་སོགས་པའི་ཕྱེ་མས་གོས་ཀྱི་རིམ་པར་བཏབ་སྟེ་གཞག་ན་སྲིན་མི་ཟ། དེའི་ཕྱིར་བསྐམ་པ་ཡང་ངོ་། །སྲིན་མི་ཟ་བའི་
ཕྱིར་སྐབས་སུ་བསྐམ་ཞིང་སྤྲུག །ཕྱོགས་དང་ལམ་དང་རེས་དང་ཉི་མ་དང་སྐར་མ་དགོན་པ་པས་མཁས་པར་བྱ། མིང་གིས་སྨོས་པ་འདི་རྣམས་དགེ་སློང་དགོན་པ་པས་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། རྐུན་པོ་ཚར་བཅད་དེ་དྲིར་འོངས་ན་བསྟན་དགོས་པའི་ཕྱིར་རོ། །རྟག་ཆུ་དང་མེ་བསག །དགེ་
སློང་དགོན་པ་པས་འགྲོན་པོ་དང་རྐུན་པོའི་ཕྱིར་མེ་དང་ཆུ་རྟག་པར་གཞག །ཕྱེ་དང་རས་མ་དང་སྦྲང་རྩི་དང་མར་ཅི་ནུས་ཀྱིས་བཅང་། མིང་གིས་སྨོས་པ་འདི་རྣམས་དགེ་སློང་དགོན་པ་པས་རྐུན་པོ་གཙེར་འོང་བའི་ཕྱིར་སྟ་གོན་བྱས་ཏེ་གཞག་པ་ནི་མི་གཙེ་བའི་ཕྱིར་རོ། །ཟས་ཀྱི་ལྷག་མ་འབྱུང་ན་ཡང་ངོ་། །ཟས་
ཀྱི་ལྷག་མ་ཡོད་ན་ནི་ལྟག་མ་ལྟར་གཞན་མེད་ན་དེར་ཟད། དགེ་སློང་མ་དགོན་པར་མི་གནས། དགེ་སློང་མ་འཇིགས་པའི་ཕྱིར་དགོན་པར་མི་གནས། དབྱར་མོ་ཐང་གི་གྲོང་དབུས་སུ་བྱ། དགེ་སློང་མའི་གཙུག་ལག་ཁང་དགོན་པའམ་དབྱེན་པར་མི་བྱ་བར་གྲོང་དབུས་སུ་བྱ། དེ་དག་སྒོ་ཆེན་པོར་མི་འདུག །

དགེ་སློང་མའི་གཙུག་ལག་ཁང་སྒོ་ཆེ་ཆུང་གཉིས་འདུག་ན་སྒོ་ཆུང་ངུ་ནས་ཡར་བྱུང་མར་བྱུང་མི་བྱ། སྣང་བར་མ་ཡིན། དགེ་སློང་མས་སྐར་ཁུང་ནས་མི་བལྟ། ལམ་གྱི་བཞི་མདོར་མ་ཡིན། ལམ་གྱི་མངོན་སུམ་དུ་དགེ་སློང་མས་འགྲེང་ཞིང་མི་འདུག །མ་གྱོན་པ་ཅན་དུ་མ་ཡིན།
དགེ་སློང་མ་བདག་གི་ཁྱིམ་ན་གོས་ཐམས་ཅད་ཕུད་དེ་གཅེར་བུར་མི་འདུག །དེར་རྔུལ་གཟན་ཡང་གྱོན། ཡུལ་ཚ་ན་ཁང་པའི་ནང་ན་སྨད་གཡོགས་དང་ནུ་གབ་གཅིག་གྱོན་དུ་གནང་ངོ་། །ཁྱིམ་པའི་དྲུང་དུ་ཕྲག་པ་མ་གཡོགས་པར་མ་ཡིན། ཁྱིམ་པ་དང་དགེ་བསྙེན་གྱི་དྲུང་དུ་དགེ་སློང་མས་
ཕྲག་པ་ཕྱུང་སྟེ་མི་སྤྱད། སྐྱིལ་མོ་ཀྲུང་གི་གནས་སུ་དེ་དག་གི་སྐྱིལ་མོ་ཀྲུང་ཕྱེད་དོ། །དགེ་སློང་མ་བསམ་གཏན་བྱེད་ན་སྐྱིལ་མོ་ཀྲུང་ཕྱེད་དུ་བྱ། འཛག་བྱེད་ཀྱི་སྒོར་སྲིན་བུ་མི་ཞུགས་པར་གོས་ལ་སོགས་པ་སྦྱིན། དགེ་སློང་མ་བསམ་གཏན་བྱེད་ན་མོ་མཚན་དུ་རས་མས་གཡོགས་ལ་
རྐང་པ་གཅིག་གི་རྟིང་པས་གླན་རྐང་པ་གཅིག་བརྐྱངས་ཏེ་བྱ། དགེ་སློང་གིས་དགེ་སློང་མ་གཙུག་ལག་ཁང་དུ་མི་འཇུག་པར་མི་བཟློགས། དགེ་སློང་མ་ཞིག་དགེ་སློང་ལ་ཁ་ཟེར་ཞིང་འོངས་ན་དགེ་སློང་མ་ཞིག་གཙུག་ལག་ཁང་དུ་གནང་ངོ་། །མི་སྨྲ་བ་དང་མི་བཤད་པ་དང་གསོ་སྦྱོང་དང་འབྱུང་བ་གཞག་པས་དེ་
དག་འདུལ། ལྟག་མ་ལྟར་དགེ་སློང་མ་མ་དུལ་ཞིང་ཁ་ཟེར་གཙུག་ལག་ཁང་དུ་འོངས་པ་ལ་མིང་གིས་སྨོས་པ་འདི་རྣམས་འདྲ་བར་ཚར་གཅད་པར་བྱ། མ་གནང་བར་དེ་དག་གིས་དགེ་སློང་གི་གཙུག་ལག་ཁང་དུ་མི་འཇུག །དགེ་སློང་མ་ཞིག་དགེ་འདུན་གྱི་གཙུག་ལག་ཁང་དུ་འོངས་ན་སྒོ་བརྡབ་པའམ་གཙུག་
ལག་ཁང་དུ་མཆིས་ན་ནོངས་སམ་མ་ནོངས་ཞེས་མ་དྲིས་པར་གཙུག་ལག་ཁང་དུ་མི་འཇུག །དེ་སྟེ་ཁོ་ན་བ་ཞིག་ནའོ་ཞེས་གནང་བར་བྱ། ལྟག་མ་ལྟར་གཙུག་ལག་ཁང་དུ་འཇུག་པ་ལ་དགེ་སློང་ཁྱོད་དགེ་སློང་མ་འཁོན་མེད་དམ་ཞེས་དྲིས་ཏེ་འཁོན་མེད་ཅེས་ཟེར་ན་ནང་དུ་འོང་དུ་གནང་ངོ་། །དྲི་བས་མ་འཁོན་པར་
ཆད་པར་ཤེས་ནས་སོ། །དགེ་སློང་འཁོན་མེད་པར་ཤེས་ན་དྲི་མི་དགོས་པར་གཏང་ངོ་། །རྒྱབ་གཏན་དང་གཏན་བུ་དང་ཟུང་ང་དང་ལྡེ་མིག་ཅན་དང་གཟེར་གཏན་གྱིས་གཙུག་ལག་ཁང་བསྡམ་པར་བསྒོ། དགེ་སློང་ཕོ་མོའི་གཙུག་ལག་ཁང་གི་སྒོ་ཆེན་པོའི་མིང་གིས་སྨོས་པ་འདི་རྣམས་ཀྱི་གཏན་པས་བསྡམ། ཕྱེམ་རེད་

གཙུག་ལག་ཁང་སྐྱོང་གིས་བརྟགས་ཏེ་སྒོ་གཅད། ཉི་མ་ནུབ་ན་སྒོ་བཅད་ལ་གྲ་གྲར་རྐུན་པོ་ཡོད་པར་དོགས་པའི་ས་ཀུན་བཙལ། འཇིགས་པ་དང་བཅས་ན་མེལ་ཚེ་པས་མེལ་ཚེ་བྱ། གཙུག་ལག་ཁང་ན་དགེ་སློང་འཇིགས་པར་གྱུར་ན་མེལ་ཚེ་བྱ། དེར་གྱུར་ནས་ཉལ་ཞིང་ཏིང་ངེ་འཛིན་
