Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 164

Văn bản gốc(Tây Tạng)

Trang 1 / 18 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བི་ནཱ་ཡ་སཱུ་ཏྲ་བྱཱ་ཁྱཱ་ན། བོད་སྐད་དུ། འདུལ་བ་མདོའི་རྣམ་པར་བཤད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཡོན་ཏན་
འོད་ཀྱིས་འདུལ་བའི་མདོ་ཞེས་བྱ་བའི་གཙུག་ལག་མཛད་པའི་ཐོག་མར། ངེས་པར་ཐེག་པའི་ཚུལ་དུ་གཏོགས་པ་སྟེ། ཞེས་སྨོས་པ་འདི་འོག་ནས་འབྱུང་བའི་མདོ་ཐམས་ཅད་ལ་སྦྱོར་ཏེ། དེ་ལ་
གཏམ་མམ་ཚིག་ཐ་མལ་པ་ལ་ཡང་བསྙད་པ་དང་། དགོས་འབྲེལ་མེད་ན་ཐོག་མ་ནས་རྟོག་ཅིང་འཇུག་པའི་མི་རྣམས་མི་ཉན་ན་གཙུག་ལག་དང་རབ་ཏུ་བྱ་བ་ལ་རྣམ་པ་འདི་བཞི་མེད་དུ་མི་རུང་བ་ལྟ་ཅི་
སྨོས་ཏེ། དེ་ལྟ་བས་ན་བསྙད་པ་མེད་པར་དོགས་པ་དང་། དོན་མེད་པར་དོགས་པ་དང་། དགོས་པ་མེད་པར་དོགས་པ་དང་། དགོས་པའི་ཡང་དགོས་པ་མེད་པར་དོགས་པ་རྣམས་བསལ་བའི་ཕྱིར་
རྣམ་པ་འདི་བཞི་དག་ཁ་ཅིག་ནི་མངོན་དུ། ཁ་ཅིག་ནི་བརྒྱུད་ནས་སྨྲས་པ་ཡིན་ནོ། །དེ་ལ་ཆོས་འདི་པ་རྣམས་ཀྱི་འདུལ་བ་ཐམས་ཅད་ཀྱི་བསླབ་པ་སྡོམ་པའི་དངོས་པོ་བདུན་གྱི་ཚུལ་ཁྲིམས་ཚུལ་ཞེས་

སྨོས་པ་འདི་ནི་བསྙད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚུལ་ཁྲིམས་རང་བཞིན་གྱི་ཁ་ན་མ་ཐོ་བ་བཟློག་པ་ནི། འདི་དང་འདིའོ། །བཅས་པའི་ཁ་ན་མ་ཐོ་བ་བཟློག་པ་ནི་འདི་དང་
འདིའོ་ཞེས་རྒྱས་པར་སྟོན་པ་ནི་དགོས་པའོ། །རྣམ་པ་དེ་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་མདོ་འདི་ལས་སྨོས་པ་རྣམས་ཀྱིས་གོ་བར་སྟོན་པ་ནི་ཐབས་དང་ཐབས་ཀྱིའམ། བྱ་བ་དང་བྱེད་པར་འབྲེལ་པའོ། །ངེས་པར་ཐེག་པ་ཞེས་
སྨོས་པ་ནི་དགོས་པའི་ཡང་དགོས་པ་སྟོན་པ་ཡིན་ཏེ། དེ་ལ་བསྙད་པ་དང་། དགོས་པའི་ཡང་དགོས་པ་གཉིས་ནི་ཚུལ་དང་། ངེས་པར་ཐེག་པ་ཞེས་མངོན་དུ་སྟོན་ཏོ། །ཚུལ་ཞེས་བྱ་བའི་མིང་ཙམ་སྨོས་པས་གང་བསམས་པའི་
དོན་དེ་རྒྱས་པར་མི་འགྲུབ་པས་ན། བསམས་པའི་དངོས་པོ་ཚུལ་ཁྲིམས་རྒྱས་པར་སྟོན་པའི་དགོས་པ་དང་། མདོ་འདི་རྩོམ་པ་ཡང་དེ་ལྟ་བུའི་དོན་དུ་མ་ཡིན་པར་མི་རྩོམ་པས་ན། མདོ་ནི་ཐབས་སམ་སྒྲུབ་པ་ཚུལ་ཁྲིམས་སྟོན་པ་ནི་ཐབས་
ཀྱིའམ་བསྒྲུབ་པར་ཡིན་པས་ན། ཐབས་དང་ཐབས་ཀྱིའམ། སྒྲུབ་པ་དང་བསྒྲུབ་པར་འབྲེལ་པས་ན་དགོས་པ་དང་འབྲེལ་པ་གཉིས་ནི་བརྒྱུད་ནས་སྨྲས་པ་ཡིན་ནོ། །དེ་ལ་ངེས་པར་ཐེག་ཅེས་པ་ནི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་

པ་ལྡོག་མི་སྲིད་པར་ཐོབ་པ་ལ་བྱའི་འཇིག་རྟེན་གྱི་མྱ་ངན་ལས་འདས་པ་ལྟ་བུ་སླར་ལྡོག་སྲིད་པ་དང་། གླང་པོ་ལ་སོགས་པའི་ཐེག་པ་ལ་ནི་མི་བྱའོ། །དེ་ལྟར་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་དེ་ཚུལ་ཁྲིམས་རྣམ་པར་དག་པས་འཐོབ་པས་ན་ངེས་པར་ཐེག་པའི་ཚུལ་ཞེས་བྱའོ། །དེ་ལ་
ཀླན་ཀ་པས་བྱ་བ་ཉོན་མོངས་པ་ནི་ཡེ་ཤེས་ཀྱིས་འཇོམས་སོ་ཞེ་ན། ཚུལ་ཁྲིམས་ཀྱིས་ཇི་ལྟར་མྱ་ངན་ལས་འདའ་ཞེས་པའི་ལན་དུ། དེ་ཡང་བདེན་མོད་ཀྱི། ཚུལ་ཁྲིམས་ལ་གནས། ཚུལ་ཁྲིམས་ལ་བརྟེན་ནས་བདེན་པ་བཞི་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ་ཞེས་འབྱུང་བས་ན། ཚུལ་ཁྲིམས་
ལ་གནས་ཏེ། ཉན་པ་དང་བསམ་པ་དང་བསྒོམ་པའི་རིམ་པ་རྣམས་སྐྱེ་བའི་ཕྱིར་ཚུལ་ཁྲིམས་རྒྱུ་བརྒྱུད་པས་མྱ་ངན་ལས་འདས་པ་ཐོབ་པར་སྨྲས་པ་འདི་ལ་འགལ་བ་མེད་དོ། །དེ་ལ་ཡང་ཀླན་ཀ་བས་བྱ་བ་དང་། ཚུལ་ཁྲིམས་བསྟན་དགོས་པའི་ཕྱིར། འདུལ་བའི་མདོ་འདི་རྩོམ་མོ་ཞེ་ན། ཚུལ་
ཁྲིམས་བསྟན་པ་ནི་རྣམ་པར་འབྱེད་པ་ལ་སོགས་པའི་གཞུང་གིས་ཀྱང་རྒྱས་པར་བསྟན་ན། ཁྱོད་ཀྱིས་མདོ་འདི་བརྩམས་པ་ཅི་དགོས་ཞེས་པའི་ལན་དུ། གཞུང་གཞན་ལས་ཀྱང་རྒྱས་པར་བསྟན་པ་ལྟ་མེད་པ་མ་ཡིན་མོད་ཀྱི། དེ་དག་གླེང་གཞི་དང་། རྗེས་སུ་བཅས་པ་དང་། གཏམ་རྒྱུད་ལ་སོགས་པ་
ཕལ་ཆེར་འབྱུང་བས། ཁ་ཅིག་སྐྲག་པར་འགྱུར་བ་དང་། ལོག་པར་སྟོན་པ་རྣམས་སུན་དབྱུང་ཞིང་རྣམ་པར་འབྱེད་པ་ལ་སོགས་པར་མ་ལོག་པར་བསྟན་པའི་ཕྱིར། བསླབ་པའི་དངོས་པོ་ཉི་ཚེ་མདོར་བསྟན་པ་འདི་བརྩམས་སོ། །ཨ་ཐ་ཞེས་པ་ནི་སྨན་དཔྱད་ཀྱི་གཙུག་ལག་ལས། ཨ་ཐ་ཚེ་རིང་བར་བྱ་
བའི་གཙུག་ལག་བཤད་དོ་ཞེས་འབྱུང་བ་ལྟ་བུ་ཡིན་ཏེ། བཀྲ་ཤིས་ཀྱི་ཚིག་ཏུའང་བྱ་བ་དང་། ཨ་ཐ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་དེའི་ཚེ། དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་བྱ་བ་ལྟ་བུར་འདྲེན་ཚིག་སྟོན་པར་རྩོམ་པའང་ཡིན་པ་དང་། ཨ་ཐ་དོགས་པ་ཐམས་ཅད་བཟློག་ནས་ཞེས་བྱ་
བ་ལྟ་བུར་འོག་མ་དང་སྦྱོར་བའང་ཡིན་པ་དང་། ཨ་ཐ་ཚིག་བསྟན་པར་བྱའོ་ཞེས་བྱ་བ་ལྟ་བུར་དེའི་དབང་དུ་བྱ་བའམ། དེའི་ཕྱིར་བྱ་བ་ལྟ་བུར་འདྲེན་པ་ཡང་ཡིན་པ་དང་།  །འཇིག་རྟེན་དག་ནི་སྣ་ཚོགས་འདོད་པ་མིན། །སྐྱེས་བུའི་རྣམ་པར་རྟོག་པ་འདོད་པ་སྟེ། །འཇིག་རྟེན་སྣ་ཚོགས་དེ་ལྟར་ཡིན་

མོད་ཀྱི། །བསྟན་པ་དག་གིས་སྲེད་པ་སེལ་བར་བྱེད། །ཅེས་འབྱུང་བ་ལྟ་བུ། ཨ་ཐ་མོད་ཀྱིས་ཞེས་བྱ་བར་འདྲེན་པའང་ཡོད་དེ། རྣམ་པ་འདི་ལྟ་བུ་ལ་སོགས་པ་དུ་མར་འདྲེན་གྱིས་ཀྱང་། སྐབས་འདིར་ནི་སློབ་དཔོན་ཡོན་ཏན་འོད་ཉིད་ཀྱིས། འདུལ་བའི་མདོ་རྒྱས་པར་བཤད་
པའི་གཙུག་ལག་ལས། ཨ་ཐ་དབང་དུ་བྱ་བའམ། མདོ་རེ་རེ་དང་བསྟུན་པའམ། སྦྱོར་བའོ་ཞེས་འཆད་པས་ན། དགེ་འདུན་ཐམས་ཅད་འདུས་ནས་ཆ་ལུགས་འདི་ལྟར་བྱས་ཏེ་ཞེས་པ་ནས། རྫོགས་པ་མངོན་པར་འགྲུབ་པ་སྔོན་གྱི་ཆོ་གའོ་ཞེས་སྨོས་པ་རྣམས། ངེས་པར་ཐེག་པའི་ཚུལ་གྱི་དབང་དུ་
བྱས་པའམ། སྔོན་གྱི་ཆོ་ག་ངེས་པར་ཐེག་པའི་ཚུལ་ལོ་ཞེས་བྱ་བ་ལྟ་བུར་མདོ་རེ་རེ་ཞིང་ཡང་དེ་བཞིན་དུ་སྦྱར་བ་ནས་མཇུག་གི་བར་དུ་སྦྱར་བར་བྱའོ། །དེ་ལྟར་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ཚུལ་ཁྲིམས་ཀྱི་ཕུང་པོས་འཐོབ་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་དང་པོས་བསྟན་ནས།
ད་ནི་རབ་ཏུ་འབྱུང་བའི་དངོས་པོ་སྟོན་ཏོ། །རབ་ཏུ་འབྱུང་བའི་དངོས་པོ་ཅིའི་ཕྱིར་ཐོག་མར་རབ་ཏུ་བསྟན་ཞེ་ན། བསླབ་པའི་ཚིག་རྣམ་པར་གཞག་པ་ཐམས་ཅད་རབ་ཏུ་འབྱུང་བའི་དབང་དུ་བྱས་པ་དང་། རྩ་བའི་འདུལ་བ་ལས་ཀྱང་རབ་ཏུ་འབྱུང་བའི་དངོས་པོ་དང་པོར་སྨོས་པས་ན། འདིར་ཡང་རབ་ཏུ་
འབྱུང་བའི་དངོས་པོ་ཐོག་མར་སྨོས་པ་ཡིན་ནོ། །དེ་ཡང་སྔོན་གྱི་ཆོ་ག་དང་། ཕྱི་མའི་ཆོ་ག་རྣམ་པ་གཉིས་ཡོད་པས་ན། བཅོམ་ལྡན་འདས་ཀྱིས་སྔར་བསྟན་པ་དང་། བཤད་སླ་བའི་ཕྱིར་སྔོན་གྱི་ཆོ་ག་ཞེས་སྨོས་སོ། །དགེ་འདུན་ཐམས་ཅད་འདུས་ནས་ཞེས་པ་ནི། མཚམས་ཆུང་ངུར་དགེ་འདུན་
ཕྱོགས་གཅིག་འདུས་པ་ལྟ་བུ་མ་ཡིན་གྱི། མཚམས་གཅིག་གི་ནང་ན་དགེ་འདུན་ཇི་སྙེད་ཡོད་པ་ཐམས་ཅད་རིལ་གྱིས་འདུས་པ་ལ་བྱའོ། །འདིའི་ཚུལ་དུ་བྱས་ཏེ་ཞེས་པ་ནི། སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་གསུམ་བསྐོན་པ་དེ་བཞིན་གཤེགས་པའི་སློབ་མ་འདི་དག་གི་ཆ་ལུགས་སུ་བྱས་པའོ། །
ཕྱག་བྱས་ཐལ་མོ་སྦྱར་ཙོག་ཙོག་པོར་རྒན་རབས་ཀྱི་དྲུང་དུ་འདུག་ནས་ཞེས་པ་ནི། རྒན་རབས་དང་གཞོན་རབས་ཀྱི་རྣམ་པ་གཉིས་ཡོད་པ་ལས་རབ་ཏུ་འབྱུང་བར་འདོད་པ་དེ་རྒན་རབས་ཀྱི་དྲུང་དུ་གོར་དུ་སྨོས་པ་རྣམས་ལྟར་བྱས་ཏེ་འདུག་པར་སྟོན་པའོ། །དེ་ལ་ཕྱག་བྱས་ཞེས་པ་ནི་ཐོག་མ་ཁོ་ནར་ཡན་

ལག་ལྔས་གཏུགས་ཏེ་ཕྱག་བྱ་བའོ། །ཐལ་མོ་སྦྱར་ཞེས་པ་ནི་རྗེ་སའི་ཚུལ་དུ་བྱ་བའོ། །ཙོག་ཙོག་པོར་འདུག་ཅེས་པ་ནི། འགྲེང་བའམ། སྟན་ལ་འདུག་པ་མ་ཡིན་གྱི་གོང་གོང་པོར་བྱ་བའོ། །གསོལ་བ་གསུམ་དང་ཞེས་པ་ནི། གང་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འདོད་པ་དེས། གསོན་ཅིག་
བཙུན་པའི་དགེ་འདུན་བདག་མིང་འདི་ཞེས་བགྱི་བ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བསྙེན་པར་རྫོགས་ཏེ། དགེ་སློང་གི་དངོས་པོར་འཚལ་ན། དགེ་འདུན་གྱིས་རྗེས་སུ་བཟུང་བ་དང་བརྩེ་བ་དང་། ཐུགས་རྗེ་ཅན་གྱིས་ཐུགས་བརྩེ་བའི་སླད་དུ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་
པར་མཛད་དུ་གསོལ་ཞེས་དེ་ཉིད་ཀྱིས་འདི་སྐད་དུ་ལན་གསུམ་དུ་གསོལ་བ་ལ་བྱ། གསོལ་བ་དང་བཞིའི་ལས་ཀྱིས་ཞེས་པ་ནི། རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་འདོད་པ་དེས། གོང་མ་ལྟར་གསོལ་བ་ལན་གསུམ་དུ་བཏབ་ནས། རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་གནང་ན། དགེ་འདུན་
གྱིས་གསོལ་བ་གཅིག་དང་ཞུ་བ་གསུམ་སྟེ། གསོལ་བ་དང་བཞིའི་ལས་ཀྱིས་མི་དེ་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱ་བར་སྟོན་པའོ། །དེ་ལ་དགེ་འདུན་གྱིས་ཤེས་པར་བྱ་བ་ནི་གསོལ་བའོ། །དད་དམ་མ་དད་དྲི་བ་ནི་ཞུ་བའོ། །ཅིག་ཅར་རབ་ཏུ་དབྱུང་བསྙེན་པར་རྫོགས་པ་མངོན་པར་འཐོབ་བོ་ཞེས་པ་ལ།
ཅིག་ཅར་ཞེས་པ་ནི་བསྙེན་པར་རྫོགས་པར་བྱ་བའི་སྔགས་ལས། བཙུན་བའི་དགེ་འདུན་གསོན་ཅིག། མིང་འདི་ཞེས་བགྱི་བ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བསྙེན་པར་རྫོགས་ཏེ། དགེ་སློང་གི་དངོས་པོར་འཚལ་ལོ་ཞེས་པ་ནས། མིང་འདི་ཞེས་བགྱི་བ་དགེ་འདུན་གྱིས་རབ་
ཏུ་དབྱུང་བསྙེན་པར་རྫོགས་སོ་ཞེས་པའི་བར་དུ་སྨོས་པ་ལྟ་བུ་ཡིན་ཏེ། སྔོན་གྱི་མི་དག་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་ཅིག་ཅར་དུ་འགྲུབ་པར་སྟོན་པའོ། །སྔོན་གྱི་ཆོ་གའོ་ཞེས་པ་དེ་ནི། །དེ་བཞིན་གཤེགས་པ་དང་པོ་མངོན་བར་བྱང་ཆུབ་པའི་ཚེ་དགེ་སློང་གི་དགེ་འདུན་རབ་ཏུ་འབྱུང་བ་དང་། བསྙེན་
པར་རྫོགས་པ་ཅིག་ཅར་དུ་འགྲུབ་པའི་ཆོ་ག་འདི་ལྟ་བུ་ཡིན་ནོ་ཞེས་བྱ་བར་སྟོན་པའོ། །དེ་ལ་ཀླན་ཀ་བས་བྱ་བ་སྔོན་གྱི་ཆོ་གས་ཀྱང་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་ནི་འགྲུབ་ན། ཕྱི་མའི་ཆོ་ག་ཅི་དགོས། ཕྱི་མའི་ཆོ་གས་ཀྱང་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་འགྲུབ་ན། སྔོན་གྱི་

