Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 162

Văn bản gốc(Tây Tạng)

Trang 20 / 26 (50.000 ký tự/trang)
ཅི་དུས་ཐམས་ཅད་དུ་འམ་ཞེ་ན་དེའི་ཕྱིར། ན་བ་དང་འཇིགས་པའི་དབང་མ་གཏོགས་པ་ཞེས་བྱ་བ་སྨྲས་སོ། །འདིར་གཞུང་ནི་གལ་ཏེ་ན་འམ་འཇིགས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་དཔེ་སྟེ། ཐོ་འཚམས་པར་འདུན་པས་དགེ་སློང་ལ་ཐོ་འཚམས་པ་
དག་ཀྱང་ངོ་ཞེས་བྱ་བ་ནི། ཕྱིས་གནོན་བྱེད་པ་དེ་ནི་དགེ་སློང་ལ་ཐོ་འཚམས་པ་དག་གི་དཔེ་སྟེ། གཞན་ཡང་ཐོ་འཚམས་པར་འདུན་པས་དགེ་སློང་ལ་ཐོ་འཚམས་པ་དག་ཀྱང་བསླབ་པའི་གཞི་འདིར་གཏོགས་པའི་ལྟུང་བྱེད་ཡིན་ནོ། །འདིར་གཞུང་ནི་བར་སྡོམ་ལས། ངན་དང་གསོད་དང་གྲང་དྲོ་དང་། །ཆོལ་ཟངས་དང་ནི་བཀྲུ་སྨན་དང་། །
རྣལ་འབྱོར་མཐུན་དང་ཁ་ཏོན་དང་། །འཇིགས་དང་བཅས་དང་འཇིགས་མེད་དོ། །ཞེས་བྱ་བས་དགེ་སློང་གིས་དགེ་སློང་ལ་ཅི་ཙམ་ཅུང་ཟད་ཐོ་འཚམས་པར་བྱེད་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བསྒོ་བ་རྣ་ལ་གཟོན་པ་ལ་སོགས་པ་དག་ལ་ཡང་སྤྱིར་ཐོ་འཚམས་པ་ཡོད་མོད་ཀྱི། འོན་
ཀྱང་གནས་ལ་སོགས་པའི་རྣམ་པའི་བྱེ་བྲག་ཡོད་པའི་ཕྱིར་ལྟུང་བྱེད་ཐ་དད་པ་ཉིད་ཡིན་ནོ། །ལྟུང་བྱེད་དུ་བསྟན་པའི་ཐོ་འཚམས་པ་དེ་དག་ལས་གཞན་པའི་ཐོ་འཚམས་པ་ནི་ཐམས་ཅད་ཉེས་བྱས་སོ། །ཕྱིས་གནོན་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།རྩ་བ་འབྱུང་བ་ལ་འཇུག་པའི་
ལྟུང་བྱེད་སྨྲ་བར་འདོད་ནས་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ཉིད་ནི་བྱེད་པ་པོའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་ཉིད་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་གཙུག་ལག་ཁང་དགེ་འདུན་གྱི་ཡིན་ལ། དེ་ཡང་སྟེང་གི་ཐོག་ཡོད་ན་དེ་ནི་
ལྟུང་བའི་བྱེད་པ་པོ་ཡིན་ནོ། །ཅི་རྣམ་པ་ཐམས་ཅད་ལ་སྔར་བསྟན་པ་དེ་བྱེད་པ་པོ་ཡིན་ནམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། གལ་ཏེ་བྱིན་གྱིས་གཞོལ་བ་ཉིད་དམ་སྤང་ལེབ་ཉིད་དམ་དེ་དང་འདྲ་བས་གཡོགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྟེང་གི་ཐོག་བྱིན་གྱིས་གཞོལ་བར་གཡོགས་

པ་མ་ཡིན་པ་དང་སྤང་ལེབ་ཀྱིས་གཡོགས་པ་མ་ཡིན་པ་དང་། །སྤང་ལེབ་དང་འདྲ་བས་གཡོགས་པ་མ་ཡིན་པ་ཉིད་ཡིན་ན་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་ཉིད་ཡིན་ནོ། །གལ་ཏེ་བྱིན་གྱིས་གཞོལ་བ་ལ་སོགས་པ་ཡིན་ན་དེ་ལ་ནི་ལྟུང་བ་མེད་དོ། །དེ་ལྟར་ཡང་འདིར་གཞུང་ནི་བྱིན་གྱིས་གཞོལ་བ་ཡིན་ན་
ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །འདི་ནི་འདིར་མདོར་བསྟན་པ་ཡིན་ཏེ། གང་ལ་རྩ་བ་འགྲོ་བའི་སྐབས་མེད་པ་དེ་ལ་ལྟུང་བ་མེད་དོ། །བྱེད་པ་པོ་གཞན་ཡང་བསྟན་པའི་ཕྱིར། མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུ་ཉིད་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། མནན་པར་འོས་པ་ཞེས་བྱ་བ་ནི། ཁྲི་ལ་སོགས་
པའོ། །དེའི་རྩ་བ་ཕུར་བུ་ལྟ་བུ་ཉིད་ཀྱང་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་ཁྲི་ལ་སོགས་པ་དག་གི་རྩ་བ་ཕུར་བུ་ལྟ་བུ་ཉིད་ཡིན་ན་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་ཉིད་ཡིན་ནོ། །ཁྲི་ལ་སོགས་པ་གང་དག་ལ་ཕུར་བུ་ལྟ་བུའི་རྐང་པ་ཡོད་པ་དེ་དག་ནི་ཕུར་བུ་ལྟ་བུའི་རྩ་བ་ཅན་གྱི་ཁྲི་
དག་སྟེ། ཕུར་བུ་བཞིན་དུ་གཞུག་ཏུ་ཡང་རུང་དབྱུང་དུ་ཡང་རུང་བས། དེའི་ཕྱིར་རྩ་བ་འབྱུང་བ་ཞེས་བྱའོ། །ཅི་ཁྲི་ལ་སོགས་པ་ཕུར་བུ་ལྟ་བུའི་རྐང་པ་ཅན་དག་དུས་ཐམས་ཅད་དུ་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར། བཀན་པ་ཉིད་དང་། རྐང་རྟེན་བཅུག་པ་ཉིད་ནི་མ་གཏོགས་སོ་ཞེས་བྱ་བ་
སྨྲས་ཏེ། ཁྲི་ལ་སོགས་པ་བཀན་པ་ཉིད་དང་། རྐང་རྟེན་བཅུག་པ་ཉིད་ནི་མ་གཏོགས་སོ། །ཁྲི་ལ་སོགས་པ་གང་དག་གན་རྐྱལ་དུ་བཀན་པ་དེ་དག་ནི་བཀན་པ་སྟེ། དེ་དག་གི་དངོས་པོ་ནི་དེ་དག་ཉིད་དོ། །ཁྲི་ལ་སོགས་པ་གང་དག་གི་རྩ་བ་ལ་རྐང་རྟེན་བཅུག་པ་དེ་དག་ནི་རྐང་རྟེན་བཅུག་པ་སྟེ། དེ་དག་
གི་དངོས་པོ་ནི་དེ་དག་ཉིད་དོ། །འདི་སྐད་བསྟན་ཏེ། གལ་ཏེ་ཁྲི་ལ་སོགས་པ་དག་གན་རྐྱལ་དུ་བཀན་པར་གྱུར་ཏམ། རྐང་རྟེན་བཅུག་པར་གྱུར་ན་དེའི་ཚེ་དེ་དག་ལ་ལྟུང་བའི་བྱེད་པ་པོ་ཉིད་མེད་དོ། །གང་ལ་ཐོག་ཉིད་དང་། རྩ་བ་ཕུར་བུ་ལྟ་བུ་ཉིད་དེ། དེ་གཉིས་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། གནོན་
པ་ལའོ་ཞེས་བྱ་བ་སྨྲས་ཏེ། གནོན་པར་འོས་པ་ཁྲི་ལ་སོགས་པ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་ལྗིད་ཀྱིས་ཕབ་ཏེ་འདུག་གམ་ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་མི་ཤེས་པ་ལ་ཡང་དེ་གཉིས་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར། ཤེས་གཙོའོ་ཞེས་བྱ་བ་སྨྲས་ཏེ། འདུ་

ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་རྣམ་པས་སོ། །འདིར་གཞུང་ནི་ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བ་དང་ཁྲི་འམ་ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ཞེས་གསུངས་པའི་ཤེས་བཞིན་དུ་ཞེས་བྱ་བ་ཉིད་ཡིན་ནོ། །རྣམ་
པར་འབྱེད་པ་ལས་ཀྱང་རང་ཉིད་ཀྱིས་རིག་པར་གྱུར་པ་འམ། གཞན་དག་གིས་བརྗོད་པས་སོ་ཞེས་གསུངས་སོ། །རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་བརྗོད་པར་བྱ་སྟེ། ལྟུང་བྱེད་འདི་དང་འོག་
ནས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་ཞེས་བྱ་བའི་ལྟུང་བྱེད་འབྱུང་བ་དེ་གཉིས་ནི་སོ་སོར་ཐར་པའི་མདོ་ལས་ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་འམ་ལྕི་བའམ་ས་ལ་འདེབས་སམ། འདེབས་སུ་འཇུག་ན་ལྟུང་བྱེད་དོ་ཞེས་བྱ་བ་དང་། ཡང་དགེ་སློང་གང་
ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ་ཞེས་གསུངས་པས་ཚུལ་དང་འདྲ་བར་སྣང་སྟེ། རང་སྤྱོད་པ་མ་ཡིན་པ་དང་། རང་སྤྱོད་པ་ཞེས་བྱ་བའི་ཡུལ་གྱི་བྱེ་བྲག་གིས་ནི་དེ་གཉིས་ལྟུང་བ་ཐ་དད་པ་ཉིད་ཡིན་པར་བསྟན་པའི་ཕྱིར། རང་སྤྱོད་པའི་དོན་ཉིད་དེ་ལས་གཞན་ལའོ་
ཞེས་བྱ་བ་སྨྲས་ཏེ། རང་གི་སྤྱོད་པ་ནི་རང་སྤྱོད་པའོ། །གང་ལ་དགོས་པ་དེ་ཡོད་པ་ནི་དེའི་དོན་ཏེ། དེ་ནི་རང་སྤྱོད་པའི་དོན་ཏོ། །དེའི་དངོས་པོ་ནི་དེ་ཉིད་དོ། །རང་སྤྱོད་པའི་དོན་ཉིད་ལ་ནི་འོག་ནས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་ཞེས་འབྱུང་བའི་བསླབ་པའི་གཞི་དེ་རྣམ་པར་གཞག་གོ །དེ་
ལས་གཞན་ལའོ་ཞེས་བྱ་བ་ནི། རང་སྤྱོད་པའི་དོན་ཉིད་ཅེས་བྱ་བ་དེ་ལས་གཞན་པ་སྟེ། རང་སྤྱོད་པ་མ་ཡིན་པ་ལའོ། །དེ་ལ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་ཞེས་བྱ་བའི་བསླབ་པའི་གཞི་འདི་ཉིད་རྣམ་པར་གཞག་གོ། །ལྷག་མ་ནི་འོག་མ་ཁོ་ན་ལས་ཁོང་དུ་ཆུད་པར་བྱའོ། །སྲོག་ཆགས་དང་
བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གཙུག་ལག་ཁང་གི་ལྟུང་བྱེད་སྨྲ་བར་འདོད་ནས། སྒོ་ཆ་གཞུག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། སྒོ་ཆ་ཞེས་བྱ་བ་ནི་སྒོ་སྐྱེས་ལ་སོགས་པ་སྒོ་དང་འབྲེལ་པའི་ཡོ་བྱད་དོ། །དེ་དག་གཞུག་པར་བྱའོ་ཞེས་བྱ་བ་ནི་དེ་དང་པོར་

གཟུགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདིར་སྒོ་ཆ་ཞེས་སྨོས་པས་སྒོ་དང་འབྲེལ་པའི་ཡོ་བྱད་ཐམས་ཅད་ཀྱང་མ་བསྡུས་ཏེ། འདི་ལྟར་ཡ་ཕུབས་ལ་སོགས་པ་ལྷག་མ་དག་ནི་འཕྲལ་ལ་གཞུག་པར་བྱ་བ་ཡིན་པའི་ཕྱིར། འདིར་གཞུང་ནི་སྒོ་ཆ་གོང་མ་བཅུག་ན་ནི་དངོས་གཞིའོ། །སྒོ་ཆ་གཞན་མ་
བཅུག་ན་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །སྒོ་གླེགས་ཀྱང་ངོ་ཞེས་བྱ་བ་ལ་འདིར་སྒོ་གླེགས་ཞེས་བྱ་བ་ནི་སྒོ་ལེབ་ལ་བྱ་སྟེ། དེ་ཡང་གཞུག་པར་བྱའོ། །སྐར་ཁུང་དག་ཀྱང་གདོད་པར་བྱའོ་ཞེས་བྱ་བ་ནི། ངོས་ཀྱི་སྐར་ཁུང་དག་ཀྱང་གདོད་པར་བྱ་བའོ། །ལྟུང་བ་འདི་ལ་བྱེད་པ་པོ་ཉིད་གང་ཞེ་ན།
དེའི་ཕྱིར། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་སོ། །ཚད་ཇི་ཙམ་ཞེ་ན་དེའི་ཕྱིར། སྤྱོད་ལམ་བཞི་ཤོང་བའོ་ཞེས་བྱ་བ་སྨྲས་ཏེ། གཙུག་ལག་ཁང་དུ་སྤྱོད་ལམ་རྣམ་བཞི་བྱར་རུང་ཞིང་ཤོང་བའོ། །ཅི་གཙུག་ལག་ཁང་ཚད་དེ་ཙམ་དང་ལྡན་པ་ཐམས་ཅད་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་
གལ་ཏེ་ཐམས་ཅད་རྡོ་འམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཐམས་ཅད་རིལ་གྱིས་རྡོ་ལས་བྱས་པ་འམ། སོ་ཕག་སོ་བཏང་བ་ལས་བྱས་པ་འམ། ཤིང་ལས་བྱས་པ་མ་ཡིན་ན་བྱེད་པ་པོ་ཉིད་ཡིན་ནོ། །དེ་དག་ལས་བྱས་པ་ན་བྱེད་པ་པོ་ཉིད་མ་ཡིན་ནོ། །གཙུག་
ལག་ཁང་ནི་ཐམས་ཅད་ཀྱང་བྱེད་པ་པོ་ཉིད་ཡིན་ཏེ། དགེ་འདུན་མངའ་བ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ཟག་དང་ཁྱིམ་པ་དབང་བ་ཡང་བྱེད་པ་པོ་ཉིད་ཡིན་ནོ། །ཆར་ཆུ་བསྐྱབ་པའི་གཡོགས་པ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་མ་བྱས་ན་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་ཆར་ཆུ་
བསྐྱབ་པའི་ཕྱིར་ལོ་མ་ལ་སོགས་པས་འཕྲོ་མ་གཡོགས་ནའོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་རྩིག་པའི་རིམ་པ་གཉིས་སམ་གསུམ་དག་ལས་ལྷག་པར་བརྩིག་ཅིང་དེ་ལ་ལྟུང་བྱེད་དུ་ཡང་མི་འགྱུར་བ་མཆིས་སམ། ཡོད་དེ་རྩ་དག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ། །
སྤང་ལེབ་དག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ། །ཤིང་ལེབ་དག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་ལྟུང་བ་འབྱིན་པར་བྱེད་པ་ཐམས་ཅད་ལ་གཙུག་ལག་ཁང་འདི་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཡོན་བདག་གིས་བྱས་སམ་ཟིན་ནས་བལྟའོ་