དང་བཅས་པ་མི་བྱ། ལྟག་མ་ལྟར་མེལ་ཚེ་བསྐོས་པའི་དགེ་སློང་མེལ་ཚེ་བྱེད་པའི་བསམ་གཏན་དང་ཉལ་དུ་མི་དབང་། ཆོ་ག་འདི་དག་བྱས་ནས་གཙུག་ལག་ཁང་སྐྱོང་ལ་དགེ་འདུན་གྱི་གནས་བརྟན་གྱིས་དྲི། གཙུག་ལག་ཁང་གི་གནས་བརྟན་གྱིས་གཙུག་ལག་ཁང་སྐྱོང་ལ་ལྷག་
མའི་ལས་རྣམས་ལྟར་བྱས་སམ་མ་བྱས་དྲི། གཙུག་ལག་ཁང་ནས་འོན་ཏེ་མ་བཅིངས་པར་སྟོར་ན་གཙུག་ལག་ཁང་སྐྱོང་གིས་དུ་ཉེས་པ་དེ་སྙེད་ཀྱི་ཆ་སྦྱིན། གཙུག་ལག་ཁང་ཕྱི་སྒོ་གཙུག་ལག་ཁང་སྐྱོང་གིས་གཏན་པ་རྣམ་ལྔས་བསྡམས་པ་ལས་ནང་ནས་ནོར་ཞིག་སྟོར་ན་གཙུག་
ལག་ཁང་སྐྱོང་ལ་སྐྱིན་པ་མི་འབབ། གཏན་པ་གསུམ་བཅུག་ན་སྐྱིན་པ་ལྔ་གཉིས་བབ་སྟེ། དེ་བཞིན་དུ་རིམ་བཞིན་དུ་བྱའོ། །ལྕགས་ཀྱུ་དང་ཐ་རམ་བཅང་། གང་ཟག་གི་གནས་ཁང་ལ་ཐ་རམ་དང་ལྕགས་ཀྱུ་ནི་རྫས་མི་སྟོར་བའི་ཕྱིར་བཅང་། སྒོ་བཅིང་བ་ཡོད་པའམ་བཅིངས་
ཀྱི་བར་དུ་མི་འགྲོ། །གཙུག་ལག་ཁང་སྐྱོང་གིས་སྒོ་ལྕགས་དང་གཏན་པ་མ་བཅུག་པར་འཕྱན་དུ་མི་འགྲོ། །གནས་སྟོང་པར་ཞུགས་ན་འདིར་ཆག་ཆག་ལ་སོགས་པ་བྱ། དགེ་སློང་ཞིག་གུད་ནས་འོངས་ཏེ་གཙུག་ལག་ཁང་བུར་འདུག་ན་ཁང་བུ་ཕྱག་དར་དང་ཆག་ཆག་བྱས་
པ་གནས་སོ། །སྣོད་དག་སོ་སོའི་གནས་སོ། །ཁང་བུ་དེ་ན་དགེ་འདུན་གྱི་སྤྱད་སྔོན་ཡོད་ན་མ་སྣད་པར་གཞག །དེ་བྱུག་པར་རིགས་ན་ཡང་ངོ་། །ལྷག་མ་དགེ་འདུན་གྱི་སྤྱད་རྣམས་བཀྲུ་བ་དང་དུས་དུས་སུ་བསྐམ་པར་བྱ། དེ་སྟེ་རྟོག་པ་བྱེད་པ་ཡོད་ན་རྩྭ་སྔོན་པོ་ལ་བྱེའུ་
གཞུག །དགེ་སྦྱོང་ངམ་ཁྱིམ་པ་ཡོད་ན་གཙུག་ལག་ཁང་མཆོད་རྟེན་གྱི་འཁོར་ན་རྩྭ་སྔོན་པོ་ཡོད་པ་ཐོག་ཏུ་གཞུག །དེ་སྟེ་འདི་ཁྱིམ་གྱི་འོངས་ན་འདི་ལ་ཆོས་ཀྱི་གཏམ་དང་གཞན་ཕོད་པའི་ཆོས་བྱ། དགེ་སློང་གུང་ནས་གཙུག་ལག་ཁང་དུ་ཕྱིན་ཏེ་ཁྱིམ་པ་འཕྲད་དུ་དགའ་སྟེ་གན་དུ་འོངས་

ན་ཆོས་བཤད་པ་དང་ཁ་ཟས་ཅི་བདོག་པས་མགུ་བར་བྱ། ཤིང་བསྐྱེད་པ་མ་བརྟགས་པ་མ་བརྟགས་པ་མ་ཡིན་ནོ། །གཙུག་ལག་ཁང་གི་འཁོར་དུ་དགེ་སློང་གིས་སྐྱེད་ཤིང་སྐྱེད་དུ་གནང་ངོ་། །འདི་བསྐྱེད་ནས་མི་བསྲུང་བར་མི་བྱ། ལྟག་མ་ལྟར་ཤིང་
བསྐྱེད་ནས་ཡལ་བར་མི་དོར་བར་བསྲུང་། མ་བསྲུངས་ན་ཉེས་བྱས། ནམ་མེ་ཏོག་གི་བར་དུ་ཤིང་ལའོ། །མེ་ཏོག་གི་ཤིང་ཞིག་ཡིན་ནམ་མེ་ཏོག་ཆགས་པའི་བར་དུ་བསྲུང་། གཞན་ན་འབྲས་བུའི་བར་དུའོ། །ཤིང་དེ་འབྲས་བུ་སྐྱེ་བ་ཡིན་ན་འབྲས་བུ་ཆགས་ཀྱི་བར་དུ་
བསྲུང་། རིང་ན་ལོ་ལྔར་རོ། །ལྟག་མའི་ཤིང་གཉིས་གྲིབ་མ་ལ་བསྐྱེད་དེ་འབྲས་བུ་དང་། མེ་ཏོག་མ་བྱུང་ན་ལོ་ལྔ་ཚུན་ཆད་དུ་བསྲུང་། བདག་བཞིན་པ་ནི་དགེ་སློང་གཞན་ལ་བཅོལ་ནའོ། །བདག་གུད་དུ་འགྲོ་བར་འགྱུར་ན་གྲོགས་དགེ་སློང་ཞིག་ན་རེ་ངས་བསྲུང་
ངོ་ཞེས་ཟེར་ན་བཅོལ་ཏེ་སོང་ཡང་ཉེས་མེད། རྐང་པ་བཀྲུ་བ་དང་སོ་ཤིང་བཟའ་བ་དང་ལྷུང་བཟེད་བཀྲུ་བ་དང་། ཁྲུས་དག་གི་གླུད། སྐྱེད་ཤིང་དེ་དག་ལ་སོ་ཤིང་བཟའ་བ་དང་རྐང་པ་བཀྲུ་བ་དང་ལྷུང་བཟེད་བཀྲུ་བ་སྐྱེ་ཤིང་གི་རྩ་བའི་དྲུང་དུ་བཀྲུས་ན་ཤིང་སྐྱེ་བ་ལ་ཕན་ནོ། །དེ་ལ་
སྙིང་པོས་ཁྱིམ་གྲང་བ་དགག་པའི་ཕྱིར་བྱ། སྐྱེ་ཤིང་དེ་གྲང་པར་གྱུར་ན་ཁོ་ར་ཁོར་ཡུག་ཏུ་རྩིག་པས་བརྩིགས་ཏེ་དྲོ་བར་བྱ། འདི་སྲུང་བའི་ཕྱིར་སྐར་ཁུང་གདོད། ལྟག་མ་ལྟར་རྩིག་པས་བསྐོར་བ་མདོ་མདོར་བུ་གུ་གདོད། གཡོགས་མ་སྦྱིན་ཤིང་དེ་གྲང་བའི་དུས་ན་སྟེང་
ནས་སབ་མོས་གཡོགས། དཔྱིད་བསིལ་བའི་ཕྱིར་བཤུ། ལྟག་མ་ལྟར་གཡོགས་པ་དཔྱིད་དྲོ་བའི་ཚེ་སླར་བཤུ། སྔོན་གྱི་དབྱར་གྱི་མི་རུལ་བའི་ཕྱིར་བ་ཡང་ངོ་། །རྟག་ཏུ་སྐྱེད་ཤིང་ལ་རྩིག་པས་བསྐོར་བའི་དུས་ལ་སླར་གཞི། ཆུ་ཁུང་གདོད། ལྟག་མའི་ཁང་བུ་