ཆོ་ག་ཅི་དགོས་ཞེས་པའི་ལན་དུ། འདུལ་བའི་སེམས་ཅན་གྱི་བྱེ་བྲག་ལས་སྔ་ཕྱིའི་ཆོ་ག་རྣམ་པ་གཉིས་སུ་གྱུར་པར་ཟད་དེ། དེ་བཞིན་གཤེགས་པ་དང་པོ་མངོན་པར་བྱང་ཆུབ་པ་དེའི་ཚེ། སེམས་ཅན་དག་བསམ་པ་རྣམ་པར་དག་པས། འདུལ་བའི་རིམ་པ་དང་ཆོ་ག་མཁན་པོ་དང་
སློབ་དཔོན་ལ་མི་ལྟོས་པར། བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བྱེད་པ་དང་། བསོད་ནམས་བྱས་པ་ཤ་སྟག་པས་ན་ནད་ཀྱི་རྐྱེན་མེད་དོ། གལ་ཏེ་ནད་ཀྱི་རྐྱེན་གྱིས་ཐེབས་པ་ཞིག་ཏུ་གྱུར་ན་ཡང་། སྨན་དང་ནད་ཀྱི་རིམ་གྲོ་ལ་སོགས་པ་མི་བྲེལ་བར་འབྱོར་པའི་ཕྱིར་སྔོན་གྱི་ཆོ་ག་འདི་ལྟ་བུའོ་ཞེས་པར་
བསྟན་ཏོ། །ཕྱི་རབས་ཀྱི་སེམས་ཅན་དག་དེ་ལྟར་བསམ་པ་རྣམ་པར་དག་པ་དང་། བསོད་ནམས་བྱས་པ་མ་ཡིན་པས་ན་འདུལ་བའི་རིམ་པ་དང་ནད་ཀྱི་རིམ་གྲོ་ལ་སོགས་པ། མཁན་པོ་དང་སློབ་དཔོན་ལ་མི་ལྟོས་སུ་མི་རུང་བའི་ཕྱིར་ཕྱི་མའི་ཆོ་ག་འདི་ལྟ་བུའོ་ཞེས་བསྟན་ཏེ། སྔོན་གྱི་ཆོ་ག་དགོས་པ་དང་
ལྡན་པ་དེ་ལྟར་བསྟན་ནས། ད་ནི་ཕྱི་མའི་ཆོ་ག་རྩོམ་སྟེ། དགེ་སློང་འགའ་ཞིག་ལ་མཁན་པོར་བསྟེན་ཏེ། དེར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་རོ་ཞེས་པ་ནི་རབ་ཏུ་འབྱུང་བའམ་བསྙེན་པར་རྫོགས་པར་འདོད་པས། དགེ་སློང་འགའ་ཞིག་ལ་མཁན་པོར་བསྟེན་ཏེ། རབ་ཏུ་འབྱུང་བ་དང་བསྙེན་
པར་རྫོགས་པར་བྱ་བར་སྟོན་པའོ། །འགའ་ཞིག་ལ་ཞེས་པ་ནི། གཅིག་འགའ་ལ་གཏོད་པ་མ་ཡིན་ཏེ། སུ་ལའང་རུང་བར་སྟོན་པའོ། །འདིས་ནི་སུ་ལ་བརྟེན་ཏེ་རབ་ཏུ་འབྱུང་བ་དེ་ཉིད་ལ་བསྙེན་པར་མི་རྫོགས་སུ་མི་རུང་བ་མེད་པར་སྟོན་པའོ། །བརྟེན་ཞེས་པ་ནི་སྔོན་གྱི་ཆོ་ག་ལྟ་བུར་བརྟེན་མི་དགོས་པ་མ་
ཡིན་པར་སྟོན་པའོ། །དེར་ཞེས་པ་ནི་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་དེར་མཁན་པོར་བྱའི། གཞན་གྱི་ཕྱིར་མ་ཡིན་པར་སྟོན་པའོ། །རབ་ཏུ་དབྱུང་བར་འདོད་པ་མཁན་པོས་ཇི་ལྟར་བསྡུ་བའི་ཆོ་ག་སྟོན་པ་ནི། བར་ཆད་དྲིས་ལ་ཡོངས་སུ་གཙང་ན་མཁན་པོས་སྔ་མར་སྐབས་དབྱེ་
ཞེས་པ་ཡིན་ཏེ། རབ་ཏུ་འབྱུང་བར་འདོད་པ་ཞིག་མཁན་པོར་གསོལ་ན། དེ་ལ་མ་བསད་པ་ལ་སོགས་པ་རབ་ཏུ་འབྱུང་བ་ལ་བར་དུ་གཅོད་པའི་ཆོས་རྣམས་མེད་དམ་ཞེས་གཏན་ལ་བབ་པར་དྲིས་ལ་ཡོངས་སུ་གཙང་ན་དགེ་ཚུལ་གྱི་མཁན་པོ་ངས་བྱའོ་ཞེས་ཁས་བླངས་པའམ་སྐབས་དབྱེ་བར་བྱ། སྡོམ་པ་

རྣམས་ཀྱི་གོ་རིམས་སྟོན་པ་ནི། དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་དུ་སྔ་མ་མ་ཟིན་པར་མི་སྤར་ཞེས་པ་ཡིན་ཏེ་དགེ་བསྙེན་གྱི་སྡོམ་པ་སྔར་མ་ཕོག་པར་དགེ་ཚུལ་གྱི་སྡོམ་པ་སྔར་དབོག་པའམ། དགེ་ཚུལ་གྱི་སྡོམ་པ་མ་ཕོག་པར་དགེ་སློང་གི་སྡོམ་པ་འབོགས་པ་ལྟ་བུ་ནི། རིམ་གྱིས་ཚིག་བཟླར་མི་
རུང་བ་ལ་བྱ། འདི་ཡང་ཆོ་གའི་གོ་རིམས་ཚུལ་བཞིན་དུ་བྱ་བར་ཟད་ཀྱི། ན་རིམས་སྤར་ཏེ་ཕོག་ན་ཡང་། སྡོམ་པ་མི་འཆགས་ཞེས་བྱ་བ་མེད་དེ། དེ་ལྟར་མངོན་པ་ནི། བཙུན་པ་ཁྱིམ་པ་ལས་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ན་བསྙེན་པར་རྫོགས་པ་ཞེས་བགྱི་འམ། བསྙེན་པར་མ་རྫོགས་
པ་ཞེས་བགྱི་ཞེས་ཞུས་པ་དང་། ཨུ་པཱ་ལི་དེ་ནི་བསྙེན་པར་རྫོགས་མོད་ཀྱི། རྫོགས་པར་བྱེད་པ་རྣམས་འདས་པ་དང་བཅས་པའོ་ཞེས་གསུངས་པ་ཡིན་ནོ། །ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། དེའི་རྗེས་ལ་སྡོམ་པ་བླང་བར་བྱ་བ་ནི། སྐྱབས་སུ་འགྲོ་བར་ཁས་ལེན་པའི་ཚིག་
བརྩམས་ནས། དགེ་བསྙེན་དང་དགེ་ཚུལ་དུ་ཁས་ལེན་པའི་ཚིག་བྱ་ཞེས་པ་ཡིན་ཏེ། དེ་ལ་སྐྱབས་ཞེས་པ་ནི་ལམ་དང་ཐར་པར་ཆུད་པའི་གཞི་དཀོན་མཆོག་གསུམ་ཡིན་པས་ན། དེ་གསུམ་ལ་སྐྱབས་སུ་བཙལ་བར་བྱ་བའོ། །འགྲོ་ཞེས་པ་ནི་དེ་དག་ལ་སྐྱབས་བཙལ་བ་སྟེ། ཁས་ལེན་ཆེས་པ་ཉིད་
དོ། །དེའི་འོག་ཏུ་དགེ་བསྙེན་དང་། །དགེ་ཚུལ་དུ་ཁས་བླང་པའི་ཚིག་དབྱུང་བར་བྱ་སྟེ། བཙུན་པ་གསོན་ཅིག་བདག་མིང་འདི་ཞེས་བགྱི་བ་རྐང་གཉིས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་པ་ནས། ཚོགས་ཀྱི་མཆོག་ཅེས་པའི་བར་དུ་སྨོས་ལ། དེ་ནས་བཙུན་པས་བདག་དགེ་བསྙེན་དུ་ཟུང་
ཤིག་པའི་ཚིག་འདི་ལྟ་བུ་ལན་གསུམ་གྱི་བར་དུ་བཟླས་པར་བྱའོ། །རབ་ཏུ་འབྱུང་བའི་ཚེའང་། བཙུན་པ་བདག་དགེ་ཚུལ་དུ་ཟུང་ཤིག་ཅེས་པའི་བར་དུ་གོང་མ་དང་འདྲ་བར་བཟླས་སོ། །དེ་ལ་ཁ་ཅིག་ནི་སྐྱབས་སུ་འགྲོ་བ་ལན་གསུམ་པར་བྱུང་བར་རྗེས་སུ་བསླབ་ལ་དགེ་བསྙེན་དུ་ཟུང་ཤིག་པའམ།
དགེ་ཚུལ་དུ་ཟུང་ཤིག་པ་ཐ་མར་ལན་ཅིག་བརྗོད་པས་ཆོག་གོ་ཞེས་ཀྱང་འཆད་མོད་ཀྱི་དེ་ནི་ལོག་པར་འཆད་པའོ། །སྐྱབས་སུ་འགྲོ་བའི་ཆེད་ནི་མྱ་ངན་ལས་འདའ་བའི་བསམ་པ་བརྟན་པོར་མ་གྱུར་ན། སྡོམ་པ་འཆགས་པར་མི་འགྱུར་བའི་ཕྱིར་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱས་པས་ནི།

ལམ་སྟོན་པ་ལ་བརྟན་པར་གྱུར། ཆོས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བས་ནི། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་བརྟན་པར་གྱུར། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བས་ནི་གྲོགས་བཙལ་བར་གྱུར་པས་ན། མྱ་ངན་ལས་འདས་པའི་བསམ་པ་བརྟན་པར་གྱུར་པ་
ཡིན་ཏེ། །དེ་ལྟར་ན་སྐྱབས་སུ་སོང་བའི་མཐུས་སྡོམ་པ་འཐོབ་བོ། །དེ་ལ་ཁ་ཅིག་ན་རེ་འོ་ན་ལྟ་བསྙེན་པར་རྫོགས་པའི་ཚེའང་། སྐྱབས་སུ་འགྲོ་བ་འང་ཅིའི་ཕྱིར་མི་སྨོས། ལན་ལ། དེ་ནི་བསྙེན་པར་རྫོགས་ཞེས་པའི་ཚིག་ཉིད་ཀྱིས་མྱ་ངན་ལས་འདའ་བའི་བསམ་པ་བརྟན་པར་བྱས་པར་མངོན་
ཏེ། འཚེ་བ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ནི་རྫོགས་ཞེས་པ་ཡིན་ཏེ། མྱ་ངན་ལས་འདའ་བའི་ངོ་བོ་ཉིད་ཀྱང་དེ་ཡིན་པས་ན། གང་དེ་དང་ཉེ་བ་ནི་བསྙེན་པ་ཡིན་ནོ། །དེ་ལྟ་བས་ན་བསྙེན་པར་རྫོགས་ཞེས་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དང་ལྡན་པར་བརྟན་པ་ཡིན་ནོ། །དེ་ལྟ་སྟེ་གང་སྡོམ་པ་ནོད་པ་དེས་
ཚུལ་འདི་བཞིན་དུ་ནོད་པར་བྱའི། གང་འབོགས་པ་དེས་སྦྱིན་པ་དང་། ནོད་པ་དེས་བླང་བའི་ཚུལ་དུ་བྱ་བ་ནི་མ་ཡིན་ཏེ། འབོགས་པས་ཀྱང་བསླབ་པའི་ཕྱིར་ཟློས་སུ་གཞུག་པར་ཟད། སྡོམ་པ་འཐོབ་པ་ཉིད་ནི་ཉིད་ཀྱི་སེམས་ལ་རག་ལས་སོ། །དགེ་བསྙེན་དང་དགེ་ཚུལ་དུ་དེ་ལྟར་ཁས་ལེན་དུ་བཅུག་
ནས། དེའི་འོག་ཏུ་ཅི་བྱ་ཞེ་ན་དེའི་འོག་ཏུ་ཁས་ལེན་པའི་ཚུལ་གྱིས་བསླབ་པ་བརྗོད་དོ་ཞེས་པ་ཡིན་ཏེ། དགེ་བསྙེན་དང་དགེ་ཚུལ་དུ་ཁས་བླངས་བའི་འོག་ཏུ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་ནམ་འཚོའི་བར་དུ་སྲོག་གཅོད་པ་ལས་ལོག་པ་ཇི་ལྟ་བ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་
ནམ་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་ལྡོག་གོ་ཞེས་པ་ནས་བག་མེད་པའི་གནས་མྱོས་པར་འགྱུར་བའི་ཁུ་བ་ཆང་འཐུང་བ་ལས་ལྡོག་གོ་ཞེས་པའི་བར་དུ་དགེ་བསྙེན་གྱི་བསླབ་པ་ལྔ་མི་བྱའོ་ཞེས་དགག་པའི་ཚུལ་དུ་ཁས་བླང་བ་མ་ཡིན་མི་ལྡོག་གོ་ཞེས་བརྗོད་པར་བྱ་བ་དང་། སྲོག་
གཅོད་པ་ལས་ལྡོག་གོ་ཞེས་པ་ནས། གསེར་དངུལ་བདག་གིར་བྱེད་པ་ལས་ལྡོག་གོ་ཞེས་པའི་བར་དུ། དགེ་ཚུལ་གྱི་སྡོམ་པ་བཅུ་གོང་མ་བཞིན་དུ་བརྗོད་པར་བྱའོ། །དགེ་བསྙེན་དུ་སུས་བྱ། དགེ་བསྙེན་དུ་གྱུར་ནས་ཅི་དང་ཅི་བྱ་ཞེ་ན། ཉིད་ཀྱིས་དགེ་བསྙེན་དུ་བསྒྲུབས་ཏེ་དགེ་འདུན་ལ་འདྲི་བའི་

དགེ་སློང་ལ་གཏོད་ཅིག་ཅེས་པ་ཡིན་ཏེ། དགེ་བསྙེན་གྱི་སྡོམ་པ་དེའི་མཁན་པོ་ཉིད་ཀྱིས་ཕོག་ལ། དེ་ནས་དགེ་འདུན་ལ་ཞུ་བའི་དགེ་སློང་ལ། འདི་རབ་ཏུ་བྱུང་བར་གསོལ་ན། དགེ་འདུན་དད་དམ་མ་དད་ཞུས་ཤིག་ཅེས་དེ་ལ་གཏད་དམ་བཅོལ་བར་བྱའོ། །ཞུ་བའི་དགེ་སློང་དེས་ཇི་ལྟར་བྱ་ཞེ་ན།
ཅི་ཡོངས་སུ་གཙང་ངམ་ཞེས་དྲིས་ལ་གཙང་ན་ཞུའོ་ཞེས་པ་ཡིན་ཏེ། ཞུ་བའི་དགེ་སློང་དེས་སླར་དེའི་མཁན་པོ་ཉིད་ལ་བར་ཆད་མེད་དམ་ཞེས་སྨྲས་ལ་མེད་ཡང་དག་ཅེས་ཟེར་ན་གདོད། བཙུན་པའི་དགེ་འདུན་གསོན་ཅིག །རབ་ཏུ་འབྱུང་བར་འཚལ་བ་མིང་འདི་ཞེས་བགྱི་བ་གོས་དཀར་པོ་འཚལ་བ་ཞེས་པ་
ལ་སོགས་པའི་སྔགས་ཀྱི་ཚིག་བརྗོད་དེ་དགེ་འདུན་ལ་ཞུ་བར་བྱའོ། །དགེ་འདུན་ཇི་ལྟར་བཞུགས་པ་ལ་ཞུ་བར་བྱ་ཞེ་ན། ཐམས་ཅད་འདུས་པའམ་གནས་གནས་ན་འཁོད་པ་ལའོ་ཞེས་པ་ཡིན་ཏེ། དགེ་སློང་དེས་ཞུ་བར་བྱ་བ་ནི། དགེ་འདུན་ཟད་པར་འདུས་ཏེ། འཁོད་པའམ། གནས་གནས་ན་
འཁོད་པའི་དགེ་འདུན་མཚམས་གཅིག་ན་གནས་པ་ཐམས་ཅད་ལ་ཞུ། གང་ན་ཞུས་པ་དེས་བྱ་བའི་ཆོ་གར་བསྟན་པ་ནི། དེས་ཏེ་ཡོངས་སུ་གཙང་ནའོ་ཞེས་ཐམས་ཅད་ཀྱིས་སྨྲོས་ཤིག་ཅེས་པ་ཡིན་ཏེ། འདི་ལ་བར་ཆད་ཀྱི་ཆོས་རྣམས་མེད་ན་རུང་ངོ་ཞེས་དགེ་འདུན་ཀུན་གྱིས་ལན་སྦྱིན་པ་ལ་བྱ།
ཞུས་ཟིན་ནས་རབ་ཏུ་འབྱུང་བར་འདོད་པ་དེས་ཅི་བྱ་ཞེ་ན་མཁན་པོར་གསོལ་ཞེས་པ་ཡིན་ཏེ། དགེ་འདུན་ལ་ཞུས་ཟིན་ནས། རབ་ཏུ་འབྱུང་བར་འདོད་པ་དེས། བཙུན་པ་དགོངས་ཤིག། བདག་མིང་འདི་ཞེས་བགྱི་བ། བཙུན་པ་ལ་མཁན་པོར་གསོལ་ཞེས་པ་ལ་སོགས་པའི་སྙད་ཀྱིས་ལན་
གསུམ་དུ་མཁན་པོར་གསོལ་ཞེས། མཁན་པོས་རབ་ཏུ་འབྱུང་བར་འདོད་པ། པུད་མ་གཏོགས་པ་སྐྲ་དང་ཁ་སྤུ་བྲེགས་ཞེས་པ་ཡིན་ཏེ། རྨ་བའི་ཕྱིར་པུད་བཞག་ལ་མཁན་པོས་སྐྲ་དང་ཁ་སྤུ་བྲེགས། གལ་ཏེ་འདྲེག་མཁན་ནམ་གཞན་གྱིས་བྲེགས་ནའང་རུང་། པུད་བཞག་པ་དེ་ནམ་བྲེག་ཅེ་ན།
པུད་བྲེག་གམ་ཞེས་དྲིས་ལ། བཏུབ་ན་དེ་ཡང་ངོ་ཤེས་པ་ཡིན་ཏེ། རབ་ཏུ་འབྱུང་བར་འདོད་པ་དེ་ལ་རིལ་གྱིས་མ་བྲེགས་ཏེ། པུད་གཞག་པས་ན་ད་རུང་རབ་ཏུ་བྱུང་བ་ནི་མ་ཡིན་ན། རབ་ཏུ་འབྱུང་བར་ངེས་སམ་མ་ངེས་ཞེས་སྨྲས་ལ། དེ་ནེམ་ནུར་དུ་མེད་དེ་ངེས་ན། པུད་དེ་འང་བྲེག་པར་བྱའོ། །རབ་