མ་སྨྲས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཡོན་བདག་གིས་འདི་སྐད་ཅེས་གཙུག་ལག་ཁང་བྱས་ནས་བལྟའོ་ཞེའམ་ཟིན་ནས་བལྟའོ་ཞེས་དགེ་སློང་མ་ལ་སྨྲས་ན་དགེ་སློང་དེ་ལ་གཙུག་ལག་ཁང་དེ་བྱེད་པ་པོ་ཉིད་ཡིན་ནོ། །གལ་ཏེ་དེ་སྐད་སྨྲ་ན་དེ་ལ་ཉེས་པར་མི་འགྱུར་རོ། །གང་ལ་
དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པ་བྱས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པ་བྱས་པ་ལ་གཙུག་ལག་ཁང་དེ་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཉིན་གཅིག་ལ་ཕ་གུ་དག་གིས་རིམ་པ་གསུམ་བརྩིག་པར་
བྱའི། དེ་ལས་ལྷག་པར་བརྩིག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ཅི་བདག་ཉིད་ཁོ་ནས་སམ་ཞེ་ན་དེའི་ཕྱིར། གཞན་གྱིས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། འདིར་གཞུང་ནི་བྱེད་དུ་བཅུག་ན་ཞེས་བྱ་བ་གསུངས་པ་ཡིན་ནོ། །གང་གི་ཚེ་བརྩིགས་ན་ཞེ་ན། དེའི་ཕྱིར། ཉི་མ་དེ་ལའོ་ཞེས་བྱ་བ་སྨྲས་ཏེ། ཉི་མ་
གང་ལ་རིམ་པ་གསུམ་རྩིག་པའི་ཉི་མ་དེ་ཉིད་ལ་གལ་ཏེ་ལྷག་པར་བརྩིགས་ནའོ། །ཉི་མ་དང་པོ་ལ་རིམ་པ་བཞི་རྩིག་ཅིང་ཉི་མ་གཉིས་པ་ལ་རིམ་པ་གཉིས་བརྩེགས་ན་ཡང་ཉི་མ་དང་པོ་ལ་ལྷག་པ་གང་ཡིན་པ་དེ་ཉི་མ་གཉིས་པའི་ཉུང་བའི་ཁར་བརྩི་བར་མི་འགྱུར། དེ་བཞིན་དུ་ཉི་མ་གཉིས་པ་ལ་ལྷག་
པར་རྩིག་པ་གང་ཡིན་པ་དེ་ཡང་ཉི་མ་དང་པོའི་རིམ་པ་ཉུང་བའི་ཁར་བརྩི་བར་མི་བྱའོ། །གཞན་ལ་ཡང་འཇིམ་པ་མེད་པ་ལས་སོ་ཞེས་བྱ་བ་ནི། ཉི་མ་གཞན་ལ་ཡང་ཕ་གུ་འཇིམ་པ་མེད་པ་གསུམ་ལས་ལྷག་པར་རྩིག་པ་བྱས་ན་གཙུག་ལག་ཁང་དེ། ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །དེ་ལྟ་བས་ན་
འཇིམ་པ་མེད་པ་ཡང་རིམ་པར་བགྲང་བར་བྱའོ། །ཆུ་ཁུང་དག་མ་བཏོད་པ་རུང་ངོ་ཞེས་བྱ་བ་ནི། ཆུ་ཁུང་དག་མ་བཏོད་པ་ལ་ནི་ཉི་མ་གཞན་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རིམ་པ་རྩིག་པ་བྱས་ན་གཙུག་ལག་ཁང་དེ་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་རང་གི་གནས་སུ་
ཆུ་ཁུང་བཏོད་པ་ལ་ནི་ཕ་གུ་རིམ་པ་ལས་ལྷག་པར་རྩིག་པ་བྱས་ན་ཡང་ཉེས་པ་མེད་ལ། རང་གི་གནས་སུ་ཆུ་ཁུང་མ་བཏོད་པ་ལ་ནི་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པ་བྱས་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་ཏེ། ཆུ་ཁུང་བཏོད་པའི་གནས་ཡན་ཆད་ནས་རིམ་པ་གསུམ་བགྲང་བར་བྱའོ། །

བརྐོས་ཏེ་རྨང་གང་གི་རྩིག་པ་མ་བཙུགས་པ་ཉིད་ཀྱང་རུང་ངོ་ཞེས་བྱ་བ་ནི། ས་བརྐོས་ཏེ་རྨང་གི་རྩ་བ་གཟུགས་པར་བྱའོ། །བརྐོས་ཏེ་རྨང་གི་རྩ་བ་མ་བཙུགས་པ་ཉིད་ཡིན་ན་དེ་ལ་ནི་ཉི་མ་གཞན་ལ་ཡང་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པ་བདག་ཉིད་ཀྱིས་བྱས་སམ། གཞན་བྱེད་དུ་བཅུག་ན་ཡང་
ཐམས་ཅད་དུ་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །གལ་ཏེ་བརྐོས་ཏེ་རྨང་གི་རྩ་བ་བཙུགས་པ་ཉིད་ཡིན་ན་དེ་ལ་ནི་ཉི་མ་གཞན་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ཀྱང་ཉེས་པ་མེད་དོ། །སྒོ་ཆ་གོང་མ་མ་བཙུགས་པ་ཡང་རུང་ངོ་ཞེས་བྱ་བ་ལ། སྒོ་ཆ་གོང་མ་ཞེས་བྱ་བ་ནི། ཡ་ཕུབས་
ལ་སོགས་པའི་སྒོ་ཆ་ནི་སྒོ་ཆ་གོང་མ་སྟེ། དེ་མ་བཙུགས་པ་ལ་ཡང་ཉི་མ་གཞན་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ཡང་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །གལ་ཏེ་སྒོ་ཆ་གོང་མ་དེ་བཙུགས་པ་ཡིན་ན་དེ་ལ་ནི་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ཀྱང་ཉེས་པ་མེད་དེ། སྒོ་
ཆ་བཙུགས་པ་ཡན་ཆད་ནས་རིམ་པ་གསུམ་བགྲང་བར་བྱ་བ་ཡིན་ནོ། །མདོ་གོང་མ་གསུམ་ཆར་ལས་རུང་ངོ་ཞེས་བྱ་བའི་སྒྲ་སྨོས་པ་ནི་དེ་དག་གི་རིམ་པ་རྣམས་ལ་ལྟུང་བའི་ཕྱིར་སོ་སོར་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་རོ། །དང་པོའི་མདུན་རོལ་ནི་ཉེས་པ་མེད་དེ་ཞེས་བྱ་བ་ནི། ཕ་གུ་རིམ་པ་
གསུམ་ལས་ལྷག་པར་རྩིག་པ་བྱས་ན་དངོས་གཞིའོ་ཞེས་བསྟན་པས་ན་འདིར་ཡང་དངོས་གཞིའི་རྒྱུར་གྱུར་པ་རིམ་པ་ལྷག་པར་རྩིག་གོ་སྙམ་པ་ན། ལྷག་པ་དང་པོ་རྩིག་པའི་མདུན་རོལ་དུ་རིམ་པ་གསུམ་རྩིག་པའི་ཚེ་ན་ནི་སྦྱོར་བའི་ཉེས་བྱས་སུ་འགྱུར་ཏེ། སྦྱོར་བ་ཐམས་ཅད་ལ་ཉེས་བྱས་སོ་ཞེས་
གསུངས་པའི་ཕྱིར་རོ། །དེ་ལྟར་དངོས་གཞིའི་མདུན་རོལ་དུ་ནི་སྦྱོར་བ་ཡིན་པས་དེའི་ཕྱིར་ཉེས་པ་དེ་ཀུན་ལ་ཐལ་བར་འགྱུར་བ་བསལ་བའི་ཕྱིར་མདོ་འདི་བརྗོད་དེ། ལྟུང་བའི་རྒྱུར་གྱུར་པ་ལྷག་པ་དང་པོ་རིམ་པ་བཞི་པའི་མདུན་རོལ་དུ་ཉི་མ་གཞན་ལ་རིམ་པ་སྔ་མ་དག་བརྩིགས་པ་དེ་ལ་ནི་སྦྱོར་བ་ཞེས་བྱ་
བའི་ཉེས་པ་མེད་དོ། །འདི་ལྟར་རིམ་པ་གསུམ་བརྩིགས་པའི་སྟེང་དུ་ཉི་མ་དེ་ཉིད་ལ་རིམ་པ་བཞི་པ་རྩིག་པའི་ཕྱིར་ཕ་གུ་ལ་སོགས་པ་ལ་འཛིན་པ་རྩོམ་པར་བྱེད་པ་དེའི་ཚེ་ན་ནི། སྦྱོར་བ་ཞེས་བྱ་བའི་ཉེས་བྱས་སོ། །དེ་བརྩིགས་ན་ནི་དངོས་གཞིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །གཙུག་ལག་ཁང་གི་

ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།མ་བསྐོས་པར་སྟོན་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཕམ་པར་འགྱུར་བ་མ་བྱུང་བ་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ལོ་ཉི་ཤུ་ལས་མི་ཉུང་བ་གྲོང་ཁྱེར་པའི་སྐད་སྨྲ་བ་དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་ཉིད་ཀྱི་ཕྱིར་བཅོས་
པ་བྱས་པ་དགེ་སློང་མའི་སྟོན་པར་བསྐོའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་ཕམ་པར་འགྱུར་བ་མ་བྱུང་བ་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དགེ་སློང་མའི་སྟོན་པར་བསྐོའོ་ཞེས་བྱ་བར་སྦྱར་རོ། །ཕམ་པར་འགྱུར་བ་མ་བྱུང་བ་ཞེས་བྱ་བ་ནི། ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་བ་སྟེ། ཕམ་པར་
འགྱུར་བ་མ་བྱུང་བ་ནི་ཕམ་པར་མ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ཞེས་བྱ་བ་ནི། སྡེ་སྣོད་གསུམ་དོན་དང་ཚིག་གི་སྒོ་ནས་མངོན་པར་ཤེས་པའོ། །ལོ་ཉི་ཤུ་ལས་མི་ཉུང་བ་ཞེས་བྱ་བ་ནི། གང་ལ་ལོ་ཉི་ཤུ་ལས་ཉུང་བ་ཉིད་མེད་པ་དེ་ནི་ལོ་ཉི་ཤུ་ལས་མི་ཉུང་བ་སྟེ།
དེ་ཡང་བསྙེན་པར་རྫོགས་པ་ནས་བརྩམས་ཏེ་ལོ་ཉི་ཤུ་ལོན་པའོ། །འདིས་ནི་གནས་བརྟན་རྒྱལ་ཚབས་ལྟ་བུ་ཞེས་བྱ་བར་བསྒྲུབ་པ་ཡིན་ནོ། །གྲོང་ཁྱེར་བའི་སྐད་སྨྲ་བ་ཞེས་བྱ་བ་ནི། སྨྲ་མཁས་ཏེ་རིགས་པ་དང་གྲོལ་བར་སྨྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཕོ་བྲང་འཁོར་གྱི་སྐད་དམ་མྱ་ངན་ལས་
འདས་པ་གྲོང་ཁྱེར་དང་འདྲ་བར་འགྲོ་བ་དང་། མཐུན་པའི་སྐད་སྨྲ་བ་ཡིན་པས་ན་གྲོང་པའི་སྐད་མི་སྨྲ་བའི་ཕྱིར་རབ་ཏུ་མ་ཞི་བ་དང་མཐུན་པར་འཁྲིགས་པ་དང་ལྡན་པའི་ཚིག་དག་གིས་དགེ་སློང་མ་ལ་ཐོ་འཚམས་པ། ཀྱེ་གྲགས་ལྡན་མ་ཞེས་བྱ་བ་ལ་སོགས་པའི་ཚིག་མི་བརྗོད་པ་ཡིན་ནོ། །
འདིར་བོད་པའི་ཕྱིར་ཀྱེ་ཞེས་བྱ་བའི་སྒྲ་སྨོས་པས་ནི། འཁྲིག་པའི་ཕྱིར་བོད་པ་དང་འདྲ་བ་སྟོན་ཏོ། །དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་ཉིད་ཕྱིར་བཅོས་པ་བྱས་པའོ་ཞེས་བྱ་བ་ནི། གང་གིས་དགེ་སློང་མ་ལུས་ཉེ་བར་གཞོལ་བ་བྱས་པས་དེ་ནི་དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་སྟེ། དེའི་དངོས་པོ་
ནི་དེ་ཉིད་དོ། །དགེ་སློང་མ་ལ་ལུས་ཉེ་བར་གཞོལ་བ་ཉིད་གང་ཡིན་པ་དེ་དག་གིས་བཤགས་པ་ལ་སོགས་པ་དེས་ཕྱིར་བཅོས་པ་བྱས་པ་ཞེས་བྱ་བ་དེ་ནི་ཕྱིར་བཅོས་པ་བྱས་པ་སྟེ། དེས་ནི་དགེ་སློང་མ་དང་ལྷན་ཅིག་ལུས་ལ་ལུས་ཀྱིས་རེག་པ་མེད་པར་སྟོན་ཏོ། །འདིར་གཞུང་ནི་སུན་ཕྱུང་བར་གྱུར་ན་ཡང་