མ་བཤིག་པའི་ཚེ་ཆུ་འཛག་པའི་ཆུ་ཁུང་གདོད། རྩ་བའི་རྒྱུད་ལ་གཡེལ་བར་མི་བྱ། སྐྱེད་ཤིང་གི་རྩ་བ་དང་གཤེར་དང་ལ་ཕུག་ལ་སོགས་པའི་མི་གུ་ལ་མི་གཡེལ་བར་བསྲུང་། འཁོར་སོ་སོར་བགོས་ཏེ་བཅོས། ཤིང་སྐྱེད་ཤིང་མང་དུ་བསྐྱེད་དེ་དགེ་སློང་གཅིག་

གི་ལག་གིས་མི་ཁྱབ་ན་དགེ་སློང་མ་མང་ཉུང་ལ་བསྐོས་ཏེ་བསྐྱེད་དུ་གཞུག །ལ་ལ་སོ་ཤིང་ཟ་བ་དང་ལ་ལ་ཁ་འཁྲུ་བ་དང་ལ་ལ་རྐང་པ་དེ་ལ་སོགས་པ་སྟེ་རྒྱུན་དུ་མ་ཡིན། ལྟག་མ་ལྟར་ཤིང་བསྐྱེད་ན་བདག་གི་དགེ་བ་བཏང་ལ་ཤིང་འབའ་ཞིག་བསྐྱེད་པ་མ་ཡིན་གྱི་ཤིང་དྲུང་ལ་
ལར་སོ་ཤིང་བཟའ་ཞིང་རྐང་ལག་བཀྲུ་བའི་ཆུ་བླུགས། ལ་ལས་ལྷུང་བཟེད་བཀྲུ་བའི་ཆུ་བླུགས། མེ་ཏོག་དང་འབྲས་བུ་བསྲུང་བའི་ཕྱིར་དགེ་སློང་ལ་བསྒོ། ལྟག་མ་ལྟར་སྐྱེད་ཤིང་བསྐྱེད་དེ་དཔྱིད་མེ་ཏོག་སྐྱེས་པ་དང་སྟོན་འབྲས་བུ་ཆགས་པར་གྱུར་ན་དགེ་འདུན་གྱིས་དགེ་སློང་གཅིག་
སྲུང་མར་བསྐོ། ཟས་ཀྱི་དུས་ཀྱི་ཕྱིར་གཞན་གྱིས་སོ། །ལྟག་མ་ལྟར་བསྲུངས་པའི་དགེ་སློང་ཟན་ཟ་བའི་ཚེ་དགེ་འདུན་གྱིས་དགེ་སློང་གཞན་ཅིག་བསྐོས་ཏེ་བརྗེ། ཐོག་མ་ཉིད་དུ་ཟོས་ཏེ་དེར་འགྲོ། རྗེད་མའི་དགེ་འདུན་ཕལ་པས་ཀྱང་སྔར་ཟན་བཟའ། སྲུང་མའི་
དགེ་སློང་ནི་དགེ་སློང་ཕལ་དང་ཐབས་ཤིག་ཏུ་བཟའ། ཀློག་ཏུ་འཇུག་པ་གཡོགས་མང་དུ་བྱེད་པ་དང་མི་ཕོད་པ་ལ་སྙིང་རྗེ་བར་བྱ། མཁན་པོ་ལ་སློབ་མ་མང་དུ་བདོག་ན་མཁན་པོ་ལ་གང་བསྟི་སྟང་ཆེ་བའི་དགེ་སློང་དང་མྱུར་དུ་མི་ལྡོག་ཅིང་ཤེས་རབ་ཆུང་བ་ལ་མཁན་པོས་སྙིང་
ནས་བསླབ་པོ། །དགེ་སློང་མ་དེའི་འདུལ་བ་འཛིན་པ་དང་དེ་ཆ་ནོད་པ་ལ་ཀློག་ལས་སྙིང་རྗེ་བྱ། དགེ་སློང་མ་དགེ་སློང་ཕ་བས་ཤེས་རབ་ཆུང་བས་སོ་སོར་ཐར་པ་ལ་སོགས་པ་ཁ་དོན་དང་མང་དུ་སློབ་མི་ནུས། གྱི་ན་མི་གཏོང་བར་སྙིང་རྗེའི་ཕྱིར་ཡུན་རིང་དུ་བསླབ་པོ། །སྤྲིང་ཡིག་
བྲི། དྷརྨ་དང་སྤྲིང་ཡིག་བྲིར་གནང་། དྲན་པར་མི་ནུས་ན་གཟུང་བའི་ཕྱིར་འདུལ་བ་ཡང་ངོ་། །ཆོས་འཆད་པ་ཉན་པ་ལས་ཁོང་དུ་མི་ཆུད་ན་རྗེད་བྱང་ལ་བྲིས་ཏེ་བསླབས་ཀྱང་ཉེས་མེད། འབྲི་མི་འབྲིའོ། །སངས་རྒྱས་ཀྱི་ཆོས་གང་ཡང་གང་ཟག་གིས་འདྲིར་ནི་མི་
གནང་གི་ཁ་ཐོན་དུ་སློབ་ཤིག །དགེ་འདུན་གྱིས་ནི་འདྲིར་གནང་ངོ་། །དེ་བཞིན་དུ་འདིས་སོ་སོར་ཐར་པ་ཡང་ངོ་། །སོ་སོར་ཐར་པ་ཡང་གང་ཟག་གིས་ཡི་གེ་ལ་མི་བྲི་བར་ཁ་དོན་དུ་མི་བསླབ་པོ། །དེ་དང་འདྲ་བ་ཡང་ངོ་། །ཕི་བང་ཀ་ལ་སོགས་པ་གཞན་ཀྱང་མི་བྲི་བར་ཁ་

ཐོན་བྱ། གང་ཟག་དག་ཀྱང་ངོ་། །གང་ཟག་གི་གོས་ཀྱི་མཐའ་དང་རྒྱ་ལ་མིང་རུས་མི་བྲི། མཚན་མར་བྱེད་པ་ནི་ཉེས་མེད་དོ། །གོས་ཀྱི་མཐའ་མལ་སྣག་ཙའི་ཏིག་ཏི་དང་མཚན་མ་བཏབ་པ་ཉེས་མེད། དགེ་འདུན་གྱི་མལ་སྟན་ལ་མི་བྲི། དགེ་འདུན་གྱི་མལ་
སྟན་ལ་དགེ་འདུན་གྱི་མལ་སྟན་ནོ་ཞེས་ཡི་གེར་མི་བྲི། ཆེ་གེ་མོ་ཞིག་གི་གཙུག་ལག་ཁང་སྟེང་བསོད་ནམས་སུའོ་ཞེས་སོ། །ཡོན་བདག་སུས་བརྩིགས་པའི་གཙུག་ལག་ཁང་ལ་གཡམ་པོ་ལ་སོགས་པ་མལ་སྟན་ཡོན་དུ་ཕུལ་ན་དེའི་མཐའ་མར་གཙུག་ལག་ཁང་འདིའི་ཡོན་བདག་མིང་འདི་
ཞེས་བྱ་བས་ཕུལ་བའོ་ཞེས་བྱ་བ། གོས་ལ་ཡང་ངོ་། །དགེ་འདུན་གྱི་ན་བཟའ་ལའང་ལྟག་མ་སྐད་དུ་མིང་བྲི། གཞན་ཡང་འདི་ལྟ་བུའི་ཚུལ་ལའོ། །གཙུག་ལག་ཁང་དུ་གྲོང་དང་ཞིང་དང་གནག་རྟ་ལ་སོགས་པ་ཡོན་དུ་ཕུལ་བ་དཔང་རྒྱ་བྲིས་ཏེ་བཞག །སངས་རྒྱས་ཀྱི་ཚིག་སྲིད་
པའི་ལེའུ་དང་རིམས་དང་དེར་གྱུར་ཅིག་པར་མི་ཀློག །སངས་རྒྱས་ཀྱི་ཆོས་ཀློག་པའི་ཚེ་མུར་འདུག་གི་ཆོས་ཀློག་པ་འདྲ་བ་སྐད་རིང་དུ་ངར་ངར་མི་བྱ། སངས་རྒྱས་ཀྱི་ཚིག་ལ་བརྩོན་པར་གཞན་ལ་སྟོན་ནུས་ན་ཕྱི་རོལ་གྱི་གཙུག་ལག་བླང་། བདག་སངས་རྒྱས་ཀྱི་ཆོས་མཁས་པར་ཤེས་ལ་
ཕ་རོལ་པོ་ལའང་ཐེ་ཚོམ་མེད་པར་སློབ་ནུས་ན་མུར་འདུག་གི་སུན་དབྱུང་བའི་ཕྱིར་གཏར་ག་དང་། བྱཱ་ཀ་ར་ཎ་བསླབས་ཀྱང་ཉེས་མེད་དོ། །ཇི་ཙམ་ན་སློབ་པ་འོག་ན་འཆད། དེའི་དུས་ན་ཉི་མའི་གསུམ་པའི་ཆ་སྟེ་མི་བདེ་བ་ནའོ། །གཏར་ག་དང་བྱཱ་ཀ་ར་ན་ལ་སོགས་པ་སློབ་པའི་