ཏུ་འབྱུང་བར་འདོད་པ་དེས་སྐྲ་དང་ཁ་སྤུ་དེ་ལྟར་བྲེགས་ནས་ཁྲུས་བྱས་ཞེས་པ་ཡིན་ཏེ། ཡུལ་གྲང་དྲོའི་རྐྱེན་དུ་ཆུའང་གྲང་དྲོར་སྦྱར་ཏེ། བཀྲུ་བ་ལ་བྱའོ། །ཁྲུས་བྱས་པའི་འོག་དུ་མཁན་པོས་ཆོས་གོས་ངུར་སྨྲིག་སྦྱིན་ཞེས་པ་ཡིན་ཏེ། རབ་ཏུ་འབྱུང་བ་ལ་འོས་པའི་ཚོན་གྱིས་བསྒྱུར་
བའི་གོས་མཁན་པོས་དེ་ལ་སྦྱིན་པར་བྱའོ། །རབ་ཏུ་འབྱུང་བར་འདོད་པ་དེས། མཁན་པོའི་རྐང་པ་ལ་ཕྱག་བྱས་ཏེ་བླང་ཞེས་པ་ཡིན་ནོ། །དེ་ནས་མཁན་པོས་བསྐོན་ཞེས་པའོ། །རབ་ཏུ་འབྱུང་བར་འདོད་པ་ལ་མཁན་པོས་བསྐོན་པའི་ཚེ། མ་ཚོར་བར་མཚན་བརྟག་ཅེས་པ་ཡིན་ཏེ། ཟ་མ་དང་མ་ནིང་དང་
མཚན་གཉིས་དང་། མཚན་མེད་པའི་སྐྱོན་བསལ་བའི་ཕྱིར། མ་ཚོར་ཞེས་པ་ནི་ཆེད་དུ་གཅེར་ཕྱུང་ལ་བྱ་བ་མ་ཡིན་གྱི། ཅི་ནས་ཀྱང་མི་འཕྲིག་པར་བྱའོ། །བརྟག་པའང་བསྐོན་པའི་ཚེ་ཉི་ཚེ་ན་མ་ཡིན་གྱི། མཁན་པོ་སྔ་མར་སྐབས་ཕྱེ་བ་ཚུན་ཆད་འདི་ཕན་ཆད་སྐབས་གར་ཡང་རུང་། མཁན་པོའམ་
དེས་ཡིད་བརྟེན་པའི་དགེ་སློང་གང་གིས་བརྟགས་ཀྱང་རུང་། ཟ་མ་ལ་སོགས་པའི་སྐྱོན་མེད་པར་རྟོགས་ནས་སྐྱབས་སུ་འགྲོ་བ་ཇི་ཙམ་ན་རབ་ཏུ་དབྱུང་ཞེས་པ་ཡིན་ཏེ། རབ་ཏུ་འབྱུང་བར་འདོད་པ་དེས་མཁན་པོ་དགོངས་ཤིག །བདག་མིང་འདི་ཞེས་བྱ་བ་རྐང་གཉིས་ཀྱི་མཆོག་སངས་རྒྱས་ལ་
སྐྱབས་སུ་མཆིའོ་ཞེས་པ་ནས། ཚོགས་ཀྱི་མཆོག་ཅེས་པའི་བར་དུ་བརྗོད་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཞེས་པ་ནས། ཁྱིམ་པའི་མཚན་མ་སྤངས་ཏེ་རབ་ཏུ་འབྱུང་བའི་མཚན་མ་བླང་ངོ་ཞེས་པའི་བར་དུ་སྔགས་ཀྱི་ཚིག་རྒྱུད་ཀྱི་རིམ་བཞིན་དུ་བྱའོ། །རྣམ་པ་གཞན་དུའང་སྟོན་པ་ནི། གསོལ་
བའི་རྗེས་ལ་ཡང་ངོ་ཞེས་པ་ཡིན་ཏེ། འདུལ་བ་འཛིན་པ་ཁ་ཅིག་གིས་བྱ་བ་ནི་རབ་ཏུ་འབྱུང་བ་འགྲུབ་པའི་ཆོ་ག་འདི་མཁན་པོར་གསོལ་བའི་འོག་ཏུ་བྱས་ལ། དེ་ནས་གདོད་སྐྲ་དང་ཁ་སྤུ་བྲེགས་པ་ལ་སོགས་པ་བྱས་ན། རབ་ཏུ་འབྱུང་བ་དང་དེའི་མཚན་མ་བླངས་པ་རིམ་དུ་འབབ་ཀྱི་གཞན་དུ་ན་
མཚན་མ་སྔར་བླངས་ལ་རབ་ཏུ་འབྱུང་བ་ཕྱིས་སྒྲུབ་པ་མི་རིགས་སོ་ཞེས་ཀྱང་འཆད་དོ། །མཁན་པོས་རབ་ཏུ་བྱུང་བའི་གང་ཟག་དེ་དགེ་ཚུལ་དུ་སྒྲུབ་པའི་དགེ་སློང་ལ་གཏད་ཅེས་པ་ཡིན་ཏེ། དགེ་སློང་གང་དགེ་ཚུལ་གྱི་སྡོམ་པ་འབོགས་ནུས་པ་ལ་གཏད་པར་བྱའོ། །བཅོལ་བའི་དགེ་སློང་དེས་ཇི་ལྟར་

བྱ་ཞེ་ན། ཅི་ཡོངས་སུ་གཙང་ངམ་ཞེས་དྲིས་ལ་གཙང་ན་བསྒྲུབ་ཅེས་པ་ཡིན་ཏེ། གང་གཏོད་པ་དེ་ལ་འདི་ལ་བར་ཆད་ཀྱི་ཆོས་རྣམས་མེད་དམ་ཞེས་སྨྲས་ལ་མེད་ཅེས་ཟེར་ན། དགེ་ཚུལ་གྱི་སྡོམ་པ་དབོག་པར་བྱའོ། །སྡོམ་པ་འབོགས་པ་དེ་ཅི་ཡིན་ཞེ་ན། དེ་སློབ་དཔོན་ནོ་ཞེས་པ་ཡིན་ཏེ། དགེ་
ཚུལ་གྱི་སྡོམ་པ་འབོགས་པའི་དགེ་སློང་དེ་དགེ་ཚུལ་གྱི་སློབ་དཔོན་ནོ། །དཔེར་ན་རབ་ཏུ་བྱུང་བར་སྒྲུབ་པའི་དགེ་སློང་དེ་མཁན་པོ་ཡིན་པ་བཞིན་ནོ། །སློབ་དཔོན་དེ་ཉི་ཚེར་ཟད་དམ་ཞེ་ན། གསང་སྟེ་སྟོན་པ་དང་ལས་བྱེད་པ་དང་གནས་སྦྱིན་པ་དང་ཀློག་པ་རྣམས་སོ་ཞེས་པ་ཡིན་ནོ། ནམ་སློབ་དཔོན་དུ་གྱུར་ཅེ་ན།
དོན་གྲུབ་ན་གྱུར་པའོ་ཞེས་པ་ཡིན་ཏེ། སློབ་དཔོན་གོང་དུ་སྨོས་པ་ལྔ་སོ་སོའི་ལས་ཟིན་པ་ན་སློབ་དཔོན་དུ་འང་དེའི་ཚེ་གྱུར་པ་ལ་བྱ། མཁན་པོ་ཡང་དེའི་དོན་གྲུབ་ཟིན་ནས་གདོད་མཁན་པོའམ་ཞེ་ན། མཁན་པོར་གསོལ་ཏེ་ཁས་བླངས་ན་དེ་གྱུར་ཏོ་ཞེས་པ་ཡིན་ཏེ། དགེ་ཚུལ་དུ་མ་གྱུར་པའམ་བསྙེན་
པར་རྫོགས་པར་མ་གྱུར་གྱི་བར་དུ་མཁན་པོར་མི་འགྱུར་བ་མ་ཡིན་གྱི། མཁན་པོར་གསོལ་ཏེ་མཁན་པོར་གདམས་པའམ། ཁས་བླངས་པའི་ཚེ་མཁན་པོར་གྱུར་ཏོ། སོ་སོའི་ལས་ཟིན་པའི་ཚེ་སློབ་དཔོན་ལ་སོགས་པར་འགྱུར་རོ་ཞེ་ན། དེའི་དོན་གང་གི་ཚེ་ཁོ་ན་གྲུབ་ཅེ་ན་བསླབ་པ་ཐ་མའི་ཆ་གསུམ་པ་
གྲུབ་པས་སོ་ཞེས་པ་ཡིན་ཏེ། དགེ་ཚུལ་དུ་གྲུབ་པའི་སྔགས་ལན་གསུམ་བཟླས་པ་ཐ་མའི་ཆ་གསུམ་པོའི་ཚེ་དོན་གྲུབ་པར་གྱུར་ཏོ། །དེ་ལྟར་བསྟན་པ་གསལ་བར་བྱ་བའི་ཕྱིར། འདི་ལྟ་སྟེ། ཕ་རོལ་ལ་སྒྲོགས་པའི་ཚེ་དགེ་ཚུལ་དུ་གྱུར་པའོ་ཞེས་དཔེ་བསྟན་པ་ཡིན་ཏེ། དགེ་ཚུལ་གྱི་སྡོམ་པ་དབོག་པ་
སུམ་གཉིས་ནི་ཟིན་སུམ་ཆ་གཅིག་ལུས་པའི་ཚེ། དགེ་ཚུལ་དུ་གྲུབ་པས་ན་སྔགས་ཀྱི་ཚིག་ཀྱང་བཙུན་པ་ཞེས་སྨོས་པའི་ཐ་མར་སློབ་དཔོན་གྱིས་ཟུང་ཤིག་ཅེས་སྨོས་པ་ཡིན་པས་ན། དཔེ་དེ་བཞིན་དུ་སློབ་དཔོན་དུའང་དེའི་ཚེ་གྱུར་ཏོ། །མཁན་པོར་གྱུར་པའང་དེ་བཞིན་ནམ་ཞེ་ན། འདིར་
ཐ་མས་མཁན་པོའི་དོན་ཏོ་ཞེས་པ་ཡིན་ཏེ། མཁན་པོར་གསོལ་བའི་ཚེ་ཕ་རོལ་སྒྲོགས་པ་གསུམ་ཡོད་པ་ལས་སྒྲོགས་པ་ཐ་མའི་ཚེ་མཁན་པོར་ཁས་བླངས་པས། མཁན་པོའི་དོན་དུ་གྱུར་ཏོ། །དེ་ལྟ་བས་ན་སྔགས་ལས་ཀྱང་མཁན་པོ་ལ་མཁན་པོར་གསོལ་ཏེ། རབ་ཏུ་འབྱུང་བའམ་བསྙེན་

པར་རྫོགས་པར་རོ་ཞེས་འབྱུང་བ་ཡིན་ནོ། །གནས་སྦྱིན་པ་དང་ཀློག་པའི་དོན་གྲུབ་པ་གོང་མ་དང་མི་འདྲ་བར་བསྟན་པའི་ཕྱིར། གནས་སྦྱིན་པའི་མཐའ་ནི་ནུབ་གཅིག་གནས་ཏེ་འདུག་པས་སོ་ཞེས་པ་ཡིན་ཏེ། གནས་པའི་གནས་སུ་སློབ་དཔོན་གྱིས་སྔོ་རེངས་
ཤར་ཚུན་ཆད་ནུབ་གཅིག་གནས་སུ་གྱུར་ཏེ་འདུག་ན་དེས་གནས་སྦྱིན་པའི་སློབ་དཔོན་དུ་གྲུབ་པར་སྟོན་པའོ། །ཀློག་པ་ནི་ཚིགས་བཅད་གཅིག་ལན་གསུམ་བསླབ་པས་སོ་ཞེས་པ་ཡིན་ཏེ། ཞལ་ནས་གསུངས་པ་ལས་ནི་གང་ལས་ཚིགས་སུ་བཅད་པ་གཅིག་བཀླགས་ཏེ་མནོས་ན་ཀློག་
པའི་སློབ་དཔོན་ནོ་ཞེས་ཀྱང་འབྱུང་མོད་ཀྱི། ཡུལ་མ་ཐུར་པ་རྣམས་ཀྱི་གཞུང་ལས། གང་ལས་ཚིགས་སུ་བཅད་པ་གཅིག་ལན་གསུམ་དུ་བཀླགས་ན་དེས་ཀློག་པའི་སློབ་དཔོན་དུ་འགྱུར་རོ་ཞེས་འབྱུང་བས་ན། གསུམ་པ་འདི་ཚིག་ཆེ་བ་ལྟར་བྱ་བའི་ཕྱིར་མདོའི་དཀྱུས་སུ་དེ་ལྟར་སྨོས་སོ། །
ཇི་ལྟར་བཀླགས་པས་ཀྱང་སློབ་དཔོན་དུ་འགྱུར་རམ་ཞེ་ན། ཀློག་པར་བསམ་པ་མ་ཡིན་པས་བརྗོད་ན་བཀླགས་པ་མ་ཡིན་ནོ་ཞེས་པ་ཡིན་ཏེ། སྔོན་བཀླགས་པ་ཡང་མ་ཡིན་ལ་དེ་ལ་བསླབ་པའི་ཕྱིར་ཆེད་དུ་ཀློག་པ་ནི་ཀློག་པ་ཞེས་བྱའི། ཁ་དོན་བརྗེད་པ་དང་སོམ་ཉི་དྲི་བ་ལྟ་བུ་ལ་
སོགས་པའི་ཕྱིར། འགའ་ཞིག་ལ་འདྲི་ཞིང་ཀློག་པ། ཀློག་པ་མ་ཡིན་པར་སྟོན་པའོ། །སློབ་དཔོན་དང་མཁན་པོར་ནམ་གྱི་ཚེ་ན་གྱུར་པ་དང་། ཇི་ལྟ་བུར་འགྱུར་བ་ནི་གོང་མ་ལྟར་བསྟན་ནས། དེ་དག་གི་མིང་ཇི་སྐད་འབོད་པ་སྟོན་པ་ནི། དེ་དག་ལ་ཉེ་བའི་ཚིག་ལས་གཞན་དུ་མ་
ཡིན་ཞེས་པ་ལ་སོགས་པ་སྟེ། མཁན་པོ་ལའང་མཁན་པོ་ཞེས་བྱའི། གནས་བརྟན་ནམ་ཚེ་དང་ལྡན་པ་ཞེས་མི་བྱ་སྟེ། སློབ་དཔོན་ལའང་དེ་དང་འདྲའོ། །དེ་སྐད་གཞན་ལ་མ་ཡིན་ཞེས་པ་ནི། དགེ་སློང་གཞན་མཁན་པོ་དང་སློབ་དཔོན་མ་ཡིན་པ་ལ། མཁན་པོའམ་སློབ་
དཔོན་ཞེས་མི་འབོད་པའོ། །གོང་དུ་བཤད་པ་ལྟར་ན་མཁན་པོ་ལ་མཁན་པོ་ཞེས་ཉེ་བའི་ཚིག་ནི་ཉི་ཚེར་གོ་བས་ན། འབོད་པ་དེར་མ་ཟད་པའི་ཁྱད་པར་སྟོན་པའི་ཕྱིར། དོན་གྱི་སླད་ནས་མཚན་ནས་སྨོས་ཏེ། ཞེས་པ་མ་བརྗོད་པར་མཁན་པོའི་མཚན་ནས་མི་སྨོས་ཞེས་པ་ཡིན་ཏེ།

མཁན་པོ་ལ་རྗེ་ས་བྱ་བའི་ཕྱིར་དེའི་མིང་ནས་མི་བརྗོད་དུ་མི་རུང་བ་ཞིག་ཏུ་གྱུར་ནའང་། བརྗོད་དུ་མི་བྲ་བ་སྐད་དུ་བྱ་བའི་ཚུལ་འདི་ལྟར་བྱའོ། །དགེ་ཚུལ་གྲུབ་པའི་ཆོ་ག་ཞེས་པ་ནི་འདི་ཡན་ཆད་དགེ་ཚུལ་ཇི་ལྟར་འགྲུབ་པའི་ཆོ་ག་བཤད་ཟིན་པར་སྟོན་པའོ།། །།དགེ་ཚུལ་གྱི་ཆོ་ག་བསྟན་
ནས། བསྙེན་པར་རྫོགས་པའི་ཆོ་ག་དེ་སྟོན་པ་ནི། བསྙེན་པར་རྫོགས་པ་ནི་དགེ་འདུན་ལས་སོ་ཞེས་པ་ཡིན་ཏེ། རབ་ཏུ་འབྱུང་བ་དང་དགེ་ཚུལ་གྱི་སྡོམ་པ་གང་ཟག་ལས་འཐོབ་པ་ལྟ་བུ་མ་ཡིན་པར་སྟོན་པའོ། །བསྙེན་པར་རྫོགས་པའི་ཆོ་ག་ཇི་ལྟར་བྱ་ཞེ་ན། མཁན་པོར་མངོན་སུམ་དུ་གྱུར་
ནས་ལས་བྱེད་པ་དང་། གསང་སྟེ་སྟོན་པ་དགེ་སློང་ལས་བསྒོ་ཞེས་པ་ཡིན་ཏེ། བདག་ལ་མཁན་པོར་གསོལ་ཏེ། དེའི་མཁན་པོར་འགྱུར་བར་མངོན་ན་སྔ་ནས་ལས་བྱེད་པ་དང་། གསང་སྟེ་སྟོན་པ་ཁྱེད་ཀྱིས་བྱོས་ཤིག་ཅེས་གང་འོས་པ་ལ་བསྒོ་བར་བྱའོ། །དེའི་འོག་ཏུ་ཅི་བྱ་ཞེ་ན།
མཁན་པོར་གསོལ་ཞེས་པ་ཡིན་ཏེ། དགེ་འདུན་གྱི་ནང་དུ་དེས་མཁན་པོར་གསོལ་བ་གདབ་པོ། །གསོལ་བའི་འོག་ཏུ་མཁན་པོས་ཅི་བྱ་ཞེ་ན། དེ་ཉིད་<གྱིས་‚ཀྱིས་>ཆོས་གོས་གསུམ་བྱིན་གྱིས་རློབ་ཏུ་གཞུག་ཅེས་པ་ཡིན་ཏེ། ཆོས་གོས་གསུམ་མཁན་པོ་ཉིད་ཀྱིས་བྱིན་གྱིས་རློབ་ཏུ་
གཞུག་པའོ། །དེ་ལ་ཉིད་<ཅས་‚ཅེས་>པ་ནི་སྐྲ་དང་ཁ་སྤུ་བྲེག་པ་དང་། མཚན་བརྟག་པ་ལྟ་བུ་མཁན་པོས་བྱོས་ཤིག་ཅེས་འབྱུང་མོད་ཀྱི། ཡིད་བརྟན་པ་གཞན་གྱིས་བྱས་ནའང་མི་རུང་བ་མེད་ཀྱི། ཆོས་གོས་གསུམ་བྱིན་གྱིས་བརླབ་པ་འདི་ནི་མཁན་པོ་ཉིད་ཀྱིས་ལག་དར་ཏེ་བྱ་དགོས་པར་
སྟོན་པའོ། །བསྐོན་པ་འདི་ནས་གསལ་བར་མི་སྨོས་ཀྱིས་ཀྱང་བསྒོ་བའི་ཕྱིར་བྱིན་གྱིས་རློབ་པ་ན། བྱིན་གྱིས་བརླབས་ཟིན་ནས་བསྐོན་པ་ནི་ཞར་ལ་རིག་པར་བྱའོ། །བྱིན་གྱིས་བརླབ་པ་ཆོས་གོས་ཉི་ཚེར་མ་ཟད་པ་ནི། ལྷུང་བཟེད་མི་ཆེའམ། མི་ཆུང་ངམ་མི་སྐྱའམ་ཞེས་དགེ་འདུན་ལ་ཉེ་
བར་བསྟན་ཞེས་པ་ཡིན་ཏེ། འདི་གསུམ་ལས་གང་ཡང་རུང་སྟེ། ཉེས་པ་ཡོད་ན་བྱིན་གྱིས་བརླབ་པའི་སྔགས་མི་འཆགས་པའི་ཕྱིར་དགེ་འདུན་ལ་མཐར་གྱིས་སྤྱན་སྔར་བྲིམ་བའོ། །ལྷུང་བཟེད་བསྟན་ནས་དགེ་འདུན་གྱིས་བྱ་བ་ནི། དེ་ལྟ་མ་ཡིན་ན་ལྷུང་བཟེད་བཟང་ངོ་ཞེས་ཐམས་ཅད་