དེས་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱས་པ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དགེ་འདུན་གྱིས་དགེ་སློང་མའི་སྟོན་པར་བསྐོའོ་ཞེས་བྱ་བར་སྦྱར་རོ། །ཉི་མ་གང་ལ་བསྐོ་བར་བྱ་ཞེ་ན་དེའི་ཕྱིར། །གསོ་སྦྱོང་བཅོ་ལྔ་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་མཐུན་པའི་གསོ་སྦྱོང་ལ་
སོགས་པ་བསལ་བའི་ཕྱིར་རོ། །འདིས་གསོ་སྦྱོང་བཅུ་བཞི་པ་ནི་མ་བརྩལ་ཏེ། གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བ་ནི་ཟླ་བ་དེའི་ངོ་ལ་བར་དུ་ཞག་གཅིག་ཆོད་པས། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་བྱས་ཏེ། ཚེ་བཅུ་བཞི་ཞེས་གདགས་པར་ཟད་ཀྱི་དངོས་སུ་ན་དེང་གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བ་དེ་ཉིད་ཚེས་
བཅོ་ལྔ་པ་ཡིན་པའི་ཕྱིར་རོ། །གསོ་སྦྱོང་ཞེས་སྨོས་པ་འདིས་ནི་དགེ་འདུན་གྱིས་དེའི་ཉིན་མོ་སྔར་གསོ་སྦྱོང་བྱ་ཞིང་དེའི་འོག་ཏུ་དགེ་སློང་མའི་སྟོན་པ་བསྐོ་བར་བྱ་བའི་དོན་དེ་སྟོན་པར་བྱེད་དོ། །ཕྱོགས་གང་དུ་བསྐོ་བར་བྱ་ཞེ་ན། དེའི་ཕྱིར་མཚམས་ཀྱི་ནང་དུའོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་མདོ་སྡེ་ལ་སོགས་
པ་འཛིན་པ་མེད་ན་ཇི་ལྟ་བུ་ལས་བསྐོ་བར་བྱ་ཞེ་ན་དེའི་ཕྱིར། མདོ་སྡེ་ལ་སོགས་པ་འཛིན་པ་མེད་ན་སོ་སོར་ཐར་པ་ཐོན་པའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་མདོ་སྡེ་ལ་སོགས་པ་འཛིན་པ་མེད་ན་སོ་སོར་ཐར་པའི་མདོ་ཁ་ཏོན་དུ་བཏོན་པ་དགེ་སློང་མའི་སྟོན་པར་བསྐོ་བར་བྱའོ། །དེ་ཡང་ན་ཕམ་པར་འགྱུར་
བའམ་ལྕི་བའི་ཆོས་རྣམས་སྟོན་པར་ནུས་པའོ་ཞེས་བྱ་བ་ནི། སོ་སོར་ཐར་པ་ཐོན་པ་དེ་ཡང་མེད་ན་དགེ་སློང་མའི་ཕམ་པར་འགྱུར་བ་བརྒྱད་དམ། ལྕི་བའི་ཆོས་རྣམས་གང་གིས་དོན་དང་ཚིག་གི་སྒོ་ནས་སྟོན་ནུས་པའི་ངང་ཚུལ་ཅན་དེ་བསྐོ་བར་བྱའོ། །དེ་ཡང་མེད་ན་ཇི་ལྟ་བུ་ལས་བསྐོ་བར་བྱ་ཞེ་ན་དེའི་
ཕྱིར་ཕྱི་མ་ནི་སྲིང་མོ་དག་ཅི་ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ་ཡོངས་སུ་དག་གམ་མཐུན་ནམ་ཁ་ན་མ་ཐོ་བ་མེད་དམ། ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འབའ་ཞིག་སྟེན་པར་མི་བྱེད་དམ་ཁྱེད་ཅག་ལ་སྟོན་པའི་གང་ཟག་ནི་འགའ་ཞིག་དགེ་འདུན་ལས་འོང་ངོ་། །
ཁྱེད་ཅག་ལ་དགེ་སློང་འགའ་ཞིག་ཡང་སྟོན་པར་མི་སྤྲོའོ། །ཁྱེད་ཅག་གི་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་དེ་སྟོན་ནུས་པའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མའི་སྟོན་པ་ཕྱི་མ་ནི་དེ་ལྟ་བུ་ལས་བསྐོ་བར་བྱའོ་ཞེས་

བྱ་བར་སྦྱར་རོ། །སྲིང་མོ་དག་ཅེས་བྱ་བ་ནི། ཀྱེ་སྲིང་མོ་དག་ཅེས་བོད་པའོ། །ཅི་ཞེས་བྱ་བ་ནི་དྲི་བའི་ཚིག་གོ། །ཁྱེད་ཅག་དགེ་སློང་མའི་དགེ་འདུན་ཚོགས་སམ་ཞེས་བྱ་བ་ནི། ཁྱེད་ཅག་དགེ་སློང་མའི་དགེ་འདུན་ལས་གཅིག་ཏུ་བྱེད་དམ་ཞེས་བྱ་བའོ། །ཡོངས་སུ་དག་གམ་ཞེས་
བྱ་བ་ནི། ཕམ་པར་འགྱུར་བ་མ་བྱུང་ངམ། ལྟུང་བ་གཞན་དག་ཀྱང་བཤགས་པ་དང་བྱིན་གྱིས་བརླབས་པ་གཉིས་ཀྱིས་ཕྱིར་བཅོས་པ་བྱས་སམ་ཞེས་བྱ་བའོ། །མཐུན་ནམ་ཞེས་བྱ་བ་ནི། ཕན་ཚུན་མཐུན་ནམ་ཞེས་བྱ་བའོ། །ཁ་ན་མ་ཐོ་བ་མེད་དམ་ཞེས་བྱ་བ་ནི། འཐབ་མོ་ལ་སོགས་པའི་སྐྱོན་དང་བྲལ་
ལམ་ཞེས་བྱ་བའོ། །ཁྱེད་ཅག་ལ་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་སྟོན་པར་མི་བྱེད་དམ་ཞེས་བྱ་བ་ནི། ཁྱེད་ཅག་ལ་དགེ་སློང་གི་དགེ་འདུན་གྱིས་མ་བསྐོས་པའི་གང་ཟག་འགའ་ཞིག་ཐུགས་ཐུབ་ཏུ་སྟོན་པ་མེད་གྲང་ཞེས་འདྲི་བའོ། །ཁྱེད་ཅག་ལ་སྟོན་པའི་གང་ཟག་ནི་འགའ་ཞིག་
དགེ་འདུན་ལས་འོང་ངོ་ཞེས་བྱ་བ་ནི། ཁྱེད་ཅག་ལ་སྟོན་པའི་གང་ཟག་སུ་ལ་འབབ་པ་ནི་འགའ་ཞིག་དགེ་འདུན་གྱིས་བསྐོས་ཏེ་འོང་གི །གཞན་ལ་མི་འོང་ངོ་ཞེས་སྤྱིར་བསྒོ་བའོ། །ཁྱེད་ཅག་ལ་དགེ་སློང་འགའ་ཡང་སྟོན་པར་མི་སྤྲོའོ་ཞེས་བྱ་བ་ནི། ང་ཡང་དགེ་འདུན་གྱིས་གསོལ་བ་དང་ལས་ཀྱིས་
བསྐོས་ཏེ་འོངས་པར་ཟད་ཀྱི། རང་དགར་འོངས་པ་ནི་མ་ཡིན་པས་གཞན་སུ་ཡང་ཁྱེད་ཅག་ལ་སྟོན་པར་སྤྲོ་བ་མེད་དོ་ཞེས་སྤ་བཀོང་བའི་ཚིག་ཡིན་ནོ། །ཁྱེད་ཅག་གིས་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་འདུན་ལས་སོ་ཞེས་བྱ་བ་ནི། ཀྱེ་སྲིང་མོ་དག་ཁྱེད་ཅག་གིས་ཟླ་བ་ཕྱེད་ཕྱེད་ཅིང་
གསོ་སྦྱོང་བྱ་བ་དང་། དབྱར་གནས་པར་ཁས་བླངས་པའི་རྗེས་ལ་དགག་དབྱེ་བྱ་བ་ལ་སོགས་པའི་གདམས་ངག་དང་རྗེས་སུ་བསྟན་པ་ནི་དགེ་སློང་གི་དགེ་འདུན་ལས་འཐོབ་པོ་ཞེས་དམིགས་ཀྱིས་བསྟན་པའོ། །སྲིང་མོ་དག་གིས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བ་ནི། སྲིང་མོ་དག་གིས་བསླབ་
པའི་གཞི་ཡང་དག་པར་བླངས་པ་དག་བག་ཡོད་པར་སྒྲུབས་ཤིག །འདི་ནི་དགེ་འདུན་གྱིས་ཁྱེད་ཅག་ལ་གདམས་ཤིང་རྗེས་སུ་བསྟན་པ་ཡིན་ནོ་ཞེས་སྟོན་པ་སྙིང་བརྩེ་བ་ཅན་གྱིས། སྙིང་བརྩེ་བའི་ཕྱིར་དགེ་སློང་མའི་དགེ་འདུན་ལ་གདམས་ཤིང་རྗེས་སུ་བསྟན་པའི་ཚིག་ཡིན་ནོ་ཞེས་བྱ་བ་དེ་སྟོན་

ནུས་པའོ་ཞེས་བྱ་བ་ནི། ཇི་སྐད་སྔར་བསྟན་པའི་རྣམ་པ་སྟོན་ནུས་པའི་དགེ་སློང་གི་དགེ་འདུན་གྱིས་དགེ་སློང་མའི་སྟོན་པར་བསྐོ་བར་བྱའོ། །འདི་སྐད་བསྟན་ཏེ་ཕམ་པར་འགྱུར་བ་མ་བྱུང་བ་ཉིད་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། འདི་ལྟར་ལྕི་བའི་ཆོས་ལ་སོགས་པ་སྟོན་མི་ནུས་སུ་ཟིན་
ཀྱང་ཇི་སྐད་བསྟན་མ་ཐག་པ་དེ་དག་ཙམ་ཡང་སྟོན་ནུས་པ་ཡིན་ན་ནི། དགེ་སློང་ཕྱི་མ་འདི་དགེ་འདུན་གྱིས་དགེ་སློང་མའི་སྟོན་པར་བསྐོ་བར་བྱའོ། །ཆོས་བླ་མའི་མཐུ་དང་ལྡན་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། དེ་ཆོས་ཀྱང་ཡིན་ལ། བླ་མ་ཡང་ཡིན་པས་ན་ཆོས་བླ་མའོ། །དེའི་མཐུ་ནི་ཉོན་མོངས་པ་
སྤངས་པའོ། །ཡང་ན་ཆོས་བླ་མ་ཞེས་བྱ་བ་ནི་མིའི་ཆོས་བླ་མ་སྟེ། ཉོན་མོངས་པ་མེད་པར་གནས་པ་ལ་སོགས་པའོ། །དེ་ལ་གང་ཡོད་པ་དེ་ནི་དེའི་མཐུ་དང་ལྡན་པའོ། །མཐུ་དེ་དང་ལྡན་པའི་དགེ་སློང་ནི་མ་གཏོགས་ཏེ་དེ་ནི་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་རྣམས་ལ་སྟོན་ན་ཡང་ཉེས་པ་མེད་
དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་སོ་སོར་ཐར་པའི་མདོ་ལས་ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཅི་ཞིག་རྗེས་སུ་བསྒྲུབས་ན་མ་བསྐོས་པར་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བསྐོས་པ་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་དང་མ་
བསྐོས་པ་དགེ་སློང་མ་ལ་སྟོན་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་དགེ་འདུན་གྱིས་བསྐོས་ཀྱང་ཡན་ལག་ཇི་སྐད་སྨོས་པ་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་དང་། དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་ཡན་ལག་ཇི་སྐད་སྨོས་པ་དེ་དག་དང་ལྡན་ཡང་རུང་མི་ལྡན་ཡང་རུང་བ་དེ་
དགེ་སློང་མ་ལས་སྟོན་ན་མ་བསྐོས་པར་སྟོན་པའི་ལྟུང་བྱེད་དུ་འགྱུར་རོ། །སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་གང་དགེ་འདུན་གྱིས་དགེ་སློང་མའི་སྟོན་པར་སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ཏེ། འདི་ལྟར་བསྐོས་པ་ཉིད་ཡིན་པས་ལན་ཅིག་བསྐོས་པས་ཇི་
སྲིད་འཚོའི་བར་དུ་དགེ་སློང་མ་ལ་བསྟན་པར་བྱའོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་ལན་ཅིག་དགེ་སློང་མའི་སྟོན་པར་སྔར་བསྐོས་པ་གང་ལགས་པ་དེ་ཅི་དུས་གཞན་གྱི་ཚེ་ཡང་བསྐོ་བར་བགྱིའམ། འོན་ཏེ་མ་བསྐོས་པར་བསྟན་པར་བགྱི། ཉེ་བ་འཁོར་དེས་བསྐོས་པ་དེ་ཉིད་ཀྱིས་བསྟན་པར་བྱའོ་

ཞེས་གསུངས་པ་ཡིན་ནོ། །འདིར་གཞུང་ཁ་ཅིག་ལས་ཀྱང་ལན་ཅིག་བསྐོས་པས་ཇི་སྲིད་འཚོའི་བར་དུ་བསྟན་པར་བྱའི། ཡང་ཡང་བསྐོ་བར་མི་བྱའོ་ཞེས་གསུངས་སོ། །ཆོས་བཤད་པར་གསོལ་བ་ན་ཡང་རྣམ་པ་འདི་ཡིན་པས་གསུངས་ཏེ། འདིར་གཞུང་ནི་དགེ་སློང་མ་
གསོལ་བར་ཆོས་སྨྲ་བ་ལ་ལྟུང་བར་ཡང་མི་འགྱུར་བ་འགའ་མཆིས་སམ། ཡོད་དེ་སྔར་གསོལ་ཟིན་པའོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་དུ་མ་ལངས་ཤིང་འོས་པ་ལ་གསོལ་ན་ཉེས་པ་མེད་དོ་ཞེས་བྱ་བ་ནི། གནས་གང་ན་དགེ་འདུན་དུ་མ་ལངས་པ་དེ་ན། དགེ་འདུན་དུ་མ་ལངས་ཤིང་དེ་ན་དགེ་སློང་
གང་དགེ་སློང་མའི་སྟོན་པར་འོས་པ་ཕམ་པར་འགྱུར་བ་མ་བྱུང་བ་ལ་སོགས་པའི་ཡན་ལག་དང་ལྡན་པ་ཡོད་ལ། །དེ་དགེ་སློང་མའི་སྟོན་པར་མ་བསྐོས་པར་དེ་ལ་དགེ་སློང་མ་རྣམས་ཀྱིས་གསོལ་བ་ཉིད་ན་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་དགེ་སློང་དེ་དགེ་སློང་མ་རྣམས་ལ་སྟོན་པ་ན་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་
ཚིག་གོ། །དེ་དག་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་གང་ལ་དགེ་སློང་མ་རྣམས་ཀྱིས་གསོལ་བ་འདེབས་པར་བྱེད་པའི་དགེ་སློང་མ་གང་དག་ཡིན་པ་དེ་དག་ལ་ཡང་ལྟུང་བ་མེད་པའོ། །འདིར་གཞུང་ནི་ཞུ་བ་ལས་གང་ན་དགེ་སློང་གཅིག་གམ་གང་ན་གཉིས་སམ། གང་ན་གསུམ་གནས་ལ། གལ་ཏེ་སྟོན་པའི་
འོས་ཡིན་ན་ཉེ་བར་སོང་བ་ལ་གསོལ་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། སྟོན་པའི་འོས་སུ་རུང་བ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཤེས་གཙོའོ་ཞེས་བྱ་བ་སྨྲས་ཏེ།
འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བར་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་དུ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། ཉི་མ་ནུབ་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། ཉི་མ་ནུབ་པའི་དངོས་པོ་ནི་ཉི་མ་ནུབ་པ་ཉིད་དོ། །དེ་ལ་དེར་འདུ་ཤེས་ན་སྟེ། གལ་
ཏེ་ཉི་མ་ཡང་ནུབ་པར་གྱུར་ལ་དགེ་སློང་གིས་ཀྱང་ཉི་མ་ནུབ་པར་ཤེས་ན། དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཅི་ཞིག་རྗེས་སུ་བསྒྲུབ་ན། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་མཚན་ཐོག་ཐག་ཏུ་ཆོས་སྟོན་པ་མ་གཏོགས་པར་དགེ་སློང་མ་ལ་སྟོན་ནའོ་ཞེས་བྱ་བར་སྨྲས་ཏེ། དགེ་