དུས་ནི་ཉིན་གཅིག་ལ་གསུམ་དུ་བགོས་པའི་ཉི་མའི་གུང་ལ་བསླབ་པོ། །ནུབ་མོ་ཡང་ངོ་། །ནུབ་མོ་བདེ་ན་མཚན་རངས་སངས་རྒྱས་ཆོས་བྱ། ན་ཞིང་མི་བདེ་བ་མཚན་མོའི་གུ་གཏར་ཀ་ལ་སོགས་པ་སློབ། ཕན་པའི་སྔགས་ན་གཟུང་ངོ་། །ལྟག་མ་ལྟར་ཉིན་གཅིག་མཚན་གཅིག་
ལ་དུས་ལྔར་བགོས་ཏེ་དུས་གསུམ་ནི་མདོ་སྡེ་ཀློག་པ་དང་བསམ་གཏན་བྱ། དུས་གཉིས་ལ་སྔགས་ཀློག །བསྐོ་བ་ཡང་ངོ་། །མི་གཅིག་ཅིག་ན་ན་སྙིང་རྗེ་ཞིང་ཕན་པར་བྱ་བའི་ཕྱིར་སྔགས་གདབ་པ་གནོད་པ་མ་ཡིན་ནོ། །སྔགས་གདབ་པ་ནི་གཞན་ལའང་མི་གནོད་ནད་པ་ལ་

ཕན་ན་སྔགས་བྱ། འདི་ལ་དཀོན་མཆོག་གསུམ་ལ་ཕྱག་བྱ་བའི་གནས་སུ་བརྗོད། སྔགས་བྱ་བའི་ཚེ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལ་བདག་གི་ལྷར་གཟུང་། དེའི་མཚན་ནས་ཕྱུང་སྟེ་ཕྱག་བྱ། ལྷ་གཞན་ལ་ཕྱག་མི་བྱ། དཀོན་མཆོག་གསུམ་མ་གཏོགས་པར་མུར་
འདུག་གི་ལྷ་ལ་ཕྱག་མི་བྱ། མི་མཆོད་དེ་བཀུར་སྟི་མི་བྱ་བ་མ་ཡིན་ནོ། །མུར་འདུག་གི་ལྷ་ལ་མེ་ཏོག་ལ་སོགས་པས་ཀྱང་མི་མཆོད། དེ་ལ་ངན་དུའང་མི་བརྗོད། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་ཀློག་པ་ན་མངོན་སུམ་དུ་འདུག་ལ་སེ་གོལ་གྱི་སྒྲས་ཆད་པར་བྱ་
བ་དང་། དེའི་གནས་སུ་ཕྱིན་ན་སྙིང་རྗེ་བྱ། མུར་འདུག་གི་ལྷའི་དྲུང་དུ་ཕྱིན་ན་སྙིང་རྗེ་ཞིང་ཕན་པར་བྱ་བའི་ཕྱིར་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་བཀླག །བཟོ་ལ་ནན་ཏན་མི་བྱ་སྟེ་བསླབ་བམ་དེའི་སྣོད་གཞག་པ་ཡང་སྟེ། མིང་གིས་སྨོས་པ་འདི་རྣམས་མི་བསླབ་མི་
བཅང་ཕ་རོལ་པོའང་མི་བསླབ། མ་གཏོགས་པ་ནི་བཏང་སྤྱད་ཀྱི་སྣོད་དང་ཁབ་རལ་དང་རས་ཕྱིས་སོ། །མིང་གིས་སྨོས་པ་འདི་རྣམས་བཅངས་ཀྱང་ཉེས་མེད་དོ། །དགེ་བས་གསོལ་བ་དང་མཐའ་གཅིག་ཅིང་བསོད་ནམས་ཀྱི་སེམས་ཀྱིས་བྱ་སྟེ་རྔན་པའི་མ་ཡིན་ནོ། །ནད་པ་ལ་
གཏར་གའམ་སྨན་དཔྱད་ཀྱིས་གསོན་སྙིང་རྗེའི་ཕྱིར་ཕན་པར་བྱ་བའི་ཁ་ཟས་དང་གླའི་ཕྱིར་མི་གསོ། བཀྲུ་སྨན་བྱིན་ཏེ་གཞན་དུ་མི་འགྲོ། སྨན་རྒོད་ནད་པ་ལ་བླུད་དེ། ལྡུད་པ་ལྡུད་པ་གུད་དུ་མི་འགྲོ། །དེ་ལྟ་བུའི་རྐྱེན་གཅིག་གིས་འགྲོ་ན་ཤིན་ཏུ་འཁྲུ་ཞིང་གནོད་པ་ལ་སོགས་
པའི་ཆོ་ག་བསྟན་ཏེའོ། །ལྟག་མ་ལྟར་སྨན་བླུད་ན་སྨན་བླུད་པའི་དགེ་སློང་གུད་དུ་མི་འགྲོར་མི་རུང་ན་སྨན་གྱི་ཆོ་ག་ཅི་ལྟར་བྱ་བ་ཞིབ་ཏུ་བསྟན་ཏེ་གུད་དུ་འགྲོ། འདྲེག་མཁན་གྱི་བྱ་བ་བྱས་ཏེ་མཚན་མཚུངས་པ་དང་ཚངས་པ་མཚུངས་པར་སྤྱོད་པ་དང་རབ་ཏུ་དབེན་པའི་ཕྱོགས་སུའོ། །སྐྲ་
འདྲེག་ན་དགེ་སློང་དང་དགེ་སྦྱོང་ཡང་ན་བྲེག་དགེ་སློང་མ་དང་དགེ་སྦྱོང་མའང་བྲེག་གོ། །ལྟག་མ་ལྟར་བྲེག་པ་ནི་དབེན་པའི་ཕྱོགས་སུ་བྲེག་གོ། །ཁྲིའི་ཡན་ལག་ཆག་ན་བཅོས། ཁྲིའི་རྐང་པ་ཆག་ན་དགེ་སློང་ཤིང་མཁན་ཤེས་ན་ལྐོག་དབེན་པར་བཅོས། དཀོན་མཆོག་གི་ཕྱིར་

ཕྲེང་བ་སྦྲེལ། དཀོན་མཆོག་གསུམ་ལ་མཆོད་པའི་ཕྱིར་མེ་ཏོག་ཕྲེང་བ་ལྐོག་དབེན་པར་བརྒྱུས་ཀྱང་ཉེས་མེད་རི་མོ་ཡང་དཀོན་མཆོག་མཆོད་པའི་ཚེ་སེམས་ཅན་འདྲ་བ་མ་ཡིན་པ་བྲི། མཎྜལ་ལྟ་བུ་དཀོན་མཆོག་ལ་མཆོད་པའི་ཕྱིར་བྲིན་སེམས་ཅན་གྱི་གཟུགས་མི་བྲི།
བྲིས་ན་ཉེས་བྱས། དེ་བཞིན་པ་ནི་དེའི་ཕྱིར་འདྲི་བའོ། །ལྟག་མ་ལྟར་སེམས་ཅན་གྱི་གཟུགས་བྲིས་པ་ལྟ་མི་སྨོས་ཀྱི་སེམས་ཅན་གྱི་གཟུགས་བྲི་བར་བསམས་ཏེ་རི་མོ་ཞིག་ཤུར་ཞེས་བྲིས་པ་ལའང་ཉེས་བྱས་ཚངས་པ་མཚུངས་པར་སྤྱོད་པ་ཤི་ན་ལུས་ལ་མཆོད་པ་བྱ། དགེ་སློང་ཞིག་ཤི་ན་
གྲོགས་ཀྱིས་བཀྲུས་ལ་ཙན་དན་དང་གུར་ཀུམ་ལ་སོགས་པས་མཆོད་པ་བྱ། དགེ་སློང་མའང་དེ་བཞིན་ནོ། །འོན་ཏེ་མ་ན་སྲོག་ཆགས་མེད་ན་བསྲེག །ལྟག་མ་ལྟར་ཤི་བའི་རོ་ལ་རྨ་ལ་སོགས་པའི་རོ་ལ་སྲིན་བུ་མེད་ན་རོ་བསྲེག །གདོན་མི་ཟ་བར་བརྟག་པས་སོ། །ལྟག་མ་ལྟར་བསྲེག་པ་ཡང་