ཀྱིས་བརྗོད་ཅེས་པ་ཡིན་ནོ། །གོང་མའི་སྐྱོན་གསུམ་ལྟ་བུ་མེད་ན་འདུས་པ་ཐམས་ཅད་ཀྱིས་བརྗོད་པར་བྱའོ། །དེ་སྐད་བརྗོད་པའི་འོག་ཏུ་ཅི་བྱ་ཞེ་ན། སྤགས་ནས་ལས་བྱེད་པས་སུ་ཞེས་བརྗོད་ནས། གསང་སྟེ་སྟོན་པ་མོས་པར་བྱ། དགེ་འདུན་གྱིས་འདི་གནང་བར་བྱ་ཞེས་པ་
ཡིན་ཏེ། བསྙེན་པར་རྫོགས་པར་འདོད་པ་དེས། དགེ་འདུན་འདུས་པའི་དཀྱིལ་འཁོར་ལས། མཐོང་བའི་ལམ་དུ་སྤགས་པ་ལ་སོགས་པ་ལས་ཀུན་སྨྲ་བ་ལས་འབྱུང་བ་བཞིན་དུ་བྱས་ལ། དེ་ནས་ལས་བྱེད་པར་བསྐོས་པའི་དགེ་སློང་གིས་དགེ་འདུན་གྱི་ནང་དུ་བསྙེན་པར་རྫོགས་པར་འདོད་པ་མིང་འདི་ཞེས་
བྱ་བའི་མཁན་པོ་མིང་འདི་ཞེས་བྱ་བས་གསང་སྟེ་སྟོན་པར་བསྐོས་པ་སུ་ཞེས་སྨྲས་ལ། གང་བསྐོས་པ་དེ་བདག་ལགས་ཞེས་པར་ཁས་ལེན་དུ་གཞུག །དེས་ཁས་བླངས་པ་དང་། མཁན་པོ་མིང་འདི་ཞེས་བྱ་བ་ལས་བསྙེན་པར་རྫོགས་པར་འདོད་པ་མིང་འདི་ཞེས་བྱ་བའི་གསང་སྟེ་སྟོན་པར་ཁྱོད་མོས་
སམ་ཞེས་སྨྲས་ལ། དེ་ན་རེ་བདག་མོས་སོ་ཞེས་ཟེར་བ་དང་། གསོལ་བའི་ལས་ཀྱིས་དེ་གསང་སྟེ་སྟོན་པར་དགེ་འདུན་གྱིས་གནང་བར་བྱའོ། །དགེ་འདུན་གྱིས་གསང་སྟེ་སྟོན་པར་གནང་བ་དང་། དེས་ཇི་ལྟར་བྱ་ཞེ་ན་ཁྱོད་ཉོན་ཅིག་ཅེས་གསང་སྟེ་བསྒོའོ་ཞེས་པ་ཡིན་ཏེ། བསྙེན་པར་རྫོགས་པར་འདོད་
པ་དེ་ལ་གསང་སྟེ་སྟོན་པས། ལྐོག་ཏུ་ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །དེང་ཁྱོད་ཀྱི་བདེན་པའི་དུས་ཀྱིས་ཅི་སྨྲ་བ་རྣམས་ཡོད་པའང་ཡོད་ཅེས་སྨྲོས་ཤིག །མེད་པའང་མེད་ཅེས་སྨྲོས་ཤིག །ཅེས་པ་ལ་སོགས་པ་ཅི་སྨྲ་བའི་སྔགས་རྣམས་ཉོན་ཅིག་ཅེས་པའི་ཚིག་གིས་སྟོན་པའོ། །གསང་སྟེ་སྨྲས་ནས་
བསྙེན་པར་རྫོགས་པར་འདོད་པ་དེ་ལ་བསྒོ་བ་དང་དགེ་འདུན་ལ་ཞུ་བ་ནི། མ་བོས་ཀྱི་བར་དུ་མ་འོང་བར་སྡོད་ཅིག་ཅེས་བས་བསྒོ། སྨྲས་ན་ཡོངས་སུ་གཙང་བ་དགེ་འདུན་ལ་བསྙད། ཅི་མཆི་ཞིག་གམ་ཞེས་འོང་བར་ཞུ་ཞེས་པ་ཡིན་ཏེ། གསང་སྟེ་སྟོན་པས་བསྙེན་པར་རྫོགས་པར་འདོད་པ་ལ་མ་བོས་ཀྱི་བར་དུ་
སྡོད་ཅིག་ཅེས་བསྒོ་བ་དང་། དགེ་འདུན་ལ་བཙུན་པའི་དགེ་འདུན་གསོན་ཅིག །བདག་གིས་སྨྲས་ན་ཞེས་པ་ལ་སོགས་པ་སྔགས་ཀྱི་ཚིག་རྣམས་བསྙད་པའི་རྗེས་ལ་འོང་བའི་ཕྱིར་ཅི་མཆི་ཞིག་གམ་ཞེས་ཞུ་བར་བྱ་བ་རྣམས་སྟོན་པའོ། །དེ་ལྟར་ཞུས་ནས་དགེ་འདུན་རྣམས་ཀྱིས་དེ་སྟེ་ཡོངས་སུ་གཙང་ནའོ་ཞེས་

ཐམས་ཅད་ཀྱིས་བརྗོད་ཅེས་སྨྲ་བར་བྱའོ། །བསྙེན་པར་རྫོགས་པར་འདོད་པ་དགེ་འདུན་གྱིས་གནང་སྟེ། དགེ་འདུན་གྱི་ནང་དུ་འོངས་ནས་ལས་བྱེད་པས་ཇི་ལྟར་བྱ་ཞེ་ན། ལས་བྱེད་པས་བསྙེན་པར་རྫོགས་པར་གསོལ་དུ་གཞུག་ཅེས་པ་ཡིན་ཏེ། བཙུན་པའི་དགེ་འདུན་གསོན་ཅིག །བདག་མིང་འདི་ཞེས་བགྱི་
བ་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཞེས་པ་ལ་སོགས་པའི་སྔགས་ཀྱི་ཚིག་རྣམས་ལས་བྱེད་པས་དེ་ལན་གསུམ་གྱི་བར་དུ་ཟློས་སུ་གཞུག་གོ། །གསོལ་ནས་དགེ་འདུན་ཤེས་པར་བྱས་ཏེ་བར་ཆད་ཀྱི་ཆོས་དྲི་བ་ནི། དགེ་འདུན་ཤེས་པར་བྱས་ཏེ་བར་ཆད་དྲི་ཞེས་པ་ཡིན་ཏེ། དགེ་འདུན་གྱི་ནང་དུ་
ཡང་བར་ཆད་ལན་ཅིག་དྲི་བའི་ཕྱིར་ལས་བྱེད་པས་དགེ་འདུན་ལ་གསོལ་བའི་ལས་བྱས་ལ་བར་ཆད་དྲི་བར་བྱའོ། །བར་ཆད་ཀྱི་ཆོས་དྲིས་ནས་ཅི་བྱ་ཞེ་ན། བསྙེན་པར་རྫོགས་པ་བསྒྲུབ་པར་བྱ་ཞེས་པ་ཡིན་ཏེ། ལས་བྱེད་པས་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་སྡོམ་པ་དབོག་པར་
བྱའོ། །བསྙེན་པར་རྫོགས་མ་ཐག་ཏུ་ཅི་བྱ་ཞེ་ན། དེ་མ་ཐག་ཏུ་གྲིབ་མ་བཅལ་ཏེ་བསྒོ་ཞེས་པ་ཡིན་ཏེ། དེ་མ་ཐག་ཏུ་དགེ་སློང་གང་ཡང་རུང་བ་ཞིག་གིས་གྲིབ་མ་བཅལ་ལ་བསྙེན་པར་རྫོགས་པའི་གྲིབ་ཚོད་འདིའོ་ཞེས་དེ་ལ་བསྒོ་བར་བྱ་བའོ། །གྲིབ་མ་ཅིས་བཅལ་ཞེ་ན་དེ་ནི་ཤིང་བུ་སོར་བཞི་པ་ན་དགེ་འོ་
ཞེས་པ་ཡིན་ཏེ། གོམ་པ་ལ་སོགས་པ་གཞན་གྱིས་བཅལ་བ་ཐོབ་པའི་ཕྱིར་གྲིབ་ཚོད་ཤིང་བུ་སོར་བཞི་པས་བཅལ་ན་སླ་བར་སྟོན་པའོ། །དེ་ལ་ཇི་སྐད་དུ་གདགས་པ་བསྒྲགས་པའི་ཕྱིར། འདི་ལ་སྐྱེས་བུར་གདགས་ཞེས་པ་ཡིན་ཏེ། ཤིང་བུ་སོར་བཞི་ཞིང་སྐྱེས་བུར་གདགས་པའོ། །གྲིབ་ཚོད་ཉི་ཚེ་
བསྒོ་བར་མ་ཟད་པས་ན་ད་སྔ་དྲོ་ལ་སོགས་པ་ཉིན་མཚན་གྱི་ཡང་ངོ་ཞེས་པ་ཡིན་ཏེ། ཉིན་པར་བསྙེན་པར་རྫོགས་ན་ཡང་སྔ་དྲོ་ལ་སོགས་པའི་ཉི་ཚོད་དང་། མཚན་མོ་བསྙེན་པར་རྫོགས་ན་ཡང་སྲོད་ལ་སོགས་པའི་ཐུན་གྲངས་བསྒོ་བར་བྱའོ། །བསྒོ་བར་བྱ་བ་གཞན་ཡང་ཡོད་པ་ནི་དུས་ཀྱང་ངོ་ཞེས་པ་ཡིན་ནོ། །
དུས་ལ་གྲངས་དུ་ཡོད་ཅེ་ན། དེ་ནི་ལྔའོ་ཞེས་པ་ཡིན་ནོ། །དེ་གང་ཞེ་ན། དགུན་དང་དཔྱིད་དང་དབྱར་དང་ཤི་བའི་དབྱར་དང་རིང་བའི་དབྱར་རོ་ཞེས་པ་ཡིན་ཏེ། དེ་ལ་ཤི་བའི་དབྱར་ནི་ཡུན་ཐུང་བའི་ཕྱིར་རོ། །རིང་བའི་དབྱར་ནི་ཡུན་རིང་བའི་དབྱར་རོ། །དེ་དག་གི་ཚད་ནི་དང་པོའི་གཉིས་ལ་ཟླ་བ་བཞི་ཞེས་པ་ཡིན་ཏེ།

སྟོན་ཟླ་ཐ་ཆུངས་ཚེས་བཅུ་དྲུག་ནས་བཟུང་སྟེ། ཟླ་བ་བཞི་ནི་དགུན། དེའི་རིམ་བཞིན་དུ་ཡང་ཟླ་བ་བཞི་ནི་དཔྱིད་དོ། །གཞན་ཟླ་བ་གཅིག་ཅེས་པ་ཡིན་ཏེ། དེའི་འོག་ཏུ་ཟླ་བ་གཅིག་དབྱར་ཡིན་པར་སྟོན་པའོ། །དེ་ལས་གཞན་ཞེས་པ་ནི་གོང་མ་ལས་མ་གཏོགས་པའི་ཕྱིར་རོ། །དེའི་
འོག་ཏུ་ཉིན་ཞག་ཅེས་པ་ཡིན་ཏེ། ཉིན་ཞག་གཅིག་ནི་ཤི་བའི་དབྱར་རོ། །ཐ་མ་ནི་དེས་ཉུང་བའི་ཟླ་བ་གསུམ་མོ་ཞེས་པ་ཡིན་ཏེ། ཟླ་བ་གསུམ་དུ་གོང་མའི་ཉིན་ཞག་གཅིག་གིས་མ་ཚང་བ་ནི། ཐ་མའི་རིང་བའི་དབྱར་ཡིན་བར་སྟོན་པའོ། །དུས་དེ་ལྟར་བསྒོ་བའི་འོག་ཏུ་གནས་བསྒོ་ཞེས་པ་ཡིན་ཏེ། ལས་བྱད་
པས་བསྙེན་པར་རྫོགས་པ་དེ་ལ་ཚངས་པར་སྤྱོད་པའི་གནས་བཙལ་སླ་ལ། རུང་བ་ཕྱག་དར་ཁྲོད་དང་བསོད་སྙོམས་དང་ཤིང་དྲུང་བཀུས་ཏེ་བོར་བའི་རྣམས་ཡིན་ཏེ། ལྷག་པར་རྙེད་ན་ཞེས་པ་ནས། དེ་ལ་ཡང་རན་པར་ནི་སྤྱད་དོ་ཞེས་པའི་བར་དུ་བསྒོ་བར་བྱའོ། །དེ་ནས་ཡང་། ལྟུང་བའི་ཆོས་རྣམས་སོ་
ཞེས་པ་ཡིན་ཏེ། མི་ཚངས་པར་སྤྱོད་པ་ལ་སོགས་པའི་ཆོས་བཞི་དགེ་སློང་གི་ངོ་བོ་ལས་ལྟུང་བས་ན་ལྟུང་བ་ཞེས་ཏེ། ཆོས་འདི་བཞི་དེའི་འོག་ཏུ་བསྒོ་བར་བྱ་བའོ། །དེའི་འོག་ཏུ་དགེ་སྦྱོང་དུ་བྱེད་པ་རྣམས་ཀྱང་ངོ་ཞེས་པ་ཡིན་ཏེ། ཁྲོས་ཀྱང་སླར་མི་ཁྲོ། གཤེ་ཡང་སླར་མི་གཤེ། བརྡེགས་ཀྱང་སླར་མི་
བརྡེག །དཔྱས་ཀྱང་སླར་མི་དཔྱ་བ་བཞིས་གཞན་ལ་མི་གནོད་པས་ན་དགེ་སྦྱོང་དུ་བྱེད་པ་ཡིན་ཏེ། འདི་བཞི་ཡང་བསྒོ་བར་བྱའོ། །དེ་ལྟར་ཅི་མངོན་ཞེ་ན། རབ་ཏུ་བྱུང་བ་གཞན་ལ་གནོད་པ་ནི། གཞན་ལ་འཚེ་བས་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་ཡང་གཞན་ཅི་བྱ་ཞེ་ན། ཤིན་
ཏུ་རེ་བ་ཡང་དག་པར་རྫོགས་པ་དང་ཁྲིམས་མཉམ་པར་གྱུར་པས་མགུ་བར་བསྙད་ཅིང་བསྒོ་ཞེས་པ་ཡིན་ཏེ། ཁྱོད་ཡུན་རིང་མོ་ཞིག་ནས་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་ནམ་གྱུར་སྙམ་དུ་རེ་ཞིང་སེམས་དེང་དུ་མཁན་པོ་དང་ལྡན་པ་དང་། སློབ་དཔོན་དང་ལྡན་པ་དང་། ཚོགས་པ་དང་ལྡན་
པ་དང་། ཆོ་ག་ཡང་དག་པས་ཡང་དག་པར་རྫོགས་པར་གྱུར་ཏོ་ཞེས་བསྒོ་བ་དང་། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་དང་། ཁྱོད་བསྙེན་པར་རྫོགས་པ་གཉིས་བསླབ་པ་འདྲ་བས་ན་མཚུངས་སྙམ་མོ་ཞེས་གཟེངས་བསྟོད་ཅིང་དེ་ལྟ་བས་ན་བསླབ་པ་ལ་གནས་པར་སྒྲུབས་ཤིག་ཅེས་བསྒོ་བར་བྱའོ། །གཞན་ཡང་