སློང་མ་ལ་སྟོན་ན་སྟེ། མཚན་ཐོག་ཐག་ཏུ་ཆོས་སྟོན་པ་ནི་མ་གཏོགས་སོ། །འདི་སྐད་བསྟན་ཏེ། མཚན་ཐོག་ཐག་ཆོས་སྟོན་པ་མ་གཏོགས་པར་ཉི་མ་ནུབ་པའི་དུས་ཀྱི་ཚེ་ན་དགེ་སློང་གིས་དགེ་སློང་མ་རྣམས་ལ་སྟོན་པར་བྱེད་ན་ལྟུང་བྱེད་དོ། །ཅི་གནས་ཐམས་ཅད་དུའམ་ཞེ་ན་དེའི་ཕྱིར། དེའི་ཚེ་གལ་ཏེ་སྒོ་ཕྱེ་ཞིང་དེ་ལྟ་བུའི་
གཙུག་ལག་ཁང་གི་མདུན་ན་དབྱར་ཁང་འདུག་པ་ནི་མ་ཡིན་པར་རོ་ཞེས་བྱ་བ་སྨྲས་ཏེ། དེའི་ཚེ་ཞེས་བྱ་བ་ནི་སྟོན་པའི་དུས་ཀྱི་ཚེའོ། །གལ་ཏེ་སྒོ་ཕྱེ་ཞིང་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་ངོ་། །དེ་ལྟ་བུའི་གཙུག་ལག་ཁང་གི་མདུན་ན་ཞེས་བྱ་བ་ནི་སྟོན་པའི་དུས་ཀྱི་ཚེ་སྒོ་ཕྱེ་བའི་གཙུག་
ལག་ཁང་དེའི་མདུན་ནའོ། །དབྱར་ཁང་འདུག་པ་ཞེས་བྱ་བ་ནི། གལ་ཏེ་དེའི་མདུན་ན་དགེ་སློང་མའི་དབྱར་ཁང་འདུག་ན་ནི། དེའི་ཚེ་མྱུར་དུ་ཐགས་ཐོགས་མེད་པར་རང་གི་གནས་སུ་འཇུག་ཏུ་ཡོད་པས་དེར་ཉི་མ་ནུབ་ཀྱི་བར་དུ་སྟོན་ཀྱང་ལྟུང་བར་མི་འགྱུར་བས། དེའི་ཕྱིར་མ་ཡིན་པར་རོ་ཞེས་བྱ་བ་སྨྲས་ཏེ། ཇི་སྐད་
བསྟན་པའི་རྣམ་པ་དེ་ལྟ་བུ་མ་ཡིན་པའི་གནས་སུ་ཉི་མ་ནུབ་ཀྱི་བར་དུ་སྟོན་ན་ལྟུང་བྱེད་དོ། །འདི་ནི་མཚོན་པ་ཙམ་དུ་ཟད་དེ་མྱུར་དུ་ཐགས་ཐོགས་མེད་པར་རང་གི་གནས་སུ་ཕྱིན་པར་རུང་བའི་གནས་གཞན་དུ་ཡང་ཉི་མ་ནུབ་ཀྱི་བར་དུ་སྟོན་པ་ལ་ལྟུང་བ་མེད་ལ། དེ་ལྟ་བུ་མ་ཡིན་པར་ཉི་མ་ནུབ་ཀྱི་བར་སྟོན་ན་ལྟུང་བྱེད་དོ། །
འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གིས་གདུགས་བས་པའི་དུས་ཀྱི་ཚེའི་བར་དུ་དགེ་སློང་མ་ལ་སྟོན་པར་བགྱིད་ལ། ལྟུང་བར་ཡང་མི་འགྱུར་བ་འགའ་མཆིས་སམ། བཀའ་སྩལ་པ། ཡོད་དེ་དགེ་སློང་མ་རྣམས་ཀྱི་དབྱར་ཁང་དུ་སྟོན་ནམ་གྲོང་མཐའི་གཙུག་ལག་ཁང་ངམ་ཁང་ཁྱིམ་དག་ཏུ་སྟོན་ན་
ལྟུང་བ་མེད་དོ། །གང་གི་ནི་རབ་ཏུ་སྟོན་པ་ནི་མ་གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཟས་ཆུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་སྨྲ་བར་འདོད་ནས། དགེ་སློང་མས་ཆོས་དྲི་བ་ལ་མི་འཇིགས་པར་བྱ་བའི་ཕྱིར་དགེ་སློང་
ལ་ཟས་དབུལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་དགེ་སློང་ལ་ཟས་དབུལ་བར་བྱའོ། །ཅི་ཞིག་གི་ཕྱིར་ཞེ་ན། མི་འཇིགས་པར་བྱ་བའི་ཕྱིར་རོ། །ཡུལ་གང་ལ་མི་འཇིགས་པར་བྱ་བའི་ཕྱིར་ཞེ་ན། ཆོས་དྲི་བ་ལ་སྟེ། བདག་གིས་ཆོས་ཞུ་བར་བྱའོ་སྙམ་པ་ལའོ། །རྒྱ་ཅང་དང་ཤུར་བུ་དང་ལྕག་

པོད་དང་ཤུར་བུ་ཕྲེའུ་ཡང་ངོ་ཞེས་བྱ་བ་ལ། རྒྱ་ཅང་ལ་སོགས་པ་ནི་སྐ་རགས་ཀྱི་རྣམ་པ་སྟེ། དགེ་སློང་མས་རྒྱ་ཅང་ལ་སོགས་པ་ཡང་སྦྱིན་པར་དགེ་སློང་ལ་དབུལ་བར་བྱའོ། །དགེ་སློང་གིས་དེ་དག་བླང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་ཟས་ལ་སོགས་པ་དེ་དག་དགེ་སློང་མ་དག་
ལས་བླང་བར་བྱའོ། །ཅི་ཞིག་རྗེས་སུ་བསྒྲུབ་ན་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་དེ་ལྟར་གྱུར་པ་མ་ཡིན་པ་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་བྱ་བ་སྨྲས་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ལ་སྟོན་པའི་དགེ་སློང་ཟས་ཅུང་ཟད་ཙམ་གྱི་ཕྱིར་
སྟོན་པ་མ་ཡིན་པ་ལ་དགེ་སློང་འདི་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་དེ་སྐད་སྨྲ་ན་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དུ་འགྱུར་རོ། །བདེན་པ་ཉིད་ལ་ནི་ལྟུང་བ་མེད་དོ། །འདིར་གཞུང་ནི་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་པ་བདེན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །
ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གོས་བྱེད་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཤེས་གཙོའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་
ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། གང་གི་གོས་བྱ་བའི་དགེ་སློང་མ་དེ་ཡང་ཉེ་དུ་མ་ཡིན་པ་ཉིད་ཡིན་ལ། གོས་བྱེད་པའི་དགེ་སློང་གིས་ཀྱང་དེ་ཉེ་དུ་མ་ཡིན་པ་ཉིད་དུ་ཤེས་ན་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཅི་ཞིག་རྗེས་སུ་བསྒྲུབ་ན་
འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། གོས་བྱེད་ནའོ་ཞེས་བྱ་བ་སྨྲས་ཏེ། མཐར་ཐུག་ན་དངོས་གཞིའོ། །མདུན་རོལ་དུ་ནི་སྦྱོར་བའོ། །གོས་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གོས་སྦྱིན་པའི་ལྟུང་བྱེད་བརྗོད་པར་བྱ་སྟེ། ཤེས་གཙོའོ་ཞེས་བྱ་བ་དང་། དགེ་སློང་མ་
ཉེ་དུ་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་བསླབ་པའི་གཞི་སྔ་མ་ལས་དྲངས་ཏེ་འདིར་ཁས་བླངས་ཏེ། ཅི་ཞིག་རྗེས་སུ་བསྒྲུབ་ན་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། གོས་བྱིན་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་དགེ་སློང་མ་ལའོ། །ཇི་ལྟ་བུ་ཞིག་བྱིན་ཞེ་ན་དེའི་ཕྱིར་གོས་དབུལ་བ་མ་ཡིན་པ་ལའོ་

ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་དགེ་སློང་མའི་དགེ་འདུན་ལ་གོས་དབུལ་བ་མ་གཏོགས་པ་སྟེ། ངོ་བཤེས་པར་གྱུར་པ་ལ་སོགས་པ་གཞན་ལ་སྦྱིན་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དགེ་འདུན་ལ་གོས་དབུལ་བ་མ་གཏོགས་པ་གཞན་ཐམས་ཅད་ལ་སྦྱིན་ན་ལྟུང་བྱེད་དུ་འགྱུར་རམ་ཞེ་ན་དེའི་ཕྱིར། གལ་ཏེ་
བོར་རླག་བྱུང་བ་དང་། ལེགས་པར་སྨྲ་བ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་། བརྗེ་བའི་ཕྱིར་མ་ཡིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་མ་བོར་རླག་བྱུང་བ་དེ་ལ་སྦྱིན་པ་དང་། ལེགས་པར་སྨྲ་བ་སྦྱིན་པ་དང་། བསྙེན་པར་རྫོགས་པ་བྱེད་པའི་ཚེ་སྦྱིན་པ་དང་། བརྗེ་བའི་ཕྱིར་སྦྱིན་པའི་དོན་
བཞི་པོ་དེ་དག་ལ་བྱིན་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མ་ཡིན་པ་ལའོ་ཞེས་བྱ་བ་སྨོས་པ་ནི། བཞི་པོ་དེ་དག་མ་ཡིན་པ་གཞན་ལ་བྱིན་ན་ལྟུང་བྱེད་དོ། །གོས་བྱིན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།དགེ་སློང་མ་དང་ལྷན་ཅིག་འདྲོན་ལམ་དུ་འཇུག་པའི་
ལྟུང་བྱེད་སྨྲ་བར་འདོད་ནས། ལམ་རྒྱགས་བསྐུར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དང་འདྲོན་ལམ་དུ་འགྲོ་བས་ལམ་རྒྱགས་རིན་པོ་ཆེ་ལྔའམ། རིན་པོ་ཆེར་སྨོས་པ་ལྔ་འམ། བཟའ་བ་ལྔ་འམ། བཟའ་བར་སྨོས་པ་ལྔ་ལས་གང་འབྱོར་ཅིང་འོས་པར་བསྐུར་བར་བྱའོ། །སུ་དག་གིས་བསྐུར་བར་བྱ་ཞེ་
ན་དེའི་ཕྱིར། རྩེ་རྒོད་དང་རྩེ་རྒོད་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཁྱེར་དུ་གཞུག་གོ། །དགེ་སློང་དང་དགེ་སློང་མ་རྣམས་གཅིག་གི་ལམ་རྒྱགས་གཅིག་གིས་བསྐུར་དུ་རུང་ངོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་དེ་དག་གིས་ལམ་རྒྱགས་རང་རང་གི་འཁོར་མེད་ན་
གཅིག་གིས་གཅིག་གི་བསྐུར་དུ་རུང་སྟེ་རིགས་པ་ཉིད་ཡིན་ནོ། །གཅིག་གིས་གཅིག་གི་བྱིན་ལེན་ཡང་ངོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་རྣམས་གཅིག་གི་བྱིན་ལེན་ཡང་གཅིག་གིས་བྱར་རུང་ངོ་། ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ལམ་དུ་འགྲོ་བ་
དག་གིས་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བར་མི་བྱའོ། །དེ་བསྐུར་བར་བྱའོ་ཞེས་བྱ་བ་ནི། ནད་པ་དེ་དགེ་སློང་ལམ་དུ་འགྲོ་བ་དག་གིས་བསྐུར་བར་བྱ་བའོ། །དགེ་སློང་མ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱིས་ཀྱང་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ལམ་དུ་དོར་བར་

མི་བྱ་བ་དང་། དེ་བསྐུར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཕན་ཚུན་གྲོགས་བྱའོ་ཞེས་བྱ་བ་ནི། ནད་པ་བསྐུར་བ་དེ་ལ་དགེ་སློང་དང་། དགེ་སློང་མ་རྣམས་ཕན་ཚུན་གཅིག་གི་གྲོགས་གཅིག་གིས་བྱའོ། །ཇི་ལྟར་གྲོགས་བྱ་ཞེ་ན་དེའི་ཕྱིར་ལོགས་ནས་བཟུང་བས་སོ་ཞེས་བྱ་བ་སྨྲས་
ཏེ། གལ་ཏེ་དགེ་སློང་ན་བར་གྱུར་ན། དགེ་སློང་མས་མགོ་ལོགས་ནས་བཟུང་བར་བྱ་ཞིང་གལ་ཏེ་དགེ་སློང་མ་ན་བར་གྱུར་ན་ཡང་དགེ་སློང་གིས་མགོ་ལོགས་ནས་བཟུང་བར་བྱ་སྟེ། རྐང་པ་ལོགས་ནས་ནི་རིགས་མཐུན་པས་གཟུང་བར་བྱ་བའོ། །གྲོང་དུ་ཕྱིན་པ་ཉིད་ན་སོང་ཡང་ཉེས་པ་མེད་དོ་ཞེས་བྱ་བ་
དགེ་སློང་དང་དགེ་སློང་མ་དེ་དག་གིས་ནད་པ་ཁྲིད་དེ་གྲོང་དུ་ཕྱིན་པ་ཉིད་ན་ནད་པ་བཞག་སྟེ། གཞན་དུ་འགྲོ་ན་དེའི་ཚེ་ཉེས་པ་མེད་པའོ། །ཅི་དུས་ཐམས་ཅད་དུ་འགྲོ་བ་ལ་ཉེས་པ་མེད་དམ་ཞེ་ན་དེའི་ཕྱིར། ནད་པའི་སྨན་དང་ཟས་ལེགས་པར་སྦྱར་ཏེ་རང་བཞིན་མཐུན་པའི་ནད་གཡོག་གཅིག་ཀྱང་བཞག་
ནས་སོ་ཞེས་བྱ་བ་སྨྲས་ཏེ། ནད་པའི་སྨན་སྦྱར་ཅིང་ཟན་ཡང་ལེགས་པར་བསྒྲུབས་ནས་རང་བཞིན་མཐུན་པའི་ནད་གཡོག་མཚན་འདྲ་བ་གཅིག་ཀྱང་ཉེ་བར་བཞག་ནས་ཕྱིས་དེ་ལ་འགྲོ་བར་བྱའོ། །གང་ལ་དགེ་སློང་མ་དང་ལྷན་ཅིག་འདྲོན་ལམ་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། འཇིགས་པ་དང་
བཅས་པའི་ལམ་ཉིད་དུ་འགྲོ་ན་ཐབས་གཅིག་ཏུ་ཞུགས་ཤིང་ཐ་མི་དད་པར་འགྲོ་བ་ཉིད་མ་གཏོགས་པར་དགེ་སློང་མ་གཅིག་དང་ལམ་ལས་འདའ་ཞིང་འགྲོ་ནའོ་ཞེས་བྱ་བ་སྨྲས་ཏེ། ཆོམ་རྐུན་ལ་སོགས་པའི་འཇིགས་པ་དང་བཅས་པའི་ལམ་ཉིད་དུ་སྔར་མ་འཐབས་པར་དགེ་སློང་དང་དགེ་སློང་མས་
འདྲོན་ཐབས་གཅིག་ཏུ་ཞུགས་ཤིང་ལྷན་ཅིག་འགྲོ་བ་ཉིད་མ་གཏོགས་པར་དེ་ལས་གཞན་དུ་འགྲོ་བ་ཉིད་ལ་འདྲོན་ཐབས་གཅིག་ཉིད་དུ་དགེ་སློང་གང་དགེ་སློང་མ་གཅིག་དང་ཡང་ལམ་ལས་འདས་ཤིང་འགྲོ་ན་ལྟུང་བྱེད་དུ་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་དགེ་སློང་མ་དང་ལྷན་ཅིག་སྔར་
འཐམས་ཀྱང་རུང་མ་འཐམས་ཀྱང་རུང་སྟེ། འདྲོན་ཐབས་གཅིག་ཏུ་འགྲོགས་ཏེ། འགྲོ་བ་ཉིད་ཀྱིས་ལམ་ལས་འདའ་བར་འགྲོ་ན་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ལམ་ཡང་འཇིགས་པ་དང་བཅས་པ་ཉིད་ཡིན་ལ། དེ་དག་གིས་ཀྱང་འདྲོན་ཐབས་དེར་སྔར་མ་འཐམས་པར་འདྲོན་ཐབས་གཅིག་ཏུ་