དག་པར་སྲིན་བུ་མེད་པར་རྟོགས་ན་གདོད་བསྲེག །བརྐོས་ཏེའམ་ཆུ་བོར་བསྐུར། ལྟག་མ་ལྟར་སྲིན་བུ་ཡོད་དམ་རླུང་དང་ཆར་པའི་རྐྱེན་གྱིས་བསྲེག་མ་ནུས་ན་སའི་འོག་གམ་གཙང་པོར་དོར། མི་རིགས་ན་སབ་སུབ་ཏུ་བཞག །ས་འོག་ཏུ་གཞུག་གམ་ཆུར་བསྐྱུར་མ་ནུས་ན་ལུང་ཁུང་དུ་དོར། མགོ་བྱང་
ཕྱོགས་སུ་སྟེ་གློ་གཡས་པས་བསྙལ། རོ་དོར་བའི་ཚེ་ཐབས་འདི་ལྟར་གཞག །རྩ་བའི་ཐུམ་པོ་སྔས་སུ་གཞུག །སྔས་སུ་རྩྭ་ཐུམ་གཞུག །རྩྭའམ་ལོ་མས་གཡོགས། སྟེང་ནས་རྩྭའམ་ལོ་མས་གཡོགས། ཆོས་མཉན་པ་དང་སྦྱིན་པའི་ཚིགས་སུ་བཅད་པ་བྱ། རོ་བསྐྱལ་ནས་མི་རྟག་པའི་ཆོས་དང་ཞལ་ནས་
གསུངས་པའི་ཚིག་བཞིའི་ལེའུ་གཅིག་བཀླག །རེག་པའི་གོས་དང་བཅས་ཏེ་བཀྲུ། རོ་འཛིན་འཛིན་པའི་གོས་དང་ལུས་ཐམས་ཅད་བཀྲུ། གཞན་ལག་པ་དང་རྐང་པ་བཀྲུ། རོ་ལ་མ་རེག་པ་རྣམས་རྐང་ལག་བཞི་དང་གདོང་བཀྲུ། མཆོད་རྟེན་ལ་ཕྱག་བྱས་ཏེ་འཇུག །རོ་བསྐྱལ་ཏེ་སླར་ལོག་ནས་མཆོད་རྟེན་ལ་ཕྱག་
འཚལ་ཏེ་བདག་གི་གནས་ཁང་དུ་འཇུག །མཆོད་རྟེན་རྣམ་གཉིས་ཏེ་འཁོར་དང་བཅས་པ་དང་དཀའ་ཐུབ་ལྟ་བུའོ། །མཆོད་རྟེན་རྣམ་གཉིས་ལ་གཅིག་ནི་ཅི་སྟེ་སྲོག་ཤིང་འཕང་ལོ་མེད་པའོ། །གཅིག་ནི་ཅི་སྟེ་ངོས་བཞིར་ཁང་བུ་བཞི་བྱས་ཏེ་སངས་རྒྱས་ཀྱི་གཟུགས་གཞུག་པར་བྱ། རིགས་པ་ནི་འདི་རབ་ཏུ་འབྱུང་

བའོ། །དགེ་སློང་དགེ་སྦྱོང་ཤི་བའི་རུས་བུ་མཆོད་རྟེན་གྱི་ནང་དུ་གཞུག་ཏུ་རིགས་སོ། །དེ་སྟེ་དགེ་ནའོ། །ལྟག་མ་ལྟར་མཆོད་རྟེན་དུ་གཞུག་པ་ཚུལ་ཁྲིམས་དང་ཡོན་ཏན་དང་ལྡན་པ་ལ་བྱའོ། །སངས་རྒྱས་ཀྱི་ཐམས་ཅད་ལྟ་བུར་རོ། །སངས་རྒྱས་ཀྱི་མཆོད་རྟེན་ནི་སྒར་སྒུར་དང་འབར་འབུར་མེད་པར་བྱ། བང་རིམ་བཞི་དང་
རྟ་བབས་དང་སྒོ་ང་དང་སྤྱི་སྤུབས་དང་སྲོག་ཤིང་དང་གདུགས་བཅུ་གསུམ་དང་ཆར་པ་དྲེད་པ་དེ་ནི་འདྲ་བའོ། །སངས་རྒྱས་ཀྱི་མཆོད་རྟེན་ཐམས་ཅད་འདི་ལྟར་བརྩིགས་ཏེ་ས་ལས་བང་རིམ་བཞི་བརྩིག །དེའི་སྟེང་དུ་རྟ་བབས་བྱ། དེའི་སྟེང་དུ་བུམ་པ་བྱ་དེའི་སྟེང་དུ་ཤིང་གྲུ་བཞི་པ་བྱ། དེའི་སྟེང་དུ་སྲོག་ཤིང་གཟུགས། སྲོག་ཤིང་
ལ་འཕང་ལོ་བཅུ་གསུམ་གདགས། དེའི་སྟེང་དུ་གདུགས་གདགས། རང་སངས་རྒྱས་ཀྱི་ནི་ཆར་དྲེད་པ་མ་གཏོགས་སོ། །རང་སངས་རྒྱས་ཀྱི་མཆོད་རྟེན་ཀྱང་གཞན་ནི་སྔ་མ་འདྲ་བ་གདུགས་འབའ་ཞིག་མི་ཐོབ་པོ། །ཉན་ཐོས་ཀྱི་ནི་འབྲས་བུའི་སྙེད་པ་དུ་སྟེ་གཅིག་པར་རོ། །ཉན་ཐོས་ཀྱི་དགེ་སློང་རྒྱུན་དུ་ཞུགས་
པ་ཞིག་ཤི་ནའང་བང་རིམ་ནི་ལྟག་མ་དང་འདྲ་བ་འཕང་ལོ་ནི་གཉིས་བྱ། ལན་ཅིག་ཕྱིར་འོང་བའི་ནི་འཕང་ལོ་གསུམ་བྱ། ཕྱིར་མི་འོང་བའི་ནི་བཞི་བྱ། དགྲ་བཅོམ་པའི་ནི་ལྔ་བྱ། ཡང་དག་པར་གཤེགས་པའི་དྲུང་དུ་དེའི་ཡུལ་ན་དེ་སྟེ་འདས་པའི་དེའི་ཕྱོགས་སུ་གང་དུ་དེའི་དེས་གཡོག་བྱས་པ་ལྟར་གནས་གྱུར་ཏོ། །
ཡང་དག་པར་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་ཉན་ཐོས་ཀྱི་མཆོད་རྟེན་བརྩིག་ན་མདུན་དུ་མཽད་གལ་དང་ཤཱ་རིའི་བུའི་བརྩིག །ཨ་ནན་རྒྱབ་ཏུ་བརྩིག །ཀཱ་ཤྱ་དྲུང་དུ་བརྩིག་གློ་གཡས་གཡོས་སུ་དགྲ་བཅོམ་ཕལ་གྱི་མཆོད་རྟེན་བརྩིག །འདིར་ཇི་ལྟར་རྒན་རིམས་སུ་མི་བྱ་བར་མ་ཡིན། ལྟག་མ་ལྟར་མཆོད་རྟེན་
བརྩིག་པ་སངས་རྒྱས་ཀྱི་འོག་ཏུ་དགྲ་བཅོམ་པ་གང་རྒན་པའི་རིམ་པ་བཞིན་བྱ། མ་རབས་ཀྱི་ནི་བྱི་བྱི་བོར་རོ། །དགེ་སློང་རྣམ་ལྔའི་མཆོད་རྟེན་ནི་སྲོག་ཤིང་འཕང་ལོ་མེད་པར་ཟླུམ་པོར་བྱ། དགེ་འདུན་གྱི་ཀུན་དགའི་ཕྱི་རོལ་དུ་བྱ། ལྟག་མ་ལྟར་དགེ་སློང་གི་མཆོད་རྟེན་ཕྱི་རོལ་དུ་བྱ། བསྲིངས་པའི་མཆོད་
རྟེན་ལ་མཆོད་པའི་རིགས་དགེ་སློང་གིས་སངས་རྒྱས་ཀྱི་མཆོད་རྟེན་ཞིག་བརྩིགས་ན་ཉ་དུས་སུ་རྟག་ཏུ་མཆོད་ཅིང་བྱི་དོར་དང་སྐབས་སྐབས་སུ་མཆོད་སྟོན་བྱ། ཉན་ཐོས་པའི་མཆོད་རྟེན་ལ་ཕུལ་བའི་ཤས་ཚངས་པ་མཚུངས་པར་སྤྱོད་པ་ལའོ། །ཉན་ཐོས་ཀྱི་མཆོད་རྟེན་ལ་མཆོད་པའི་ཡོན་བདག་དད་