བསྒོ་བར་བྱ་བ་ནི། འཇིག་རྟེན་པ་འབྲེལ་པའི་གཟུགས་བརྙན་ནོ་ཞེས་པ་ཡིན་ཏེ། འཇིག་རྟེན་པ་དང་བུར་འབྲེལ་པ་བཞིན་དུ། དེང་ཕན་ཆད་མཁན་པོ་ཡང་ཁྱོད་ལ་བུར་སེམས། ཁྱོད་ཀྱིས་ཀྱང་ཕར་སོམས་ཤིག་ཅེས་བ་ལ་སོགས་པ་དེ་ཡིད་རྟོན་དུ་གཞུག་པའི་ཕྱིར་བསྒོའོ། །དེའི་འོག་ཏུ་དུལ་བར་གནས་པ་
ཡང་ངོ་ཞེས་པ་ཡིན་ཏེ། དེ་ཕན་ཆད་རྒན་རབས་དང་གཞོན་རབས་ཡན་ཆད་ལ་རྗེས་སྐྱེད་ཅིང་བཀུར་བ་དང་། འཛེམ་པའི་དབང་དུ་སྤྱོད་པ་ལ་སོགས་པ་ཅི་ནས་ཀྱང་དུལ་བར་གནས་པར་གྱིས་ཤིག་ཅེས་བསྒོ་བར་བྱའོ། །དགོས་པ་ལ་ནན་ཏན་པ་ཡང་ངོ་ཞེས་པ་སྟེ། དེང་ཕན་ཆད་ཁྱོད་ལུང་ནོད་པ་དང་། ཀླག་པ་དང་
གདོན་པ་ལ་སོགས་པ་ལ་བརྩོན་བར་གྱིས་ཤིག་ཅེས་གསུངས་པ་ཡིན་ཏེ། རབ་ཏུ་བྱུང་བའི་དགོངས་པ་འདི་རྣམས་ལ། ཅི་ནས་ཀྱང་འདུ་ཞིང་བརྩོན་བར་གྱིས་ཤིག་ཅེས་བསྒོ་བར་བྱའོ། །ཡང་དག་པར་མནོས་ལ་མ་བཤད་པ་ཡང་། ཤེས་ཤིང་འགྲུབ་པར་འགྱུར་བ་བསྒོ་ཞེས་པ་ཡང་ཡིན་ཏེ། ལྷག་མ་
ལ་སོགས་པའང་བསྙེན་པར་རྫོགས་པའི་ཚེ། མནོས་པའི་ཁོངས་སུ་ནི་གཏོགས་པ་ལས་ངས་ཆེ་ལོང་ཙམ་ཞིག་བསྟན་གྱི། ལྷག་མ་གཞན་རྣམས་ཁྱོད་ཀྱི་མཁན་པོ་དང་སློབ་དཔོན་སྟོན་ཏོ་ཞེས་ཀྱང་བསྒོ་བར་བྱ་བའོ། །གུས་པ་བསྒོ་ཞེས་པ་ཡང་ཡིན་ཏེ། །ཤེས་རབ་དམ་པའི་བསྟན་པ་ལ། །བསྙེན་
པར་རྫོགས་པར་གྱུར་པ་ནི། །ཁོམ་པ་རྙེད་པར་དཀའ་བས་ན། །འདི་ལ་བླ་ཁྱད་མི་བྱའོ། །ཡང་དག་རྫོགས་པས་རབ་ཏུ་མཁྱེན། །བདེན་པའི་མཚན་གྱིས་གསུངས་པ་ཡི། །མཛེས་པ་དག་ནི་རབ་ཏུ་བྱུང་། །ཡོངས་སུ་དག་པ་བསྙེན་པར་རྫོགས། །ཞེས་གསུངས་པས་ན། ཚིགས་བཅད་འདི་གཉིས་ཀྱིས་
གུས་པར་གྱིས་ཤིག་ཅེས་བསྒོ་བར་བྱ་བའོ། ཐབས་དང་བཅས་པས་བསྙད་དེ་བསྒྲུབ་པའོ་ཞེས་པ་ཡིན་ཏེ་བག་ཡོད་པས་དགེ་སྦྱོང་གི་འབྲས་བུ་ལ་སོགས་པ་སྒྲུབས་ཤིག་ཅེས་ཐབས་དང་བཅས་པར་བསྙད་དེ། སྒྲུབས་ཤིག་པར་བསྒོའི། དགེ་སྦྱོང་གི་འབྲས་བུ་ལ་སོགས་པ་སྒྲུབས་ཤིག་ཅེས།
ཐབས་སམ་རྒྱུ་མེད་པར་བསྒོ་བ་མ་ཡིན་པའོ། །བསྙེན་པར་རྫོགས་པས་དང་པོར་ཕྱག་གསུམ་བྱ་བ་ལ་སོགས་པ་ནི་ལས་ཀྱི་དངོས་པོ་ལས་རྒྱས་པར་འབྱུང་བས་ན་འདིར་མ་སྨྲས་སོ། །བསྙེན་པར་རྫོགས་པའི་ཆོ་གའོ།། །།རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པས་རང་ཉམས་བྱར་མེད་པས་

ན་གནས་ལ་མ་ཞུས་པར་གནས་པས་བྱ་བ་མི་བྱ་ཞེས་པ་ཡིན་ཏེ། དེ་ལ་གནས་ནི་མཁན་པོའམ་སློབ་དཔོན་ནོ། །གནས་པ་ཞེས་པ་ནི་སློབ་མའམ་ཉེ་གནས་སོ། །བྱ་བ་ཞེས་པ་ནི་ཀླག་པ་དང་ཁ་ཏོན་དང་ལྷུང་བཟེད་དང་ཆོས་གོས་ཀྱི་བྱ་བ་ལ་སོགས་པའོ། །བྱ་བའི་ཆོ་ག་ཐམས་ཅད་མ་
ཞུས་པར་མི་བྱའམ་ཞེ་ན། བཤང་གཅི་དང་སོ་ཤིང་བཅའ་བ་དང་། གཙུག་ལག་ཁང་གི་ཉེན་ཀོར་དང་བཅས་པའི་མཆོད་རྟེན་ལ་ཕྱག་བྱ་བ་དང་། གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་བར་དུ་འགྲོ་བ་རྣམས་མ་གཏོགས་སོ་ཞེས་པ་ཡིན་ཏེ། འདོམ་བཞི་བཅུ་རྩ་དགུར་འགྲོ་བ་ཡང་དོན་
གཉེར་བ་ནི་དྲི་དགོས་སོ། །བྱ་བ་ལའང་རྣམ་པ་གཉིས་ཏེ། བརྩམ་པ་ཆེར་བྱ་བ་དང་ཆུང་བའོ། །དེ་ལ་བརྩམ་པ་ཆུང་བ་ནི་ནད་དྲི་བ་དང་བྲེ་མོའི་གཏམ་དང་། གོས་སྤྲུག་བརྡབ་བྱ་བ་དང་རྡུལ་ཕྱི་བ་ལ་སོགས་པ་ཡིན་ཏེ། འདི་དག་ཀྱང་དྲིས་ན་དཔྱས་སུ་འགྱུར་བའི་ཕྱིར་དྲི་མི་དགོས་སོ། །གནས་
པས་ཇི་ལྟར་བྱ་བ་ནི། ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་། ནད་གཡོག་དང་། འགྱོད་པ་བསྩལ་བ་དང་། སྡིག་པའི་ལྟ་བར་གྱུར་པ་ལས་སླར་ལོག་པ་རྣམས། ཨེ་མ་བདག་གིས་བྱ་བའམ་བྱེད་དུ་གཞུག་ཅེས་ཤིན་ཏུ་བརྩོན་པར་བྱའོ་ཞེས་པ་ཡིན་ཏེ། དེ་ལ་འགྱོད་པ་བསྩལ་བ་ནི་དེས་ཉེས་
བྱས་ལ་སོགས་པ་བསླབ་པ་ལས་འདས་པ་ཞིག་བྱས་ན་འཆགས་པ་ལ་སོགས་པ་གཉེན་པོ་ལ་བརྟེན་དུ་གཞུག་པའོ། །སྡིག་པའི་ལྟ་བར་གྱུར་པ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་རྣམས་བར་དུ་གཅོད་པར་མི་འགྱུར་རོ་ཞེས་པར་ལྟ་བ་ལ་སོགས་པའོ། །གནས་
པས་བྱ་བ་དེར་ཟད་དམ་ཞེ་ན། དགེ་འདུན་ཆད་པས་གཅོད་པར་འདོད་ན་ཨེ་མ་འདི་ལ་དགེ་འདུན་གྱིས་ཇི་ལྟར་ཆད་པས་མི་ཆོད་པར་བྱ་ཞེས་སོ་ཞེས་པ་ཡིན་ཏེ། མཁན་པོའམ་གནས་དེ་ནས་བཀར་བ་ལ་སོགས་པའི་ཆད་པས་གཅོད་པར་རྩོམ་ན། བདག་གིས་ཅི་ནས་ཀྱང་ཆད་པས་མི་ཆོད་པར་བྱ་བའོ། །
ཆད་པས་ཆོད་པ་ཞིག་ཏུ་གྱུར་ན་ཇི་ལྟར་བྱ་ཞེ་ན། ཆོད་ན་འབྲལ་བར་རོ་ཞེས་པ་ཡིན་ཏེ། དེ་ཆད་པས་ཆོད་པ་ཞིག་ཏུ་གྱུར་ན། དེ་ལས་ཅི་ཕྱིན་པའམ་ཆད་པ་དེ་མྱུར་དུ་བྲལ་བར་གྲོགས་བྱ་བའོ། །གནས་པས་བྱ་བ་གཞན་ཡང་ཡོད་པ་འདི། ཆད་པ་དང་རྩ་བའི་ཆད་པ་དང་མགུ་བ་དང་རྩ་བའི་མགུ་བ་

དང་དབྱུང་བར་འདོད་ན། མནོད་པ་དང་འབྲལ་བར་རོ་ཞེས་པ་ཡིན་ཏེ། །མཁན་པོ་འམ་གནས་ལ་ལྷག་མ་བཅབས་པའི་ཉེས་པ་ཡོད་ན། ཆད་པ་ལ་སོགས་པ་དགེ་འདུན་ལས་མྱུར་དུ་གནོད་པ་དང་མྱུར་དུ་འབྲལ་བར་བསྟང་ཞིང་གྲོགས་བྱ་བའོ། །གནས་པའི་ཆོ་ག་དེ་ལྟར་བསྟན་ནས། གནས་ཀྱི་བྱ་བ་བསྟན་པའི་
ཕྱིར། །དེས་ཀྱང་དྲི་བ་མ་གཏོགས་ཀྱི། །འདི་དག་དེ་ལ་བྱ་ཞེས་པ་ཡིན་ཏེ། གནས་ཀྱིས་ཀྱང་ཞུ་བར་མི་བྱར་ཟད་ཀྱི། ལྷུང་བཟེད་དང་ཆོས་གོས་ཀྱི་ལས་ལ་སོགས་པ་གོང་དུ་སྨོས་པ་བཞིན་དུ་བསྟང་ཞིང་གྲོགས་བྱ་བའོ། །གནས་པ་ལ་མ་ཞུས་པར་གནས་པས་བྱ་བ་མི་བྱ་ཞེས་པ་དེ་བསྙེན་པར་རྫོགས་
ནས་ཇི་སྲིད་ལོན་ནས་གནས་བྱ་ཞེ་ན། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པས་མཁན་པོ་དང་གནས་དང་མི་གནས་པར་འདུག་པར་མི་བྱ་ཞེས་པ་ཡིན་ནོ། །ལོ་བཅུ་ལོན་པ་ཀུན་གྱིས་རྣམ་པ་འདི་གསུམ་བྱར་རུང་ངམ་ཞེ་ན། ཕྲུགས་འོག་ནས་འབྱུང་བ་གང་དང་ཡང་མི་ལྡན་པས་མ་ཡིན་ནོ་ཞེས་པ་སྟེ། ལོ་
བཅུ་ལོན་དུ་ཟིན་ཀྱང་ལྔ་ཕྲུགས་འོག་ནས་འབྱུང་བའི་ནང་ནས་གང་དང་ཡང་མི་ལྡན་ན་གོང་དུ་སྨོས་པ་གསུམ་བྱར་མི་རུང་། ལྔ་ཕྲུགས་དེ་དག་གང་ཞེ་ན། ནད་གཡོག་དང་ཐེ་ཚོམ་སེལ་བ་དང་། སྡིག་པའི་ལྟ་བར་གྱུར་པ་ལྡོག་པ་དང་། མི་དགའ་བའི་གནས་བཏང་བ་རྣམས་བྱ་བའམ་བྱེད་དུ་གཞུག་ནུས་པའོ་
ཞེས་པ་ཡིན་ཏེ། མིང་གིས་སྨོས་པ་འདི་བཞི་བདག་གིས་བྱེད་ནུས་ཀྱང་རུང་། ཕ་རོལ་ལ་འཆོལ་ནུས་ཀྱང་རུང་བའོ། །དེ་ལ་ནད་གཡོག་ཅེས་པས་ནི་སྡུག་བསྔལ་བཟོད་པ་དང་སྙིང་རྗེ་དང་ལྡན་པར་སྟོན་པའོ། །ཐེ་ཚོམ་སེལ་ཞེས་པས་ནི་འདུལ་བ་ལ་མཁས་པར་སྟོན་ཏོ། །ལྟ་བར་སོང་བ་ལས་བཟློག་
ཅེས་པས་ནི་ཆོས་མངོན་པ་ལ་མཁས་པར་སྟོན་ཏོ། །མི་དགའ་བའི་གནས་ནས་གཏོང་ཞེས་པས་ནི་བསམ་པ་ཤེས་པར་སྟོན་ཏོ། །བྱེད་དུ་གཞུག་ནུས་ཞེས་འབྱུང་བ་ཡང་། བདག་གིས་བྱེད་མི་ནུས་པར་སྟོན་པ་མ་ཡིན་ཏེ། དེ་ཡང་ཅི་ཕྱིར་ཞེ་ན། ཡན་ལག་གི་མཆོག་འདུལ་བ་ལ་མཁས་པ་ཡིན་པ་ལས།
འདུལ་བ་ལ་མི་མཁས་པས་ཐེ་ཚོམ་སེལ་མི་ནུས་པའི་ཕྱིར་རོ། །འོ་ན་བྱ་བ་དང་བྱེད་དུ་གཞུག་ཅེས་པ་ཅི་སྨོས་ཤེ་ན། ལ་ལ་གང་གིས་འདུལ་ལ་ལ་གང་གིས་འདུལ་བས་ན། བདག་གིས་མི་ཤེས་པའི་ཕྱིར། ཕ་རོལ་ལ་བཅོལ་བ་མ་ཡིན་གྱི། བདག་པས་གཞན་གྱིས་བསྟན་ན། །དེ་འདུལ་བར་འགྱུར་བའི་

ཕྱིར་རོ། །ལྔ་ཕྲུགས་འོག་མ་མ་ཚང་བ་རྣམས་བསྐང་བའི་ཕྱིར་སྦྱོར་བའི་མདོ་སྟོན་པ་ནི། སློབ་ཆེས་པ་ཡན་ཆད་སྔར་མེད་པ་ལ། ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པ་དང་སྦྱོར་ཞེས་པ་ཡིན་ཏེ། སློབ་ཆེས་པའི་ཚིག་འོག་ནས་འབྱུང་བ་ཡན་ཆད་ལྔ་ཕྲུགས་སུ་
མ་ཚང་བ་རྣམས་འདི་གཉིས་དང་སྦྱར་བར་སྟོན་པའོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པ་ནི་ཕས་ཕམ་པ་མ་བྱུང་བ་ཙམ་ལ་མི་བྱའི། བསླབ་པ་ཕྲན་ཚེགས་ཡན་ཆད་ལ་སྡོམ་པར་འཇིག་རྟེན་པ་ཀུན་གྱིས་བརྩི་བའོ། །མང་དུ་ཐོས་ཞེས་པ་ནི། སྡེ་སྣོད་གསུམ་ཞེས་པ་གང་ནས་འབྱུང་བ་དེའི་ཚེ་
ཕྱིའི་གཙུག་ལག་ཐོས་པར་དྲང་ངོ་། སྡེ་སྣོད་མངོན་པར་ཤེས་པའི་ཞེས་པ་ནི། སྡེ་སྣོད་གསུམ་ལ་འཛིན་པ་དང་། མཁས་པ་དང་རིག་པ་དང་། གསལ་བ་ཞེས་གཞུང་ལས་འབྱུང་བ། སློབ་དཔོན་གྱིས་འདིར་སྡེ་སྣོད་ཤེས་པར་བསྡུས་པས་ན་མིང་གིས་སྨོས་པ་བཞི་པོ་དེ་དག་རེ་རེ་ཞིང་། ཚུལ་ཁྲིམས་
དང་ལྡན་པ་དང་། མང་དུ་ཐོས་པས་བསྐང་སྟེ། སྤྱིར་ལྔ་ཕྲུགས་བཞི་ཡོད་པར་རིག་པར་བྱའོ། །དེ་ལ་འཛིན་ཞེས་པ་ནི་མི་བརྗེད་པའོ། །མཁས་ཞེས་པ་ནི་སྡེ་སྣོད་གསུམ་གྱི་ཆོས་འདྲེན་མར་འདུག་པ་སོ་སོར་ཕྱེ་བའོ། །རིག་ཅེས་པ་ནི་སྡེ་སྣོད་གསུམ་གཞུང་དང་རིགས་པས་རྟོགས་པའོ། །
གསལ་ཞེས་པ་ནི་དེ་ལྟར་རྟོགས་པ་གཞན་ལ་རྒྱས་པར་སྟོན་ནུས་པའོ། །དེ་དག་སྟོན་ནུས་པའོ་ཞེས་པ་ནི། སྡེ་སྣོད་དེ་གསུམ་གཞན་གྱིས་དོན་གོ་བར་སྟོན་ནུས་པའི་སྟེང་དུ་ཚུལ་ཁྲིམས་དང་ལྡན་པ་དང་། མང་དུ་ཐོས་པས་བསྣན་ཏེ། ལྔ་ཕྲུགས་གཅིག་ཏུ་སྟོན་པའོ། །ལྷག་པའི་ཚུལ་
ཁྲིམས་དང་། སེམས་དང་། ཤེས་རབ་ལ་སློབ་པའོ་ཞེས་པ་ནི། འདི་གསུམ་གྱི་སྟེང་དུ་གཉིས་ཀྱིས་བསྣན་ཏེ། ལྔ་ཕྲུགས་གཅིག་ཏུ་སྟོན་པའོ། །དེ་ལ་ཚུལ་ཁྲིམས་ཞེས་པ་ནི་ཚུལ་ཁྲིམས་ཐམས་ཅད་དེ་འདུལ་བའོ། །སེམས་ཞེས་པ་ནི་བསམ་གཏན་བཞིའོ། །ཤེས་རབ་ཅེས་པ་ནི་ཟག་
པ་མེད་པའི་ལམ་མོ། །སློབ་ནུས་པ་ཡང་ངོ་ཞེས་པ་ནི་གོང་དུ་སྨོས་པ་གསུམ་གཞན་ལ་སྟོན་ནུས་པའི་སྟེང་དུ་གོང་མ་གཉིས་བསྣན་ཏེ། ལྔ་ཕྲུགས་གཅིག་ཏུ་སྟོན་པའོ། །སྤྱོད་པ་དང་འདུལ་བ་དང་སོ་སོར་ཐར་པ་ཡང་དེ་བཞིན་ཞེས་པ་ནི། འདི་གསུམ་གྱི་སྟེང་དུ་གཉིས་ཀྱིས་བསྣན་ཏེ། ལྔ་གོང་