འདོད་ཅིང་འགྲོགས་ཏེ་ལམ་དུ་འགྲོ་བ་ཉིད་ལ་ནི་ཉེས་པ་མེད་དོ། །འདིར་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་ཅེས་གསུངས་པ་ནི། རིགས་ཙམ་གཙོ་ཆེ་བ་ཡིན་པས། དགེ་སློང་མ་གཅིག་གམ་གཉིས་སམ་མང་པོ་གང་ཡང་རུང་བའོ། །འདི་ཇི་སྲིད་དུ་འདས་ན་ཞེ་ན་དེའི་ཕྱིར། རྒྱང་གྲགས་རེ་རེར་
རོ་ཞེས་བྱ་བ་སྨྲས་ཏེ། རྒྱང་གྲགས་རེ་རེ་ཞིང་དངོས་གཞི་རེ་རེར་འགྱུར་ཏེ། རྒྱང་གྲགས་གཅིག་འདས་ན་དངོས་གཞི་གཅིག །རྒྱང་གྲགས་གཉིས་འདས་ན་དངོས་གཞི་གཉིས། རྒྱང་གྲགས་གསུམ་འདས་ན་དངོས་གཞི་གསུམ་དུ་གྱུར་པ་ལ་སོགས་པ་ལྟ་བུའོ། །དེའི་ཕྱེད་རེ་རེར་ནི་ཉེས་
བྱས་སོ་ཞེས་བྱ་བ་ནི། རྒྱང་གྲགས་ཀྱི་ཕྱེད་རེ་རེར་འདས་ན་ཉེས་བྱས་ཏེ། རྒྱང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱས་རེ་རེར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་རྒྱང་གྲགས་རེ་རེར་ནི་དངོས་གཞིའོ། །རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མ་དང་
ལྷན་ཅིག་འདྲོན་ལམ་དུ་འཇུག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་རྗེས་སུ་བསྒྲུབ་ན་དགེ་སློང་མ་དང་ལྷན་ཅིག་གྲུར་འདུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགས་པར་འཐམས་ནས་ཅིག་ཅར་གྲུ་གཅིག་གིས་ལམ་ལས་
འདའ་ཞིང་འགྲོ་ནའོ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་གཞི་སྔ་མ་ལས་དགེ་སློང་མ་གཅིག་དང་ཡང་ལམ་ལས་འདའ་ཞིང་འགྲོ་ནའོ་ཞེས་སྨོས་པ་ཉིད་འདིར་ཡང་སྦྱར་བར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དགེ་སློང་གང་དགེ་སློང་མ་གཅིག་དང་ཡང་ལྷན་ཅིག་སྔར་འཐམས་ཀྱང་རུང་མ་
འཐམས་ཀྱང་རུང་སྟེ། ཅིག་ཅར་དུས་གཅིག་ཏུ་གྲུ་གཅིག་གིས་ཆུའི་ལམ་ལས་འདའ་ཞིང་འགྲོ་ན། རྒྱང་གྲགས་རེ་རེར་ནི་དངོས་གཞིའོ། །རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་བྱས་སོ། །འགྲམ་གཉི་ག་བར་ཆད་བརྒྱད་པོ་དག་གི་ནང་ནས་བར་ཆད་གཅིག་གིས་བར་ཆད་དང་བཅས་པ་ཉིད་ཡིན་ན་ཡང་མ་
གཏོགས་སོ། །གལ་ཏེ་འགྲམ་གཅིག་བར་ཆད་དང་བཅས་པ་ཉིད་ཡིན་ན་དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་བར་ཆད་མེད་པའི་འགྲམ་ཅིག་ཤོས་སུ་གནས་པར་བྱའོ། །ཅི་ཐམས་ཅད་དུ་འམ་ཞེ་ན་དེའི་ཕྱིར། ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། ཐད་ཀར་ཕ་རོལ་

དུ་འགྲོ་བ་མ་གཏོགས་པར་ཆུའི་རྒྱུན་ལས་བཟློག་ཕྱོགས་སམ་རྒྱུན་ཕྱོགས་སུ་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེའི་ཕྱིར་ཞུགས་པ་ནི་ཡོ་བ་དང་། གཏིབ་ཆད་པ་དང་། དབའ་ཀློང་ལས་བཟུར་བ་དང་། རུ་སྐྱ་དང་། གདོས་པ་ཆག་པ་དང་། རུ་སྐྱ་འཛིན་པའི་དབང་གིས་
འཇུག་པ་གཞན་དུ་སོང་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། ཐད་ཀར་ཕ་རོལ་དུ་འགྲོ་བ་དེའི་ཕྱིར་ཞུགས་པ་ན་ཡོ་བ་དང་། གཏིབ་ཆད་པ་དང་། དབའ་ཀློང་ལས་བཟུར་བའི་དབང་དང་། རུ་སྐྱ་དང་གདོས་པ་ཆག་པའི་དབང་དང་། རུ་སྐྱ་འཛིན་པའི་དབང་གི་རྐྱེན་གྱིས་རྒྱུན་ལས་བཟློག་པའི་ཕྱོགས་
སམ་རྒྱུན་ཕྱོགས་སུ་འཇུག་པ་གཞན་དུ་སོང་བ་ལ་ནི་ཉེས་པ་མེད་དེ་ཞེས་བྱ་བར་སྦྱར་རོ། །ཡོ་བ་ཞེས་བྱ་བ་ནི་ཆུའི་གཞུང་ཡོ་བའོ། །གཏིབ་ཆད་པ་ཞེས་བྱ་བ་ནི། ཆུ་ཀླུང་གི་འགྲམ་གཏིབ་ཆད་པ་ཉིད་དོ། །དབའ་ཀློང་ཞེས་བྱ་བ་ནི། ཆུ་སྲུབ་ཆེན་པོ་འཁྱིལ་ཞིང་འཁྲུག་པའོ། །བཟུར་བ་ཞེས་བྱ་
བ་ནི། ཡོ་བ་དང་གཏིབ་ཆད་པ་དང་དབའ་ཀློང་ལས་བཟུར་བའོ། །རུ་སྐྱ་ཞེས་བྱ་བ་ནི། གྲུ་བསྐྱེད་ཀྱི་སྐྱ་བ་ཆེན་པོའོ། །གདོས་པ་ཞེས་བྱ་བ་ནི་སྲོག་ཤིང་ངོ་། །རུ་སྐྱ་འཛིན་པ་ཞེས་བྱ་བ་ནི། རླུང་ཡོར་ཐོགས་པའོ། །འཇུག་པ་གཞན་དུ་སོང་བའོ་ཞེས་བྱ་བ་ནི་རྒྱུན་ལས་བཟློག་ཕྱོགས་སམ་རྒྱུན་
ཕྱོགས་སུ་སོང་བའོ། །དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་ཉི་ཤུ་རྩ་དྲུག་པ། གཅིག་པུ་འདུག་པའི་ལྟུང་བྱེད་ལ་ཡན་ལག་གང་དག་བྱེད་པ་པོ་ཉིད་དག་ཡིན་ཞེ་ན། དེའི་ཕྱིར་བུད་མེད་གཅིག་པུ་ཉིད་དང་སྐྱེ་བོའི་
རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་སྐྱབས་དང་བཅས་པ་ཉིད་དང་། བར་འདོམ་གང་ཉིད་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་གཅིག་པུ་ཉིད་ཅེས་བྱ་བ་ལ་གཅིག་པུ་ཉིད་ཅེས་བྱ་བའི་སྒྲ་ནི་བུད་མེད་ཀྱི་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། དགེ་སློང་ནི་གཅིག་པུ་ཉིད་ཡིན་
པར་སྐབས་ཉིད་ཀྱིས་ཁོང་དུ་ཆུད་པར་བྱའོ། །སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་ཅེས་བྱ་བ་ནི། སྐྱེ་བོ་མང་པོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དེ་དབེན་པ་ཉིད་ཡིན་པའོ། །སྐྱབས་དང་བཅས་པ་ཉིད་ཅེས་བྱ་བ་ནི། རྩིག་པ་ལ་སོགས་པ་དག་གིས་ཕྱོགས་དེ་བསྐྱབས་

པ་སྟེ། འདིར་གཞུང་ནི་རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་མཚོན་པ་ཙམ་དུ་ཟད་དེ། །མུན་ནག་ལ་སོགས་པ་དག་ཀྱང་བསྡུའོ། །བར་འདོམ་གང་ཉིད་ཅེས་བྱ་བ་ནི། དེ་ནི་བུད་མེད་དང་བར་འདོམ་གང་ཚུན་ཆད་ན་
འདུག་ན་དེ་དགེ་སློང་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་དེ་དག་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། འདུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་ཀྱི་དབང་དུ་བྱས་པ་ཉིད་ཡིན་མོད་ཀྱི། གཉི་ག་ལ་ཡང་རིག་པར་བྱའོ། །འདུག་པ་དེའི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། དེ་ནི་རྐུབ་ཚོས་
ཙམ་བཞག་པའོ་ཞེས་བྱ་བ་སྨྲས་ཏེ། འདུག་པ་ཞེས་བྱ་བར་བསམས་སོ། །གཅིག་པུར་འདུག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གཅིག་པུ་འགྲེང་བའི་ལྟུང་བྱེད་སྨྲ་བར་འདོད་ནས། བསྟན་མ་ཐག་པའི་བསླབ་པའི་གཞིར་སྨོས་པའི་རྣམ་པ་དག་ཁས་བླངས་ནས་བྱེ་
བྲག་འགའ་ཞིག་བརྗོད་པར་བྱ་སྟེ། དེའི་ཕྱིར་དགེ་སློང་མ་དང་ངོ་ཞེས་བྱ་བ་སྨྲས་ཏེ། སྔར་བུད་མེད་ཅེས་སྨོས་པའི་གནས་སུ་འདིར་དགེ་སློང་མ་ཞེས་བྱ་བ་འདི་གཞུག་གོ། །བསླབ་པའི་གཞི་བསྟན་མ་ཐག་པ་ལ་གང་དང་གང་དུ་བུད་མེད་ཅེས་སྨོས་པའི་གནས་དེ་དང་དེར་འདིར་
དགེ་སློང་མ་ཞེས་བྱེ་བྲག་ཏུ་གཞུག་པར་རིག་པར་བྱ་སྟེ། དེས་ན་འདིར་དགེ་སློང་མ་ཉིད་བྱེད་པ་པོ་ཉིད་ཡིན་གྱི་བུད་མེད་ནི་མ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དགེ་སློང་མ་གཅིག་པུ་ཉིད་དང་སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་དང་། སྐྱབས་
དང་བཅས་པ་ཉིད་དང་། བར་འདོམ་གང་ཉིད་ནི་བྱེད་པ་པོ་དག་ཡིན་ནོ། །གང་ལ་དེ་དག་བྱེད་པ་པོ་དག་ཡིན་ཞེ་ན། དེའི་ཕྱིར་འགྲེང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། སྔར་འདུག་པ་ལའོ་ཞེས་བྱ་བའི་གནས་སུ་འདིར་འགྲེང་བ་ལའོ་ཞེས་བྱེ་བྲག་ཏུ་སྨོས་ཏེ། དགེ་སློང་རྣམས་དང་དགེ་སློང་མ་དག་གོ། །
གཅིག་པུ་འགྲེང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་སྨྲ་བར་འདོད་ནས་དེའི་ཕྱིར་ཤེས་གཙོའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་

དུ་སྦྱོར་བར་བྱེད་དོ། །དེ་ལྟར་ཡང་འདིར་གཞུང་ནི་སོ་སོར་ཐར་པའི་མདོ་ལས་ཡང་དགེ་སློང་གང་ཤེས་བཞིན་དུ་ཞེས་གསུངས་པ་ཡིན་ནོ། །དེའི་རྣམ་པར་འབྱེད་པ་ལས་ཀྱང་གལ་ཏེ་དགེ་སློང་གིས་གལ་ཏེ་དེ་ཤེས་ལ་ཟོས་ན་ཞེས་གསུངས་ཏེ། གལ་ཏེ་དགེ་སློང་མས་སྦྱོར་
དུ་བཅུག་པ་ལ་དགེ་སློང་མས་སྦྱོར་དུ་བཅུག་པར་ཤེས་ན་ཞེས་གསུངས་པ་ཡིན་ནོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་མས་སྦྱོར་དུ་བཅུག་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། སྦྱོར་དུ་བཅུག་པའི་དངོས་པོ་ནི་སྦྱོར་དུ་བཅུག་པའི་དངོས་པོ་ཉིད་དེ། དགེ་
སློང་མས་སྦྱོར་དུ་བཅུག་པ་ཉིད་དེ་ལ་དེ་ལྟར་ཤེས་ན་ཡུལ་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདིར་སྦྱོར་དུ་བཅུག་པ་ཞེས་བྱ་བ་ནི། བྱེད་དུ་བཅུག་པ་སྟེ། དེ་ཡང་གལ་ཏེ་ཚིག་གིས་བཅོལ་ཞིང་ངག་གི་རྣམ་པར་རིག་བྱེད་ཀྱིས་སྦྱོར་དུ་བཅུག་པ་ཡིན་ན་སྟེ། སྤྲིང་ཡིག་ལ་སོགས་
པས་ནི་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས་སྤྲིང་ཡིག་དག་དང་ལག་ཡིག་དག་དང་ལག་རྩིས་དང་མངགས་པ་དང་བརྒྱུད་པ་དང་ཟུར་གྱིས་བསོད་སྙོམས་སྦྱོར་དུ་བཅུག་པ་ཟོས་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་སྦྱོར་དུ་བཅུག་པ་ཉིད་ལ་ཞེ་
ན་དེའི་ཕྱིར། ཡང་དག་པ་མ་ཡིན་པའི་ཡོན་ཏན་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། འདིར་གཞུང་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པ་བདེན་ན་ལྟུང་བ་མེད་དོ། །མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་
མོ་འཛིན་པ་དག་ཡིན་པ་བདེན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གང་ལ་སྦྱོར་དུ་བཅུག་པ་ཉིད་ལ་ཞེ་ན་དེའི་ཕྱིར། མགྲོན་དུ་མ་བོས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་མགྲོན་ཡང་ཡིན་ལ་མ་བོས་པ་ཡང་ཡིན་པས་མགྲོན་དུ་མ་བོས་པ་སྟེ་དེ་ལའོ། །བོས་པ་ཡང་
ལྷག་ནའོ་ཞེས་བྱ་བ་ནི། མགྲོན་དུ་བོས་པ་ལ་ཡང་ལྷག་པར་སྦྱོར་དུ་བཅུག་པ་ཉིད་ལའོ། །འདི་སྐད་བསྟན་ཏེ། གལ་ཏེ་མགྲོན་དུ་བོས་ཀྱང་ལྷག་པར་སྦྱོར་དུ་འཇུག་པ་ལའོ། །འདིར་གཞུང་ནི་འདི་ལྟ་སྟེ། དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་གཞན་དུ་མགྲོན་དུ་བོས་པར་གྱུར་པ་ན་