པས་ནོར་ཞིག་ཡོན་དུ་ཕུལ་ན་འཁོར་ཉེ་བའི་དགེ་སློང་གིས་བགོས་ཀྱང་ཉེས་མེད། མུ་ཏིག་གསུངས་པར་བྱ། ཉན་ཐོས་ཀྱི་དགེ་སློང་གི་མཆོད་རྟེན་ལ་མུ་ཏིག་ཡོན་དུ་ཕུལ་ན་ཞིབ་ཏུ་བཏགས་ལ་རྡོ་ཐལ་དང་བསྲེས་ཏེ་བསྐུ། སིལ་སྙན་དང་དུང་ནི་སངས་རྒྱས་ལ་དབུལ། ཉན་
ཐོས་ཀྱི་མཆོད་རྟེན་ལ་མིང་གིས་སྨོས་པ་འདི་ཡོན་དུ་ཕུལ་ལ་སངས་རྒྱས་ཀྱི་མཆོད་རྟེན་ལ་ཕུལ་ཏེ་རྟག་ཏུ་མཆོད། ཞིག་རལ་བ་བཅོས་པའི་ཕྱིར་འདི་གཞག་པར་བྱ། ཉན་ཐོས་ཀྱི་མཆོད་རྟེན་ལ་ནོར་རྫས་ཡོན་དུ་ཕུལ་བ་ལས་དགེ་སློང་གཅིག་གི་ཤས་མཆོད་རྟེན་བཅོས་པའི་ཕྱིར་གཞག །མཆོད་
པར་བཅོས་པ་ཡང་ངོ་། །གདུགས་དང་འཕན་ཞིག་ཡོན་དུ་ཕུལ་ན་མི་བགོ་བར་ཆོས་པའི་ཕྱིར་སྤྱི་ལ་གཞག །སངས་རྒྱས་ཀྱི་མཆོད་རྟེན་ལྕགས་ལས་བྱས་པའང་ཆོས་སོ། །མཆོད་རྟེན་འདི་ལྟར་བྱས་ཀྱང་ཉེས་མེད། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་གདང་བུ་དང་སེན་མོའི་མཆོད་
རྟེན་ན་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་ཀྱི་རྒྱུ་ལས་མཆོད་རྟེན་བྱས་ཀྱང་ཉེས་མེད། དབུ་དང་སེན་མོ་བཞུགས་པའི་མཆོད་རྟེན་བྱས་ཀྱང་ཉེས་མེད། འདིའི་འཁོར་བྱ། སངས་རྒྱས་ཀྱི་སྐུ་གཟུགས་དང་མཆོད་རྟེན་བྱ་ན་འཁོར་དང་བཅས་པར་བྱ་སྟེ་འོག་ནས་འཆད། གནས་བདེན་གྱི་གནས་ན་གནས་
པ་ལ་སོགས་པ་དང་མྱ་ངན་ལས་འདས་པའི་མཐར་ཕྱིན་པར་ཞེས་སོ། །ལྟག་མ་ལྟར་འཁོར་བྲི་བ་ནི་སངས་རྒྱས་གནས་བདེན་ནས་བབས་ནས་མཐའ་མྱ་ངན་ལས་འདས་ཀྱི་བར་དུ་འཁོར་དང་ཞབས་འབྲིང་དང་འཇམ་དཔལ་དང་བྱམས་པ་ལ་སོགས་པ་སྐུ་གཟུགས་ཀྱི་གཡས་གཡོན་དང་དྲི་གཙང་ཁང་གི་
ངོས་ལ་རི་མོར་ཞིབ་ཏུ་བྲི། སྐྱང་ནུལ་སྦྱིན་མཆོད་རྟེན་དང་གཙུག་ལག་ཁང་ལ་སྐྱང་ནུལ་བྱ། དཀར་པོར་རོ། །སྐྱང་ནུལ་ནི་དཀར་པོར་བྱ། མེ་མར་འཛིན་པར་བྱ། མཆོད་རྟེན་གྱི་མདུན་དུ་མེ་མར་མི་ཤི་བའི་སྐྱབས་ཁ་ཡེད་གཅིག་བྱས་ཏེ་མེ་མར་དེར་བསྲེག །ཤིང་ཐགས་ཀྱིས་བསྐོར་བ་ཡང་ངོ་། །མཆོད་རྟེན་ཁོ་ར་
ཁོར་ཡུག་ཏུ་ཤིང་ཐགས་ཀྱིས་བསྐོར། སྒོ་སྐྱེས་བསྒྲེང་། གཙུག་ལག་ཁང་གི་སྒོར་རྡོ་རིངས་བསྒྲེང་། རྒྱལ་མཚན་སྦྱིན། མཆོད་རྟེན་ལ་རྒྱལ་མཚན་གཟུགས་ཏེ་རྒྱལ་མཚན་འོག་མ་རྣམས་སོ། །འདི་རྣམས་བཞི་སྟེ་སེང་གེའི་རྒྱལ་མཚན་དང་ཆུ་སྲིན་གྱི་རྒྱལ་མཚན་དང་ཀླུའི་རྒྱལ་མཚན་དང་གླང་པོའི་རྒྱལ་

མཚན་ཞེས་སོ། །རྒྱལ་མཚན་ལ་རྣམ་བཞི་སྟེ། མཆོད་རྟེན་གྱི་གྲ་བཞིར་ཤིང་བཞི་བསྒྲེང་ལ་གཅིག་གི་སྟེང་དུ་སེང་གེ་གཞག །གཅིག་གི་སྟེང་དུ་ཆུ་སྲིན་གཞག །གཅིག་གི་སྟེང་དུ་ཀླུ་གཞག །གཅིག་གི་སྟེང་དུ་བ་ལང་གཞག །དྲི་གཙང་ཕྲེང་བ་བྱ། མཆོད་རྟེན་གྱི་ངོས་ཁོར་ཡུག་ཏུ་ཁང་བུ་བྱས་ལ་
ཁང་བུའི་ནང་དུ་སྐུ་གཟུགས་བཞག །སྒོ་སྐྱེས་བསྒྲེང་། ཁུང་བུ་དེ་རྣམས་ལ་ཕྲེང་བ་བྱ། ཕྱིར་བྱ། མཆོད་རྟེན་དང་གཙུག་ལག་ཁང་བྱས་ནས་ཕྱི་རས་བསྐོར། ཤིང་ཐགས་ཀྱིས་འདི་བསྐོར། རྩིག་པ་མ་འབྱོར་ན་ཤིང་ཐགས་ཀྱིས་བསྐོར། ཀ་བ་བཙག་གིས་བྱུག །གཙུག་ལག་ཁང་གི་ཀ་བ་བཙག་གིས་
བྱུག་རྩིག་པ་རྒྱ་སྐྱེགས་ཀྱིས་བྲི། གཙུག་ལག་ཁང་རྩིག་པའི་ངོས་རྒྱ་སྐྱེགས་ཀྱིས་བྲི། སྤོས་ཀྱིས་དབང་བསྐུར་བ་སྦྱིན། གཙུག་ལག་ཁང་དང་མཆོད་རྟེན་ལ་སྤོས་སྣ་ཚོགས་པ་བསྲེགས་པ་གཏོར། ཡུངས་མར་དང་ཡུངས་དང་ཙན་དན་དང་གུར་ཀུམ་གྱི་ཆག་ཆག་ཀྱང་ངོ་། །ཙེ་ཏི་ལ་ཡུངས་མར་གྱིས་བྱུགས་
ལ་དེའི་སྟེང་དུ་ཡུངས་གིས་སེར་པོར་བསྐུ། མིང་གིས་སྨོས་པ་འདི་རྣམས་ཀྱིས་བསྐུ་ཞིང་ཆག་ཆག་བྱ། ཚེར་མི་གཟུགས། མཆོད་རྟེན་ལ་ཚེར་མའམ་ཐུར་མ་དང་གཟེར་མི་གདབ། བ་གླང་གི་སོ་ཕྲེང་བ་གདགས་པའི་ཕྱིར་སྦྱིན། ཙེ་ཏི་ལ་མེ་ཏོག་གི་ཕྲེང་བ་གདགས་པའི་ཕུར་བུ་བྱ། བསླང་བའི་ཚེ་ན་སྟེང་