མ་བཞིན་དུ་ཉིད་སློབ་པ་དང་། གཞན་སློབ་ནུས་པས་ཕྱེ་སྟེ། ལྔ་ཕྲུགས་གཉིས་སུ་སྟོན་པའོ། །དེ་ལ་སྤྱོད་པ་ཞེས་པ་ནི། གོས་ཚགས་དང་བསོད་སྙོམས་ཡན་ཆད་དགེ་སློང་གི་སྤྱད་པའི་ཆོ་ག་ལ་བྱ། འདུལ་བ་དང་སོ་སོ་ཐར་ཞེས་པ་ནི། རྣམ་པར་འབྱེད་པ་ལ་སོགས་པ་དང་སོ་སོ་ཐར་པ་ཉིད་
དོ། །དད་པ་ཚུལ་ཁྲིམས་ཐོས་པ། གཏོང་བ། ཤེས་པ་རྣམས་དང་ལྡན་པའོ་ཞེས་པ་ནི་དཀོན་མཆོག་གསུམ་ལ་དང་བའི་དད་པ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་སྤོང་བ་ཚུལ་ཁྲིམས་དང་། འདུལ་བར་གཏོགས་པ་ལ་སོགས་པ་གོ་བའི་ཐོས་པ་དང་། འདོད་ཞེན་མེད་པའི་ངོ་བོ་
གཏོང་བ་དང་། ཆོས་རྣམས་རྟོགས་པའི་ཤེས་རབ་འདི་ལྔ་དང་ལྡན་པ་ལྔ་ཕྲུགས་གཅིག་ཏུ་སྟོན་པའོ། །ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། དེ་ཤེས་པ་མཐོང་བ་རྣམས་སོ་ཞེས་པ་ནི། མིང་གིས་སྨོས་པ་འདི་ལྔ་ལྔ་ཕྲུགས་གཅིག་ཏུ་སྟོན་པའོ། །
དེ་ལ་ཚུལ་ཁྲིམས་ཞེས་པ་ནི་འདུལ་བ་ཤེས་པའོ། །ཏིང་ངེ་འཛིན་ཞེས་པ་ནི་སེམས་རྩེ་གཅིག་པའོ། །ཤེས་རབ་ནི་གོང་དུ་བཤད་པ་དང་འདྲ། རྣམ་པར་གྲོལ་བ་ཞེས་པ་ནི་མི་སློབ་པའི་རྣམ་པར་གྲོལ་བའོ། །དེ་ཤེས་པ་ནི་ཟད་པ་དང་མི་སྐྱེ་བའི་ཤེས་པའོ། །མཐོང་ཞེས་པ་ནི་མི་སློབ་པའི་ལྟ་
བའོ། །བརྩོན་འགྲུས་བརྩམས་པ་དང་ཤེས་རབ་དང་ལྡན་པར་སྦྱོར་བ་ཡང་ངོ་ཞེས་པ་ནི། འོག་མའི་མདོ་གསུམ་དང་སྦྱོར་བར་སྟོན་པའོ། །དྲན་པ་དང་ལྡན་པའོ་ཞེས་པ་ནི་དྲན་པ་དང་ལྡན་པའི་སྟེང་དུ། བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་དང་ལྡན་པ་དང་། གོང་མ་གཉིས་ཀྱིས་
བསྣན་ཏེ་ལྔ་ལྔ་ཕྲུགས་གཅིག་ཏུ་སྟོན་པའོ། །དབེན་པ་ཡང་ངོ་ཞེས་པ་ནི་འདུ་འཛི་མེད་པ་སྟེ། འདིའི་སྟེང་དུ་གོང་མ་བཞིས་བསྣན་ཏེ། ཕྲུགས་གཅིག་ཏུ་སྟོན་པ་སྔ་མ་དང་འདྲའོ། །མཉམ་པར་གཞག་པའོ་ཞེས་པ་ནི་སེམས་མི་གཡེང་བར་ཁུགས་ཤིང་ཞི་པ་ཉིད་དེ། འདི་ཡང་གོང་མ་དང་
འདྲ་བར་ལྔ་ཕྲུགས་གཅིག་ཏུ་སྟོན་ཏོ། །སློབ་པ་ཡང་ངོ་ཞེས་པ་ནི་ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པ་སྤོང་བར་སློབ་པས་ན་སློབ་པ་ཞེས་བྱ་སྟེ། སློབ་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། དེ་ཤེས་པ་མཐོང་བའི་ཕུང་པོ་རྣམས་དང་ལྡན་པ།

ལྔ་ཕྲུགས་གཅིག་ཏུ་སྟོན་པའོ། །དེ་ལ་རྣམ་པར་གྲོལ་བ་ཞེས་པ་ནི་སློབ་པའི་ལྷག་པར་མོས་པའོ། །ཤེས་པ་ཞེས་པ་ནི་ཆོས་ཤེས་པ་ལ་སོགས་པའོ། །མཐོང་ཞེས་པ་ནི་ཆོས་ཤེས་པར་བཟོད་བ་ལ་སོགས་པའི་ཤེས་རབ་བོ། །མི་སློབ་པ་ཡང་ངོ་ཞེས་པ་ནི་དགྲ་བཅོམ་པ་སྟེ། དེའི་
ཚུལ་ཁྲིམས་ལ་སོགས་པ་ལྔ་དང་ལྡན་པ་ལྔ་ཕྲུགས་གཅིག་ཏུ་སྟོན་པའོ། །བྱུང་བ་དང་། བཅས་པ་དང་། རྗེས་སུ་བཅས་པ་དང་། དགག་པ་དང་། གནང་བ་རྣམས་མངོན་པར་ཤེས་པའོ་ཞེས་པ་ནི་རྣམ་པ་འདི་ལྔ་ལྔ་ཕྲུགས་གཅིག་ཏུ་སྟོན་ཏོ། །དེ་ལ་བྱུང་བ་ཞེས་པ་ནི། བསླབ་པ་བཅས་པའི་གླེང་
གཞིའི་ཁུངས་སོ། །བཅས་པ་ཞེས་པ་ནི་བསླབ་པ་རྣམ་པར་གཞག་པའོ། །རྗེས་སུ་བཅས་པ་ཞེས་པ་ནི་རྣམ་པ་གཉིས་ཏེ། སྔོན་གནང་བ་ལས་དེའི་ཡན་ལག་ཏུ་བཅས་པ་དང་། སྔོན་བཀག་པ་ལས་ཕྱིས་གནང་བའོ། །དཔེར་ན་སྔར་ལྷམ་འཆང་ངུ་གནང་བ་ལས། ཀྲིག་ཀྲིག་ཟེར་བ་དང་།
ཙིད་ཙིད་ཟེར་བ་དང་། དྲེགས་པ་སྐྱེ་བར་འགྱུར་བ་རྣམས་མི་སྣང་བར་བཅས་པ་ལྟ་བུ་དང་། དུས་མ་ཡིན་པའི་ཟས་སྔར་བཀག་སྟེ་མ་གནང་བ་ལས་ཕྱིས་ནད་ཀྱི་རྐྱེན་གྱིས་གནང་བ་ལྟ་བུ་ལ་སོགས་པའོ། །བཀག་ཅེས་པ་ནི་ཆང་ལྟ་བུ་ནད་ཀྱི་རྐྱེན་གྱི་ཕྱིར་ཡང་མ་གནང་སྟེ་ཡེ་བཀག་པའོ། །
གནང་བ་ཞེས་པ་ནི་ཕས་ཀྱི་སྨྲ་བ་ཚར་བཅད་པའི་ཕྱིར་ཕྱིའི་གཙུག་ལག་སློབས་ཤིག་པ་ལྟ་བུ་བསླབས་ཀྱང་རུང་མ་བསླབས་ཀྱང་རུང་ཉེས་པ་མེད་པའོ། །བར་དུ་གཅོད་པ་དང་བར་དུ་མི་གཅོད་པ་ཤེས་པ་དང་། བཤད་པ་དང་། རྗེས་སུ་སྟོན་པའོ་ཞེས་པ་ནི་བར་དུ་གཅོད་པ་དང་། མི་གཅོད་པ་ཤེས་པ་
དང་། དེ་ཉིད་གཞན་ལ་འཆད་ནུས་པ་དང་མི་བྱ་བ་ལས་བཟློག་ཅིང་བྱ་བ་ལ་འཇུད་པར་སྟོན་པ་བཞི་འོག་ནས་འབྱུང་བ་དང་སྦྱོར་བར་སྟོན་པའོ། །གནས་དང་ཉེ་བར་གནས་པ་འཆོལ་ནུས་པ་དང་སྦྱར་ཞེས་པ་ནི། བདག་དོན་ཆེད་ཀྱི་ཕྱིར་གུད་དུ་འགྲོ་ན་བདག་ལ་གནས་པ་གཞན་ལ་གནས་པར་
འཆོལ་བའི་མཐུ་ཡོད་པའི་སྟེང་དུ་གོང་མ་བཞིས་བསྣན་ཏེ། ལྔ་ཕྲུགས་གཅིག་ཏུ་སྟོན་པ་དང་། བདག་ཆད་པ་ལ་སོགས་པའི་ལས་བྱེད་པའི་ཚེ། བདག་ལ་གནས་པ་ཕ་རོལ་ལ་རེ་ཞིག་གནས་པར་འཆོལ་བའི་མཐུ་ཡོད་པའི་སྟེང་དུ་གོང་མ་བཞིས་བསྣན་ཏེ་ལྔ་ཕྲུགས་གཅིག་ཏུ་སྟོན་པའོ། །ལྟུང་

བ་དང་། མི་ལྟུང་བ་དང་། ལྕི་བ་དང་། ཡང་བ་ཤེས་པ་དང་། སོ་སོར་ཐར་པ་རྒྱས་པར་ཐོན་པའོ་ཞེས་པ་ནི་མིང་གིས་སྨོས་པ་འདི་ལྔ་དང་ལྡན་པ་ལྔ་ཕྲུགས་གཅིག་ཏུ་སྟོན་ཏེ། དེ་ལ་ལྕི་ཡང་ཤེས་པ་ནི་སྦོམ་པོ་བྱུང་ན། ཁ་ཅིག་ནི་དགེ་འདུན་ཐམས་ཅད་ཀྱི་མདུན་དུ་བཤགས་དགོས། ཁ་ཅིག་ནི་ལྔ་ལ་
སོགས་པའི་མདུན་དུ་བཤགས་པའི་ལྕི་ཡང་ཤེས་པའོ། །འདུལ་བ་ཐམས་ཅད་ནི་སོ་སོར་ཐར་པ་རྒྱས་པ་ཡིན་པས་ན། འདུལ་བ་ཀུན་ཁ་ཏོན་དུ་ཤེས་པ་ལ་བྱའོ། །གཙུག་ལག་ཁང་འགའ་ཞིག་ན་བསྙེན་པར་རྫོགས་ནས་ནི་ལོ་བཅུ་ལྷག་ལ་ལྔ་ཕྲུགས་དང་ནི་མི་ལྡན་ཏེ། དེ་ལས་རྒན་ཞིང་གནས་འཆར་འོས་
པ་ཡང་མེད་པ་ཞིག་ན་ཇི་ལྟར་བྱ་ཞེ་ན། རྒན་པོ་མེད་ན་གཞོན་ནུ་ལ་གནས་བཅའ་ཞེས་པ་ཡིན་ཏེ། གོང་དུ་སྨོས་པ་ལྟར་རྒན་པ་ནི་མེད་ལ། དེ་བས་གཞོན་པ་ལོ་བཅུ་ཡང་ལོན་ལྔ་ཕྲུགས་དང་ཡང་ལྡན་ན། རྒན་རབས་དེ་ལ་གནས་པར་བྱ་བའོ། །དེ་ཉེ་གནས་ཀྱི་བྱ་བ་ཀུན་བྱའམ་ཞེ་ན། ཕྱག་ཉི་ཚེ་
མ་གཏོགས་ཞེས་པ་ཡིན་ནོ། །གཞི་གཅིག་ན་འཁོད་པ་གནས་མི་བཅར་མི་རུང་བ་བཞིན་དུ་ཡུལ་རྒྱུ་བ་འང་དེ་དང་འདྲ་འམ་ཞེ་ན། ལོ་ལྔ་ལོན་པ་ཕྲུགས་ཐ་མ་དང་ཡང་ལྡན་ན་གནས་མེད་པར་ཡུལ་དུ་རྒྱུ་བ་སྤྱོད་ཅིག་ཅེས་པ་ཡིན་ཏེ། སོ་སོར་ཐར་པ་རྒྱས་པར་ཐོན་པ་ལ་སོགས་པའི་ལྔ་ཕྲུགས་དང་ཡང་
ལྡན། བསྙེན་པར་རྫོགས་ནས་ཀྱང་ལོ་ལྔ་ལོན་པ་ཞིག་ན་གནས་མེད་ཀྱང་ཡུལ་རྒྱུ་བ་རུང་བར་སྟོན་པའོ། །ཕྲུགས་ཐ་མ་དང་ནི་ལྡན་ལོ་ལྔར་ནི་མ་ལོན་པ་ཞིག་ན་གནས་མེད་པར་ཡུལ་རྒྱུ་བ་སྤྱད་དུ་རུང་ངམ་ཞེ་ན། གཞན་ནི་རིག་པ་གསུམ་དང་ལྡན་ཡང་མ་ཡིན་ཞེས་པ་སྟེ། མི་སློབ་པའི་སྔོན་གྱི་
གནས་དྲན་པ་དང་། སྐྱེ་ཤི་དང་། ཟག་པ་མེད་པའི་ཤེས་པ་མངོན་དུ་རིག་པ་རྣམས་ཡོད་ཀྱང་། བསྙེན་པར་རྫོགས་ནས་ལོ་ལྔར་མ་ལོན་ན་གནས་མེད་པར་ཡུལ་རྒྱུར་མི་གནང་། གནས་པར་གཏོགས་པའོ། །གོང་དུ་བར་ཆད་ཀྱི་ཆོས་དྲིས་ལ་ཡོངས་སུ་གཙང་ན། མཁན་པོ་སྔ་མར་སྐབས་དབྱེ་
ཞེས་སྨོས་པའི་བར་ཆད་དྲི་བ་དེ་སྟོན་ཏེ། དེ་ཡང་མ་གསོད་པ་ལ་སོགས་རབ་ཏུ་འབྱུང་བ་ལ་བར་དུ་གཅོད་པ་དང་། རྐང་ལག་འཇས་འགྲུམ་ལ་སོགས་པ། མཛེས་པ་ལ་བར་དུ་གཅོད་པ་དང་། མུ་སྟེགས་ཀྱི་ལྟ་བ་དང་། རྒྱལ་པོའི་ལས་བྱེད་པ་ལྟ་བུ་ལ་སོགས་པ་རེ་ཞིག་བར་དུ་གཅོད་པ་རྣམས་སོ། །

འདིར་ནི་ལྟ་བའི་བར་དུ་གཅོད་པ་ལས་གླེངས་པས་ན། རབ་ཏུ་འབྱུང་བར་འོངས་པ་ལ་ཁྱོད་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ་ཞེས་པ་ཡིན་ཏེ། ལ་ལ་རབ་ཏུ་འབྱུང་བར་འོངས་ན། མཁན་པོས་ཁྱོད་མུ་སྟེགས་ཅན་མ་ཡིན་
ནམ་ཞེས་དྲི། ཡིན་ན་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ། དེ་ལྟར་དྲི་བ་ནི་བསྙེན་པར་རྫོགས་པ་རྣམས་ཀྱིས་ཀྱང་དྲི་དགོས་སོ། །དེ་ལ་དག་ཅེས་པ་ནི་གསང་སྟེ་སྟོན་པ་དང་། ལས་བྱེད་པ་དགེ་འདུན་གྱིས་བསྐོས་པར་ཟད་པས་ན། དགེ་འདུན་གྱིས་དྲི་དགོས་པའི་ཕྱིར། དག་ཅེས་
བྱ་བ་མང་པོའི་ཚིག་སྨོས་དགོས་སོ། །མུ་སྟེགས་ཡིན་ཞེས་ཟེར་བ་ན་ཇི་ལྟར་བྱ་ཞེ་ན། ཤཱཀྱ་དང་མེ་ལྷ་རལ་པ་ཅན་མ་གཏོགས་པར་སེམས་མགུ་བར་མ་བྱས་པའི་མུ་སྟེགས་ཅན་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་མི་བྱའོ་ཞེས་པ་ཡིན་ཏེ། ཤཱཀྱའི་རིགས་ཀྱི་མུ་སྟེགས་ཅན་དང་། རལ་པ་
ཅན་མེ་ལྷ་རྗེད་པའི་མུ་སྟེགས་ཅན་གཉིས་མ་གཏོགས་པར། མུ་སྟེགས་ཅན་གཞན་རབ་ཏུ་འབྱུང་བར་འོངས་ནས་དགེ་འདུན་ཡིད་མ་ཆེས་ཀྱི་བར་དུ། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །དེ་གཉིས་ཅིའི་ཕྱིར་མ་གཏོགས་ཤེ་ན། དེ་གཉིས་ལས་གཡོ་དང་དཀྱོར་མི་འབྱུང་བའི་ཕྱིར་རོ། །
སློབ་དཔོན་གྱིས་གཙུག་ལག་འདི་ལ་གོ་སླ་བར་བྱ་བའི་ཕྱིར། ཁྲིད་ཅེས་པའི་སྙད་ཀྱིས་སྟོན་པ་ནི། དེ་དག་ལ་མུ་སྟེགས་ཅན་དང་། ཤཱཀྱ་ལ་སོགས་པ་མུ་སྟེགས་ཅན་ཞེས་པའི་བར་དུ་མ་གཏོགས་པ་ཁྲིད་ཅེས་པ་ཡིན་ཏེ། གོང་དུ་མདོ་གཉིས་ཐལ་བ་ལ་མདོ་གོང་མའི་མུ་སྟེགས་ཅན་ཞེས་སྨོས་པ་
དང་། མདོ་འོག་མ་ལས་ཤཱཀྱ་ཞེས་པ་ནས་མུ་སྟེགས་ཞེས་པའི་བར་དུ་སྨོས་པའི་ཚིག་རྣམས། ཁྲིད་ཀྱི་རྩིས་མགོ་ལ་མ་གཏོགས་པར་སྟོན་པའོ། །དེ་གཉིས་ཅིའི་ཕྱིར་མ་གཏོགས་ཤེ་ན། མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་ཉི་ཚེར་མ་ཟད་པས་ན། མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བ་ནི་དངོས་
སུ་སྨོས་ཟིན་པའི་ཕྱིར། རྩིས་མགོ་བསྒྲེ་མི་དགོས་པ་དང་། ཤཱཀྱ་དང་མེ་ལྷ་རལ་པ་ཅན་གཉིས་དགེ་འདུན་རྣམས་ཡིད་ཆེས་པའི་བར་དུ་བརྟག་མི་དགོས་པས་ན་རབ་ཏུ་འབྱུང་བར་འོངས་པ་ལ་དྲི། ཡིན་ན་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་ཞེས་པ་ཁྲིད་ཀྱིས་བསྒྲེ་བ་ལས་མ་གཏོགས་