དེར་དགེ་སློང་མ་འོངས་ཏེ་དྲིས་པ། ཁྱེད་ཅག་གིས་དགེ་སློང་གང་དག་མགྲོན་དུ་བོས། མིང་ཆེ་གེ་མོ་དང་ཆེ་གེ་མོ་དག་གོ། །ཟན་ཇི་ལྟ་བུ་དག་སྦྱིན་སུམ་འཕེལ་གྱི་ཟན་དག་གོ། །མི་རུང་སྟེ་དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་ཡིན་པས་དེ་དག་ལ་རྩང་ཕྱེ་དག་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་
པ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་མགྲོན་དུ་བོས་སུ་ཟིན་ཀྱང་སྦྱིན་བདག་གིས་མ་བསམས་པ་བཞིན་དུ་འཇུག་པ་གང་ཡིན་པ་དེ་ཡང་བཟའ་བར་མི་བྱ་སྟེ། ཟོས་ན་ལྟུང་བྱེད་དོ། །ཅི་ཞིག་སྦྱོར་དུ་བཅུག་པ་ཉིད་ལ་ཞེ་ན་དེའི་ཕྱིར། བཟའ་བར་བྱ་བའོ་ཞེས་བྱ་བ་སྨྲས་ཏེ། འབྲས་ཆན་ལ་
སོགས་པའོ། །ཡང་དག་པ་མ་ཡིན་པའི་ཡོན་ཏན་དག་གིས་སོ་ཞེས་སྨྲས་ན། ཡང་དག་པའི་ཡོན་ཏན་ཇི་ལྟ་བུ་དག་གིས་ཤེ་ན་དེའི་ཕྱིར། བསྒྲུབ་པ་ཕུན་སུམ་ཚོགས་པས་སོ་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པ་ཕུན་སུམ་ཚོགས་པ་རྫོགས་པ་ནི་བསྒྲུབ་པ་ཕུན་སུམ་ཚོགས་པ་སྟེ་དེས་སོ། །
བསྒྲུབ་པ་ཞེས་བྱ་བའི་སྒྲས་ནི་ཚུལ་ཁྲིམས་ནས་བརྩམས་ཏེ། དགྲ་བཅོམ་པ་ཉིད་ཀྱི་བར་དག་བཟུང་ངོ་། །དེ་ཐོས་པས་ཀྱང་རུང་ངོ་ཞེས་བྱ་བ་ནི། བསྒྲུབ་པ་ཕུན་སུམ་ཚོགས་པའི་ཐབས་སུ་གྱུར་པའི་ཐོས་པ་གང་ཡིན་པ་དེས་སྦྱོར་དུ་བཅུག་ན་ཡང་ཉེས་པ་མེད་དོ། །བྲོ་གར་དང་། གླུ་གླིང་
དང་མཁས་པ་ལ་སོགས་པ་གཞན་དག་གིས་སྦྱོར་དུ་བཅུག་པ་ནི་འདིའི་རྗེས་སུ་འབྲང་བས་ཉེས་བྱས་སུ་རིག་པར་བྱའོ། །བསོད་སྙོམས་སྦྱོར་དུ་བཅུག་པ་ནི་གཉིས་ཏེ། ཚུལ་ཁྲིམས་ཀྱིས་སྦྱོར་དུ་བཅུག་པ་དང་། ཐོས་པས་སྦྱོར་དུ་བཅུག་པ་སྟེ། མདོ་སྔ་མ་གཉིས་དང་གོ་རིམས་བཞིན་
ནོ། །ཅི་ཞིག་རྗེས་སུ་བསྒྲུབ་ན་བཟའ་བར་བྱ་བ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར་ཟོས་ནའོ་ཞེས་བྱ་བ་སྨྲས་སོ། །ཟོས་པའི་ངོ་བོ་ཉིད་བསྟན་པའི་ཕྱིར། དེ་ནི་མིད་ན་དེའོ་ཞེས་བྱ་བ་སྨྲས་ཏེ། ཟོས་པ་དེ་ནི་མིད་ན་དངོས་གཞིར་གྱུར་པའི་ཟོས་པ་དེ་ཡིན་གྱི་ཁར་བཅུག་པ་ཙམ་ཁོ་ནས་ནི་མ་ཡིན་
ནོ། །གཞན་གྱི་དོན་དུ་ན་སྨད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གཞན་གྱི་དོན་དུ་སྦྱོར་དུ་བཅུག་པ་ལ་ནི་ན་སྨད་པར་བྱ་བ་ཉིད་དོ། །ན་སྨད་པར་བྱེད་པའི་ཕྱིར་ན་སྨད་པར་བྱ་བ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །འདི་སྐད་བསྟན་ཏེ། དགེ་སློང་མས་གཞན་གྱི་དོན་དུ་སྦྱོར་དུ་བཅུག་པ་དགེ་

སློང་གཞན་གྱིས་ཟོས་ན་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ལས་གཞན་གྱི་དོན་དུ་སྦྱོར་དུ་བཅུག་པར་ཤེས་བཞིན་དུ་ཟོས་ན་ཉེས་བྱས་སོ། །འདི་དགེ་སློང་མས་སྦྱོར་དུ་བཅུག་པ་ཡིན་ནོ་ཞེས་བྱ་བར་མི་ཤེས་པའི་དགེ་སློང་གིས་དགེ་སློང་མས་སྦྱོར་དུ་བཅུག་པ་དེ་ཟོས་པ་ལ་ནི་ལྟུང་
བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །བསོད་སྙོམས་ལ་ཞུགས་པ་ན་བྱིན་ཅིག་ཅེས་ཟེར་བ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་དགེ་སློང་མ་འདི་སྐད་ཅེས་དགེ་སློང་འདི་ལ་བསོད་སྙོམས་བྱིན་ཅིག་ཅེས་ཟེར་བ་དགེ་སློང་གིས་བླངས་ཏེ་ཟོས་ན་ཡང་ཉེས་བྱས་སོ། །འདིར་
གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་དེ་ན་དགེ་སློང་མ་ཞིག་ཁྱིམ་བདག་ལ་འདི་སྐད་ཅེས། དགེ་སློང་འདི་ལ་བསོད་སྙོམས་བྱིན་ཅིག་ཅེས་མཆི་ཞིང་དགེ་སློང་དེས་ཀྱང་དེ་བླངས་ཏེ་འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་
ནོ། །དགེ་སློང་མས་སྦྱོར་དུ་བཅུག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཡང་ཡང་ཟ་བའི་ལྟུང་བྱེད་སྨྲ་བར་འདོད་ནས། ཁྱིམ་གཞན་དུ་ཡང་ཟན་ལ་བོས་པ་དང་དུ་བླང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་ཁྱིམ་གཞན་དུ་ཡང་ཟན་ལ་མགྲོན་དུ་བོས་པ་དང་དུ་བླང་ཞིང་
བདག་གིར་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་གཙུག་ལག་ཁང་འབའ་ཞིག་ཏུ་མ་ཟད་ཀྱི་ཁྱིམ་གཞན་དུ་ཡང་ངོ་ཞེས་བྱ་བར་སྟོན་ཏོ། །དུས་ཤེས་པར་བྱ་སྟེ་འཇུག་པར་བྱའི་སྔ་ཚོགས་སུ་མི་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཁྱིམ་བདག་གཞན་དུ་མགྲོན་དུ་བོས་པ་དང་དུ་བླངས་པར་གྱུར་ན་དེར་ཟན་ལ་
སོགས་པའི་དུས་ཤེས་པར་བྱ་སྟེ་འཇུག་པར་བྱའི། ཧ་ཅང་སྔ་ཚོགས་སུ་འགྲོ་བར་མི་བྱའོ། །དེའི་ཕྱིར་གཎྜཱི་བརྡུངས་ཏེ་རང་རང་གི་འཁོར་དེ་ལ་བལྟ་བར་བྱའོ་ཞེས་བྱ་བ་ནི། ཁྱིམ་གཞན་དུ་མགྲོན་དུ་བོས་པ་དེའི་ཕྱིར་དུས་ལ་བབ་པར་གཎྜཱི་བརྡུངས་ཏེ་གནས་བརྟན་གནས་བརྟན་རྣམས་ཀྱིས་རང་གི་
འཁོར་གང་དང་གང་ཡིན་པ་དག་ལ་བལྟ་བར་བྱའོ། །གློ་བུར་དུ་འོངས་པ་ལ་ནི་གནས་བརྟན་གྱིས་སོ་ཞེས་བྱ་བ་ནི། དགེ་སློང་གློ་བུར་དུ་འོངས་པ་རྣམས་ལ་ནི་དགེ་འདུན་གྱི་གནས་བརྟན་གྱིས་བལྟ་བར་བྱའོ། །འདིར་གཞུང་ནི་དགེ་སློང་འཁོར་དང་སྤྱོད་པ་རྣམས་ཀྱིས་ནི་རང་རང་གི་འཁོར་རྣམས་ལ་

བལྟས་ཏེ་འདོང་བར་བྱའོ། །དགེ་སློང་གང་ལ་ལ་གློ་བུར་དུ་འོངས་པ་དེ་ལ་ནི་དགེ་འདུན་གྱི་གནས་བརྟན་གྱིས་བལྟ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གྱ་ཚོམ་དུ་ཟན་གཅད་པར་མི་བྱའོ་ཞེས་བྱ་བ་ནི། ནད་ལ་སོགས་པའི་རྒྱུ་མེད་པར་ཁྲོ་བ་ལ་སོགས་པས་སམ། ལེ་ལོ་ལ་སོགས་པས་གྱ་ཚོམ་དུ་རང་གི་
ཟན་གཅད་པར་མི་བྱའོ། །སྐོམ་གྱི་ཕྱིར་གསོལ་བ་དག་འདེབས་ན་བསྡད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཡོན་བདག་གསོལ་བ་འདེབས་ཏེ། འདིར་དགེ་སློང་དག་གིས་སྐོམ་བཏུང་བར་བྱའོ་ཞེས་གསོལ་བ་དག་འདེབས་པར་བྱེད་ན། དགེ་སློང་དག་གིས་ཁྱིམ་གཞན་དེར་ཅི་རན་ཅིག་བསྡད་པར་བྱའོ། །
ཡང་ཡང་ཟ་བའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན་དེའི་ཕྱིར། ཅིག་ཅར་ཡང་རུང་། ཕྱིས་ཀྱང་རུང་སྟེ། གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པས་གཉིས་པ་རྙེད་པའོ་ཞེས་བྱ་བ་སྨྲས་ཏེ། ཉི་མ་གཅིག་ལ་ཅིག་ཅར་ཡང་རུང་ཕྱིས་ཀྱང་རུང་སྟེ། གོས་ཀྱི་རྙེད་པ་མེད་པའི་མགྲོན་དུ་བོས་པ་གཉིས་
པ་རྙེད་པ་ནི་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་ཉིད་ཡིན་ནོ། །ཅིག་ཅར་དང་དུ་བླངས་པ་ལ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་འོག་ནས་འབྱུང་བས། དེའི་ཕྱིར་གང་གི་ཚེ་མགྲོན་དུ་བོས་པ་གཉི་ག་དང་དུ་ལེན་པར་བྱེད་ཅིང་། བཟའ་བའི་ཕྱིར་སྔ་ཕྱི་སེམས་པར་མི་བྱེད་པ་དེའི་ཚེ་ནི་གང་གི་བཟའ་བ་ཕྱིས་འགྲུབ་པར་
འགྱུར་བ་དེ་ཁོ་ན་ལས་ཆོས་ཉིད་ཀྱི་དབང་གིས་ཉེས་བྱས་སུ་འགྱུར་བར་ཤེས་པར་བྱའོ། །ཇི་སྟེ་མགྲོན་དུ་བོས་པ་གཅིག་ལ་གོས་མེད་པ་ཉིད་ཡིན་ན་དེ་ལྟ་ན་ནི་གོས་མེད་པ་ཁོ་ན་ལས་ཉེས་བྱས་སུ་འགྱུར་ཏེ། གོས་དང་བཅས་པ་དང་། གོས་མེད་པ་དང་། གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་
བཅས་པ་དང་། གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་ཞེས་བྱ་བ་རྣམ་པ་བཞིས་ལྟུང་བ་བསྟན་པ་མཛད་དོ། །དེ་ལ་གོས་དང་བཅས་པ་ཞེས་བྱ་བ་ནི་གོས་དང་བཅས་པ་གཞན་ནས་འདིར་གོས་ལ་བོས་པ་སྟེ། མགྲོན་དུ་བོས་པ་གཉི་ག་ཡང་གོས་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
གོས་མེད་པ་ཞེས་བྱ་བ་ནི་གོས་དང་བཅས་པ་གཞན་ནས་འདིར་གོས་མེད་པ་ལ་བོས་པ་སྟེ། སྔ་མ་ནི་གོས་དང་བཅས་པ་ཡིན་ལ། ཕྱི་མ་ནི་གོས་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གོས་དང་བཅས་ཤིང་གོས་ཀྱི་རིན་དང་ཡང་བཅས་པ་ཞེས་བྱ་བ་ནི། གོས་ཀྱང་ཡོད་ཅིང་གོས་ཀྱི་རིན་

ཡང་ཡོད་པའོ། །གོས་མེད་ཅིང་གོས་ཀྱི་རིན་ཡང་མེད་པ་ཞེས་བྱ་བ་ནི། གོས་ཀྱིས་ཀྱང་སྟོང་ཞིང་གོས་ཀྱི་རིན་གྱིས་ཀྱང་སྟོང་པའོ། །དེ་ལ་གོས་ཀྱི་རིན་ཞེས་བྱ་བ་ནི། གོས་ཀྱི་ཟོང་ཡིན་པར་ཤེས་པར་བྱའོ། །ཇི་ཞིག་ལ་མགྲོན་དུ་བོས་པ་རྙེད་ན་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར།
བཟའ་བར་བྱ་བ་ལའོ་ཞེས་བྱ་བ་སྨྲས་སོ། །བཟའ་བར་བྱ་བ་ཇི་ལྟ་བུ་ལ་ཞེ་ན། ལྔའི་ཁོངས་སུ་གཏོགས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འབྲས་ཆན་དང་། ཟན་དྲོན་དང་། འདེ་གུ་དང་། ཤ་དང་། སྣུམ་ཁུར་ཞེས་བྱ་བ་ལྔ་པོ་དེ་དག་གི་ཁོངས་སུ་གཏོགས་པ་ལ་སྟེ། ལྔ་པོ་དེ་དག་གི་ནང་ནས་གང་ཡང་
རུང་བ་ལ་ཞེས་བྱ་བའི་ཐ་ཚིག་གོ། །མགྲོན་དུ་བོས་པ་སྔ་མ་ལས། ཅིག་ཤོས་རྣམ་པ་ཇི་ལྟ་བུ་རྙེད་ན་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། གལ་ཏེ་གཞན་ཡང་དེ་ཉིད་ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་མགྲོན་དུ་བོས་པ་གཞན་ཅིག་ཤོས་ཀྱང་བཟའ་བར་བྱ་བ་དེ་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ན།
དེའི་ཚེ་དེ་རྙེད་ན་བྱེད་པ་པོ་ཉིད་ཡིན་ལ། གལ་ཏེ་དེ་ཉིད་མ་ཡིན་ན་ལྟུང་བ་མེད་དོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་སྔར་བཟའ་བ་མ་ལགས་པ་ལ་གཡར་དྲངས་ནས་དེ་སླད་ཀྱིས་བཟའ་བ་ལ་གཡར་དྲངས་ཏེ། དེས་དེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ། །བཙུན་
པ་རེ་ཞིག་དགེ་སློང་བཟའ་བ་ལྔ་པོ་དག་མ་གཏོགས་པ་དེ་ལས་གཞན་པའི་བཟའ་བ་དག་ལ་སྔར་གཡར་དྲངས་ནས་དེ་སླད་ཀྱིས་བཟའ་བ་ལྔ་པོ་དག་ལ་གཡར་དྲངས་ཏེ་དེས་དེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་ཇི་ལྟ་བུ་ལ་དེ་བྱེད་པ་པོ་ཉིད་ཡིན་
ཞེ་ན་དེའི་ཕྱིར། ན་བ་མ་ཡིན་པ་དང་ལས་མ་བྱས་པ་དང་ལམ་དུ་མ་སོང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། ན་བ་མ་ཡིན་པ་ནི་མི་ན་བའོ། །གང་གིས་ལས་མ་བྱས་པ་དེ་ནི་ལས་མ་བྱས་པའོ། །གང་ལམ་དུ་མ་སོང་བ་དེ་ནི་ལམ་དུ་མ་སོང་བ་སྟེ། དེ་དག་ལ་དེ་བྱེད་པ་པོ་ཉིད་ཡིན་ནོ། །དེ་ལྟ་བས་ན་ན་བ་ལ་སོགས་
པར་གནས་པའི་དུས་དག་ལ་ནི་ལྟུང་བ་མེད་དོ། །གནས་མ་ཡིན་པའི་དུས་དག་ལ་ནི་ཉེས་བྱས་ཏེ། །གནས་མ་ཡིན་པའི་དུས་ཐམས་ཅད་ལ་ནི་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་དག་རྙེད་པ་གང་ལ་གང་གིས་བྱེད་པ་པོ་ཡིན་ཞེ་ན་དེའི་ཕྱིར། དང་དུ་བླངས་ན་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨྲས་