དབུག་པར་མ་ཡིན། ལྟག་མ་ལྟར་ཕུར་པ་གཟུགས་པ་ནི་མཆོད་རྟེན་བསླང་བའི་ཚེ་ཕུར་བུ་གདབ་པའི་བུ་གུ་གདོད། སྟེང་དུ་མེ་མར་མི་སྦྱིན། ཙེ་ཏི་བུམ་པའི་སྟེང་དུ་མེ་མར་མི་གཞག་པར་ངོས་ཀྱི་ཁང་བུར་གཞག །ཁྱིམ་པས་མཆོད་པའི་ཕྱིར་གཟེག །ཁྱིམ་པས་གདུགས་དང་མེ་ཏོག་གིས་མཆོད་དུ་འོངས་
ཏེ་བརྒྱན་ཀྱང་ཉེས་མེད། མེད་ན་དགེ་སྦྱོང་ལས་རྐང་པ་སྤོས་ཆུས་བཀྲུས་ཏེའོ། །ཁྱིམ་པ་མེད་དགེ་སློང་གིས་མིང་གིས་སྨོས་པ་འདི་རྣམས་ལྟར་བྱ། དེ་སྟེའང་འདི་མེད་ན་སྤོས་ཀྱིས་དྲིལ་པའམ་གོས་ཀྱིས་དཀྲིས་ཏེ་སྟོན་པའི་འདུ་ཤེས་མངོན་པར་བྱས་ཏེ་དོན་མངོན་པར་དྲན་པར་བསམས་ཏེའོ། །ལྟག་
མ་ལྟར་དགེ་སྦྱོང་གིས་རྐང་པ་བཀྲུར་ཆུ་མེད་ན་སྤོས་ཀྱིས་རྐང་པ་དྲིལ་བའམ་རྐང་པ་གོས་ཀྱིས་དཀྲིས་ཏེ་བདག་གི་མཁན་པོ་ཡིན་ནོ་བར་འདུ་ཤེས་གཞག་སྟེ། སྟེང་ནས་སླར་བབས་ཀྱི་བར་དུ་བླ་མ་ལ་མཆོད་པའོ་སྙམ་དུ་བསམ་པ་རྒྱུན་དུ་གཞག །དེ་དག་ཀྱང་ན་དགེ་སློང་གིས་དེ་ལྟར་དེ་བཞིན་དུའོ། །

ལྟག་མ་ལྟར་ཁྱིམ་པ་དང་དགེ་སྦྱོང་གིས་ལྟག་མ་ལྟར་བྱ། དེའི་ཕྱིར་ཐག་བུ་བྲེ། མཆོད་རྟེན་ལ་འཛེག་པའི་ཚེ་འཕང་ལོའི་དྲུང་དུ་ཐག་པས་གདགས་ཏེ་འཛེག་པའི་ལག་པས་འཇུས་ཏེ་འཛེགས་པ་དང་གདུགས་གསོལ་བའི་ཚེའང་ཐག་པ་བརྒྱངས་ཏེ་གདགས། རིན་པོ་ཆེའི་
ཕྲེང་བ་སྦྱིན། མཆོད་རྟེན་ལ་རིན་པོ་སྣ་བདུན་གསོལ་ན་རིགས་སོ། །སྙིང་པོ་གཡོགས་པ་མ་རུང་བར་འགྱུར་བ་དགག་པའི་ཕྱིར་གཡོགས། མཆོད་རྟེན་ལ་ཁུང་བུ་སྒོ་བཞིར་བཏོད་ལ་སྟེང་གཡོགས་པར་བྱས་ཀྱང་ཉེས་མེད། མུན་པ་མི་གནག་པའི་ཕྱིར་སྒོ་གཏོད། མཆོད་རྟེན་གྱི་ཁང་བུ་མུན་པ་
མི་གནག་པར་བྱ་བའི་ཕྱིར་ངོས་བཞིར་སྒོ་བྱ། སངས་རྒྱས་ཀྱི་གཟུགས་བྱ། སྐུ་གཟུགས་དང་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ནམ་གདུགས་ལ་བྲིས་པའམ་སྐུད་རིས་ཀྱིས་བྲིས་པ་གང་ཡང་རུང་། འདི་མཆོད་པ་གཞག །མཆོད་རྟེན་ལ་ལོ་དུས་སུ་རྟག་པར་མཆོད་པར་བྱ་སྟེ་འོག་མ་རྣམས། སྐྱེས་
པ་དང་། ཅོད་པན་དང་གཙུག་ཏོར་དང་བྱང་ཆུབ་པའི་གཙུག་ཏོར་དང་བྱང་ཆུབ་པའི་མཆོད་སྟོན་བདག་གིས་མིང་གིས་སྨོས་པ་འདི་རྣམས་ཀྱི་དུས་གསུམ་རྟག་པར་མཆོད་རྟེན་དང་སྐུ་གཟུགས་མཆོད་པར་བྱ། གྲོང་ཁྱེར་འཇུག་པར་འདིར་བྱ་བ་ཡོང་ངོ་། །ཁང་བུ་རྩེག་མའི་གན་དུ་མཆོད་རྟེན་
གཞག་ལ་ཡུལ་བསྐོར་བར་བྱ། དགེ་སློང་གིས་བསྐུར་བ་བརྟགས་པའོ། །ལྟག་མ་ལྟར་ཡུལ་བསྐོར་བ་དགེ་སློང་བཞིས་མེ་ཁང་ཡང་ཉེས་མེད། འདིའི་ཚེ་གསར་བུས་སོ། །ལྟག་མ་ལྟར་བསྐུར་བ་དགེ་སློང་གཞོན་ནུས་བསྐུར་རོ། །སྡེ་ལྔས་འཁོར་སྦྱིན། ཡུལ་བསྐོར་བའི་ཚེ་དགེ་སློང་སྡེ་ལྔས་མཆོད་ཅིང་
འཁོར་བྱའོ། །ཡོན་རྒན་རིམས་ཀྱིས་བླང་ངོ་། །ལྟག་མ་ལྟར་ཡུལ་བསྐོར་བའི་ཚེ་མཆོད་རྟེན་ལ་ཡོན་ཕུལ་ན་མི་ཁྱམས་པར་བྱ་བའི་ཕྱིར་དགེ་སློང་རྒན་པོས་བླང་། གསིལ་དཀྲོལ་བ་དང་གཞན་ཡང་དགེ་བའི་བཀུར་སྟི་ཆེན་པོས་སོ། །ཁུང་བུ་རྩེག་མས་ཡུལ་བསྐོར་བའི་ཚེ་དང་གླིང་དང་སིལ་དཀྲོལ་བ་
སྣ་ཚང་བར་དཀྲོལ་ཞིང་མཆོད། ཁ་ན་མ་ཐོ་བ་མེད་པ་ནི་དཀྲོལ་བའི་ཕྱིར་ཀྱཻ་སྐྱེས་བུ་སྟོན་པ་ལ་མཆོད་པ་གྱིས་ཤིག་ཅེས་བརྗོད་པའོ། །ཁང་བུ་རྩེག་མ་དང་ཡུལ་བསྐོར་བའི་ཚེ་དུད་པ་ལ་སོགས་པ་ལ་རྔ་རྡུང་ཞིང་མཆོད་ཅིག་ཅེས་བསྒོའང་འདིའི་ཚེ་ནི་ཉེས་པར་མི་འགྱུར་རོ། །གྲོང་དང་ཚོང་དུས་དང་བཞིའི་

དང་མངོན་སུམ་དག་ཏུ་སང་ངམ་གནངས་སངས་རྒྱས་གཤེགས་པ་འབྱུང་ངོ་ཞེས་འགྲོ་བ་ལ་བྲིས་པ་ལ་བ་ལང་གི་སྟེང་དུ་བཞོན་ཏེ་རྒྱལ་མཚན་དང་གདུགས་ཀྱིས་བསྐོར་བ་བསླབས་སོ། །ཡུལ་བསྐོར་བའི་ཞག་གཉིས་གསུམ་གྱི་མདུན་དུ་གྲོང་མི་ཐམས་ཅད་ལ་གྲོང་བར་ཕྱག་དར་དང་ཆག་ཆག་དང་