པའི་ཕྱིར་རོ། །སེམས་མགུ་བར་མ་བྱས་ཀྱི་བར་དུ་མུ་སྟེགས་ཅན་རབ་ཏུ་མི་དབྱུང་ཞིང་བསྙེན་པར་རྫོགས་པར་མི་བྱ་ཞེས་གོང་དུ་སྨོས་པའི་མགུ་བའི་ཚད་ཇི་ཙམ་གྱིས་གཟུང་ཞེ་ན། དཀོན་མཆོག་བསྟོད་པ་དང་། མུ་སྟེགས་སྨད་པ་ཡང་དག་པར་སྨྲས་ཀྱང་མ་འཁྲུགས་ན་སེམས་མགུ་བར་བྱས་པའོ་ཞེས་པ་
ཡིན་ཏེ། མུ་སྟེགས་ཅན་ལས་རབ་ཏུ་འབྱུང་བར་འོངས་ན་དཀོན་མཆོག་གསུམ་ནི་ཡང་དག་པར་བསྟོད། མུ་སྟེགས་ཀྱི་སྟོན་པ་དང་། གཞུང་ནི་ཡང་དག་པར་སྨད་ཀྱང་། དེ་མི་དགའ་ཞིང་སེམས་འཁྲུགས་པ་མེད་ན་མགུ་བར་བྱེད་པའི་ཚད་དེ་གཟུང་ངོ་། །མུ་སྟེགས་ཅན་དེ་བགམ་བའི་ཐབས་ཇི་ལྟར་
བྱ་ཞེ་ན། དེ་དང་མི་ལྡན་པ་དེའི་ཕྱིར་འདི་དགེ་བསྙེན་གྱིས་མཐར་བྱས་ཏེ། ཟླ་བ་བཞིར་གཞག་པ་དགེ་འདུན་གྱི་ལས་ཀྱིས་གཞག་ཅེས་པ་ཡིན་ཏེ། རབ་ཏུ་འབྱུང་བར་འདོད་པ་དེ་སེམས་མགུ་བར་བྱེད་པ་དང་ལྡན་པ་མ་ཡིན་ན་བགམ་པའི་ཕྱིར་དགེ་བསྙེན་གྱི་སྡོམ་པ་ཕོག་ལ། གསོལ་བ་དང་བཞིའི་
ལས་ཀྱིས་ཟླ་བ་བཞིའི་བར་དུ་གཞག་པར་བྱ་བའོ། །དེའི་ཟས་ཇི་ལྟར་སུས་སྦྱིན་ཞེ་ན། དེའི་ཟས་ནི་དགེ་འདུན་ལས་སོ་ཞེས་པ་ཡིན་ནོ། །དེའི་གོས་སུས་སྦྱར་ཞེ་ན། མཁན་པོ་ལས་ནི་གོས་ཞེས་པ་ཡིན་ནོ། །ཟས་དང་གོས་སྦྱར་ནས་ཇི་བྱེད་དུ་གཞུག་ཅེ་ན། ལས་བྱེད་དུ་གཞུག་ཅེས་པ་ཡིན་ཏེ། གཙང་
སྦྱོར་ལ་སོགས་པ་གང་ཟག་གི་ལས་དགེ་ཚུལ་གྱིས་བྱ་བ་རྣམས་ཀྱང་རེས་ཀྱིས་བྱེད་དུ་གཞུག །རེ་ཞིག་བར་དུ་གཅོད་པའི་རྣམ་པ་བསྟན་པའི་ཕྱིར། རབ་ཏུ་དབྱུང་བའི་ཕྱིར་འོངས་ན་ཁྱོད་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་ཞེས་པ་ཡིན་ནོ། །ལོ་བཅོ་ལྔ་མ་ལོན་པ་ཞིག་ན་ཇི་ལྟར་བྱ་ཞེ་ན། མ་ཚང་ཞིང་བྱ་རོག་པུར་མི་ནུས་
པ་དང་ནུས་ཀྱང་ལོ་བདུན་མ་ལོན་བ་རབ་ཏུ་མི་དབྱུང་ཞེས་པ་ཡིན་ཏེ། བྱ་རོག་སྐྲོད་ནུས་ན། ལོ་བཅོ་ལྔ་མ་ལོན་ཡང་རབ་ཏུ་དབྱུང་བ་དང་། ལོ་བདུན་མ་ལོན་ན་བྱ་རོག་སྐྲོད་ནུས་ཀྱང་རབ་ཏུ་མི་དབྱུང་བའོ། །བསྙེན་པར་རྫོགས་པ་དུ་མ་གནས་གཅིག་ལ་ཞུ་བ་བཞིན་དུ། དགེ་ཚུལ་ཡང་དེ་དང་འདྲ་འམ་ཞེ་ན།
དགེ་ཚུལ་གཅིག་ལས་ལག་པར་མི་གཞག་ཅེས་པ་ཡིན་ཏེ། དགེ་ཚུལ་གཉིས་ཡན་ཆད་གནས་གཅིག་ཏུ་བཀོད་ན། རྩེ་ཞིང་གཡེང་བའི་ཕྱིར་རོ། །རབ་ཏུ་དབྱུང་བ་འང་གོང་མ་བཞིན་ནམ་ཞེ་ན། ལྷན་ཅིག་རབ་ཏུ་དབྱུང་བར་འདོད་ན། རབ་ཏུ་ཕྱུང་ལ་མང་བ་བསྙེན་པར་རྫོགས་པར་བྱ་ཞེས་པ་ཡིན་ཏེ།

ལ་ལ་ཅིག་ཅར་རབ་ཏུ་འབྱུང་བར་འདོད་ན། ཅིག་ཅར་རབ་ཏུ་ཕྱུང་ལ། གང་ལོ་མང་དུ་ལོན་པ་དེ་བསྙེན་པར་རྫོགས་པར་སྤར་བའོ། །བསྙེན་པར་རྫོགས་པར་སྤར་དུ་ལོ་ཉི་ཤུར་མ་ལོན་ན་ཇི་ལྟར་བྱ་ཞེ་ན། གལ་ཏེ་མ་ཚང་ན་གཞན་ལ་ཉེ་གནས་སུ་འཆོལ་ཞེས་པ་ཡིན་ནོ། །བཅོལ་བ་
དེས་ཐལ་བྱུང་བདག་གི་སློབ་མར་བྱའམ་ཞེ་ན། དེས་དེ་མི་དབྲོག་ཅེས་པ་ཡིན་ནོ། །ཉེ་གནས་དེས་སླར་མི་སྟེར་ན་ཇི་ལྟར་བྱ་ཞེ་ན་མི་སྟེར་ན་མཐུས་ཕྲོགས་ལ་བསྙེན་པར་རྫོགས་པར་བྱ་ཞེས་པ་ཡིན་ཏེ། ཉེ་གནས་སླར་མི་སྟེར་ན་ནན་གྱིས་ཀྱང་ཕྲོགས་ལ་བསྙེན་པར་རྫོགས་པར་བྱ་བའོ། །གོང་དུ་ཁྲིད་ཀྱི་
སྙེད་ཀྱིས་གོ་སླ་བར་བསྒྲེ་ཞེས་པ་གང་ཞེ་ན། ཀྲིད་བྲན་ཞེས་པ་ལྟ་བུའང་ཡིན་ཏེ། ཁྱོད་བྲན་མ་ཡིན་ནམ་ཞེས་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་བསྙེན་པར་རྫོགས་པར་འོངས་པ་ལ་དྲི། ཡིན་ན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་ཞེས་པ་ལ་སོགས་པའི་ཚིག་རྣམས་མང་དུ་
སྨོས་མི་དགོས་པར་ཁྲིད་ཀྱིས་བསྒྲེ་བར་བྱ་བའོ། །ཀྲིད་དང་སྦྱར་བ་ཐམས་ཅད་གོང་མ་དང་ངམ་ཞེ་ན། ཁྱོད་ཀྱིས་དེ་སུ་ལ་གང་ཅུང་ཟད་མང་ཡང་རུང་ཉུང་ཡང་རུང་གཞལ་བ་ཞེས་པ་ཡིན་ཏེ། ཁྱོད་བྲན་མ་ཡིན་ནམ་ཞེས་བརྗོད་པ་ལྟ་བུའི་གོར། ཁྱོད་ཀྱིས་སུ་ལའང་མང་ཡང་རུང་ཉུང་ཡང་རུང་གཞལ་
དགོས་པ་མེད་དམ་ཞེས་རབ་ཏུ་འབྱུང་བར་འོངས་པ་ལ་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི། ཆགས་ཉེན་ཅན་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་མི་བྱ། རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་ནས་འཇལ་ནུས་ན་ཞེས་པ་ལ་སོགས་པའི་ཚིག་རྣམས་ཁྲིད་བཞིན་དུ་ཁྱོད་ཀྱིས་སུ་བསྒྱུར་བས་བསྒྲེ་
བར་སྟོན་པའོ། །ཕ་མས་མ་གནང་བཞིན་དུ་རབ་ཏུ་འབྱུང་བར་འདོད་ན་ཇི་ལྟར་བྱ་བ་ནི། རབ་ཏུ་འབྱུང་བར་འདོད་པའི་ཕ་མ་འཚོ་ལ་དེ་གཉིས་ཀྱིས་ཀྱང་མི་གཏོང་ཞིང་ཡུལ་ཡང་ཉིན་ཞག་བདུན་གྱི་བར་དུ་གཞག་ཅེས་པ་ཡིན་ནོ། །ཡུལ་རིང་དུ་ཟིན་ཀྱང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་མི་དབྱུང་ཞེས་པའང་ཡིན་ཏེ།
ཡུལ་རིང་མོ་ཞིག་ན་འདུག་ཀྱང་དགེ་འདུན་ཀུན་ལ་མ་ཞུས་པར་རབ་ཏུ་དབྱུང་དུ་མི་རུང་ཟིན་ཀྱང་ཞེས་པའི་ཚིག་གིས་ནི་ཡུལ་ཉེ་བ་ཡང་དགེ་འདུན་གྱིས་མ་ཞུས་པར་རབ་ཏུ་དབྱུང་དུ་མི་རུང་བར་སྟོན་ཏོ། །ཞག་བདུན་གྱི་བར་དུ་བསྐྱང་སྟེ། གཞག་པའི་ཟས་སུས་སྦྱིན་ཞེ་ན། རབ་ཏུ་དབྱུང་བར་འདོད་པའི་ཟས་

ནི་དགེ་འདུན་གྱིས་སྦྱིན་པའི་རིགས་སོ་ཞེས་པ་ཡིན་ནོ། །ཡང་ཁྲིད་དང་སྦྱར་མར་སྟོན་པ་ནི། ཁྲིད་ཁྱོད་ལ་ཕ་མས་གནང་ངམ། ཡུལ་རིང་བ་ནི་མ་གཏོགས་སོ་ཞེས་པ་ཡིན་ཏེ། འདི་ཡང་དྲི་བ་དང་མ་གནང་ན་མི་དབྱུང་། རྫོགས་པར་མི་བྱ་བ་ལ་སོགས་པ་གོང་མ་དང་འདྲའོ། །ཡུལ་རིང་བ་མ་གཏོགས་སོ། །མཇུག་ཏུ་
ཞེས་པ་ནི་ཡུལ་རིང་བ་ནི་ཕ་མས་མ་གནང་བ་ལ་མ་གཏོགས་སོ་ཞེས་དྲི་བའི་མཇུག་ཏུ་སྨོས་པར་བྱ་བའོ། །འོངས་པ་ལ་ཁྱོད་ནད་པ་མ་ཡིན་ནམ་ཞེས་དྲིའོ་ཞེས་པ་དང་། ཁྱོད་ལ་ནད་ཅུང་ཟད་ཀྱང་མེད་དམ་ཞེས་ཀྱང་ངོ་ཞེས་པ་གཉིས་གང་སྐད་ཀྱང་རུང་སྟེ་རབ་ཏུ་འབྱུང་བའི་མཁན་པོས་དྲི་བར་བྱ་བའོ། །བསྙེན་པར་
རྫོགས་པའི་ཚེའང་དེ་སྐད་དུ་དྲི་བར་ཟད་དམ་ཞེ་ན། བསྙེན་པར་རྫོགས་པར་བྱེད་པ་དག་གིས་ནི་བྱེ་བྲག་ཏུའོ་ཞེས་པ་ཡིན་ཏེ། བསྙེན་པར་རྫོགས་པར་བྱེད་པའི་ཚེ་མིའི་ལུས་ལ་ལུས་ཀྱིས་ནད་ཡོད་པ་ནི་འདི་ལྟ་སྟེ། མཛེ་དང་ཕོལ་མིག་དང་ཞེས་པ་ལ་སོགས་པ་ནད་ཀྱི་རྣམ་པ་ཀུན་བསྙེན་པར་རྫོགས་
པར་བྱེད་པ་དག་གིས་རྒྱས་པར་དྲིས་ཤིག་པའོ། །ནད་པའམ་ནད་ཡོད་པ་ཞིག་ན་ཇི་ལྟར་བྱ་ཞེ་ན། ནད་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་ཞེས་པ་ཡིན་ནོ། །འདི་དག་ཀྱང་ཁྲིད་ནད་པ་ཞེས་མི་བྱ་བར་མདོ་བཞིར་སྨོས་པ་ཇི་ཕྱིར་ཞེ་ན། ནད་པ་མ་ཡིན་ནམ། ནད་ཅུང་ཟད་ཀྱང་མེད་དམ་ཞེས་
གལ་གཉིས་སུ་ཀློག་པ་དང་། ནད་ཀྱི་བྱེ་བྲག་རྨ་བ་རྣམས་ཀྲིད་ཀྱིས་བསྒྲེར་མི་རུང་བའི་ཕྱིར། དངོས་དངོས་མདོར་བསྟན་པའི་རྐྱེན་གྱིས། ནད་པ་རབ་ཏུ་མི་དབྱུང་ཞེས་པ་ལ་སོགས་པའི་མདོ་ཐ་མའང་གླེང་བར་གྱུར་ཏོ། །གང་གིས་བར་དུ་ཁྲིད་ཀྱིས་བསྒྲེ་བར་བྱ་བ་བསྟན་པའི་ཕྱིར་སྨ་ཕབ་པས་བཅད་པ་ཡན་
ཆད་ཁྲིད་ཅེས་པ་ཡིན་ཏེ། སྨ་ཕབ་པས་བཅད་པ་དེ་མཚན་མ་གཏོང་བར་ཁས་མི་ལེན་ན། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་མི་བྱ་ཞེས་མདོ་འོག་ནས་འབྱུང་བ་ལ་ཐུག་པའི་མཚམས་ཡན་ཆད་ཁྲིད་ཅེས་པའི་རྩིས་མགོས་བསྒྲེ་བར་བྱ་བའོ། །གཞན་ཡང་ཀྲིད་དང་འདྲ་བར་སྦྱར་བ་ནི་འདི་ལ་སྐྱེ་བའི་ཆོས་
མེད་དོ་ཞེས་པ་ཡང་ངོ་ཞེས་པ་དང་། འདི་ལྟ་བུའི་མཚན་མ་ཅན་བསྐྲད་པའོ་ཞེས་པ་ཅན་གཉིས་ཡིན་ཏེ། མདོ་འདི་གཉིས་ཀྱང་ཆད་པས་བཅད་པའི་མདོ་ལ་མ་ཐུག་གི་བར་དུ་སྦྱར་བར་བྱ་བའོ། །དེ་ལ་འདི་ལྟ་བུ་ཞེས་པ་ནི་མི་སྐྱེ་བའི་ཆོས་འདི་ལྟ་བུ་མཚན་མ་ཅན་ཞེས་པ་ནི་སྐྲ་དང་ཁ་སྤུ་བྲེགས་པ་དང་། གོས་