ཏེ། ཁས་བླངས་པའི་དུས་ན་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །འདིར་དང་དུ་བླངས་པ་ནི་ཡིད་ཀྱི་ཡིན་པའི་ཕྱིར་དེ་ནི་བསྡམས་པར་བྱ་བའི་ཉེས་བྱས་སོ། །ཁར་ཟ་བའི་མདུན་རོལ་དུ་འགྲོ་བ་ལ་སོགས་པས་རྗེས་སུ་བསྒྲུབ་པ་ནི་བཤགས་པར་བྱ་བའི་ཉེས་བྱས་ཡིན་པར་རིག་པར་བྱའོ། །ཟོས་ན་
དངོས་གཞིའོ་ཞེས་བྱ་བ་ནི། མགུལ་དུ་མིད་ཟིན་པའི་དུས་ན་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །གོས་ཀྱི་རྙེད་པ་ཞེས་སྨོས་ན་གོས་ཀྱི་ཚད་ཇི་ཙམ་ལ་ཞེ་ན་དེའི་ཕྱིར། འདིར་གོས་ཀྱི་མཐར་གྱུར་པ་ནི་ཁྲུ་གང་གི་ཁྱོན་ནོ་ཞེས་བྱ་བ་སྨྲས་ཏེ། གོས་ལ་བོས་པ་འདིར་གོས་ཀྱི་ཚད་མཐར་གྱུར་པ་ནི་ཁྲུ་གང་གི་
ཁྱོན་ཡིན་པར་རིག་པར་བྱའོ། །གལ་ཏེ་གོས་ཁྲུ་གང་གི་ཁྱོན་ལས་ཆུང་བའི་གོས་དང་བཅས་པར་བོས་པ་དེ་ནི་གོས་མེད་པ་ཉིད་ཡིན་པར་རིག་པར་བྱ་སྟེ། དངོས་གཞིའི་ཁ་ན་མ་ཐོ་བ་ཉིད་ཁོ་ནར་འགྱུར་རོ། །གོས་སྦྱིན་པར་བྱེད་པ་ལ་སོགས་པ་གཞན་དག་ལ་ནི་ཁྲུ་གང་གི་ཁྱོན་ནི་དངོས་གཞིའི་
བྱེད་པ་པོ་ཡིན་ལ་དེ་བས་ཆུང་བ་ནི་ཉེས་བྱས་བྱེད་པ་པོ་ཡིན་གྱི། འདིར་ནི་དེ་བས་ཆུང་བས་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །སྔར་ན་བ་མ་ཡིན་པ་དང་ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་ལའོ་ཞེས་སྨོས་ན་ལམ་གྱི་ཚད་ཇི་ཙམ་ཞེ་ན་དེའི་ཕྱིར། ལམ་ནི་དཔག་ཚད་ཕྱེད་དོ་ཞེས་བྱ་བ་སྨོས་ཏེ། འདིར་
ལམ་གྱི་མཐར་གྱུར་པ་ནི་དཔག་ཚད་ཕྱེད་དོ། །གཞན་ལ་ཡང་ངོ་ཞེས་བྱ་བ་ནི། ཡང་ཡང་ཟ་བ་ལས་གཞན་པ་འདུས་ཤིང་ཟ་བ་ལ་སོགས་པའི་བསླབ་པའི་གཞི་དག་ལ་ཡང་སྟེ། ཡང་ངོ་ཞེས་བྱ་བའི་སྒྲས་ནི་བསླབ་པའི་གཞི་དེ་དག་ལ་ཡང་ལམ་གྱི་མཐར་གྱུར་པ་ནི་དཔག་ཚད་ཕྱེད་དོ་ཞེས་འདིས་འདྲ་
བར་བསྟན་པ་ཡིན་ནོ། །འདིར་རམ་གྲུར་འགྲོ་བ་ལ་ཡང་ངོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་སྐམ་ལ་འགྲོ་བའི་ལམ་མོ། །གྲུར་འགྲོ་ཞེས་བྱ་བ་ནི་གྲུར་ཞུགས་ཏེ་འགྲོ་བའི་ལམ་སྟེ། དེ་གཉིས་ལ་ཡང་མཐར་གྱུར་པའི་ཚད་ནི་དཔག་ཚད་ཕྱེད་ཡིན་པར་རིག་པར་བྱའོ། །ལས་ཀྱི་མཚན་ཉིད་གང་ཞེ་ན།
དེའི་ཕྱིར། ལས་ཀྱི་ཕྱག་དར་རེ་ལྡེ་ཙམ་མམ་དཀྱིལ་འཁོར་བ་མལ་ཙམ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ལས་ཀྱི་མཐར་གྱུར་པའི་ཚད་ནི་གལ་ཏེ་ཕྱག་དར་རེ་ལྡེ་ཙམ་བྱས་པ་འམ། གལ་ཏེ་བྱུག་པ་མལ་ཙམ་བས་པ་དེ་ཡིན་པར་རིག་པར་བྱའོ། །གཞན་ལ་ཡང་ངོ་ཞེས་བྱ་བ་འདིར་ཡང་སྦྱར་བར་བྱ་སྟེ།

དེས་ན་འདུས་ཤིང་ཟ་བ་ལ་སོགས་པ་དག་ལ་ཡང་ལས་ཀྱི་མཚན་ཉིད་འདི་ཡིན་པར་རིག་པར་བྱའོ། །དེ་ཡང་དགེ་འདུན་གྱི་ཉིད་དམ་མཆོད་རྟེན་གྱི་ཉིད་ཡིན་ནའོ་ཞེས་བྱ་བ་ནི། ཕྱག་དར་ལ་སོགས་པའི་ལས་བསྟན་པ་གང་ཡིན་པ་དེ་ཡང་གལ་ཏེ་དགེ་འདུན་གྱི་ཉིད་ཡིན་ནམ།
གལ་ཏེ་མཆོད་རྟེན་གྱི་ཉིད་ཡིན་ན་དེའི་ཚེ་ལས་དུས་སོ་ཞེས་བྱ་བ་ཡིན་ནོ། །ན་བའི་ཚད་གང་ཞེ་ན་དེའི་ཕྱིར། ན་བ་ཉིད་ཀྱི་ཚད་ནི་མི་ནུས་པའོ་ཞེས་བྱ་བ་སྨྲས་ཏེ། ན་བའི་དངོས་པོ་ནི་ན་བ་ཉིད་དེ་དེའི་ཚད་ནི་མི་ནུས་པ་ཉིད་དོ། །འདི་སྐད་བསྟན་ཏེ། ཇི་ལྟར་ན་མགྲོན་དུ་བོས་པ་གཅིག་གང་ཡིན་པས་འཚོ་བར་མི་
ནུས་པ་དེ་ལྟ་བུའི་ན་བ་ཉིད་དུ་གྱུར་པ་ཡིན་ན། དེའི་ཚེ་ཇི་སྙེད་པ་ཁས་བླང་བར་བྱའོ། །གཞན་ལ་ཡང་ངོ་ཞེས་བྱ་བ་འདིར་ཡང་སྦྱར་བར་བྱ་སྟེ། དེས་ན་དེ་དག་ལ་ཡང་འདི་དང་འདྲ་བར་རིག་པར་བྱའོ། །བཤམས་པ་ནི་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཉིན་གཅིག་མི་ཆད་པར་བཤམས་པའི་ཟན་ནར་མ་
ཟོས་པ་གང་ཡིན་པ་དེ་ནི་དུས་སྟོན་ལ་སོགས་པའི་ཉི་མ་དག་ལ་ལན་འགའ་གང་དུ་བོས་པ་དེའི་མགྲོན་དུ་བོས་པ་གཞན་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས་མངོན་པར་ལྷག་པ་ཟོས་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མངོན་པར་ལྷག་པ་ཞེས་བྱ་བ་ནི། དགེ་སློང་ལ་བཤམས་
པའི་བསོད་སྙོམས་ཀྱི་ཕུད་དེ། དེ་ཟོས་ན་ལྟུང་བ་མེད་དོ། །དགེ་སློང་གི་ཕྱིར་བཤམས་པ་ལ་ནི་དགེ་སློང་ལ་བཤམས་པའོ། །ཀུན་ཏུ་ལྟ་བ་ཡང་ངོ་ཞེས་བྱ་བ་ནི། མགྲོན་དུ་བོས་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་ངམ་ཤེས་པའི་དབང་གིས་ཉེ་བར་ལྟ་བ་ནི་ཀུན་ཏུ་ལྟ་བ་སྟེ། དེ་
ལ་མགྲོན་དུ་བྱས་པ་ཟོས་པ་ཡང་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས་འདིར་སྤྱན་གཟིགས་ཙམ་གསོལ་ལ་གདུགས་ཚོད་གཞན་དུ་གསོལ་ཅིག་ཅེས་ཟེར་བ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མགྲོན་དུ་བོས་པ་གཞན་ཡོང་ན་ཟན་སྔ་མ་ལ་སྤོང་བ་བསྲུང་ཞིང་འཇུག་པར་
བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་ཉི་མ་གཅིག་ལ་སྔར་གོས་དང་བཅས་པ་ཡང་རུང་། གོས་མེད་པ་ཡང་རུང་བ་ཞིག་ཏུ་མགྲོན་དུ་བོས་པའི་རྗེས་ལ་གོས་དང་བཅས་པའི་མགྲོན་དུ་བོས་པ་གཞན་ཞིག་ཀྱང་བྱུང་ན། དེའི་ཚེ་དགེ་སློང་དེས་མགྲོན་དུ་བོས་པ་སྔ་མ་ལ་སྤོང་བ་བསྲུང་ཞིང་འཇུག་པར་བྱ་སྟེ། དེའི་

རྗེས་ལ་ཕྱི་མར་ཡང་འགྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །མགྲོན་དུ་བོས་པ་གཞན་ཡོད་ན་ཞེས་བྱ་བ་ནི། གོས་དང་བཅས་པའི་མགྲོན་དུ་བོས་པ་ཕྱི་མ་གཞན་ཡོད་ནའོ། །ཟན་སྔ་མ་ཞེས་བྱ་བ་ནི། སྔར་གོས་དང་བཅས་པ་ཡང་རུང་གོས་མེད་པ་ཡང་རུང་བ་ཞིག་ཏུ་མགྲོན་དུ་བོས་པའི་ཟན་སྔ་མ་ལའོ། །སྤོང་བ་
བསྲུང་ཞིང་ཞེས་བྱ་བ་ལ། སྤོང་བ་ཞེས་བྱ་བ་ནི། འགྲངས་པར་ཟོས་ནས་དེང་བདག་གིས་འདི་ལས་ཡང་བཟའ་བར་མི་བྱའོ་ཞེས་ལྟོས་པ་མེད་པའི་བསམ་པས་ཟན་གྱི་སྟན་ལས་ལྡང་བ་སྟེ། དགེ་སློང་གི་སྤོང་བ་དེ་བསྲུང་ཞིང་ཟན་སྔ་མ་ལ་འཇུག་པར་བྱ་སྟེ། དེའི་རྗེས་ལ་ཕྱི་མར་ཡང་འགྲོ་བར་བྱའོ་ཞེས་བྱ་བའི་
ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་ཁ་གཉིས་སུ་མགྲོན་དུ་བོས་པ་ཁས་བླངས་པར་གྱུར་ན་མགྲོན་དུ་བོས་པ་སྔ་མ་ཤོས་ལ་ཇི་ནས་ཀྱང་སྤོང་བར་མི་འགྱུར་བ་དེ་ལྟར་སྤོང་བ་བསྲུང་ཞིང་དེའི་རྗེས་སུ་མགྲོན་དུ་བོས་པ་ཅིག་ཤོས་དང་བཅས་པ་ཡིན་ན་དེར་ཡང་འགྲོ་ཞིང་བཟའ་བར་བྱའོ། །གལ་ཏེ་
ཟན་སྔ་མ་ལ་སྤོང་བ་མ་བསྲུངས་ཤིང་སྤངས་པར་གྱུར་ན་ནི་ཕྱི་མར་སོང་ཡང་བཟའ་བར་མི་བྱའོ། །ཐོ་འཚམས་པར་བྱས་པ་ནི་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི། མགྲོན་དུ་བོས་པ་ཞེས་བྱ་བར་སྦྱར་ཏེ། ཐོ་འཚམས་པའི་བསམ་པས་མགྲོན་དུ་བོས་པ་ནི་མགྲོན་དུ་བོས་པ་མ་ཡིན་པ་ཉིད་དུ་རིག་པར་བྱའོ། །འདིར་
གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་ལ་སྔར་ཐོ་འཚམས་པའི་རྟོག་པ་ཙམ་གྱིས་གཡར་དྲངས་པར་གྱུར་ནས། སླད་ཀྱིས་ཐ་མལ་པའི་གནས་སྐབས་སུ་གཡར་དྲངས་པ་གཞན་རྙེད་ཅིང་དེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཐོ་འཚམས་པའི་རྟོག་པ་ནི་ཐོ་
འཚམས་པར་རྟོག་པ་སྟེ། གང་ལ་ལ་གཞན་ཐོ་འཚམས་པའི་རྟོག་པ་དེ་ཡོད་པ་དེ་ནི་ཐོ་འཚམས་པའི་རྟོག་པ་ཅན་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་ཐོ་འཚམས་པའི་བསམ་པ་ཅན་འགའ་ཞིག་གིས། དགེ་སློང་མགྲོན་དུ་བོས་སུ་ཟིན་ཀྱང་། དགེ་སློང་དེས་མགྲོན་དུ་བོས་པ་གཞན་དུ་སོང་སྟེ། ཟན་
ཟོས་ན་དེ་ལྟར་ན་ཡང་ལྟུང་བ་མེད་དོ། །མི་རུང་བ་ལས་བོས་པ་ཡོང་ངོ་ཞེས་བྱ་བ་ནི། བཟའ་བར་བྱ་བ་མི་རུང་བ་བྱིན་ལེན་མ་བྱས་པ་དང་། རྨིག་གཅིག་པའི་ཤ་ལ་སོགས་པ་ལ་མགྲོན་དུ་བོས་པ་ཡང་མགྲོན་དུ་བོས་པ་མ་ཡིན་པ་ཉིད་དུ་རིག་པར་བྱའོ། །དེའི་ཕྱིར་མ་ཡིན་པར་དགེ་འདུན་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་