མཆོད་པ་གྱིས་ཤིག་ཅེས་དགེ་སློང་ངམ་ཁྱིམ་པས་བ་ལང་ལ་བཞོན་པ་ཐམས་ཅད་དུ་རྒྱས་པར་བསྒོ། བྱང་ཆུབ་སེམས་དཔའི་གཟུགས་བྱ་བ་ཆོས་སོ། །བྱང་ཆུབ་སེམས་དཔའ་གཟུགས་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལས་བྱས་ཀྱང་ཉེས་མེད། འདི་ལ་རྒྱལ་མཚན་གྱི་འཁོར་དང་ཤིང་ཐགས་ཀྱིས་
བསྐོར་བ་དང་ལྕགས་ཀྱི་ཀ་བ་ཡང་ངོ་། །བྱང་ཆུབ་སེམས་དཔའི་གཟུགས་ལ་མིང་གིས་སྨོས་པ་འདི་རྣམས་བྱ། དེ་ལ་བ་དན་བཅིང་། ལྟག་མ་ལྟ་བུའི་ལྕགས་ཀྱི་ཀ་བ་ཁོ་ར་ཡུག་ཏུ་བསྐོར་བ་ལ་བ་དན་གདགས། འཁོར་བྱ། བྱང་ཆུབ་ཀྱི་གཟུགས་ཀྱིས་ཡུལ་བསྐོར་བ་ཡང་ལྟག་མ་སངས་རྒྱས་ཀྱི་
གཟུགས་བསྐོར་བ་ལྟར་བྱ། ལྷབ་ལྷུབ་ཀྱིས་བརྒྱན་ཏེ་མ་གཏོགས་པ་ནི་ཞབས་ཀྱི་རྒྱན་དང་སྙན་ཆའོ། །བྱང་ཆུབ་ཀྱི་གཟུགས་ལ་ཟ་འོག་ལ་སོགས་པའི་ན་བཟའ་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་བསྐོར། ཞབས་ལ་གདུ་བུ་གདགས་པ་དང་སྙན་ཆ་དང་གཉིས་ཀྱིས་ནི་མི་བརྒྱན། སྤོས་ཀྱི་ཡན་
ལག་སྦྱིན་པ་སྦྱིན། བྱང་ཆུབ་ཀྱི་གཟུགས་ལ་ཙན་དན་དང་གུར་ཀུམ་དང་སྤོས་ཞིམ་པོས་བསྐུ། ཁྱོགས་དང་ཤིང་རྟས་དྲང་། བྱང་ཆུབ་ཀྱི་གཟུགས་ཁྱོགས་སམ་ཤིང་རྟ་གང་གིས་དྲངས་ཀྱང་རུང་། གདུགས་དང་རྒྱལ་མཚན་དང་བ་དན་དེར་བསྒྲེང་། བྱང་ཆུབ་ཀྱི་ཡུལ་བསྐོར་བའི་ཚེ་བུས་
པ་གཞོན་ནུའི་ལག་ན་མིང་གིས་སྨོས་པ་འདི་བསྐུར་ལ་བསྐོར། མེ་ཏོག་གིས་གོང་བུ་ལ་གསོལ། དབུ་ལ་མེ་ཏོག་གི་ཕྲེང་བས་བརྒྱན། ཡོན་ལྷུང་བ་ཡང་ངོ་། །མེ་ཏོག་དང་པོག་སྤོས་ལྟ་བུ་གཟུགས་ཀྱི་སྟེང་དུ་གཏོར་ཀྱང་ཉེས་མེད། གནས་བརྟན་གྱིས་བསྲུང་། ཤིང་རྟ་ལ་ཕྲེང་
བའི་སྒྲོམ་བྱ། ཤིང་རྟའི་མདུན་དུ་བྲེ་འདྲ་བར་གྲུ་བཞིར་བྱས་ལ་དེའི་ནང་དུ་མེ་ཏོག་སྣ་ཚོགས་གཞག་ལ་གཏོར། བསུང་གི་སྒྲོམ་ཡང་གཞག །ཤིང་རྟའི་མདུན་གྱི་སྟེང་དུ་བག་ཕྱེ་ཞིམ་པོའི་བསུང་གིས་བཀང་ལ་གཞག །ཕྲེང་བ་གསོལ། ཁྱིམ་པས་ཕྲེང་བ་འབུལ་

ན་སྐུ་གཟུགས་ལ་གདགས་འདིའི་མཆོད་པ་བཞིན་ཏེ་སིལ་དཀྲོལ་ཞི་ལ་འགྲོ་བ་འདོང་ནས་བརྒྱན་གསིལ་ཡུལ་བསྐོར་པ་ཟིན་ནས་རྔ་ལ་སོགས་པ་དང་རྒྱན་ཐམས་ཅད་གཅོད། ནུབ་མོའོ། །ལྟག་མ་ལྟར་རྒྱན་དཔོག་པ་ནི་ནུབ་མོ་དཔོག །རབ་ཏུ་བྱུང་བའི་
གནས་སུ་མཆོད་པ་བཅས་པ་ཆོས་སོ། །གཙུག་ལག་ཁང་དུ་ཁྱིམ་པ་དགེ་སློང་ཞིག་གིས་ཞིང་ངམ་གྲོང་ཞིག་ཕུལ་ཏེ་དུས་དུས་སུ་རྟག་པར་ཡུལ་བསྐོར་བ་གྱིས་ཤིག་ཅེས་གཞག་པ་དེ་བཞིན་མི་ཆད་པར་ཡུལ་བསྐོར་བའི་རྒྱུ་དང་ཡོན་ཟན་དུ་བྱའོ། །མ་བརྟགས་པ་དང་རྟེན་ཅིང་
བརྟགས་པ་སྤོང་ན་མ་བརྟགས་པའི་བཅུ་བསྡུས་པའོ། །བྱི་ན་ཡའི་མགོ་ནས་འདིའི་བར་དུ་ཐམས་ཅད་ཀྱང་ཞལ་ནས་གསུངས་པ་སྟེ་རུང་ངམ་མི་རུང་བ་དང་གནང་མི་གནང་བར་བཤད་པའོ། །ལྟག་ཏུ་བཤད་པ་དང་། འོག་ནས་འབྱུང་བ་རིགས་པ་ནི་བྱ། མི་རིགས་
པ་ནི་ཐམས་ཅད་བཏང་སྟེ། འདིར་མ་བྲིས་མོད་ཀྱང་ཉལ་ཏེ་གཅིན་མི་གཅི་བ་ལ་སོགས་པ་མ་བརྟགས་པ་ཡིན་པས་མི་བྱའོ། །མ་བརྟགས་པ་སྤྱད་པས་འབྲས་བུ་དགེ་བར་འགྱུར་ན་བྱའོ། །དགེ་སློང་ཞིག་ཚེ་རབས་སྟོང་གི་བར་དུ་མཐོ་རིས་ན་འདུག་འདུག་པ་ལས་བྱིག་
གཤུར་ཞུགས་པ་ལས་ཁང་པ་བཟང་པོ་ལ་སོགས་པ་སྦྱར་ནས་དེའི་ནང་དུ་བསམ་གཏན་བྱས་ནས་དེའི་དགྲ་བཅོམ་པར་གྱུར་པ་ལྟ་བུ་སྟེ་མི་དགེ་བ་སྤྱད་པ་ལས་དགེ་བར་འགྱུར་ན་བྱའོ། །ཕྱི་མ་དང་སྙེན་ཅིང་སྔ་མ་སྤོང་ན་བརྟགས་པའོ། །སངས་རྒྱས་ཀྱིས་གསུངས་པ་ཉེས་
བྱས་ཙམ་གྱི་ཚོད་ཀྱང་མི་གནང་ཞེས་འབྱུང་། ཡུལ་གྱི་རྣམ་པ་སྦྱར་ཏེ། སེམས་ཅན་གྱི་མིག་འགག་པར་འགྱུར་ན་ཉེས་བྱས་ཙམ་བཏང་ལ་སེམས་ཅན་གྱི་ཡིད་བཞིན་དུ་བདེ་བར་བྱས་ཀྱང་ཉེས་པ་མེད་དོ། །མལ་སྟན་གྱི་དངོས་པོ་སྟེ། ཕྲན་ཚེགས་སུ་
གཏོགས་པའོ། །རྫོགས་སོ།། །།འདུལ་བའི་མདོའི་རྩ་བའི་འགྲེལ་པ་ཆུང་བ་སློབ་དཔོན་མང་དུ་ཐོས་ཤིང་ཡོན་ཏན་དང་ལྡན་པ་ཡོན་ཏན་གྱི་འོད་ཐམས་ཅད་ཡོད་པར་སྨྲ་བ་པས་བྱས་པའོ།། །།