ངུར་སྨྲིག་བགོས་པའི་མཚན་མའོ། །དེ་ལྟ་བུའི་དངོས་ཉིད་གང་ཞེ་ན། སྤྲུལ་པ་ཞེས་པ་ཡིན་ཏེ། རབ་ཏུ་འབྱུང་བར་འོངས་པ་ལ། ཁྱོད་སྤྲུལ་པ་མ་ཡིན་ནམ་ཞེས་དྲི། བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་ངོ་། །སྤྲུལ་པ་ཡིན་ན་རབ་ཏུ་དབྱུང་བའམ་བསྙེན་པར་རྫོགས་
པར་མི་བྱ། འདི་ལ་སྐྱེ་བའི་ཆོས་མེད་ཅིང་འདི་ལྟ་བུའི་མཚན་མ་ཅན་བསྐྲད་པར་བྱ་ཞེས་འབྱུང་བ་རྣམས་སྨོས་མི་དགོས་པ་ཀྲིད་ཀྱི་རྩིས་མགོས་བསྒྲེ་བར་བྱ་བའོ། །མ་ནིང་ཞེས་པའང་ཁྲིད་ལ་གཏོགས་པར་སྟོན་པའོ། །འདི་ལ་རྣམ་པ་ལྔ་སྟེ་ཞེས་པ་ནི་མ་ནིང་གི་བྱེ་བྲག་སྟོན་པའོ། །དེ་དག་གང་ཞེ་ན། སྐྱེས་ནས་
པ་དང་། ཟླ་བ་ཕྱེད་པ་དང་རེག་ནས་འབྱུང་བ་དང་ཕྲག་དོག་གིས་དང་། ངད་ཉམས་པ་རྣམས་སོ་ཞེས་པ་ཡིན་ཏེ། དེ་ལ་སྐྱེས་ནས་མ་ནིང་པ་ནི་ཕོ་མོ་གཉིས་ཀའི་མཚན་ཡོད་པའོ། །ཟླ་བ་ཕྱེད་ཀྱི་མ་ནིང་ནི་ཟླ་བ་ཕྱེད་ཕྱེད་ཅིང་ཕོ་མོས་ཀྱི་འདོད་ཆགས་སུ་འགྱུར་བའོ། །རེག་ནས་འབྱུང་བའི་མ་ནིང་ནི་སྐྱེས་པའམ་
བུད་མེད་གཞན་གྱིས་དཀྱུད་དམ་བཅུམ་ན་གདོད་དབང་པོ་ལས་སུ་རུང་བའོ། །ཕྲག་དོག་གི་མ་ནིང་ནི་གཞན་མི་ཚངས་པར་སྤྱོད་པ་ལ་ཕྲག་དོག་སྐྱེས་པས་དབང་པོ་ལས་སུ་རུང་བའོ། །ཉམས་པའི་མ་ནིང་ནི་ནད་དམ་མཚོན་གྱིས་ཕོ་མཚན་མེད་པར་གྱུར་པའོ། །མ་ནིང་དེ་ཀུན་བསྐྲད་པར་འདྲ་བ་ལས། ཐ་མའི་
མ་ནིང་དེ་བསྐྲད་པའི་བྱེ་བྲག་བསྟན་པ་ནི་འདི་དག་ལས་ཐ་མ་ནི་ཉེས་སྤྱོད་ན་བསྐྲད་ཅེས་པ་ཡིན་ཏེ། སྡོམ་པ་མནོས་ཟིན་ཏེ་དགེ་སློང་བྱེད་པའི་ཚེ་མཚན་ཉམས་ན་དེ་ནམ་ཕ་རོལ་གྱིས་མནན་པར་དགའ་བ་ལ་སོགས་པའི་འདོད་ཆགས་སྐྱེས་ན་གདོད་བསྐྲད་པར་བྱ་བའོ། །རྐུན་གནས་ཞེས་པ་ཡང་ཁྲིད་ཀྱི་རྩིས་
མགོ་དང་སྦྱར། ཇི་ཙམ་གྱིས་རྐུན་གནས་སུ་འགྱུར་བའི་མཚན་བསྟན་པ་ནི། ཆོ་ག་མ་རྒྱས་པའམ་བསྙེན་པར་རྫོགས་པར་མ་གྱུར་པར་ཤེས་ལ་དགེ་འདུན་དང་ལྷན་ཅིག་ཏུ་ལས་ལན་གཉིས་མྱོང་དེ་དེའོ་ཞེས་པ་ཡིན་ཏེ། གསོལ་བ་ལ་སོགས་པའི་ལས་ཀྱི་ཆོ་ག་ཚང་བར་མ་བྱས་པའམ། མཁན་པོ་ལ་
སོགས་པ་མི་གཙང་བས་བསྙེན་པར་རྫོགས་པའི་སྡོམ་པ་མ་ཆགས་པར་ཤེས་ནས་དགེ་འདུན་དང་ལྷན་ཅིག་ཏུ་དགེ་འདུན་གྱི་ལས་ལན་གཉིས་མྱོང་ན་དེས་རྐུན་གནས་སུ་གྱུར་བར་སྟོན་པའོ། །གཞུང་ལས། ཨུ་པཱ་ལི་གསོ་སྦྱིན་གྱི་ལས་ལན་གཉིས་ལན་གསུམ་མྱོང་ན་དེས་རྐུན་གནས་སུ་གྱུར་ཏོ་ཞེས་འབྱུང་

ལ་འདིར་ནི་ལན་གཉིས་ཀྱིས་འགྱུར་རོ་ཞེས་བསྟན་པ་ཅི་ཕྱིར་ཞེ་ན། གཏམ་གྱི་དངོས་པོ་ལས་མཚན་མ་གང་གིས་རྐུན་གནས་སུ་གྱུར་པ་རབ་ཏུ་དབྱུང་བའམ་བསྙེན་པར་མི་བགྱི་བ་ལགས་ན་མཚན་ཉིད་ཀྱིས་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་བགྱི་བ་མཆིས་སམ་ཞེས་ཞུས་པ་དང་
བཀའ་སྩལ་པ། ཡོད་དེ་གང་གིས་གསོ་སྦྱིན་གྱི་ལས་ལན་གཉིས་ལན་གསུམ་མྱོང་བ་ནི་རབ་ཏུ་མི་དབྱུང་། བསྙེན་པར་རྫོགས་པར་མི་བྱའི་གང་གིས་གསོ་སྦྱིན་གྱི་ལས་ལན་གཅིག་མྱོང་བ་ནི་རབ་ཏུ་དབྱུང་བསྙེན་པར་རྫོགས་པར་བྱའོ་ཞེས་འབྱུང་བས་ན། ལན་གསུམ་ཞེས་པ་ནི་རྒྱུད་ཙམ་དུ་ཟད་ཀྱི།
ལན་གཉིས་ཀྱིས་རྐུན་གནས་སུ་འགྱུར་རོ། གཞུང་ལས་གསོ་སྦྱིན་གྱི་ལས་ཞེས་འབྱུང་ལ། འདིར་ལས་ཞེས་སྤྱིར་སྨོས་པ་ཅིའི་ཕྱིར་ཞེ་ན། མ་ཚང་བ་བསྙེན་པར་རྫོགས་པ་ལྟུང་བའི་ཞུས་པ་ལས་བསྙེན་པར་མ་རྫོགས་པས་གསོ་སྦྱིན་ནམ། ཚུལ་ནས་འབྱུང་བའམ། གང་ཟག་བཅུ་གཉིས་
བསྐོ་བའི་དགེ་འདུན་གྱི་ལས་གང་མྱོང་ཡང་རུང་སྟེ། རྐུན་གནས་སུ་འགྱུར་རོ་ཞེས་འབྱུང་བས་ན། གསོ་སྦྱིན་གྱི་ལས་ཤེས་པ་ནི་མཚན་མར་བྱ་བ་ཙམ་དུ་ཟད་ཀྱི། ལས་གང་མྱོང་ཡང་རུང་སྟེ་རྐུན་གནས་སུ་འགྱུར་བའི་ཕྱིར་ལས་ཞེས་སྤྱིར་སྨོས་པ་ཡིན་ནོ། །དེ་ལྟ་བས་ན་གསོལ་བ་ལ་སོགས་པ་
དགེ་འདུན་གྱི་ལས་མྱོང་བ་རྐུན་གནས་སུ་འགྱུར་གྱི་རབ་ཏུ་འབྱུང་བ་ཞུ་བ་ཙམ་ལ་སོགས་ཏེ། ཕྲན་ཚེགས་ཀྱི་ལས་མྱོང་བ་ཙམ་གྱིས་ནི་རྐུན་གནས་སུ་འགྱུར་བ་མ་ཡིན་ནོ། །མུ་སྟེགས་ཅན་དུ་ཞུགས་པ་ཞེས་པ་ཡང་ཀྲིད་ཀྱི་རྩིས་མགོ་དང་སྦྱར་བར་སྟོན་པའོ། །མུ་སྟེགས་སུ་ཞུགས་པའི་ཚད་ནི་
འདིའི་རབ་ཏུ་འབྱུང་བ་བླངས། དེར་ལྟ་སྟེ། འདིའི་ཆོས་གོས་བོར་དེའི་མཚན་མས་དེར་སྐྱ་རེངས་ཤར་ན་དེའོ་ཞེས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བར་བསྟན་པ་འདི་ཡང་བླངས་ལ་མུ་སྟེགས་པ་དེའི་ལྟ་བར་ཡང་བསྒྱུར་ནས། འདིའི་ཆོས་གོས་ནི་བོར། དེའི་མཚན་མ་ནི་བླངས་ཏེ་
སྐྱ་རེངས་ཤར་གྱི་བར་དུ་དེ་དག་གི་གནས་ན་འདུག་ན་མུ་སྟེགས་སུ་ཞུགས་པ་ཡིན་ནོ། །མུ་སྟེགས་པར་ཞུགས་པའི་ཚད་དེར་ཡང་མ་ཟད་པ་ནི། རྐུ་བ་བཞིན་པ་ནི་དེ་ལྟར་མ་བྱས་པའི་སྔ་རོལ་དུའོ་ཞེས་པ་ཡིན་ཏེ། གོང་མ་ལྟར་མ་བྱས་ཀྱང་མུ་སྟེགས་ཀྱི་ལྟ་བ་ངེས་པར་སྐྱེས་ནས་དགེ་འདུན་དང་ལྷན་

ཅིག་ཏུ་ལས་ལན་གཉིས་མྱོང་ན་མུ་སྟེགས་སུ་ཞུགས་པར་གྱུར་ཏོ། །མ་གསོད་པ་ཕ་གསོད་པ་དགྲ་བཅོམ་པ་གསོད་པ། དགེ་འདུན་ལ་དབྱེན་བྱེད་པ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ། དགེ་སློང་མ་སླུ་བ་ཕས་ཕམ་པ་བཞི་ལས། གང་ཡང་རུང་
བའི་ལྟུང་བ་བྱུང་བ་ཞེས་པ་སྨོས་པ་ཡན་ཆད་ཀྲིད་ཀྱི་རྩིས་མགོར་བསྒྲེ་བར་སྟོན་པའོ། །མི་སྐྱེ་བའི་ཆོས་དེ་ལྟར་བསྟན་པ་ནས། ད་ནི་སྐྱེ་བའི་ཆོས་ཡིན་ཡང་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་མི་རུང་བར་སྟོན་པ་ནི། སྨ་ཕབ་པ་མཚན་མ་གཏོང་བར་ཁས་མི་ལེན་ན་རབ་ཏུ་དབྱུང་བའམ་བསྙེན་
པར་རྫོགས་པར་མི་བྱ་ཞེས་པ་ཡིན་ཏེ། དགེ་སློང་ལ་བསྡིགས་པ་དང་། སྨད་པ་ལ་སོགས་པ་གང་ཡང་རུང་བའི་སྨ་ཕབ་པ་ལས་ཐལ་བྱུང་དུ་བབས་ནས། ཕྱིས་རབ་ཏུ་བྱུང་བར་གསོལ་ན། སྡུད་ཉེས་མེད་པའི་སྐྱོན་དེ་གཏོང་ངམ་མི་གཏོང་ཞེས་སྨྲས་ལ། སྐྱོན་དེ་ནི་མི་གཏོང་ཞེས་ཟེར་ན་རབ་ཏུ་མི་དབྱུང་
ཞིང་བསྙེན་པར་རྫོགས་པར་མི་བྱ་བར་སྟོན་པའོ། །དེ་བསྙེན་པར་རྫོགས་ན་སྔོན་སྨ་ཕབ་པ་དེ་ཚངས་པར་བྱ་དགོས་སམ་མི་དགོས་ཤེ་ན། འདྲ་བ་ནི་བསྙེན་པར་རྫོགས་པས་སོ་ཞེས་པ་ཡིན་ཏེ་བསྙེན་པར་རྫོགས་པ་ཉིད་ཀྱིས་དེ་ཚངས་ཤིང་བྲ་བར་སྟོན་པའོ། །དེ་བསྙེན་པར་རྫོགས་ཟིན་ནས་མཚན་མ་
དེ་མི་གཏོང་ན་ཇི་ལྟར་བྱ་ཞེ་ན། བསྙེན་པར་རྫོགས་ནས་མི་ཉན་པ་གལ་ཏེ་ལྡན་ན་ཡང་སྨ་དབབ་ཅེས་པ་ཡིན་ཏེ། དེ་བསྙེན་པར་རྫོགས་ནས་སྔོན་གྱི་སྐྱོན་མི་གཏོང་ན་ཡང་སྨ་དབབ་པའི་ལས་བྱ་བར་སྟོན་པའོ། །སྨ་དབབ་པའི་ལས་བྱེད་པའི་ཚེ། དེ་ཉན་དུ་མི་བཏུབ་ཅིང་ལྟུང་བ་མ་མཐོང་ངོ་ཞེས་ཟེར་
ན་ཅིར་འགྱུར་ཞེ་ན། མ་མཐོང་ངོ་ཞེས་ཟེར་ལ་གལ་ཏེ་བརྫུན་ན་ལྟུང་བའོ་ཞེས་པ་ཡིན་ནོ། །སྡོམ་པ་སྐྱེར་ཟིན་གྱིས་ཀྱང་མི་མཛེས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགག་པ་བསྟན་པ་ནི། ལག་རྡུམ་དང་ནི་རྐང་རྡུམ་དང་། །སོར་མོ་སྦྲུལ་ཐོད་གདེངས་ཀ་ལག །མཆུ་མེད་ཡན་ལག་བཀྲ་བ་དང་། །ཤིན་
ཏུ་རྒན་དང་ཤིན་ཏུ་གཞོན། །གྲུམ་པོ་དང་ནི་རྒན་ཞར་འཇས། །སྒུར་པོ་མི་ཐུང་དག་རྣམས་དང་། །ལྦ་བ་ཅན་དང་ལྐུགས་པ་དང་། །འོན་པ་འཕྱེ་བོ་རྐང་འབམ་དང་། །མོས་དུབ་ཁུར་གྱིས་དུབ་པ་དང་། །ལམ་གྱིས་དུབ་པའི་མི་གང་དང་། །ཐལ་རངས་རྡེ་ཅག་འདི་འདྲ་ཡི། །མི་རྣམས་དྲང་སྲོང་ཆེན་

པོས་བཀག །ཡང་དག་རྫོགས་པས་རབ་ཏུ་མཁྱེན། །བདེན་པའི་མཚན་གྱིས་གསུངས་པ་ཡི། །མཛེས་པ་དག་ནི་རབ་ཏུ་བྱུང་། །ཡོངས་སུ་དག་པ་བསྙེན་པར་རྫོགས། །ཞེས་པ་རྣམས་རབ་ཏུ་དབྱུང་བ་མི་རིགས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །རབ་ཏུ་འབྱུང་བའི་དངོས་པོ་བསྡུ་བར་
གཏོགས་པ་རྫོགས་སོ།། །།དེ་ལྟར་རབ་ཏུ་འབྱུང་བའི་དངོས་པོ་སྟོན་པས་ན་ཕྲན་ཚེགས་ལ་སོགས་པ་ལས་འབྱུང་བ་ཡང་ཞར་ལ་སྟོན་ཏེ། རྒྱལ་པོའི་བློན་པོ་ཀྲིད་ཅེས་པ་ནི་རབ་ཏུ་འབྱུང་བར་འོངས་པ་རྒྱལ་པོའི་བློན་པོ་ཡིན་ནམ་མ་ཡིན་རྨ་བ་དང་། ཡིན་ན་རབ་ཏུ་མི་དབྱུང་བ་ལ་སོགས་པ་ཀྲིད་
ཀྱི་རྩིས་མགོར་བསྒྲེ་བར་སྟོན་པའོ། །རྒྱལ་པོའི་བློན་པོའི་ཆོ་ག་རབ་ཏུ་མི་དབྱུང་བར་དགག་པ་ཡིན་ནམ་ཞེ་ན། བྱེ་བྲག་བསྟན་པའི་ཕྱིར། རྒྱལ་པོས་མ་གནང་བ་དང་ཡུལ་མི་རིང་བའོ་ཞེས་པ་ཡིན་ཏེ། རྒྱལ་པོས་མ་གནང་བ་དང་རྒྱལ་པོ་དང་ཉེ་བའོ། །རྒྱལ་པོའི་བཀའ་བརྩན་པ་ནི་མི་རུང་བའོ། །གཞན་
ཡང་ཀྲིད་ཀྱི་རྩིས་མགོ་བསྒྲེ་བ་ནི། རྐུན་པོའི་མཚན་མ་ཅན་ཀྲིད་ཅེས་པ་ཡིན་ཏེ་མི་གང་རྐུན་མར་གྲགས་པའོ། །ཡུལ་ཁ་ཅིག་ཏུ་རྐུ་བར་མ་གྲགས་ན་རབ་ཏུ་ཕྱུང་ཡང་འགལ་བ་མེད། གཞན་ཡང་རབ་ཏུ་མི་དབྱུང་བ་ནི། མཉེད་པ་དང་གདོལ་པ་དང་། སྨེ་ཤ་ཅན་དང་། དེ་ལྟ་བུ་དག་རབ་ཏུ་མི་དབྱུང་ཞེས་པ་ཡིན་
ཏེ། དེ་ལ་དེ་ལྟ་བུ་དག་ཅེས་པ་ནི་རྔོན་པ་དང་ཤན་པ་ལ་སོགས་པའོ། །ལུས་ཀྱི་སྐྱོན་དང་ལྡན་པ་སྔར་བསྟན་པར་ཡང་མ་ཟད་དེ། གཞན་ཡང་བསྟན་པའི་ཕྱིར་ལག་རྡུམ་ལ་སོགས་པ་ནི་དཔེའོ་ཞེས་པ་ནི། གོང་དུ་རབ་ཏུ་འབྱུང་བའི་དངོས་པོ་བསྟན་པའི་ཚེ་ལག་རྡུམ་ཞེས་པ་ལ་སོགས་པ་བར་དུ་གཅོད་པའི་རྣམ་
གྲངས་བསྟན་པ་ནི། དེ་ཁོ་ནར་ཟད་པ་བསྟན་པ་མ་ཡིན་གྱི་འོག་ནས་སྟོན་པ་རྣམས་ཀྱི་དཔེ་འམ་ཟླ་ཙམ་དུ་ཟད་དོ། །དེ་འང་གང་ཞེ་ན། སེང་གེའི་སྐྲ་དང་སྐྲ་སེར་སྔོན་པོ་དེ་དག་ཀྱང་། །སྐྲ་དཀར་དག་དང་གླང་པོའི་སྐྲ་དང་སྐྲ་མེད་མིན། །ཤང་ཤང་མགོ་དང་མགོ་ཆེན་སྡོམ་པར་གླེབས་པ་དག །ཕག་དང་བོང་མགོ་དང་
ནི་མགོ་གཉིས་མགོ་མེད་པ། །རྟ་རྣ་གླང་པོའི་རྣ་བ་བ་ལང་སྤྲ་རྣ་དང་། །ཕག་དང་བོང་བུའི་རྣ་བ་རྣ་གཅིག་རྣ་མེད་པ། །མིག་དམར་མིག་པོ་ཆེ་དང་མིག་ཚག་ཤིན་ཏུ་སེར། །མཆིང་མིག་ཆུ་བུར་མིག་དང་མིག་གཅིག་མིག་མེད་པ། །རྟ་སྣ་གླང་པོའི་སྣ་དང་བ་ལང་སྤྲ་ཡི་སྣ། །ཕག་དང་བོང་བུའི་སྣ་དང་སྣ་གཅིག་སྣ་

མེད་པ། །རྟ་དང་གླང་པོའི་ཀོསྐོ་བ་ལང་སྤྲའི་ཀོསྐོ། །བོང་ཕག་ཀོསྐོ་ཀོསྐོ་གཅིག་དང་ཀོསྐོ་མེད། །རྟ་སོ་གླང་པོའི་སོ་དང་བ་ལང་སྤྲ་ཡི་སོ། །ཕག་དང་བོང་སོ་དང་ནི་སོ་གཅིག་སོ་མེད་པ། །མགྲིན་རིངས་མགྲིན་མེད་དང་ནི