སློང་གང་ལ་མགྲོན་དུ་བོས་པ་གཞན་ཡོད་པ་དེའི་ཕྱིར་མ་ཡིན་པར་དགེ་འདུན་སྤྱིར་སྤྱན་དྲངས་པ་ཡང་དགེ་སློང་དེའི་མགྲོན་དུ་བོས་པ་ཅིག་ཤོས་ཉིད་མ་ཡིན་ནོ། །གལ་ཏེ་དེའི་ཕྱིར་དགེ་འདུན་སྤྱིར་སྤྱན་དྲངས་པ་ཡིན་ན་ནི། དེའི་ཚེ་དགེ་སློང་དེའི་མགྲོན་དུ་བོས་པ་གཞན་ཉིད་ཡིན་ནོ། །
འདིར་ཁུངས་ནི་འཕགས་པ་ལེགས་འོངས་ཀྱི་ཕྱིར་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་སྤྱན་དྲངས་པ་ན། ཕྱིས་འཕགས་པ་ལེགས་འོངས་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མགྲོན་དུ་བོས་པས་སྨྲས་པ། ཆུ་སྲིན་བྱིས་
པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཁོ་བོའི་ཕྱིར། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞག་བདུན་དུ་བ་ཤོས་ལ་སྤྱན་དྲངས་པས་དེའི་ཚེ་ཁོ་བོས་དང་དུ་མ་བླངས་སོ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་མདོ་འདི་བྱས་སོ། །གཞན་དུ་ལྔ་པོ་འཇོག་པ་ཡང་ངོ་ཞེས་བྱ་བ་ཡང་མགྲོན་
དུ་བོས་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ། གཞན་དུ་ཞེས་བྱ་བ་ནི། གང་ལ་བདག་ཉིད་ཟན་ཟ་བ་དེ་ལས་གཞན་པའི་མགྲོན་དུ་བོས་པ་ཅིག་ཤོས་སུའོ། །ལྔ་པོ་འཇོག་པ་ཡང་ཞེས་བྱ་བ་ནི་ལྔ་པོ་དགེ་སློང་དང་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་དགེ་ཚུལ་མ་དག་འཇོག་པ་ཡང་མགྲོན་དུ་བོས་པ་མ་
ཡིན་པ་ཉིད་དོ། །འདི་སྐད་བསྟན་ཏེ། དགེ་སློང་ཁ་གཉིས་སུ་མགྲོན་དུ་བོས་པས་མགྲོན་དུ་བོས་པའི་གནས་གཅིག་ཏུ་ནི་བདག་ཉིད་ཟ་ཞིང་མགྲོན་དུ་བོས་པའི་གནས་གཞན་ཅིག་ཤོས་སུ་དགེ་སློང་ལ་སོགས་པ་ལྔ་པོ་འཇོག་ན་མགྲོན་དུ་བོས་པས་ཅིག་ཤོས་དེ་མགྲོན་དུ་བོས་པ་མ་ཡིན་པ་ཉིད་དེ་ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་
གོ། །འདིར་གཞུང་ནི་སིལ་བུ་དག་ལས་དགེ་སློང་བཅའ་བ་དང་བཟའ་བའི་ཟན་གཉིས་ལ་མགྲོན་དུ་བོས་པ་གཅིག་དགེ་སློང་ལ་རྣམ་པར་རྟོག་པར་བྱེད་ན་ལྟུང་བ་མེད་དོ། །དགེ་སློང་མ་ལ་རྣམ་པར་རྟོག་པར་བྱེད་ན་ཡང་ལྟུང་བ་མེད་དོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་དང་དགེ་ཚུལ་མ་ལ་རྣམ་པར་རྟོག་
པར་བྱེད་ན་ཡང་ལྟུང་བ་མེད་དོ། །དེ་བཞིན་དུ་སྡེ་པ་ལྔ་པོ་ཐམས་ཅད་ལ་རྣམ་པར་རྟོག་པར་བྱེད་ན་ཡང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་ཆོས་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི། མགྲོན་དུ་བོས་པ་གཞན་ཅིག་ཤོས་སུ་ལྔ་པོ་འཇོག་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི། ཆོས་

དང་མི་འབྲལ་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ནི་ཆོས་དང་ལྡན་པ་ཉིད་དེ་རིགས་པའི་ཚུལ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་བླང་བ་ལ་ཡང་ངོ་ཞེས་བྱ་བ་ནི། མགྲོན་དུ་བོས་པ་གཞན་ཡོད་ན་འཇོག་པར་ལེན་པ་ཡང་ཆོས་དང་ལྡན་པ་ཉིད་དོ། །མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དག་
བདག་གིར་བྱའོ་ཞེས་བྱ་བ་ནི། མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དེ་སྙེད་བདག་གིར་བྱའོ། །འདི་སྐད་བསྟན་ཏེ། །མུ་གེ་བྱུང་བའི་དུས་ཀྱི་ཚེ་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དེ་སྙེད་བདག་གིར་བྱ་སྟེ། སྔ་མར་གཞག་པར་ཡང་ངོ་། །ཟོས་ན་ཡང་ངོ་ཞེས་བྱ་བ་ནི། མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དེ་སྙེད་
ཟོས་ན་ཡང་ལྟུང་བ་མེད་དོ། །སྦྱིན་དུ་ཡང་རུང་ངོ་ཞེས་བྱ་བ་ནི། ལྔ་པོ་ལའོ་ཞེས་སྔར་བསྟན་པའི་རྗེས་སུ་ཤེས་པར་བྱའོ། །སྦྱིན་པ་པོ་མངོན་པར་མི་དགའ་བར་འགྱུར་བ་ལྟ་ན་ཁམ་གཉིས་སམ་གསུམ་ཟོས་པའི་འོག་ཏུ་ཁྱིམ་བདག་དགེ་སློང་འདི་བསོད་སྙོམས་ཀྱིས་ཕོངས་པ་ཡིན་གྱིས་རྗེས་སུ་ཡི་རང་བར་
གྱིས་ཤིག་དང་། འདི་ལ་སྦྱིན་པར་བྱའོ་ཞེས་མངོན་པར་དགའ་བར་བྱས་ནས་སོ་ཞེས་བྱ་བ་ནི། དེ་ལྟར་དགེ་སློང་དེས་རང་གི་བསོད་སྙོམས་སྦྱིན་པ་པོས་སྦྱར་བ་དེ་ལྔ་པོ་དག་ལ་སྦྱིན་པར་བྱེད་པ་ན་གལ་ཏེ་སྦྱིན་པ་པོ་དེ་ལྔ་པོ་དག་ལ་སྦྱིན་པར་མངོན་པར་མི་དགའ་བར་འགྱུར་བ་ལྟ་ན། དེའི་ཚེ་དགེ་སློང་དེས་རང་
གིས་ཁམ་གཉིས་སམ་གསུམ་ཟོས་པའི་འོག་ཏུ་སྦྱིན་པ་པོ་དེ་ལ་འདི་སྐད་ཅེས་ཁྱིམ་བདག་དགེ་སློང་འདི་བསོད་སྙོམས་ཀྱིས་ཕོངས་པ་ཡིན་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག་དང་། འདི་ལ་སྦྱིན་པར་བྱའོ་ཞེས་བྱ་བའི་ཐབས་ཀྱིས་སྦྱིན་པ་པོ་མངོན་པར་དགའ་བར་བྱས་ནས་དེའི་འོག་ཏུ་ལྔ་པོ་དེ་དག་
ལ་སྦྱིན་པར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་བསོད་སྙོམས་དེ་ལྔ་པོ་དག་ལ་སྦྱིན་པ་ལ་སྦྱིན་པ་པོ་མངོན་པར་དགའ་བར་མི་འགྱུར་བ་དེ་ལྟར་ན། དེའི་ཚེ་དགེ་སློང་དེས་རང་གིས་ཁམ་གཉིས་སམ་གསུམ་བཟའ་བར་བྱ་ཞིང་དེའི་འོག་ཏུ་འདི་སྐད་ཅེས་སྦྱིན་བདག་དགེ་སློང་འདི་བསོད་སྙོམས་ཀྱིས་ཕོངས་པ་
ཡིན་གྱིས། རྗེས་སུ་ཡི་རང་བར་གྱིས་ཤིག་དང་འདི་ལ་སྦྱིན་པར་བྱའོ་ཞེས་མངོན་པར་དགའ་བ་བསྐྱེད་པར་བྱ་ཞིང་དེའི་འོག་ཏུ་ལྔ་པོ་དག་ལ་སྦྱིན་པར་བྱའོ། །ཡང་ཡང་ཟ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འདུག་གནས་སུ་ཟ་བའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན་དེའི་ཕྱིར། ཆོས་

འདི་ཕ་མ་ཡིན་པ་བདག་པོ་ཁྱིམ་པ་དང་བཅས་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་སུ་ཞེས་བྱ་བ་སྨྲས་ཏེ། ཆོས་འདི་གང་ལ་ཡོད་པ་དེ་ནི་ཆོས་འདི་པའོ། །ཆོས་འདི་པ་དེའི་འདུག་གནས་གང་ཡིན་པ་དེ་ནི་ཆོས་འདི་པའོ། །ཆོས་འདི་པའི་མ་ཡིན་པ་ནི་ཆོས་འདི་པའི་མ་
ཡིན་པ་སྟེ། མུ་སྟེགས་ཅན་གྱི་འདུག་གནས་སོ། །བདག་པོ་ཁྱིམ་པ་དང་བཅས་པ་ཞེས་བྱ་བ་ནི། བདག་པོ་ཁྱིམ་པ་དང་ལྷན་ཅིག་འཇུག་པ་གང་ཡིན་པ་དེ་ནི་བདག་པོ་ཁྱིམ་པ་དང་བཅས་པའི་འདུག་གནས་སོ། །ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་སོ་ཞེས་བྱ་བ་ལ། ཡ་མཚན་ཅན་
ཞེས་བྱ་བ་ནི། ཆོས་འདི་པ་དང་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་སྤྱིའི་མིང་ངོ་། །ཐམས་ཅད་མ་ཡིན་པའི་འདུག་གནས་ཞེས་བྱ་བ་ནི། གལ་ཏེ་ཐམས་ཅད་ཀྱི་ཡིན་ན་ནི་ཆོས་འདི་པའི་རབ་ཏུ་བྱུང་བ་དག་གི་འདུག་གནས་ཀྱང་ཡིན་པར་འགྱུར་བས། དེའི་ཕྱིར་ཐམས་ཅད་མ་ཡིན་པ་ཞེས་སྨོས་
ཏེ། ཆོས་འདི་ཞུ་བའི་རབ་ཏུ་བྱུང་བ་དག་མ་གཏོགས་པ་གཞན་མུ་སྟེགས་ཅན་རབ་ཏུ་བྱུང་བ་དག་གི་འདུག་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་གཏོགས་པ་རབ་ཏུ་བྱུང་བ་གཞན་དག་གི་ཕྱིར་བཤམས་པ་བདག་པོ་ཁྱིམ་པ་དང་བཅས་པའི་འདུག་གནས་
དེ་ནི་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ། །ལྟུང་བ་འབྱིན་པར་བྱེད་པ་ཇི་ལྟ་བུ་ལ་དེ་བྱེད་པ་པོ་ཡིན་ཞེ་ན་དེའི་ཕྱིར། མི་ན་བ་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ན་བ་མ་ཡིན་ན་དེ་ལའོ། །ན་བ་ནི་ཇི་སྲིད་འདོད་པ་དེ་སྲིད་དུ་དེར་ཉལ་ཞིང་ཟོས་ན་ཡང་ཉེས་པ་མེད་དོ། །འདིར་གཞུང་ནི་སོ་སོར་ཐར་པའི་མདོ་ལས་གལ་ཏེ་
དགེ་སློང་མི་ན་བས་ཞེས་གསུངས་པ་ཡིན་ནོ། །སྦྱིན་བདག་གིས་མ་བསྟབས་པ་ལའོ་ཞེས་བྱ་བ་ནི། གལ་ཏེ་སྦྱིན་བདག་གིས་དགེ་སློང་དེ་ལ་བསྟབས་པ་མ་ཡིན་ན་དེ་ལའོ། །བསྟབས་པ་ནི་འདུག་གནས་བྱེད་པ་པོ་མ་ཡིན་ནོ། །འཕགས་པ་ཤཱ་རིའི་བུས་སྦྱིན་བདག་གིས་བསྟབས་པ་ཡང་ཞལ་གྱིས་མ་
བཞེས་པ་གང་ཡིན་པ་དེ་ནི། དེའི་ཚེ་ན་ད་དུང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མ་གྱུར་པའི་ཕྱིར་ཏེ། གླེང་གཞི་དེ་ཁོ་ནའི་དབང་གིས་དེའི་མོད་ལ་བཅོམ་ལྡན་འདས་ཀྱིས་སྦྱིན་བདག་གིས་བསྟབས་པར་འདུག་པར་བྱ་བ་དང་བཟའ་བར་བྱ་བ་རྗེས་སུ་གནང་བ་མཛད་དོ། །སྦྱིན་བདག་ནི་དེ་ལ་དབང་ཡོད་པ་

ཡིན་ཏེ། ངེས་པར་མ་ཕུལ་བའི་ཕྱིར་རོ། །བསླབ་པའི་གཞི་འདི་ལ་ཇི་ཞིག་རྗེས་སུ་བསྒྲུབ་ན་འདུག་གནས་དེ་གང་ཟག་གང་ལ་ཁ་ན་མ་ཐོ་བ་གང་གི་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། དེའི་ཟས་ནི་ཟོས་པ་ལ་དངོས་གཞིའི་འོ་ཞེས་བྱ་བ་སྨྲས་ཏེ། དེའི་ཟོས་ན་ཞེས་བྱ་བ་ནི། ཉི་མ་གཉིས་པ་དེའི་བསོད་སྙོམས་
ཟོས་ནའོ། །ཟོས་པ་ལ་ཞེས་བྱ་བ་ནི། གང་གིས་ཟོས་པའི་དགེ་སློང་ལའོ། །དངོས་གཞིའོ་ཞེས་བྱ་བ་ནི། དངོས་གཞི་ནི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་པའོ། །གནས་ན་ཞག་ལོན་པ་ལ་ཉེས་བྱས་ཀྱིའོ་ཞེས་བྱ་བ་ལ། གནས་ན་ཞེས་བྱ་བ་ནི། ཉི་མ་གཉིས་སུ་གནས་ན་སྟེ་ཉི་མ་གཉིས་པ་ལ་ཟན་
མ་ཟོས་པར་གྱི་ན་གནས་ནའོ། །ཞག་ལོན་པ་ལ་ཞེས་བྱ་བ་ནི། དེར་ཞག་གཅིག་ལོན་པ་ཉི་མ་གཉ