Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 162
Văn bản gốc(Tây Tạng)
Trang 8 / 26 (50.000 ký tự/trang)
དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད་ཉུག་པར་བྱེད་མེ་ཏོག་གི་ཤིང་ལ་འཛེག་པར་བྱེད་མེ་ཏོག་འཐོག་པར་བྱེད་ཐུ་བ་ འགེངས་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་དགེ་སློང་གིས་ཆུ་ལ་སོགས་པ་དག་ཏུ་ཤིང་ལ་སོགས་པ་དག་སྤྱིངས་ཏེ། རྐུ་ན་གང་གི་ཚེ་བརྐུས་པར་འགྱུར་ཞེ་ན། དེའི་ཕྱིར། སྤྱིངས་པ་ལ་ནི་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་བྱིང་ནའོ་ཞེས་བྱ་བ་སྨྲས་ཏེ། བརྐུ་བའི་རྫས་ཀྱི་སྟེང་གནས་ཀྱི་སྟེང་ནས་བྱིང་ན་སྤྱིངས་པའི་ཚེ་བརྐུས་པ་ཡིན་པར་སྦྱར་རོ། །ཆུ་ལ་སོགས་པར་སྤྱིངས་པ་ལ་ནི། བརྐུ་བར་བྱ་བའི་རྫས་ཀྱི་གནས་ནི་ཆུ་ལ་སོགས་པ་གང་ཡིན་པའོ། །གནས་དེའི་སྟེང་ ནི་ཡ་མཐའི་ཆའི་སྟེང་རིམ་མོ། །སྟེང་རིམ་དེ་ནས་འདས་ཤིང་ནུབ་པ་ནི་བྱིང་བའོ། །གང་བྱིང་ཞེ་ན་དེའི་ཕྱིར་རྫས་ཀྱི་སྟེང་ཞེས་བྱ་བ་སྨྲས་ཏེ། བརྐུ་བར་བྱ་བའི་རྫས་དེའི་ཡ་བླའི་ཆའི་སྟེང་རིམ་དེ་བྱིང་ནའོ། །རྫས་ཀྱི་སྟེང་དེ་གནས་ཀྱི་སྟེང་བྱིང་ན་རྫས་དེ་བརྐུས་པར་རིག་པར་བྱ་སྟེ། རྫས་ཀྱི་སྟེང་ ཞེས་བྱ་བའི་ཚིག་གིས་ནི་རྫས་ཀྱི་དངོས་པོ་དེའི་མཐའ་དག་ནུབ་པར་བསྟན་པ་ཡིན་གྱི། ཐུར་དུ་ལྟ་བའི་ངོས་འོག་མའི་ཆུ་ནུབ་པ་ཙམ་གྱིས་ནི་མ་ཡིན་པར་བསྟན་ཏོ། །འདི་སྐད་བསྟན་ཏེ། བརྐུ་བར་བྱ་བའི་རྫས་ཤིང་ལ་སོགས་པ་གང་ཡིན་པ་དེ་གལ་ཏེ་གནས་ཀྱི་རྫས་ཆུ་ལ་སོགས་པར་ཐམས་ཅད་རིལ་ གྱིས་ནུབ་པར་གྱུར་ན་དེའི་ཚེ་ན་བརྐུས་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་ཁ་ཅིག་འདི་སྐད་རྒོལ་ཏེ། གལ་ཏེ་དགེ་སློང་དེའི་བསམ་པ་འདི་སྙམ་དུ་ད་ནི་རེ་ཞིག་སྤྱིང་བར་བྱའི་ཕྱིས་ནི་དབྱུང་བར་བྱའོ་སྙམ་པ་ཡིན་ན། དེ་ལ་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་དུ་བྱིང་ན་བརྐུས་པའོ་ཞེས་བྱ་བ་འདི་མི་རུང་ སྟེ། རྐུ་བའི་བསམ་པ་དེའི་ཚེ་ན་མེད་པའི་ཕྱིར་རོ་ཞེ་ན། རྒོལ་བ་དེ་བསལ་བའི་ཕྱིར་ཕྱིས་དབྱུང་ངོ་སྙམ་པའི་བློ་གྲོས་གང་ཡིན་པ་དེ་ནི་བསྐུར་བའིའོ་ཞེས་བྱ་བ་སྨྲས་ཏེ། སྤྱིང་བ་དེར་ཕྱིས་དབྱུང་ངོ་སྙམ་པའི་བློ་གྲོས་གང་ཡིན་པའི་བློ་གྲོས་དེ་ནི་བསྐུར་བའི་བློ་གྲོས་ཡིན་གྱི་གཟོད་རྐུ་བའི་བློ་གྲོས་ནི་མ་ཡིན་ནོ། །གང་ གི་ཕྱིར་ཕྱིས་དབྱུང་ངོ་སྙམ་ན་ཡང་འོན་ཀྱང་དེ་ཉིད་ན་རྐུ་སེམས་སྐྱེས་པ་ཡིན་གྱི། གཞན་དུ་ན་ཅིའི་ཕྱིར་སྤྱིངས་པར་བྱེད་དེ། དེའི་ཕྱིར་དགེ་སློང་རྐུ་སེམས་སྐྱེས་པས་རྫས་སྤྱིང་བ་ལ་སོགས་པ་བྱེད་པར་འགྱུར་རོ། །ཕྱིས་དབྱུང་ངོ་སྙམ་པའོ་ཞེས་བྱ་བ་འབྱིན་པར་བྱེད་ཅེས་བྱ་བའི་སྐད་ཀྱི་བྱིངས་འདི་ཡང་ བསྐུར་བའི་དོན་ཡིན་གྱི། རྐུ་བའི་དོན་མ་ཡིན་ནོ། །དེ་ལྟར་ཡང་གཞུང་ནི་དགེ་སློང་གིས་ཟོང་སྤྱིང་བའི་ཁྲི་ལས་ལྡང་བར་བྱེད། ཆུར་འཇུག་པར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད་ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་དེའི་ཚེ་ན་ དགེ་སློང་དེ་ལ་རྐུ་སེམས་མེད་པར་གྱུར་ན་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ལྟུང་བ་རྣམ་པར་གཞག་པ་མཛད། དེ་བས་ན་དང་པོ་སྤྱིངས་པར་བྱེད་པ་ན་རྐུ་སེམས་ཡོད་པས་བྱིང་བ་ན་བརྐུས་པར་འགྱུར་རོ། །བཤལ་བས་རྐུ་བ་ལ་ནི་འདིར་བརྐུས་པ་གང་ཡིན་པར་ཤེས་པར་བྱ་ཞེ་ན། དེའི་ཕྱིར། བཤལ་བ་ལ་སོགས་པ་ནི་ངོས་ཀྱི་གཞིའི་མཚམས་ལས་ངོས་ཅིག་ཤོས་འདས་ནའོ་ཞེས་བྱ་བ་སྨྲས་ཏེ། གང་ནས་འདས་ན་ཞེ་ན་དེའི་ཕྱིར་མཚམས་ལས་ཞེས་བྱ་བ་སྨྲས་སོ། །གང་ནས་འདས་ན་བརྐུས་པ་ཡིན་པའི་མཚམས་དེ་གང་གི་ཞེ་ན། དེའི་ཕྱིར། ངོས་ཀྱི་གཞིའི་ཞེས་བྱ་བ་སྨྲས་སོ། །གང་འདས་ ཤེ་ན་དེའི་ཕྱིར་ངོས་ཅིག་ཤོས་ཞེས་བྱ་བ་སྨྲས་ཏེ། དེ་ནི་རེ་ཞིག་སྦྱར་བ་ཡིན་ནོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། བརྐུ་བར་བྱ་བའི་རྫས་ཀྱི་ཤར་ལ་སོགས་པའི་ཕྱོགས་ཆ་གང་ནས་བཤལ་བ་འདྲེན་པར་བྱེད་པའི་ཕྱོགས་དེ་ནས་ཤིང་ལ་སོགས་པའི་ངོས་གང་ཡིན་པའི་ངོས་དེའི་གཞི་ས་ ལ་སོགས་པ་གང་ཡིན་པ་ས་ལ་སོགས་པའི་ཕྱོགས་གྱོང་གྲུགས་དང་གས་པ་ལ་སོགས་པ་གང་ཡིན་པ་གྱོང་གྲུགས་དང་གས་པ་ལ་སོགས་པ་དེ་ལས་བརྐུ་བར་བྱ་བའི་རྫས་ཤིང་ལ་སོགས་པ་བཤལ་བ་འདྲེན་པར་བྱེད་པའི་ཚེ་འདས་ན་བརྐུས་པ་ཡིན་ནོ། །ཅི་ཆ་གང་ཡང་ རུང་བ་འདས་ནའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ངོས་ཅིག་ཤོས་ཞེས་བྱ་བ་སྨྲས་ཏེ། ཤིང་ལ་སོགས་པ་མདུན་དུ་གྱུར་པའི་ངོས་གང་ནས་བཤལ་བ་དེ་ལས་གཞན་པའི་ངོས་ཕྱིས་མར་གྱུར་པ་ཐ་མ་ཤོས་ནི་ཅིག་ཤོས་སོ། །བཤལ་བ་ན་ངོས་ཅིག་ཤོས་དེ་ངོས་ཀྱི་གཞིའི་མཚམས་གྱོང་གྲུགས་དང་གས་པ་ལ་ སོགས་པ་ལས་འདས་ན་བརྐུས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་བཤལ་བའི་སྦྱོར་བས་རྫས་རྐུ་བར་བྱེད་ན་ས་ལ་སོགས་པའི་ཕྱོགས་གང་དུ་རྫས་དེ་བཤལ་བར་བྱེད་པ་དེ་ན་གལ་ཏེ་གྱོང་གྲུགས་དང་གས་པ་ལ་སོགས་པའི་མཚམས་ཡོད་ན་རྫས་དེ་མཚམས་དེ་ལས་ཐམས་ཅད་བཟླས་ན་དེའི་ ཚེ་བརྐུས་པ་ཞེས་བྱའོ། །གལ་ཏེ་བརྐུ་བར་བྱ་བའི་རྫས་ཀྱིས་ས་ལ་སོགས་པའི་གཞི་གང་ཡིན་པ་དེ་ཁྱབ་ལ་དེ་ན་ཡང་གྱོང་གྲུགས་དང་གས་པ་ལ་སོགས་པ་ཁོངས་སུ་གཏོགས་པ་དག་ཡོད་ན་ཅི་ཁྱབ་པའི་ཁོངས་སུ་གཏོགས་པའི་མཚམས་དེ་ལས་ངོས་ཅིག་ཤོས་དེ་འདས་ན་ཡང་བརྐུས་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན་དེའི་ཕྱིར་ཁྱབ་པའི་ཁོངས་སུ་གཏོགས་པའི་དེ་དང་ལྡན་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བརྐུ་བར་བྱ་བའི་རྫས་ཀྱི་གཞི་ཞེས་བྱ་བའི་ཕྱོགས་ཅི་ཙམ་ཁྱབ་པའི་ཕྱོགས་ཁྱབ་པ་དེའི་ཁོངས་སུ་གཏོགས་པའི་ཕྱོགས་ཀྱི་ཆ་ཤས་གང་ཡིན་པའི་ཁྱབ་པའི་ཁོངས་སུ་གཏོགས་པའི་ ཕྱོགས་ཀྱི་ཆ་ཤས་ཀྱི་དེ་དང་ལྡན་པ་ཉིད་མཚམས་དང་ལྡན་པ་གྱོང་གྲུགས་དང་གས་པ་ལ་སོགས་པ་དང་ལྡན་པ་ཉིད་ཡིན་ན། ཁྱབ་པའི་ཁོངས་སུ་གཏོགས་པའི་ཕྱོགས་ཀྱི་ཆ་ཤས་ཀྱི་མཚམས་གྱོང་གྲུགས་དང་གས་པ་ལ་སོགས་པ་གང་ཡིན་པ་དེ་ལས་ངོས་ཅིག་ཤོས་འདས་སུ་ཟིན་ཀྱང་དེའི་ཚེ་ན་བརྐུས་པར་མི་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱབ་པའི་ཁོངས་སུ་གཏོགས་པའི་ཆ་ཤས་དང་འབྲེལ་པའི་མཚམས་ལས་འདས་པས་ནི། རྫས་ཟད་པར་བརྐུས་པར་མི་འགྲུབ་སྟེ། འདི་ལྟར་གནས་ནས་སྤོས་པ་ནི་རྫས་ཀྱི་ཕྱི་མཐའི་དུམ་བུ་དེ་ཙམ་འདས་པ་ཡིན་པའི་ཕྱིར་རོ། །རྫས་གཅིག་ཏུ་འབྲེལ་པ་ལ་ དུམ་བུར་རྐུར་ཡང་མི་རུང་སྟེ། དེ་བས་ན་བརྐུ་བར་བྱ་བའི་རྫས་ཤིང་ལ་སོགས་པ་དེས་ཁྱབ་པའི་ཕྱོགས་གང་ཡིན་པ་དེ་ན་གྱོང་གྲུགས་དང་གས་པ་ལ་སོགས་པའི་མཚམས་ཡོད་ཅིང་དེ་ལས་ཤིང་ལ་སོགས་པའི་ཕྱེད་ཕྱེད་འདས་སུ་ཟིན་ཀྱང་འདིར་འདས་པའི་བརྐུས་པར་མི་འགྱུར་རོ། །དེ་བས་ན་ཁྱབ་པའི་ཁོངས་སུ་ གཏོགས་པའི་ཕྱོགས་ལས་ཕྱི་རོལ་དུ་གྱུར་པའི་གྱོང་གྲུགས་དང་གས་པ་ལ་སོགས་པ་ནི་མཚམས་ཉིད་དུ་དགོངས་པ་ཡིན་གྱི། དེའི་ཁོངས་སུ་གཏོགས་པ་དག་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་དགེ་སློང་གིས་ཡོ་བྱད་ལྕི་བ་ཤིན་ཏུ་ཐག་རིང་པོར་བཤལ་ཏེ་བརྐུས་ཀྱང་མཐའི་ལྟུང་བར་མི་འགྱུར་ བར་མཆིས་སམ་ཡོད་དེ། འདི་ལྟར་དགེ་སློང་གིས་ཡོ་བྱད་ལྕི་བའི་ངོས་གཅིག་ཁོ་ན་ནས་བཟུང་སྟེ་ཤིན་ཏུ་ཐག་རིང་པོར་བཤལ་ཀྱང་ངོས་ཅིག་ཤོས་གནས་དེ་ནས་མ་འདས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །མདོ་སྔ་མར་མཚམས་ལས་ཞེས་སྨྲས་ན་དེའི་མཚན་ཉིད་མ་བསྟན་པས་དེའི་ཕྱིར། དེའི་མཚན་ཉིད་ནི་གྱོང་གྲུགས་དང་གས་པ་དང་བྲིས་པ་དང་ཁ་དོག་གཞན་དང་བར་མཚམས་དང་བར་ཆད་དག་གོ་ཞེས་བྱ་བ་སྨྲས་ཏེ། མཚམས་ནི་རྣམ་པ་གཉིས་ཏེ། གསལ་བས་གཅད་པའི་མཚན་ཉིད་ནི་འདི་ལྟ་སྟེ། བརྐོས་པ་དང་རྩིག་པ་དང་ཆུ་ཀླུང་དག་གིས་བཅད་པ་འཇིག་རྟེན་ལ་གྲགས་པ་དག་ གོ། །ཅིག་ཤོས་ནི་རབ་ཏུ་མི་མངོན་པས་བཅད་པ་འཇིག་རྟེན་ལ་ཡང་ངོ་བོ་ཉིད་དུ་མ་གྲགས་པ་སྟེ། དེའི་མཚན་ཉིད་བཤད་པར་བྱའོ། །མཚམས་དེའི་མཚན་ཉིད་དམ་ངོ་བོ་ཉིད་ནི་དེའི་མཚན་ཉིད་དེ་གྱོང་གྲུགས་དང་གས་པ་ལ་སོགས་པའོ། །མཚམས་དེའི་མཚན་ཉིད་ནི། བཅོམ་ལྡན་འདས་ ཀྱིས་ཀྱང་གསུངས་ཏེ། གལ་ཏེ་ས་གཞི་དེ་གྱང་གྱོང་དུ་གྱུར་པའམ། སེར་གའམ། ཡི་གེར་བྲིས་པའམ། ཚོན་སྣ་ཚོགས་བཀྲམ་པའམ། མཚམས་ཡོད་ན་ཕྱོགས་ཐ་དད་པ་དག་ཏུ་བརྗོད་པར་བྱའོ་ཞེས་གསུངས་སོ། །དེ་ལ་གྱོང་གྲུགས་ཞེས་བྱ་བ་ནི་གྱང་གྱོང་ཞེས་གསུངས་པས་བསྡུས་ཏེ། ས་གཞི་འདྲ་བར་གྱོང་ཞིང་གྲུགས་པ་ཉིད་ནི་གྱོང་གྲུགས་ཞེས་བྱའོ། །གས་པ་ཞེས་བྱ་བ་ནི། སེར་ག་ཞེས་གསུངས་པས་བསྡུས་ཏེ། ཕྱོགས་གཅིག་ཏུ་རལ་བ་ནི་གས་པ་ཞེས་བྱའོ། །བྲིས་པ་ཞེས་བྱ་བས་ནི་ཡི་གེར་བྲིས་པ་ཞེས་གསུངས་པ་བསྡུས་ཏེ། ཡིག་འབྲུ་བྲིས་པ་ནི་བྲིས་པ་ ཞེས་བྱའོ། །ཁ་དོག་གཞན་ཞེས་བྱ་བས་ནི་ཚོན་སྣ་ཚོགས་བཀྲ་བ་ཞེས་གསུངས་པ་བསྡུས་ཏེ། ཚོན་ཁ་དོག་གཅིག་ལས་ཁ་དོག་གཞན་ཐ་དད་པར་གྱུར་པ་ནི་ཁ་དོག་གཞན་ཏེ། དེ་ནི་མཚམས་གཞན་ཡིན་ནོ། །བར་མཚམས་ཞེས་བྱ་བས་ནི་མཚམས་ ཞེས་བྱ་བ་བསྡུས་ཏེ། དེས་ནི་སྒོ་གླེགས་དང་སེག་དང་རེ་ལྡེ་ལ་སོགས་པ་བར་མཚམས་ཡོད་པ་དག་བསྡུས་སོ། །བར་ཆད་ཅེས་བྱ་བས་ནི་ཞིང་ལ་སོགས་པའི་རྣང་སྒལ་ལ་སོགས་པ་དག་བསྡུས་ཏེ། འདི་ལྟར་རྣང་སྒལ་གྱི་ངོས་གཉིས་ན་ཁོངས་སུ་གཏོགས་པ་ཡིན་ཡང་འདི་ལྟར་ངོས་དེ་གཉིས་ ན་གནས་པའི་ས་གཞིའི་ཆ་གཉིས་ཀྱི་བར་དུ་བཅད་པ་ཉིད་ཀྱིས་དབུས་ན་གནས་པ་ཡིན་པའི་ཕྱིར་མཚམས་སུ་འགྱུར་རོ། །གལ་ཏེ་བརྐོས་པ་དེ་ཁ་ད་ཆད་དུ་གང་བ་ནི་ཕྱོགས་གཅིག་ཏུ་བརྗོད་པར་བྱའོ། །གལ་ཏེ་མ་གང་བར་གྱུར་ཏེ་དེར་དབྱིག་གུས་བར་དུ་བཅད་དམ། སེག་གིས་བར་དུ་ བཅད་དམ། རེ་ལྡེས་བར་དུ་བཅད་པ་གང་ཡིན་པ་དེ་དག་ནི་ཕྱོགས་སོ་སོར་བརྗོད་པར་བྱ་སྟེ། དེ་དག་ཐམས་ཅད་ནི་བར་ཆད་ཅེས་བྱ་བས་བསྡུས་པ་ཡིན་ནོ། །སྲོག་ཆགས་དག་གི་ལུས་གཅིག་པའི་ཕྱིར་བར་ཆད་གཅིག་ཡིན་པར་དོགས་པ་བསལ་བའི་ཕྱིར། སྲོག་ཆགས་ལ་ནི་རྩིབ་མ་ ལ་སོགས་པ་ཐ་དད་པར་བརྟག་ཏུ་རུང་བ་རྣམས་བར་ཆད་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྲོག་ཆགས་ལ་ནི་རྩིབ་མ་ལ་སོགས་པ་ཐ་དད་པར་སོ་སོར་བརྟག་ཏུ་རུང་བས་དེ་དག་བར་ཆད་སོ་སོར་ཐ་དད་པར་གནས་པ་ཉིད་ཡིན་པར་རིག་པར་བྱའོ། །སོགས་པ་ཞེས་བྱ་བ་ནི། སོ་དང་སྣས་བར་དུ་བཅད་པ་ལ་ སོགས་པ་དག་བསྡུས་ཏེ། དེས་ན་རྩིབ་མ་ཞིག་གཅིག་གི་ཕྱོགས་ནས་རྩིབ་མ་ཐ་དད་བར་བརྟག་ཏུ་རུང་བ་གཞན་གྱི་བར་དུ་སྤོས་ན་བརྐུས་པ་ཉིད་དུ་བརྗོད་པར་བྱའོ། །ས་ལ་སོགས་པ་རྩྭ་ལ་སོགས་པ་དག་གིས་གཡོགས་པ་ཉིད་ལ་ཡང་ས་ལ་སོགས་པ་དེ་གཞིའི་དངོས་ཡིན་པའི་ཕྱིར་གནས་ཉིད་ཡིན་གྱི། གཡོགས་མ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་གདིང་བ་བཏིང་བ་ཉིད་གནས་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ས་ལ་སོགས་པའི་གཞིར་རྩྭ་ལ་སོགས་པའི་གདིང་བ་བཏིང་བ་ཉིད་ཡོད་ན། རྩྭ་ལ་སོགས་པའི་གདིང་བ་བཏིང་བ་དེ་ཉིད་དེ་ན་གནས་པའི་རྫས་ཀྱི་ཕྱིར་གནས་ཉིད་དོ། །ས་ལ་སོགས་པ་ ནི་མ་ཡིན་ཏེ། དེ་ནི་དེས་བར་དུ་བཅད་པའི་ཕྱིར་རོ། །སྐྱེ་བ་ནི་གཞག་པ་དང་འདྲའོ་ཞེས་བྱ་བ་ནི། རྩྭ་དང་གེལ་པ་དང་། རྩི་དང་ནགས་ལ་སོགས་བ་བྱུང་བའི་སྐྱེ་བ་ནི་དཔེར་ན་རྫས་གཞག་པ་བསྐྱོད་པ་ཙམ་ཁོ་ནས་བརྐུས་པར་བརྗོད་པར་བྱ་བ་དང་འདྲ་བར་སྐྱེ་བ་ཡང་གནས་ནས་བསྐྱོད་པ་ཁོ་ནས་ བརྐུས་པ་ཞེས་བྱའི། རྩྭ་བ་ནས་བཏོན་པ་ཙམ་གྱིས་ནི་མ་ཡིན་ཏེ། འདི་ལྟར་རིལ་གྱིས་ཁྱེར་ནའོ། །འདིར་གཞུང་ནི་དགེ་སློང་གིས་མེ་ཏོག་གི་ཤིང་ལྗོན་པ་ཕྱུང་སྟེ། །རྐུ་ན་ཇི་སྲིད་དུ་ནོམ་པར་མི་བྱེད་པའི་བར་དུ་ནི་ཉེས་བྱས་སུ་འགྱུར་རོ། །ནོམ་པ་ནས་གནས་ནས་སྤོས་པའི་བར་གྱིས་ནི་བརྐུས་ པ་ཞེས་བྱ་སྟེ། མེ་ཏོག་གི་ཤིང་གི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལག་པ་ལ་སོགས་པ་ཡན་ལག་ལ་གདུ་བུ་རྒྱན་ཅན་ལ་སོགས་པ་བསྐོན་པ་ནི་འཁྲུལ་པའི་ཕྱིར་ཇི་ལྟར་བརྐུས་པར་རྣམ་པར་གཞག་པར་བྱ་ཞེ་ན་དེའི་ཕྱིར། བསྐོན་པ་ནི་ཕུད་ནའོ་ཞེས་བྱ་བ་སྨྲས་ཏེ། ལག་པ་ལ་ སོགས་པ་ལ་བསྐོན་པའི་རྫས་ནི་ཕུད་ན་བརྐུས་པ་ཡིན་ནོ། །ལག་པ་ལ་སོགས་པ་ཡན་ལག་ལ་བསྐོན་པ་བཏགས་པ་དང་གྱོན་ཞིང་བགོས་པ་ནི་ཡན་ལག་དེ་ལས་ཕུད་པ་ཕྱུང་བ་དང་བཀྲོལ་བ་དང་ཕྲལ་བ་ན་དེ་བརྐུས་པ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་དེ་དག་རྒྱན་སྣ་ཚོགས་དག་གིས་བརྒྱན་ པར་གྱུར་པ་དགེ་སློང་གིས་དེའི་སྦྱོར་བས་ཁྲི་ལས་ལྡང་བ་ནས་གནས་ནས་གནས་གཞན་དུ་སྤོས་པའི་བར་དུ་བྱེད་ན་བརྐུས་ཞེས་བྱའོ་ཞེས་བྱ་བ་ལ་སོགས་བ་གསུངས་པ་ཡིན་ནོ། །འདིར་གནས་ནས་གནས་གཞན་དུ་སྤོས་པ་ཞེས་བྱ་བ་ནི་ཕུད་པ་ཡིན་པར་ཤེས་པར་བྱའི། གཞན་དུ་ན་ལག་པ་ལ་ སོགས་པ་དེ་ཉིད་དུ་རྒྱན་བསྐོན་པ་དཔུང་མགོའི་བར་དུ་འཁྲུལ་ཞིང་ཡང་ཕྱིར་མཁྲིག་མའི་བར་དུ་བསྐྲུལ་དུ་རུང་བར་ཟད་ཀྱི་དབུད་པར་མི་ནུས་པ་དག་ཇི་ལྟར་གནས་ནས་སྤོས་པ་ཙམ་གྱིས་བརྐུས་པར་འགྱུར་ཏེ། དེ་བས་ན་ལག་པ་ལ་སོགས་པ་ལས་ཕུད་པ་ན་བརྐུས་པར་འགྱུར་རོ། །ཤོ་གམ་ རང་གི་གནས་ན་འདུག་པའི་ཕྱིར་དེ་ཇི་ལྟར་བརྐུས་པར་འགྱུར་ཞེ་ན་དེའི་ཕྱིར། ཤོ་གམ་ནི་ས་ལས་འདས་ནའོ་ཞེས་བྱ་བ་སྨྲས་ཏེ། བརྐུས་པ་ཞེས་བྱ་བར་སྦྱར་རོ། །ཤོ་གམ་གྱི་གནས་ནི་འདིར་ས་ཞེས་བྱ་བའི་སྒྲས་བརྗོད་དེ། དེ་ལས་འདས་ནའོ་ཞེས་བྱ་བ་ནི། ཤོ་གམ་གྱི་ས་དེ་ ལས་འདས་པ་ནི་དེ་ལས་འདས་པའོ། །ཤོ་གམ་གཅོད་པའི་གནས་ཇི་ཙམ་དུ་ཞུགས་ན་ཤོ་གམ་གཞལ་དགོས་པ་ཉིད་ཡིན་པ་དེ་ནི་ཤོ་གམ་གྱི་གནས་ཡིན་པར་ཤས་པར་བྱ་སྟེ། དེ་ཉིད་འདིར་ཤོ་གམ་གྱི་ས་ཞེས་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་ སྟེ། ཤོ་གམ་གྱི་རྫས་གཞལ་དགོས་པའི་ཤོ་གམ་གྱི་གནས་སུ་ཕྱིན་ལ་ཤོ་གམ་མ་ཕུལ་བར་ཤོ་གམ་གྱི་གནས་ལས་འདས་ན་ཤོ་གམ་བརྐུས་པ་ཡིན་ཏེ། འདི་ལྟར་ཤོ་གམ་གཞལ་དགོས་པ་ལས་འདས་ན་ཡང་དེར་ཤོ་གམ་གྱི་ཚད་ཁོ་ན་བརྐུས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ས་དེ་ལས་འདས་ ན་ཞེས་བྱ་བའི་ཚིག་གིས་ནི་འདིར་གཞན་ནས་གཞན་དུ་བརྒྱུད་པ་ཐམས་ཅད་ཀྱང་བསྡུས་པར་རིག་པར་བྱའོ། །འདི་ལྟར་བཞོན་པ་གླང་པོ་ཆེ་དང་རྟ་ལ་སོགས་པ་དང་རང་གི་ལུས་ཀྱི་རྐང་ལག་ལ་སོགས་པ་དང་། མདའ་ལ་སོགས་པ་ལ་བཏགས་ཏེ་བསྐུར་བའི་ཐབས་དེ་དག་གིས་ཤོ་གམ་གཞལ་ དགོས་པའི་ས་ལས་འདས་ན་ཡང་ཤོ་གམ་གྱི་གནས་དེ་ལས་འདས་པ་ཁོ་ན་ཡིན་ནོ། །འདི་ལྟར་དེ་ཤོ་གམ་གྱི་སར་གཏོགས་པ་ཡིན་ན་གལ་ཏེ་ཤོ་གམ་གྱི་གནས་སུ་ཤོ་གམ་གཞལ་དགོས་པར་ཕྱིན་ནས་ཡང་ཕྱིར་ལོག་གམ་སྐབས་སུ་བཟུར་ཏེ་འགྲོ་བ་དེ་ལ་ནི་ཡུལ་ཆོས་གང་ཡིན་པའི་ཁྲིམས་དང་སྦྱར་བར་བྱ་སྟེ། འདི་ལྟར་ཡུལ་དེ་ན་གལ་ཏེ་ཕྱིར་ལོག་ཀྱང་གཞལ་དགོས་པའི་ཁྲིམས་སུ་བྱས་པ་ཡོད་ན་ནི་འདས་པ་ཁོ་ནར་འགྱུར་རོ། །ཇི་སྟེ་ཕྱིར་ལོག་ན་གཞལ་མི་དགོས་པའི་ཁྲིམས་སུ་བྱས་པ་ཡོད་ན་ནི་འདས་པར་མི་འགྱུར་རོ། །མི་ནི་འགྲོ་བ་དང་འོང་བ་ལ་སོགས་པ་དང་ལྡན་པ་ཡིན་ན་དེ་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། དེའི་ཕྱིར་མི་ལ་གལ་ཏེ་བརྡས་ན་ནི་དེ་གྲུབ་ནའོ་ཞེས་བྱ་བ་སྨྲས་ཏེ། མི་རྐུ་བ་ནི་རྣམ་པ་མང་དུ་སྣང་སྟེ། མི་འདོད་བཞིན་དུ་བཀྲི་བ་དང་། གཞན་པ་དག་གིས་རྐུ་བ་དང་། དེ་བཞིན་དུ་བསྡིགས་པ་ལ་སོགས་པ་དག་གིས་རྐུ་བ་དག་སྟེ། དེ་དག་ནི་མདོ་འདིར་མ་བསམས་སོ། །འདིར་ནི་གལ་ཏེ་བརྡས་ནི་ ཞེས་བྱ་བ་བསམས་ཏེ། གལ་ཏེ་བརྡས་མི་རྐུ་བར་བྱེད་ན་བརྡ་དེ་གྲུབ་ན་བརྐུས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་བརྡས་རྐུ་བར་བྱེད་ན་གང་གི་ཚེ་བརྡ་དེ་གྲུབ་པ་དེའི་ཚེ་ན་མི་དེ་བརྐུས་བར་བརྗོད་པར་བྱའོ། །འདི་ལྟར་གཞུང་ལས་མི་རྐུ་བ་རྣམ་པ་གསུམ་པོ་ཡུལ་ཕྱོགས་དང་མཚན་མ་དང་ བརྡས་རྐུ་བ་གསུམ་གསུངས་པ་ཡང་འདིར་བརྡ་ཞེས་སྨོས་པས་གཉིས་ཀྱང་བསྡུས་པར་རིག་པར་བྱ་སྟེ། འདིར་མི་རྐུ་བ་ནི་རང་དགར་ཕྱི་བཞིན་འོང་བ་དང་། ཁས་ལེན་པ་ཡིན་པར་དགོངས་པས་དེ་ལྟ་བུས་རྐུ་བ་ཐམས་ཅད་ནི་བརྡ་སྔོན་དུ་བཏང་བ་ཡིན་ནོ། །དེ་ལ་ཡུལ་ཕྱོགས་ཞེས་བྱ་བ་ནི་ འདིར་ཚོགས་ལ་སོགས་པའི་ཡུལ་ཡིན་པར་གསུངས་སོ། །མཚན་མ་ནི་བརྟགས་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པ་ཞེས་བྱ་བ་ལ་སོགས་པའོ། །བརྡ་ནི་སྔ་དྲོ་ལ་སོགས་པའོ། །མདོ་ལས་ནི་བརྡ་ཞེས་བྱ་བ་འདན་ཚབ་སྦྱར་བ་ཡིན་པར་འདོད་དེ། གང་གི་ཚེ་ཁྱོད་ཀྱིས་ཁོ་བོས་འདི་དང་འདི་ལྟ་ བུར་མཐོང་བ་དེའི་ཚེ་ཁྱོད་ཁོ་བོའི་གན་དུ་ཤོག་ཤིག་ཅེས་བྱ་བ་ལྟ་བུ་སྟེ། གང་གི་ཚེ་བརྡ་དེ་གྲུབ་པ་དེའི་ཚེ་མི་དེ་བརྐུས་པར་རིག་པར་བྱའོ། །གལ་ཏེ་གསང་སྔགས་ཀྱིས་དྲང་བ་ལ་སོགས་པའི་ཐབས་གཞན་དག་གིས་མི་རྐུ་བར་བྱེད་ན་ནི་གང་གི་ཚེ་སྣང་བར་གྱུར་པ་དེའི་ཚེ་ན་བརྐུས་པ་ཡིན་པར་རིག་ བར་བྱའོ། །གལ་ཏེ་བྱ་རྐུ་ན་དེ་ལ་ཇི་ལྟར་བརྐུས་པར་རྣམ་པར་གཞག་ཅེ་ན། དེའི་ཕྱིར། གལ་ཏེ་དེ་ལྟར་ན་བྱ་སྤར་བ་ན་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་ལྟར་ན་ཞེས་བྱ་བ་ནི། གལ་ཏེ་བྱ་སྤར་ཏེ་རྐུ་བར་བྱེད་ནའོ། །དེའི་ཚེ་ན་བྱ་སྤར་བ་ན་བརྐུས་པ་ཁོ་ན་ཡིན་ནོ། །འདིར་གཞུང་ནི་དགེ་སློང་ གིས་བྱ་སྤར་ཏེ་རྐུ་བར་བྱེད་ན་བྱ་སྤར་བ་ན་བྱའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྤར་ནས་རྐུ་བར་བྱེད་ཅེས་བྱ་བ་ནི་འདིར་འཕུར་དུ་བཅུག་ནས་རྐུའོ་ཞེས་བྱ་བའི་ཐ་ཚིག་གོ། །སྤར་བ་ཐམས་ཅད་ནི་མཚམས་གཞན་དུ་འགྲོ་བ་སྟེ། འཕུར་བ་ནི་ནམ་མཁའ་ལ་འགྲོ་བའི་ རང་བཞིན་ཡིན་པའི་ཕྱིར་རོ། །འདིར་བྱ་སྨོས་པ་ནི་དཔེ་ཙམ་སྟེ། རྫས་ཐམས་ཅད་ཀྱང་ནམ་མཁའི་མཚམས་གཞན་དུ་སོང་ན་བརྐུས་པ་ཡིན་ཏེ། ནམ་མཁའ་ནི་མཚམས་གཞན་ཡིན་པའི་ཕྱིར་རོ། །བཏགས་པ་ཇི་ལྟར་བརྐུས་པར་རྣམ་པར་གཞག་ཅེ་ན་དེའི་ཕྱིར། དུད་འགྲོ་བཏགས་པ་ནི་ བཀྲོལ་བ་ནའོ་ཞེས་བྱ་བ་སྨྲས་ཏེ། དུད་འགྲོ་བཏགས་པ་རྐུ་བ་ནི་བཀྲོལ་བ་ན་བརྐུས་པ་ཡིན་ནོ། །འདིས་ནི་དགེ་སློང་གིས་རི་དགས་རླུབས་སུ་ཆུད་པ་ཕྱུང་ན་རི་དགས་ཀྱི་རིན་ཐང་བརྩི་བར་བྱའོ། །དགེ་སློང་གིས་ཉ་དོལ་ལ་ཐོགས་པ་ཕྱུང་ན་ཉའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་དག་བསྡུས་ པ་ཡིན་ནོ། །དུད་འགྲོ་བརྟོད་པས་སམ་ཁྱུ་ལས་བཀར་བས་རྐུ་བར་འདོད་པ་ལ་ཇི་ལྟར་བརྐུས་པར་རྣམ་པར་གཞག་ཅེ་ན། དེའི་ཕྱིར། བརྟོད་པ་དང་ཁྱུ་ལས་བཀར་བ་ནི་མི་སྣང་བར་གྱུར་པ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། བརྟོད་པ་ཞེས་བྱ་བ་ནི་དུད་འགྲོ་ཁྱུའི་ ནང་ན་འགྲོ་བ་ཕུར་པ་ལ་སོགས་པ་འགའ་ཞིག་ལ་བཏགས་པའོ། །ཁྱུ་ལས་བཀར་བ་ཞེས་བྱ་བ་ནི། ཁྱུའི་གནས་ནས་ལོགས་ཤིག་ཏུ་ཕྱེ་སྟེ་འདས་པའོ། །གལ་ཏེ་དུད་འགྲོ་བརྟོད་པས་སམ་ཁྱུ་ལས་བཀར་བས་རྐུ་བར་འདོད་ན་དེ་ལ་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། མི་སྣང་བར་གྱུར་པ་ ཉིད་ན་བརྐུས་པ་ཡིན་གྱི་གནས་ནས་བསྐྱོད་པ་ཙམ་གྱིས་ནི་མ་ཡིན་ནོ། །གལ་ཏེ་བདག་པོ་དང་རྫི་བོ་ཕྱི་བཞིན་འབྲང་བར་གྱུར་ན་ནི། དེའི་ཚེ་བདག་པོ་དང་རྫི་བོ་ལས་མི་སྣང་བར་གྱུར་པ་ཉིད་ནའོ། །གལ་ཏེ་བདག་པོ་དང་རྫི་བོ་གཤེད་ན་འདུག་ན་ནི་དེའི་ཚེ་དེ་ལས་མི་སྣང་བར་གྱུར་པ་ ཉིད་ནའོ། །གལ་ཏེ་བདག་པོ་དང་རྫི་བོ་མེད་ན་ནི་དེའི་ཚེ་ཁྱུ་ལས་མི་སྣང་བར་གྱུར་པ་ཉིད་ན་བརྐུས་པ་ཡིན་ཏེ། དེ་ནི་དུད་འགྲོ་རང་གི་ངང་གིས་འགྲོ་བ་བརྐུས་པ་ཡིན་ནོ། །གང་མཐུས་བཀྲི་དགོས་སམ་སྒྲ་ཕྱུང་སྟེ་བརྡ་དགོས་པ་ཞིག་ན་ནི་དེ་མི་སྣང་བར་གྱུར་པ་ཉིད་དུ་ཕྱིན་ཀྱང་བརྐུས་པ་མ་ཡིན་ ཏེ། ཇི་སྲིད་དུ་བག་ཚ་བ་མེད་པའི་ཡུལ་དུ་མ་ཕྱིན་ཏམ་དབང་དུ་བྱས་པར་མ་གྱུར་གྱི་བར་དུ་བརྐུས་པ་མ་ཡིན་ནོ། །དུད་འགྲོ་སྨོས་པ་ནི་དཔེ་ཙམ་སྟེ། འདིར་མི་ལ་སོགས་པ་རྣམ་པ་དེ་ལྟ་བུ་དག་ལ་ཡང་དེ་ཁོ་ན་ཉིད་དུ་བསྒྲུབ་པར་བྱའོ། །འདིར་གཞུང་ནི། མིག་ལམ་དུ་སྣང་བར་མ་གྱུར་ན་བརྐུས་ ཞེས་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །གསང་སྔགས་དག་གིས་གཏེར་ལ་སོགས་པ་ལ་འདྲེན་པར་བྱེད་ན་གང་གི་ཚེ་བརྐུས་པར་འགྱུར་ཞེ་ན་དེའི་ཕྱིར། གསང་སྔགས་དག་གིས་འདྲེན་པ་ནི་སྣང་བ་ནའོ་ཞེས་བྱ་བ་སྨྲས་ཏེ། གསང་སྔགས་དག་གིས་གཏེར་ལ་སོགས་པ་འདྲེན་པ་ན། གཏེར་ལ་ སོགས་པ་སྣང་བ་ན་བརྐུས་པ་ཡིན་ནོ། །འདི་སྐད་བསྟེན་ཏེ། གལ་ཏེ་གཏེར་ལ་སོགས་པ་རང་གི་གནས་ན་གནས་སུ་ཟིན་ཀྱང་དེའི་ཁ་བྱེ་བ་ལ་སོགས་པ་སྣང་བར་གྱུར་ན་དེའི་ཚེ་བརྐུས་པ་ཞེས་བྱའོ། །ཇི་སྟེ་ཤིན་ཏུ་ཐག་རིང་པོ་ནས་དྲངས་ཏེ། རྐང་པའི་དྲུང་དུ་འོངས་ཀྱང་ཇི་སྲིད་དུ་སྣང་བར་མ་གྱུར་ན་དེ་ ཡང་བརྐུས་པར་མི་འགྱུར་ཏེ། གྲུབ་པའི་བློ་མེད་པའི་ཕྱིར་རོ། །གལ་ཏེ་རྐུན་མ་མང་པོ་ཞིག་ཡོད་པ་ལས་གཅིག་ཁོ་ན་ཞིག་གིས་གལ་ཏེ་མཐོང་ན་ཡང་དེའི་ཚེ་ཐམས་ཅད་ཀྱིས་མཐོང་བ་ཁོ་ན་ཡིན་ནོ། །འདི་ལྟར་གཏེར་ལ་བསྟན་པ་ཁོ་ན་བཞིན་དུ་རྣམ་པ་དེ་ལྟ་བུ་རྐུ་བ་གཞན་དག་ལ་ཡང་དེ་ཁོ་ན་ བཞིན་དུ་བསྒྲུབ་པར་བྱའོ། །གོམ་པ་འབྲི་བ་ལ་སོགས་པས་རྐུ་བར་འདོད་པ་ལ་གང་གི་ཚེ་བརྐུས་པར་འགྱུར་ཞེ་ན་དེའི་ཕྱིར། ཕྱི་བཞིན་འབྲང་བ་དང་། སྒྲུབ་པར་བྱེད་པ་གཉིས་ནུར་བ་དང་། འབྱངས་པ་དང་། འབྱམ་པ་དང་། འཇུག་པ་དང་། འཛེགས་པ་དག་གིས་སྔ་མ་ལྟར་ཡིན་གྱི་དེ་ གཉིས་ཀྱིས་བླངས་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྔ་མ་ལྟར་ཡིན་གྱི་ཞེས་བྱ་བ་ལ་སྔ་མ་ཞེས་བྱ་བ་ནི། མདོ་སྔ་མ་ལས་གསང་སྔགས་དག་གིས་འདྲེན་པ་ནི་སྣང་བ་ནའོ་ཞེས་སྨོས་པའི་མདོ་དེའི་སྔོན་དུ་བརྟོད་པ་དང་། ཁྱུ་ལས་བཀར་བ་གཉིས་ནི་མི་སྣང་བར་གྱུར་པ་ཉིད་ནའོ་ཞེས་སྨོས་པའི་མདོ་ དེ་སྔར་བསྟན་པའི་ཕྱིར་སྔ་མ་ཞེས་བྱ་སྟེ། སྔ་མ་དེ་ལས་མི་སྣང་བར་གྱུར་པ་ཉིད་ན་ཞེས་སྨོས་པ་དེ་ལྟར་མི་སྣང་བ་ཉིད་དུ་གྱུར་ན་འདིར་ཡང་བརྐུས་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། མི་སྣང་བར་གྱུར་པ་ཉིད་ན་བརྐུས་པ་ཡིན་ནོ། །གང་དག་མི་སྣང་ བར་གྱུར་པ་ཉིད་ན་ཞེ་ན་དེའི་ཕྱིར། ཕྱི་བཞིན་འབྲང་བ་དང་། སྒྲུབ་པར་བྱེད་པ་གཉིས་ཞེས་བྱ་བ་སྨྲས་ཏེ། ཕྱི་བཞིན་འགྲོ་བ་དང་ཆོས་གོས་ལ་སོགས་པ་འབུལ་བར་བྱེད་པ་དེ་གཉིས་སོ། །ཐབས་གང་དག་གིས་དེ་གཉིས་མི་སྣང་བར་གྱུར་པ་ཉིད་ན་བརྐུས་པ་ཡིན་ཞེ་ན་དེའི་ཕྱིར། ནུར་བ་ དང་འབྱངས་པ་ལ་སོགས་པས་ཡིན་གྱི་དེ་གཉིས་ཀྱིས་བླངས་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཕྱི་བཞིན་འབྲང་བ་དང་། སྒྲུབ་པར་བྱེད་པ་དེ་གཉིས་བླངས་བའི་རྫས་དེ་མི་སྣང་བར་གྱུར་པ་ཉིད་ན་ནི་བརྐུས་པ་མ་ཡིན་ཏེ། འདི་ལྟར་དེའི་ཚེ་ན་དེ་གཉིས་ལ་རྫས་དེ་བརྐུས་པའི་བསམ་པ་ཡོད་དུ་ཟིན་ཀྱང་ དེའི་ཚེ་ན་གནས་ནས་སྤོ་བའི་མཚམས་ལས་མ་འདས་པའི་ཕྱིར་རོ། །འདི་ལྟར་དང་པོའི་གོམ་པ་ཕྱིར་བསྣུར་བའི་དུས་ཁོ་ན་ན་རྫས་མཆན་ན་འདུག་པ་དེ་བརྐུས་པར་གྱུར་ཏེ། རྫས་དེ་མི་སྣང་བ་ཉིད་དུ་གྱུར་པའི་ཕྱིར་རོ་ཞེ་ན། དེ་ལྟར་མི་བཞེད་དེ་དེ་བས་ན་ཕྱི་བཞིན་འབྲང་བ་དང་། སྒྲུབ་པར་ བྱེད་པ་གཉིས་མི་སྣང་བར་གྱུར་པ་ཉིད་བརྐུས་པ་ཡིན་གྱི། དེ་གཉིས་ཀྱིས་བླངས་པའི་རྫས་མི་སྣང་བར་གྱུར་པ་ཉིད་ན་ནི་བརྐུས་པ་མ་ཡིན་ནོ། །དེ་གཉིས་མི་སྣང་བ་ཉིད་དུ་གྱུར་པའི་ཐབས་ཀྱི་ཚིག་དེ་དག་གི་དོན་བཤད་པར་བྱ་སྟེ། ནུར་བ་ཞེས་བྱ་བ་ནི་གོམ་པ་ཕྱི་ཕྱིར་འབྲི་ཞིང་ཕྱི་ ནུར་དུ་འགྲོ་བའོ། །འབྱངས་པ་ཞེས་བྱ་བ་ནི་ཕྱིར་ལུས་པ་སྟེ། རྫས་ཀྱི་བདག་པོའི་མདུན་ནས་ཕྱིར་ནུར་ཏེ་སོང་བའོ། །གསང་སྔགས་དང་སྨན་དག་གིས་དེ་ཉིད་དུ་མི་སྣང་བའམ། གཟུགས་གཞན་དུ་བསྒྱུར་བ་ལ་སོགས་པ་ཡང་འདིས་བསྡུས་པར་ཤེས་པར་བྱའོ། །འབྱམ་པ་ཞེས་བྱ་བ་ནི་གནས་ བཏང་བ་སྟེ། འདི་ལྟ་སྟེ་གཤོང་ནས་ཐང་ལ་ཕྱུང་བ་དང་། ཐང་ལས་གཤོང་དུ་འབབ་པ་དང་། མངོན་པར་སྐབས་ཡོད་པ་ནས་ཐིབས་པོར་འཇུག་པ་དང་། ཐིབས་པོ་ནས་མངོན་པར་སྐབས་ཡོད་པར་འགྲོ་བ་དང་། གནས་ཁང་ནས་ཁྱམས་སུ་དང་། ཁྱམས་ནས་གནས་ཁང་དུ་དང་། ཡང་ཏོག་ནས་ ཡང་ཏོག་གཞན་དུ་འཛེག་པ་དང་། ཡང་ཏོག་ནས་ཡང་ཏོག་གཞན་དུ་འབབ་པ་དང་། ཁྱམས་ནས་སྒོ་ཁང་དུ་འཇུག་པ་དང་། སྒོ་ཁང་ནས་དང་ར་ཁྱད་ཁྱུད་དུ་འགྲོ་བ་ལ་སོགས་པ་སྟེ། དེ་དག་ཐམས་ཅད་ནི་འབྱམ་པའི་སྒྲས་བསྡུས་པ་ཡིན་ནོ། །འཇུག་པ་ཞེས་བྱ་བ་ནི་གནས་ཁང་དུའོ། །འཛེག་ པ་ཞེས་བྱ་བ་ནི་ཡང་ཏོག་གཞན་དུ་འཛེག་པའོ། །འདི་སྐད་བསྟན་ཏེ། ནུར་བ་ལ་སོགས་པ་དེ་དག་གིས་ཕྱི་བཞིན་འབྲང་བ་དང་སྒྲུབ་པར་བྱེད་པ་གཉིས་མི་སྣང་བར་གྱུར་པ་ཉིད་ན་བརྐུས་པ་ཡིན་པར་རིག་པར་བྱའི། དེ་གཉིས་ཀྱིས་བླངས་པའི་རྫས་མི་སྣང་བ་ཉིད་དུ་གྱུར་ན་ནི་བརྐུས་པ་མ་ཡིན་ ནོ། །འདིར་གཞུང་ནི་འདི་ལྟར་མཁན་པོ་དང་སློབ་དཔོན་ལམ་གྱིས་བགྲོད་པར་ཞུགས་པ་དེ་དག་གིས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གི་ལག་ཏུ་ཆོས་གོས་དག་གཏད་པ་ན་དེ་ལ་དེ་དག་རྐུ་སེམས་ཉེ་བར་གནས་པར་གྱུར་ཅིང་དེ་དག་གོམ་པ་བསྲི་བས་འགྲོ་ཞིང་སྤྱང་འབྲང་དུ་འགྲོ་ན་ གོམ་པ་རེ་རེ་ལ་ཉེས་བྱས་སུ་འགྱུར་རོ། །ཇི་སྲིད་དུ་མིག་སྔར་སྣང་བར་གྱུར་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་སྣང་བར་མ་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱའོ། །འདི་ལྟར་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་རྐུ་སེམས་ཀྱིས་སློབ་དཔོན་དང་ མཁན་པོ་དག་གི་ཆོས་གོས་དག་རྐུ་བར་བྱེད་ཅིང་དེ་དག་གིས་དེ་དག་ཁྱེར་ཏེ། གཤོང་ནས་ཐང་ལ་འབྱུང་བ་ནི་ཉེན་ཀོར་དུ་ཁྱེར་པ་ཡིན་ཡང་དེ་ལ་དེ་དག་གིས་རྐུ་སེམས་ཉེ་བར་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གནས་ཁང་ལ་སོགས་པ་ནས་ཁྱམས་ལ་སོགས་པར་འགྲོ་བ་ དང་། དེ་ནས་དེར་འགྲོ་བ་དང་། དེར་འཇུག་པ་ན་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། དེར་རྐུན་པོ་མི་སྣང་བར་གྱུར་པ་ཁོ་ན་ན་མཐར་ཐུག་པར་རིག་པར་བྱ་སྟེ། དེའི་ཕྱིར་ཉེས་པ་མེད་དོ། །གྲུ་ཇི་ལྟར་བརྐུས་པར་རྣམ་པར་གཞག་ཅེ་ན་དེའི་ཕྱིར། གྲུ་ནི་སྐམ་ས་དང་ཡུར་པོ་ཆེ་དང་ཆུ་བདལ་བ་ དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། སྐམ་ས་དང་ཡུར་པོ་ཆེ་དང་ཆུ་བདལ་བ་ནི། སྐམ་ས་དང་ཡུར་པོ་ཆེ་དང་ཆུ་བདལ་བ་དག་གོ། །དེ་བས་ན་དེ་དག་གིས་གྲུ་དེ་རྐུ་བའི་བསམ་པས་མི་སྣང་བར་གྱུར་པ་ཉིད་ན་བརྐུས་པ་ཡིན་ནོ། དེ་ནི་དཔེ་སྟེ་ཤིང་དང་སྣོད་ལ་སོགས་པ་ཐམས་ཅད་ལ་ཡང་ཆོ་ག་དེ་བཞིན་ ནོ། །ཆུ་ཀླུང་ཆེན་པོ་དག་ཏུ་ཇི་ལྟར་བརྐུས་བར་འགྱུར་ཞེ་ན་དེའི་ཕྱིར། རྒྱུན་ཕྱོགས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། རྒྱུན་འབབ་པའི་ཕྱོགས་དང་མཐུན་པ་ནི་རྒྱུན་ཕྱོགས་སོ། །གྲུ་ནི་རྣམ་པ་གང་གིས་རྐུ་ཡང་རྐུ་སེམས་ཀྱིས་མི་སྣང་བ་ཉིད་དུ་གྱུར་པ་ན་བརྐུས་པ་ཁོ་ན་ཡིན་གྱི། གནས་ནས་ བསྐྱོད་པ་ཙམ་གྱིས་ནི་མ་ཡིན་ནོ། །ཐད་ཀར་ནི་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། དེའི་ཕྱིར། ཐད་ཀར་ཡང་ཕ་རོལ་གྱི་འགྲམ་དུ་མི་སྣང་བར་གྱུར་ནའོ་ཞེས་བྱ་བ་སྨྲས་ཏེ། འགྲམ་གང་ནས་གྲུ་རྐུ་བར་བྱེད་པ་དེ་ནས་ཕ་རོལ་གྱི་ངོགས་ཀྱི་འགྲམ་སྟེ། ཐད་ཀར་རྐུ་བའི་བསམ་པས་ཕ་རོལ་གྱི་འགྲམ་ དེར་མི་སྣང་བར་གྱུར་ན་བརྐུས་པ་ཡིན་ནོ། །ཇི་སྟེ་ཕ་རོལ་གྱི་འགྲམ་ཡང་སྣང་བ་ཉིད་ཡིན་ན་ཇི་ལྟར་བརྐུས་པ་ཡིན་ཞེ་ན། དེའི་ཕྱིར། དེ་ལས་གཞན་པ་ཉིད་ལ་ནི་དེར་ཕྱིན་ནའོ་ཞེས་བྱ་བ་སྨྲས་ཏེ། དེ་ལས་གཞན་པ་ཉིད་ལ་ནི་ཞེས་བྱ་བ་ནི། སྔར་མི་སྣང་བར་གྱུར་པ་ཞེས་སྨོས་པ་ལས་གཞན་པ་ཉིད་དེ། སྣང་བ་ཉིད་ལའོ། །དེར་ཕྱིན་ནས་ཞེས་བྱ་བ་ནི། ཕ་རོལ་གྱི་འགྲམ་ན་སྣང་བ་དེའི་འགྲམ་ཕ་རོལ་དེར་ཕྱིན་ན་བརྐུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུན་ལས་བཟློག་བའི་ཕྱོགས་ལ་ཇི་ལྟར་བརྐུས་པ་ཡིན་ཞེ་ན། དེའི་ཕྱིར། རྒྱུན་ལས་བཟློག་པ་ལ་ནི་གྲུ་ཚུགས་ལས་འདས་ནའོ་ཞེས་བྱ་བ་སྨྲས་ཏེ། རྒྱུན་ལས་བཟློག་སྟེ་རྐུ་བའི་བསམ་པས་ནི་གྲུ་ཚུགས་ལས་འདས་ན་བརྐུས་པ་ཡིན་ནོ། །ཕྱོགས་གང་ནས་གྲུ་ཕུར་པ་ལ་བརྟོད་ཅིང་འདུག་པ་ན་དེའི་ཚེ་གྲུ་པས་གྲུ་དེ་ཕ་རོལ་དུ་བརྐུ་བར་འདོད་ནས་དེ་ནས་ཁྲིད་དེ་ཇི་སྲིད་དུ་བསྒུལ་བའི་ཕྱིར་ཆུ་ལ་བཏང་པའི་གནས་སུ་ཕྱིན་པ་དེ་སྲིད་ དུ་ཁྲིད་པར་བྱེད་པའི་ཕྱོགས་དེ་ནི་གྲུ་ཚུགས་ཞེས་བྱ་སྟེ། དེ་ལས་འདས་ན་བརྐུས་པ་ཡིན་ནོ། །གཞན་གྱི་ཞིང་ལ་སོགས་པ་དག་ལ་ཆུ་གཏོང་ངམ། འགོག་པ་དེ་ལ་ཇི་ལྟར་བརྐུས་པར་རིག་པར་བྱ་ཞེ་ན། དེའི་ཕྱིར། གཞན་གྱི་ལས་ཀྱི་མཐའ་དག་ལ་ཆུ་གཏོང་ངམ་འགོག་པ་ལ་རང་གི་ལས་ཀྱི་མཐའ་ གྲུབ་པ་སྐྱེད་མ་གཏོགས་པ་དེའི་ཆེད་དུ་དེར་འདུན་པས་གཞན་དུ་གྱུར་ནའོ་ཞེས་བྱ་བ་སྨྲས་ཏེ། གྲུབ་པ་ན་བརྐུས་པ་ཡིན་ནོ། །གང་གྲུབ་པ་ཞེ་ན་དེའི་ཕྱིར། རང་གི་ལས་ཀྱི་མཐའོ་ཞེས་བྱ་བ་སྨྲས་སོ། །གང་གི་ཞེ་ན་དེའི་ཕྱིར། ཆུ་གཏོང་ངམ་འགོག་པ་ཞེས་བྱ་བ་སྨོས་སོ། །གང་དུ་ཞེ་ན། དེའི་ཕྱིར་ གཞན་གྱི་ལས་ཀྱི་མཐའ་དག་ལ་ཞེས་བྱ་བ་སྨྲས་སོ། །ཅིའི་ཆེད་དུ་ཞེ་ན་དེའི་ཕྱིར་དེའི་ཆེད་དུ་ཞེས་བྱ་བ་སྨྲས་ཏེ། རང་གི་ལས་ཀྱི་མཐའ་གྲུབ་པའི་ཆེད་དུའོ། །གྲུབ་པ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་དེའི་ཕྱིར། སྐྱེད་མ་གཏོགས་པ་ཞེས་བྱ་བ་སྨྲས་ཏེ། སྐྱེད་བཀོལ་བ་ནི་སྐྱེད་མ་གཏོགས་པ་སྟེ། ཞིང་གི་ཡོན་ཏན་ལ་སོགས་པས་རང་གི་ལས་ཀྱི་མཐའ་འགྲུབ་པ་གང་ཡིན་པ་དེ་འདིར་བརྩི་བར་མི་བྱའི། འདི་ལྟར་ཆུ་བཏང་བའམ་བགགས་པ་ལས་གྱུར་པའི་གྲུབ་པ་གང་ཡིན་པ་འདིར་བརྩི་བར་བྱའོ། །གལ་ཏེ་གཞན་གྱི་ལས་ཀྱི་མཐའ་ཡང་གྲུབ་པར་གྱུར་ན་དེའི་ཚེ་དེར་ཅི་ཞིག་བརྐུས་པར་འགྱུར་ ཞེ་ན་དེའི་ཕྱིར། གཞན་དུ་གྱུར་པ་ནའོ་ཞེས་བྱ་བ་སྨྲས་ཏེ། གྲུབ་པ་ལས་གཞན་དུ་གྱུར་པ་ནི་གྲུབ་པའི་དགྲར་གྱུར་པ་སྟེ། ཕུང་བར་གྱུར་པའོ། །བསམ་པ་གང་གིས་ཆུ་བཏང་བའམ་བགགས་པས་རང་གི་ལས་ཀྱི་མཐའ་གྲུབ་པ་དང་། གཞན་གྱི་ལས་ཀྱི་མཐའ་ཕུང་བར་བྱས་ན་བརྐུས་པ་ ཡིན་ཞེ་ན་དེའི་ཕྱིར། དེར་འདུན་པས་ཞེས་བྱ་བ་སྨྲས་ཏེ། བདག་གི་ནི་གྲུབ་པར་བྱའོ། །གཞན་གྱི་ནི་ཕུང་བར་བྱའོ་སྙམ་པའི་བསམ་པས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་རང་གི་ལས་ཀྱི་མཐའ་གྲུབ་པར་བྱ་བའི་ཆེད་དུ་གཞན་གྱི་ལས་ཀྱི་མཐའ་དག་ཏུ་ཆུ་དཀོན་པའི་དུས་ སུ་ཆུ་འགོག་པའམ། ཆུ་མོད་པའི་དུས་སུ་ཆུ་གཏོང་བར་བྱེད་པ་རང་གི་ལས་ཀྱི་མཐའ་གྲུབ་པའི་བསམ་པ་དང་། གཞན་གྱི་ལས་ཀྱི་མཐའ་ཕུང་བར་བྱེད་པའི་བསམ་པས་བྱེད་ལ། རྒྱུ་དེས་རང་གི་ལས་ཀྱི་མཐའ་གྲུབ་ཅིང་གཞན་གྱི་ལས་ཀྱི་མཐའ་ཕུང་བར་གྱུར་ན་དེའི་ཚེ་ཞིང་གི་ཡོན་ཏན་ ལས་གྱུར་བའི་སྐྱེད་གྲུབ་པ་མ་གཏོགས་པ་ཆུ་བཏང་བའམ། བགགས་པ་ལས་གྱུར་པའི་རང་གི་ལས་ཀྱི་མཐའ་གྲུབ་པ་གང་ཡིན་པ་དང་། གཞན་གྱི་ལས་ཀྱི་མཐའ་ཕུང་བར་བྱེད་པ་གང་ཡིན་པ་དེ་གྲུབ་པ་ཉིད་བརྐུས་པ་ཡིན་ནོ།། །།བམ་པོ་བཅུ་པ། གལ་ཏེ་དགེ་ སློང་གིས་ཤས་ཐོབ་པར་བྱ་བའི་ཕྱིར་རྐུན་པོ་རྣམས་ལ་ལམ་རྒྱུས་གོ་བར་བྱེད་ན་དེའི་ཚེ་ཇི་ལྟར་བརྐུས་པར་རྣམ་པར་གཞག་ཅེ་ན། དེའི་ཕྱིར། རྐུན་པོ་རྣམས་ལ་དེའི་ཆེད་དུ་ལམ་རྒྱུས་གོ་བར་བྱེད་པ་ལ་ནི་ཤས་ཐོབ་ནའོ་ཞེས་བྱ་བ་སྨྲས་ཏེ། རྐུན་པོ་རྣམས་ལ་ཞེས་བྱ་བ་ནི། ཆོམ་རྐུན་པ་རྣམས་ལའོ། །དེའི་ ཆེད་དུ་ཞེས་བྱ་བ་ནི། ཤས་ཐོབ་པར་བྱ་བའི་ཆེད་དུའོ། །ལམ་རྒྱུས་གོ་བར་བྱེད་པ་ལ་ནི་ཞེས་བྱ་བ་ལ། ལམ་རྒྱུས་ནི་ལམ་གྱི་རྒྱུས་ཏེ། ལམ་ཆེ་གེ་མོ་ནས་དེར་འགྲོ་བར་བྱའོ། །དེ་ལྟར་འཇུག་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །དེ་གོ་བར་བྱེད་པ་ནི་སྨྲ་བར་བྱེད་པ་སྟེ། དེ་ལྟར་ལམ་རྒྱུས་གོ་བར་ བྱེད་པ་ལའོ། །ཤས་ཐོབ་ནའོ་ཞེས་བྱ་བ་ནི། རྐུན་པོ་རྣམས་རྐུན་ཤས་ཐོབ་ན་བརྐུས་པ་ཡིན་པའོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་རྐུན་ཤས་ཐོབ་པར་བྱ་བའི་ཕྱིར་རྐུན་པོ་རྣམས་ལ་གྲོང་ལ་སོགས་པར་འགྲོ་བ་དང་འཇུག་པ་དང་། འབྱུང་བ་ལ་སོགས་པའི་རྒྱུས་གོ་བར་བྱེད་ན་དེའི་ཤས་ཐོབ་ པ་དེའི་ཚེ་ན་ལྟུང་བ་རྣམ་པར་གཞག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དགེ་སློང་གིས་བསྐོར་བས་ས་གཞི་ལ་སོགས་པ་རྐུ་བར་བྱེད་ན་གང་གི་ཚེ་བརྐུས་པར་རིག་པར་བྱ་ཞེ་ན་དེའི་ཕྱིར། ས་གཞི་དང་ཁང་ཁྱིམ་དག་ཡོངས་སུ་བསྐོར་བས་ནི་མཚམས་འབྱོར་ནའོ་ཞེས་བྱ་བ་སྨྲས་ཏེ། རིབ་ མ་དང་རྩིག་པ་ལ་སོགས་པས་ཡོངས་སུ་བསྐོར་བའི་ས་གཞི་ལ་སོགས་པ་རྐུ་བའི་བསམ་པས་ཡོངས་སུ་བསྐོར་བ་ལ་ནི་རིབ་མ་ལ་སོགས་པའི་ཕ་ཐོག་ཚུ་ཐོག་གི་མཚམས་གང་ཡིན་པ་འབྱོར་པ་ན་བརྐུས་པར་རིག་པར་བྱའོ། །ཤགས་ཀྱིས་གཞན་གྱི་ནོར་འཕྲོག་པ་ལས་བརྐུས་པ་གང་ཡིན་ཞེ་ན་དེའི་ཕྱིར། ཤགས་ཀྱིས་གལ་ཏེ་བླའི་གྲྭར་ནི་རྒྱལ་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཤགས་ཀྱིས་གཞན་གྱི་རྫས་དབྲོག་པར་འདོད་ལ་ཤགས་དེ་ཡང་བླའི་གྲྭར་བཀྱེ་ན་ནི་རྒྱལ་བ་ན་བརྐུས་པ་ཡིན་ནོ། །གལ་ཏེ་འོག་གཟུར་ན་ཕ་རོལ་པོའི་སྦྱོར་བ་ཉིད་བཏང་ནའོ་ཞེས་བྱ་བ་སྨྲས་ ཏེ། ཇི་སྟེ་ཤགས་དེའི་འོག་གཟུར་བཀྱེ་ན་ནི་ཤགས་ཟླ་ཕམ་པར་བྱ་བ་ཕ་རོལ་པོའི་སྦྱོར་བ་ཉིད་བཏང་བ་སྤྲོ་བ་བཏང་ཞིང་ཡུས་བཏང་བ་ན་བརྐུས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་འོག་གཟུར་ཡུལ་མིའི་ནང་དུ་ཤགས་འགྱེད་ན་གང་གི་ཚེ་ཕ་རོལ་པོ་ནོར་བདག་གིས་ཤགས་ཀྱི་སྦྱོར་བ་ཐམས་ ཅད་ཀྱིས་ཐམས་ཅད་དུ་བཏང་བ་དེའི་ཚེ་ན་དེ་བརྐུས་པ་ཡིན་གྱི། རྒྱལ་བས་ནི་བརྐུས་པར་མི་འགྱུར་རོ། །འོ་ན་དེ་ལྟ་ན་རྒྱལ་ན་ཅིར་འགྱུར་ཞེ་ན་དེའི་ཕྱིར། དེ་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། འོག་གཟུར་ཤགས་བཀྱེ་བའི་རྒྱལ་བ་ཕ་རོལ་པོས་སྦྱོར་བ་ཉིད་མ་བཏང་བའི་རྒྱལ་བ་དེ་ནི་ཕམ་ པར་འགྱུར་བའི་དངོས་གཞིའི་སྦྱོར་བ་ཉིད་དེ་སྦོམ་པོར་འགྱུར་རོ། །ཕ་རོལ་པོས་སྦྱོར་བ་ཉིད་བཏང་ན་ནི་བརྐུས་པ་ཉིད་དུ་འགྱུར་རོ། །འདི་སྐད་བསྟན་ཏེ། གང་ལ་རྐུ་བའི་དངོས་པོ་ཚང་བ་དེ་ལ་ནི་འོག་གཟུར་ཤགས་རྒྱལ་ན་སྦྱོར་བ་ཉིད་དེ་སྦོམ་པོར་འགྱུར་རོ། །གང་ལ་རྐུ་བའི་དངོས་པོ་མ་ཚང་བ་དེ་ ལ་ནི་ཉེས་བྱས་སུ་འགྱུར་རོ། །ཤོ་གམ་གྱི་ས་ལས་འདས་ན་ཞེས་བྱ་བ་སྨོས་པ་དེར་ཤོ་གམ་གྱི་བརྐུས་པ་ཉིད་ནི་བསྟན་ན། དེ་དང་འབྲེལ་པའི་སྤྲོས་པ་བསྡུ་བ་ནི་མ་བྱས་པས་དེའི་ཕྱིར་ད་ནི་ཤོ་གམ་གཞལ་དགོས་པ་དང་འབྲེལ་པ་བྱུང་བ་དང་བཅས་པ་ལྟུང་བར་འགྱུར་བའི་ཚིག་དང་། ལྟུང་བར་མི་ འགྱུར་བའི་ཚིག་གང་དག་རྣམ་པར་འབྱེད་པ་ལས་གསུངས་པ་དེ་དག་བསྡུ་བར་བྱ་སྟེ། རྐུ་སེམས་མེད་པ་ལ་ཤོ་གམ་དུ་གཏོགས་པའི་ཉེས་པ་འབྱུང་བར་དོགས་པར་མི་བྱའོ་ཞེས་བྱ་བ་ལ། དགེ་སློང་གང་ལ་རྐུ་སེམས་མེད་ཅིང་མ་སྐྱེས་པ་དེ་ནི་རྐུ་སེམས་མེད་པ་སྟེ། དགེ་སློང་གང་རྐུ་སེམས་མེད་པ་ དེ་ལ་ནི་ཤོ་གམ་དུ་གཏོགས་པ་ཤོ་གམ་གྱི་ཡུལ་དང་ཐ་སྙད་ཀྱི་ཉེས་པ་རྐུ་བ་ཞེས་བྱ་བ་འབྱུང་བར་དོགས་པར་མི་བྱ་སྟེ། དོགས་པ་མེད་པར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་ཤོ་གམ་མི་གཅད་པར་གནང་བ་མེད་ལ་རྐུ་སེམས་མེད་པས་བདག་གི་རྫས་ཤོ་གམ་གཞལ་དགོས་པ་མི་ གཞན་གྱི་ལག་ནས་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་དང་། དགེ་སློང་ཤོ་གམ་མི་གཅད་པར་གནང་ལ་རྐུ་སེམས་མེད་པས། གལ་ཏེ་གཞན་གྱི་རྫས་ཤོ་གམ་གཞལ་དགོས་པ་བདག་གིས་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་ལ་ནི་དེའི་ཚེ་ན་མ་བྱིན་པར་ལེན་པར་གཏོགས་པའི་ཉེས་པ་ འབྱུང་བ་མེད་དེ། དེ་ལྟར་ནི་རྣམ་པར་འབྱེད་པ་ལས་འདི་སྐད་འབྱུང་སྟེ། དགེ་སློང་ཤོ་གམ་མི་གཅད་པར་གནང་བ་མ་ཐོབ་པ་དག་གིས་བདག་གི་སྣོད་ཤོ་གམ་གཞལ་དགོས་པ་ཤོ་གམ་གྱི་གནས་ནས་བ་ཟླ་བའི་ཕྱིར་ཚོང་པའི་ལག་ཏུ་གཏད་པ་དེ་ལ་ལྟུང་བར་མི་འགྱུར་བའི་ཚིག་གང་ཡིན་པ་དགེ་སློང་ དག་དགེ་སློང་དེ་དག་ལ་ནི་ལྟུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྟུང་བར་མི་འགྱུར་བའི་ཚིག་ནི་འདི་ལྟར་ཤེས་ཏེ། གལ་ཏེ་དགེ་སློང་རྣམས་ཀྱི་བསམ་པ་འདི་སྙམ་དུ་ཚོང་པ་འདི་དག་ནི་ཤོ་གམ་སྦྱིན་པ་ལ་སོགས་པས་ཤོ་གམ་པ་རྣམས་ཀྱི་སེམས་ལེན་པར་བྱེད་པ་ཡིན་ནོ་སྙམ་ ན་དེ་ལྟ་ན་དགེ་སློང་དེ་ལ་རྐུ་སེམས་མེད་པའི་རིགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །གང་དུ་དགེ་སློང་ཤོ་གམ་མི་གཅད་པར་གནང་བ་ཐོབ་པས་ཀྱང་གཞན་གྱི་རྫས་ཤོ་གམ་གྱི་གནས་ནས་བཟླས་ན་ལྟུང་བར་མི་འགྱུར་བའི་ཚིག་གང་ཡིན་པ་ཡང་འབྱུང་སྟེ། དེ་ལ་ཡང་གལ་ཏེ་དགེ་སློང་དེས་རང་གི་རྫས་ཤོ་གམ་མི་ གཅད་པར་གནང་གི། གཞན་གྱི་ནི་མ་ཡིན་པར་བྱེ་བྲག་མི་ཤེས་ན། དེའི་ཚེ་ལྟུང་བར་མི་འགྱུར་བའི་ཚིག་ཏུ་རུང་གི། གང་གི་ཚེ་བྱེ་བྲག་ཤེས་པ་དེའི་ཚེ་ན་ནི་ཉེས་པར་འགྱུར་བ་ཁོ་ན་ཡིན་ནོ། །དེ་དག་ཐམས་ཅད་ནི་རྐུ་སེམས་མེད་པ་ཞེས་བྱ་བ་དེས་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། མདོ་འདིས་ ནི་རྣམ་པར་འབྱེད་པ་ལས་ལྟུང་བར་མི་འགྱུར་བའི་ཚིག་སྣང་བ་གང་ཡིན་པ་དེའི་དགོངས་པ་རྣམ་པར་བཤད་པ་ཡིན་ནོ། །ད་ནི་ཤོ་གམ་གྱི་གནས་ནས་ཤོ་གམ་གཞལ་དགོས་པའི་སྣོད་འདའ་བར་བྱ་བ་ལ་གང་གིས་ཤོ་གམ་གཞལ་བར་བྱ་བ་དེ་བསྟན་པའི་ཕྱིར། གང་གིས་བླངས་བ་ཉིད་ཀྱི་སྣོད་ལས་དེས་ སྦྱིན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སུས་བླངས་པ་ནི་གང་གིས་བླངས་པ་སྟེ། ཚོང་བ་གང་གིས་དགེ་སློང་ལས་ཤོ་གམ་གཞལ་དགོས་པའི་སྣོད་ཤོ་གམ་གྱི་གནས་ནས་བཟླ་བའི་ཕྱིར་བླངས་པ་གང་ཡིན་པ་དེ་ནི་གང་གིས་བླངས་པ་ཞེས་བྱའོ། །གང་གིས་བླངས་པའི་དངོས་པོ་ནི་གང་ གིས་བླངས་པ་ཉིད་དེ། མནོས་པ་ཉིད་དོ། །གང་ཞིག་ཅེ་ན། སྣོད་དེ་ཉིད་ལས་ལེན་པ་དེས་ཤོ་གམ་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཚོང་བ་ལ་སོགས་པ་གང་གིས་དགེ་སློང་ལས་ཤོ་གམ་གཞལ་དགོས་པའི་སྣོད་བླངས་པ་དེ་ཉིད་ཀྱིས་དེ་ལ་ཤོ་ གམ་སྦྱིན་པར་བྱ་ཞིང་། དགེ་སློང་གིས་ཀྱང་བསམ་པ་འདི་ལྟ་བུས་གཞན་གྱི་ལག་ཏུ་སྣོད་གཏད་པར་བྱ་སྟེ། འདིས་རང་གི་ཤོ་གམ་སྦྱིན་པར་འགྱུར་རོ་སྙམ་པས་གཏད་པར་བྱའོ། །དེ་ལྟར་ན་རྣམ་པར་འབྱེད་པ་ལས་ལྟུང་བར་མི་འགྱུར་བའི་ཚིག་གཉིས་གྲགས་པ་དེ་རིགས་པ་ཁོ་ན་ཡིན་ཏེ། གཅིག་ནི་དགེ་སློང་གིས་ཚོང་པའི་ལག་ནས་སྣོད་ཤོ་གམ་གྱི་གནས་ནས་བཟླས་པ་གང་ཡིན་པའོ། །གཉིས་པ་ནི་ཆེས་རྒན་བས་གསར་བུའི་ལག་ནས་བཟླས་པ་གང་ཡིན་ནོ། །མདོ་སྔ་མས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཤོ་གམ་མི་གཅད་པར་གནང་བ་ཐོབ་པ་དག་གིས་ཚོང་པ་དབང་ བའི་རྫས་ཤོ་གམ་གནས་ནས་བཟླས་པ་ལ་ལྟུང་བར་མི་འགྱུར་བར་གསུངས་པ་གང་ཡིན་པ་དེའི་དགོངས་པ་བརྗོད་ནས། ད་ནི་རྣམ་པར་གཞག་པ་བསྟན་པའི་ཕྱིར། གནང་བ་ལ་གཞན་གྱིས་བཟླས་ན་མ་བརྐུས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གནང་བ་ལ་ཞེས་བྱ་བ་ནི། ཤོ་གམ་མི་ གཅད་པར་གནང་བ་ཐོབ་པ་སྟེ། དབང་པོ་གང་ཡང་རུང་བས་ཁྱོད་ཀྱིས་ཤོ་གམ་གཞལ་མི་དགོས་སོ་ཞེས་གནང་ངོ་། །གནང་བ་ཤོ་གམ་མི་གཅད་པར་གནང་བ་ཐོབ་པའི་གང་ཟག་གི་ཡུལ་དུ་གྱུར་པ་དེ་ལ་ཚོང་པ་ལ་སོགས་པ་གཞན་གྱི་རྫས་ཤོ་གམ་གྱི་གནས་ནས་བཟླས་ན་མ་བརྐུས་པ་མ་ཡིན་ཏེ། བརྐུས་ པ་ཁོ་ན་ཡིན་ནོ། །དེ་ལྟར་ནི་དགེ་སློང་གིས་སར་ཕྱིན་པའི་ཤོ་གམ་བཟླ་བར་མི་བྱའོ། །དགེ་སློང་གིས་སར་ཕྱིན་པའི་ཤོ་གམ་འདའ་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། དེ་མདོ་འདིར་བསྡུས་པ་ཡིན་ནོ། །འདིར་འགལ་ཚབས་ཅན་ཞེས་གསུངས་པའི་ཚིག་ཀྱང་གཞི་ཇི་ ལྟ་བ་ལས་བྱུང་བ་ཡིན་གྱི། ཉེས་བྱས་ཉིད་ནི་མ་ཡིན་ནོ། །མ་གནང་བས་གཞན་གྱིས་བཟླ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ཤོ་གམ་མི་གཅོད་པར་མ་གནང་བས་ཚོང་པ་ལ་སོགས་པ་གཞན་གྱི་ཤོ་གམ་གནང་བའམ་གསུག་བྱིན་པ་ལ་སོགས་པས་མི་གཅད་པར་བྱས་པ་དག་གིས་དགེ་སློང་རང་གི་རྫས་ཤོ་གམ་ གཞལ་དགོས་པ་བཟླ་བར་མི་བྱའོ། །དེ་ནི་ཚོང་པ་དག་གིས་དགེ་སློང་དག་རྫས་འདའ་བར་བྱེད་པའི་སྐབས་བསྟན་པ་ཡིན་ཏེ། དགེ་སློང་གིས་སར་ཕྱིན་པའི་ཤོ་གམ་བཟླ་བར་མི་བྱའོ། །དགེ་སློང་གིས་སར་ཕྱིན་པའི་ཤོ་གམ་འདའ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་དེའི་དོན་ བསྡུ་བའི་ཕྱིར་མདོ་འདི་བྱས་སོ། །དེ་ནི་མ་བྱིན་པར་ལེན་པའི་བསླབ་པའི་གཞི་དང་འབྲེལ་པ་ནི་མ་ཡིན་ཏེ། ཐབས་དེས་འདའ་བར་བྱེད་པ་ལ་ཉེས་པ་མེད་པའི་ཕྱིར་རོ། །འོན་ཀྱང་ཚུལ་མ་ཡིན་པའི་ཕྱིར་བཀག་སྟེ། འདི་ལྟར་འཇིག་རྟེན་ན་ཁ་ཟེར་བར་འགྱུར་བའི་ཕྱིར་རོ། །དེ་ནི་རྐུན་ མའི་ཐབས་དང་གཡོ་ཅན་ཉིད་ཡིན་ཏེ། དགེ་སྦྱོང་འདི་དག་ནི་སྒྱུ་ཐབས་འདིས་རྫས་འདའ་བར་བྱེད་པས་ཐབས་ཀྱིས་རྐུའོ་ཞེས་ཟེར་བ་དེའི་ཕྱིར་འདི་དགག་པ་མཛད་དོ། །གཞན་གྱི་རྫས་ཀྱང་གཞན་གྱིས་བཟླ་བར་མི་བྱ་སྟེ། དེ་ནི་སྔ་མའི་རྗེས་ལས་རྟོགས་པར་བྱའོ། །རྣམ་པ་གཞན་གྱིས་ཀྱང་ རྐུན་མའི་ཐབས་ཀྱི་ཉེས་པ་སྤང་བའི་ཕྱིར། མ་ཚོར་བར་འདའ་བར་བྱེད་པ་མི་འགྲུབ་པར་བྱ་བའི་ཕྱིར་འབད་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་མ་ཚོར་མ་རིག་པར་རྫས་འདའ་བར་བྱེད་པ་ནི་མ་ཚོར་བར་འདའ་བར་བྱེད་པའོ། །དེ་མི་འགྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དེ་མི་འགྲུབ་པར་ བྱ་བའི་ཕྱིར་ཏེ། མ་ཚོར་བར་གཞན་གྱི་རྫས་བདག་གི་སྣོད་ཀྱིས་འདའ་བར་བྱེད་པ་དེ་མི་འགྲུབ་པར་བྱ་བ་དེའི་ཆེད་དུའོ། །མི་འབད་པར་མི་བྱའོ་ཞེས་བྱ་བ་ནི། འབད་པ་དང་ལྡན་པར་མི་བྱ་སྟེ། འབད་པར་བྱ་བའོ། །འདི་སྐད་བསྟན་ཏེ། དེད་དཔོན་ལ་སོགས་པ་གཞན་གྱིས་བདག་གི་རྫས་ བླངས་པ་དང་། བདག་གི་སྣོད་དུ་གཞན་གྱི་རྫས་འཛུད་པ་དེ་གཉིས་ཀྱིས་མ་ཚོར་བར་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་དེ་མི་འགྲུབ་པར་བྱ་བའི་ཆེད་དུ་མི་འབད་པར་མི་བྱ་སྟེ། ཤེས་བཞིན་དུ་འབད་པ་ལྷུར་བླང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་འབད་པར་བྱ་བ་དེ་བསྟན་ པའི་ཕྱིར་སྲུང་མ་དགེ་སློང་དུ་མ་གཞག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། སྲུང་མ་གཞག་པར་བྱ་བ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་དགེ་སློང་ཞེས་བྱ་བ་སྨྲས་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ། །གྲངས་དུ་ཞེ་ན་དེའི་ཕྱིར་དུ་མ་ཞེས་བྱ་བ་སྨྲས་ཏེ། གཉིས་ཡན་ཆད་ནས་བརྩམས་ཏེ་བསྲུང་བའི་ ཕྱིར་ཇི་སྙེད་ཀྱིས་འགྲུབ་པ་དེ་སྙེད་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སྲུང་མ་བསོད་སྙོམས་ལ་འགྲོ་བ་མེད་པས་དེའི་ཕྱིར་དེའི་ཟན་བསྐྱལ་བར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སྲུང་མ་དེའི་ཟན་ནི་དེའི་ཟན་ཏེ། དེའི་ཟན་དེ་དགེ་སློང་དག་གིས་བསྐྱལ་བར་བྱ་བ་ཉིད་ དོ། །རིགས་པའི་ཕྱིར་དེ་སྐད་བརྗོད་པ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་འགའ་ཞིག་ཏུ་བསླབ་པའི་གཞི་བཅས་པ་ནི་མ་ཡིན་ནོ། །སྲུང་མས་ཇི་ལྟར་བསྲུང་བར་བྱ་བ་དེ་བསྟན་པའི་ཕྱིར། དེས་བཟློག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་སྲུང་མ་དེས་གལ་ཏེ་ཚོང་པ་གང་དག་ཤོ་ གམ་གཞལ་དགོས་པའི་སྣོད་དེར་འཛུད་པར་བྱེད་དམ། དེ་ནས་འབྱིན་པར་བྱེད་པ་དེ་དག་བཟློག་པར་བྱའོ། །བཟློག་ཏུ་ཟིན་ཀྱང་གལ་ཏེ་མ་བཟློགས་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་བཅུག་པ་ཉིད་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་སྲུང་མ་དེས་ཚོང་པ་དག་གིས་རྫས་བཅུག་པ་ཉིད་ བརྗོད་པར་བྱའོ་ཞེས་སྨྲ་བར་བྱའོ། །སུ་དག་ལ་བརྗོད་པར་བྱ་ཞེ་ན། དགེ་སློང་གང་དག་གིས་སྲུང་མ་དེ་གཞག་པ་དེ་དག་ལ་བརྗོད་པར་བྱ་སྟེ། དེ་ནི་ཤུགས་ཀྱིས་ཤེས་པར་བྱའོ། །གལ་ཏེ་སྲུང་མ་མེད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། མེད་ན་མཚན་མ་གདབ་པོ་ཞེས་བྱ་བ་སྨྲས་ཏེ། སྲུང་མ་མེད་ན་ བསོད་སྙོམས་ལ་སོགས་པ་འགྲོ་བའི་དགེ་སློང་གིས་བདག་བསོད་སྙོམས་ལ་ཞུགས་པ་ན་ཤོ་གམ་གཞལ་དགོས་པ་ལ་ལས་མི་ཕྱུང་མི་བཅུག་པར་བྱ་བའི་ཕྱིར་རང་གི་སྣོད་དག་ལ་མཚན་མ་གདབ་པར་བྱའོ། །ཁྱེར་ཏེ་འོངས་པ་ལ་དྲི་བར་བྱའོ་ཞེས་བྱ་བ་ནི། གཞན་གྱི་ལྷུང་བཟེད་ཀྱི་སྣོད་ལ་སོགས་པ་གང་ཡང་ རུང་བ་ཤོ་གམ་གཞལ་དགོས་པ་དག་ཤོ་གམ་གྱི་གནས་ནས་བཟླ་བའི་ཕྱིར། ཁྱེར་ཏེ་འོངས་པ་ལ་ལེན་པ་པོས་དེ་ལ་འདི་ན་ཤོ་གམ་གཞལ་དགོས་པའི་རྫས་ཆུང་ཟད་མེད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་ཚོང་པས་གསེར་ལ་སོགས་པ་དག་དགེ་སློང་གི་གཏུར་བུར་བཅུག་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ ཕྱིར། གཞན་གྱིས་དོར་བར་མི་འགྲུབ་ན་རེག་པ་ཉིད་དུ་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རང་གིས་རེག་བར་མ་བྱས་ན་རྣམ་པ་གཞན་གྱིས་གསེར་ལ་སོགས་པ་དོར་བ་དབྱུང་བ་མི་འགྲུབ་ན་དེའི་ཚེ་དེ་དབྱུང་བའི་ཆེད་དུ་རང་ཉིད་ཀྱིས་རེག་པ་ཉིད་དུ་བྱ་སྟེ། དེ་ལ་ནི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་བག་ ཡངས་སུ་གནང་ངོ་། །དཀོན་མཆོག་གསུམ་ལ་སོགས་པ་དག་ལ་བསྔོས་པའི་རྫས་ཀྱི་ཆོ་ག་གང་ཡིན་པ་དེ་སྨྲ་བར་འདོད་ནས་མ་ཕུལ་ཡང་ངེས་པ་སྐྱེས་ན་ཕུལ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཤོ་གམ་གྱི་གནས་ནས་འདའ་བའི་ཕྱིར་རྫས་གང་བླངས་པ་དེ་དཀོན་མཆོག་གསུམ་ལ་སོགས་པ་ལ་ལུས་ དང་ངག་གིས་མ་ཕུལ་ཡང་བདག་གིས་འདི་དཀོན་མཆོག་གསུམ་ལ་སོགས་པ་ལ་ཕུལ་ལོ་སྙམ་དུ་སེམས་ལ་ངེས་པ་སྐྱེས་ཤིང་ངེས་པ་ཐོབ་ན་རྫས་དེ་དཀོན་མཆོག་གསུམ་ལ་སོགས་པ་ལ་ཕུལ་བ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་བཟླས་ན་གཞན་གྱི་རྫས་བཟླས་པའི་ཆོ་ག་དེ་ཉིད་འདིར་རིག་པར་བྱའོ། །དེ་ དག་གིས་རྫས་གནང་བར་བྱ་བའི་ཕྱིར་ཕ་མའི་བསྔགས་པ་བརྗོད་དོ་ཞེས་བྱ་བ་ལ། ཕ་མ་དག་གི་ཆེད་དུ་བསྐུར་བའི་རྫས་ནི་དེ་དག་གི་རྫས་ཏེ། དེ་དག་གི་རྫས་དེའི་ཤོ་གམ་གནང་བར་བྱ་བ་ནི་གནང་བར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཕ་མའི་བསྔགས་པ་བརྗོད་པར་བྱ་སྟེ། ཕ་དང་མ་ནི་ཕ་མ་སྟེ་དེ་གཉིས་ ཀྱི་བསྔགས་པ་བརྗོད་པ་མདོ་སྡེ་ལས་གསུངས་པ་ཁྱིམ་གང་ན་ཕ་མ་ལ་མཆོད་པ་བྱེད་པའི་ཁྱིམ་དེའི་སློབ་དཔོན་དང་བཅས་པ་ཉིད་ཡིན་ཚངས་པ་དང་བཅས་པ་ཉིད་ཡིན་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཀོན་མཆོག་རྣམས་ཀྱི་ཡང་ངོ་ཞེས་བྱ་བ་ནི་ཡང་ངོ་ཞེས་བྱ་ བའི་སྒྲ་ནི་དེ་དག་གི་རྫས་གནང་བར་བྱ་བའི་ཕྱིར་བསྔགས་པ་བརྗོད་དོ་ཞེས་བྱ་བའི་རྗེས་སུ་བསྙགས་པའི་ཕྱིར་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་གསུམ་པོ་དེ་དག་གི་རྫས་གནང་བར་བྱ་བའི་ཕྱིར་དཀོན་མཆོག་གསུམ་མངའ་བའི་རྫས་ཀྱི་ཤོ་གམ་གནང་བར་བྱ་བའི་ཆེད་དུ་དཀོན་ མཆོག་རྣམས་ཀྱི་བསྔགས་པ་ཡང་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཀོན་མཆོག་གསུམ་ལ་སོགས་པའི་བསྔགས་པ་བརྗོད་ཀྱང་མ་གནང་ན་མ་ཐོགས་པར་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །དོན་དུ་གང་ཡང་རུང་བའི་དཀོར་གང་ཡང་རུང་བ་ལས་སྐྱིན་པོར་བླང་བའི་ཆོས་སུ་ སྦྱིན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཤོ་གམ་སྦྱིན་པ་མི་ཐོགས་པར་སྦྱིན་པར་བྱ་བའི་དོན་དུ་སངས་རྒྱས་ལ་སོགས་པ་དཀོན་མཆོག་གང་ཡང་རུང་བའི་དཀོར་ཟ་འུག་ལ་སོགས་པ་དག་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་གང་ཡང་རུང་བ་ལས་སྐྱིན་པོར་བླང་བའི་ཆོས་སུ་ཤོ་གམ་སྦྱིན་པར་བྱ་ པ་ལ་ཉེས་པ་མེད་དོ། །སྐྱིན་པོའི་ཆོས་ཞེས་བྱ་བ་ནི། དེས་སྔ་སྐྱིན་དུ་བླངས་པ་ཡིན་པས་སྐྱིན་པོར་བླང་བའོ། །དེ་ཉིད་ཆོས་དེ་ངོ་བོ་ཉིད་འཛིན་པའི་ཕྱིར་རོ། །དེའི་ཕྱིར་སྐྱིན་པོར་བླང་བའི་ཆོས་དེ་སྐྱིན་པོར་བླང་བའི་ཆོས་དེས་གང་ལ་སྔ་སྐྱིན་དུ་བླངས་པ་དེ་ལ་སྐྱིན་པ་ བསབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཤོ་གམ་གཞལ་བ་ལ་སོགས་པའི་ཁ་མཆུར་འགྱུར་བ་བཟློག་པའི་ཕྱིར། ཤོ་གམ་གཞལ་དགོས་པ་དང་བཅས་པ་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཤོ་གམ་གཞལ་དགོས་པར་འགྱུར་བ་དང་བཅས་པའི་དགེ་སློང་ཤོ་གམ་གཞལ་དགོས་པ་ དང་བཅས་པ་སྟེ། དེ་ལམ་དུ་འགྲོ་ཞིང་འཇུག་པར་མི་བྱ་བའོ། །འདི་སྐད་བསྟན་ཏེ། དགེ་སློང་ཤོ་གམ་གཞལ་དགོས་པའི་རྫས་དང་བཅས་པ་ལམ་དུ་འཇུག་པར་མི་བྱའོ། །གང་ལམ་དུ་འཛུད་ན་དེ་ལ་ཉེས་བྱས་སུ་འགྱུར་ཏེ། འདིར་ལམ་རྒྱང་གྲགས་ཀྱི་བདག་ཉིད་གཅིག་ཏུ་སོང་ན་དེ་ ལ་རྒྱང་གྲགས་རེ་རེ་ཞིང་ཉེས་བྱས་ཀྱི་དངོས་གཞིར་གྱུར་པ་རེ་རེར་རོ། །རྒྱང་གྲགས་ཕྱེད་ཕྱེད་ཅིང་དེའི་སྦྱོར་བར་གྱུར་པའི་ཉེས་བྱས་ཕྲ་མོར་འགྱུར་རོ། །ཚིག་དེ་ནི་ཕོངས་པའི་དུས་དག་ཏུ་དམིགས་ཀྱིས་བསལ་བ་དང་བཅས་པ་ཡིན་ཏེ། དེར་དགེ་འདུན་གྱི་ལ་སོགས་པ་གསེར་གྱི་མཐར་ཐུག་ པར་ཡང་བསྐུར་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཤོ་གམ་གཞལ་དགོས་པ་དང་། ཤོ་གམ་གཞལ་མི་དགོས་པའི་རྫས་ཀྱི་བྱེ་བྲག་བསྟན་པའི་ཕྱིར། དེ་མ་ཡིན་པ་ཉིད་ནི་བ་ལང་གིས་ལྕི་བ་བཙིར་བས་ཀྱང་ཁ་བསྒྱུར་བ་དང་། ཁ་ཚར་དང་ཕུན་ཚར་བཅད་པ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་ མ་ཡིན་པ་ཉིད་ཅེས་བྱ་བ་ནི། ཤོ་གམ་གཞལ་དགོས་པ་མ་ཡིན་པ་ཉིད་དོ། །གོས་ཁ་བསྒྱུར་བ་ནི་ཐ་ན་བ་ལང་གི་ལྕི་བ་བཙིར་བས་ཀྱང་ཁ་བསྒྱུར་བ་ནི་ཤོ་གམ་གཞལ་དགོས་པ་མ་ཡིན་པ་ཉིད་དེ། གཞལ་མི་དགོས་སོ། །ཁ་མ་བསྒྱུར་བ་ཡང་ཁ་ཚར་དང་ཕུན་ཚར་བཅད་པ་ཡང་ཤོ་གམ་གཞལ་ དགོས་པ་མ་ཡིན་པ་ཉིད་དེ་གཞལ་མི་དགོས་སོ། །དེ་ལ་ཁ་ཚར་བཅད་པ་ཞེས་བྱ་བ་ནི། རས་དང་སྣམ་བུ་ལ་སོགས་པ་བཏགས་ཟིན་པའི་ཆིབ་ལོགས་ཀྱི་ཁ་ཚར་བཅད་པའོ། །ཕུན་ཚར་བཅད་པ་ཞེས་བྱ་བ་ནི་དེ་དག་དང་པོ་འཐག་པ་རྩོམ་པའི་སྲོག་ཤིང་གི་སྦུབས་ཀྱི་ཕུན་ཚར་བཅད་པའོ། ། ཡང་ངོ་ཞེས་བྱ་བའི་སྒྲས་ནི་དེ་མ་ཡིན་པ་ཉིད་ཅེས་བྱ་བར་སྦྱར་ཏེ། དེ་མ་ཡིན་པ་ནི་དེ་མ་ཡིན་པའོ། །དེ་མ་ཡིན་པའི་དངོས་པོ་ནི་དེ་མ་ཡིན་པ་ཉིད་དེ། ཤོ་གམ་གཞལ་དགོས་པ་མ་ཡིན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །མདོ་དེ་གཉིས་ནི་གཉི་ག་ཡང་སོ་སོར་ཤོ་གམ་གཞལ་དགོས་པ་མ་ཡིན་པ་ ཉིད་ཀྱི་རྒྱུ་ཡིན་ཏེ། ཁ་བསྒྱུར་བ་དང་བཅད་པའོ། །དེ་གཉི་ག་ཡང་མངོན་སུམ་ཁོ་ནར་བལྟ་དགོས་པ་བསྟན་པའི་ཕྱིར། མ་མཐོང་བ་ལ་བློ་དེ་མི་འཆགས་སོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་མ་མཐོང་བ་ལ་དེ་ཁ་བསྒྱུར་ཏམ་འོན་ཏེ་མ་བསྒྱུར་བར་བཅད་དམ་འོན་ཏེ་མ་བཅད་སྙམ་པའི་བློ་དེ་མི་ འཆགས་པས་མི་གནང་ངོ་། །འདིར་གཞུང་ནི་རང་གི་མིག་གིས་བལྟ་བར་བྱའོ། །མ་བལྟས་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཤོ་གམ་གྱི་སྐབས་སྤྲོས་པ་དང་བཅས་པ་དེ་བཤད་ཟིན་ཏོ།། །།རྣམ་པར་འབྱེད་པ་ལས་གསུངས་པ་འབའ་ཞིག་ཅུང་ཟད་ བརྗོད་པར་བྱ་སྟེ། གཞན་གྱི་སྤྱོད་པ་བརྟོལ་བར་མི་བྱའོ་ཞེས་བྱ་བ་ལ། གཞན་གྱི་སྤྱོད་པ་ཞེས་བྱ་བ་ནི། གཞན་གྱི་འཚོ་བའི་ཐབས་སོ། །བརྟོལ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་དེ་བདག་པོ་ལ་སོགས་པ་གཞན་ལ་འདམ་པར་མི་བྱའོ། །རང་གི་འམ་གཞན་གྱི་ཤོ་གམ་གཞལ་དགོས་པའི་ རྫས་རང་ངམ། གཞན་གྱི་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་གང་ཡིན་པ་དེ་དགག་པ་མཛད་པའི་ཕྱིར་གཞན་གྱི་སྤྱོད་པ་བརྟོལ་བར་བྱེད་པ་འདི་ཡང་བཀག་པར་རིག་པར་བྱའོ། །ཡིད་གཅུགས་པས་གཞན་གྱི་རྫས་བླང་བ་རྣམ་པར་གཞག་པའི་རྒྱུ་བསྟན་པའི་ཕྱིར། ཡིད་གཅུགས་པ་མ་ཡིན་པ་ ལ་ཡིད་གཅུགས་པ་ཉིད་དུ་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཡིད་གཅུགས་པ་མ་ཡིན་པའི་གང་ཟག་ལ་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་བླང་བ་དག་གིས་ཡིད་གཅུགས་པ་ཉིད་དུ་མི་བྱའོ། །ཚིག་དེ་ནི་གཞན་གྱི་ཚིག་གི་སྐབས་བཟློག་པའི་ཕྱིར་རོ། །ཡིད་གཅུགས་པ་མ་ཡིན་པ་ཉིད་ཀྱི་མཚན་ཉིད་ བརྗོད་པར་འདོད་ནས་དེ་ཉིད་ནི་འོག་མ་ལ་གོང་མའོ་ཞེས་བྱ་བ་སྨྲས་ཏེ། དེ་ཉིད་ནི་ཞེས་བྱ་བ་ནི་ཡིད་གཅུགས་པ་མ་ཡིན་པ་ཉིད་ནའོ། །འོག་མ་ལ་ཞེས་བྱ་བ་ནི་ཡིད་གཅུགས་པ་ཐ་མ་ལའོ། །གོང་མའོ་ཞེས་བྱ་བ་ནི། ཡིད་གཅུགས་པ་ཉིད་ཆན་པོ་མི་བྱ་བའོ། །འདི་སྐད་བསྟན་ཏེ། མཛའ་བཤེས་ཐ་མ་ལ་ཡིད་གཅུགས་པ་འབྲིང་དང་ཆེན་པོ་མི་བྱའོ། །འབྲིང་ལ་ནི་ཆེན་པོ་མི་བྱའོ། །ཡིད་གཅུགས་པར་མི་བྱ་བའི་རྣམ་པར་གཞག་པ་བྱས་ནས་ད་ནི་ཡིད་གཅུགས་པར་བྱ་བའི་རྣམ་པར་གཞག་པ་དེའི་རྒྱུས་བསྟན་པའི་ཕྱིར་དེ་ནི་སྡུག་པ་དང་ཡིད་དུ་ འཐད་པ་དང་། བླ་མ་དང་བསྒྲུབ་པར་འོས་པ་དང་མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། བླངས་ན་དགའ་བའོ་ཞེས་བྱ་བ་སྨྲས་ཏེ། སྡུག་པ་ཞེས་བྱ་བ་ནི་འདིར་འགྲོགས་བཤེས་ལ་བྱའོ། །ཡིད་དུ་འཐད་པ་ཞེས་བྱ་བ་ནི་སྨོས་འདྲིན་ནོ། །བླ་མ་ཞེས་བྱ་བ་ནི་སློབ་དཔོན་དང་ མཁན་པོའོ། །བསྒྲུབ་པར་འོས་པ་ཞེས་བྱ་བ་ནི། གང་གི་ཚུལ་ཁྲིམས་དང་ཐོས་པ་དང་། གཏོང་བ་ལ་སོགས་པའི་ཡོན་ཏན་རྗེས་སུ་དྲན་ཞིང་རྗེས་སུ་དྲན་ན། དེའི་ཡོན་ཏན་དེ་དག་རྗེས་སུ་སྒྲུབ་པར་བྱེད་པའོ། །མཆོད་པར་འོས་པ་ཞེས་བྱ་བ་ནི། གང་སྦྱིན་པ་དང་བསྙེན་བཀུར་ལ་སོགས་ པས་མཆོད་པར་བྱའོ། །བསྟོད་པར་འོས་པ་ཞེས་བྱ་བ་ནི། གང་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་ལ་སོགས་པས་བསྟོད་པར་བྱ་བའོ། །བླངས་ན་དགའ་བའོ་ཞེས་བྱ་བ་ནི། གང་ལ་བདག་གིས་དེའི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་དག་བླངས་ན་དེ་དགའོ་སྙམ་དུ་ཡིད་ ཆེས་པ་ཡོད་པ་སྟེ། དེ་ནི་ཡིད་གཅུགས་པར་བྱ་བ་ཡིན་ནོ། དེ་ལྟར་སྡུག་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་ཡིད་གཅུགས་པར་བྱ་བ་ཡིན་པར་རིག་པར་བྱ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོ་ལ་སོགས་པའི་བྱེ་བྲག་གིས་སོ། །ལག་པོད་ཀྱི་ལས་ཀྱིས་ལས་བྱ་ཞིང་བསོད་ནམས་ཀྱི་བློས་ ཀྱང་སྟེ། གླ་རྔན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ལག་པོད་ཀྱི་ལས་ཀྱིས་ཞེས་བྱ་བ་ནི། བཙོ་བླག་གི་ལས་ལ་སོགས་པས་སོ། །ལས་ཞེས་བྱ་བ་ནི། དྲུབ་པ་ལ་སོགས་པའི་ལས་ཏེ་དེ་བྱའོ། །བསོད་ནམས་ཀྱི་བློས་ཀྱང་སྟེ་ཞེས་བྱ་བ་ཡང་ལས་བྱའོ་ཞེས་བྱ་བར་སྦྱར་རོ། །གླ་རྔན་གྱིས་ ནི་མ་ཡིན་ནོ་ཞེས་བྱ་བ་ནི་རིན་གྱིས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡུལ་གྱི་ངེས་པའི་ཚིག་ནི་འདྲིད་པ་མ་ཡིན་ནོ་ཞེས་བྱ་བ་ལ། ཡུལ་གྱི་ངེས་བའི་ཚིག་ཅེས་བྱ་བ་ནི། ཡུལ་སོ་སོའི་སྐད་དོ། །འདྲིད་པ་མ་ཡིན་ནོ་ཞེས་བྱ་བ་ནི། བསླུ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་ རྣམ་པར་འབྱེད་པ་ལས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་ཁྱོད་ཀྱིས་ཨ་བ་སྭ་ཐ་ཞེས་གང་བརྗོད་པ་ཅིའི་ཐ་ཚིག་ཅེས་སྨྲས་པ་དང་། གསོལ་པ། བཙུན་པ་འཇིག་རྟེན་ན་ལྷུང་ངོ་ཞེས་བགྱི་བ་གང་ལགས་པའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཡུལ་གྱི་ངེས་ པའི་ཚིག་གིས་ནི་ལྟུང་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྐུ་བའི་ཤན་བསལ་བའི་ཕྱིར། ལྷུང་བ་བླངས་ན་ཡུན་རིང་དུ་མི་བསྲེལ་ལོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བ་ཞེས་བྱ་བ་ནི། ཆོས་གོས་ལ་སོགས་པ་ཕྱི་རོལ་དུ་ལྟུང་བའོ། །བླངས་ན་ཞེས་བྱ་བ་ནི་གཞན་གྱི་ཆོས་གོས་ལ་ སོགས་པ་ཕྱི་རོལ་དུ་ལྟུང་བ་དགེ་སློང་གིས་མི་འཁྱམས་པར་བྱ་བའི་བསམ་པས་རེ་ཞིག་བླངས་པའོ། །ཡུན་རིང་དུ་མི་བསྲེལ་ལོ་ཞེས་བྱ་བ་ལ། འདིར་ཡུན་རིང་པོ་ཞེས་བྱ་བ་ནི་དུས་ཇི་སྲིད་ཀྱིས་ན། འདིས་བཅབས་སོ་སྙམ་དུ་གཞན་དོགས་པ་སྐྱེ་བའི་དུས་དེ་སྲིད་ནི་ཡུན་རིང་བ་ཉིད་དུ་རིག་པར་བྱ་སྟེ། དེ་ སྲིད་དུ་བསྲེལ་བར་མི་བྱའོ། །བདག་པོ་གང་ཡིན་པ་མི་ཤེས་ན་སུ་ལ་གཏད་པ་ཉིད་དུ་བྱ་ཞེན་དེའི་ཕྱིར། དེ་དགེ་སྐོས་ལ་གཏད་པ་ཉིད་དུ་བྱའོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་ལ་སོགས་པ་ལྟུང་བ་བླངས་པ་དེ་དགེ་འདུན་གྱི་དགེ་སྐོས་ལ་གཏད་པ་ཉིད་དུ་བྱའོ། །དེས་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། དེས་རབ་ ཏུ་བྱུང་བའི་ཡིན་པར་དོགས་ན་དགེ་འདུན་ལ་བསྟན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སྐོས་དེས་གལ་ཏེ་མཚན་མ་འགའ་ཞིག་ལས་དེ་རབ་ཏུ་བྱུང་བའི་ཡིན་པར་དོགས་པ་སྐྱེས་ན་དེའི་ཚེ་རྫས་དེའི་བདག་པོ་ངེས་པར་ཤེས་པར་བྱ་བའི་ཕྱིར། དགེ་འདུན་ལ་བསྟན་པར་བྱའོ། །གལ་ཏེ་རྫས་ དེའི་བདག་པོ་མ་བྱུང་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། བདག་པོ་མ་བྱུང་ན་གཟར་ཐག་ལ་བཏགས་ཏེ་གཞག་གོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བདག་པོ་འགའ་ཡང་འདི་བདག་གིའོ་ཞེས་བདག་ཉིད་ཉེ་བར་སྟོན་པར་མི་བྱེད་ཅིང་དེའི་བདག་པོ་མ་བྱུང་ན་དེའི་ཚེ་དགེ་སྐོས་ཀྱིས་རྫས་དེ་གཟར་ཐག་ཅེས་ བྱ་བ་ཐག་པའི་བྲེང་ལ་བཏགས་ཏེ་གཞག་གོ། །དེ་ལ་ཆོས་གོས་ལ་སོགས་པ་བསྐམ་པ་ལ་སོགས་པའི་ཆེད་དུ་གཟར་ཏེ་འཇོག་པས་གཟར་ཐག་ཅེས་བྱ་སྟེ། དེ་ཡང་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བར་བྱ་བའི་ཕྱིར། མངོན་པའི་གནས་སུ་ཀ་བ་ལ་སོགས་པ་ལ་གདགས་པར་བྱའོ། ། རྐུའོ་ཞེས་སྐུར་པ་འདེབས་པ་སྤང་བའི་ཕྱིར། ནད་པས་མ་གནང་བ་དེ་ལ་སྨན་མི་བསླང་ངོ་ཞེས་བྱ་བ་སྨྲས་ཏེ། ནད་པས་མ་སྤྲིང་བའི་གང་ཟག་དེ་ལ་ནད་གཡོག་གམ་གཞན་གྱིས་སྨན་མི་བསླང་ངོ་། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བའི་རྣམ་པར་འབྱེད་ པའོ་ཞེས་བྱ་བ་མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བའི་སྐབས་རྣམ་པར་འབྱེད་པ་ལས་འབྱུང་བ་རྫོགས་སོ།། །།མ་བྱིན་པར་ལེན་པ་རྣམ་པར་འབྱེད་པའི་སྐབས་བཤད་ནས། ད་ནི་ཕྲན་ཚེགས་ཀྱི་སྐབས་བརྗོད་པར་བྱ་སྟེ། ཡོངས་སུ་གཟུང་བ་དང་བཅས་པ་གནང་བ་ ལས་གཞན་པའི་ཐབས་ཀྱིས་བདག་གིར་མི་བྱའོ་ཞེས་བྱ་བ་ནི། ཆོམ་རྐུན་པ་དག་གིས་འདྲོན་པ་བཅོམ་པ་དང་། ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་དང་། འཇིག་རྟེན་པའི་ལྷ་ཁང་དང་། སྲོག་ཤིང་གི་དབང་ཕྱུག་དང་། དེ་ལྟ་བུ་ལ་སོགས་པ་ཡོངས་སུ་བཟུང་བ་དང་བཅས་ པའི་རྫས་གང་ཡིན་པ་དེ་བདག་པོས་གནང་བ་ལས་གཞན་པའི་ཐབས་འདི་ཕྱག་དར་ཁྲོད་དོ་ཞེས་བྱ་བ་དང་། འདི་ནི་ངས་འཇིག་རྟེན་པའི་ལྷ་ཁང་བརྩིགས་པ་ལས་འབྱོར་པར་གྱུར་པའི་ཕྱིར་ངའི་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཐབས་ཀྱིས་བདག་གིར་མི་བྱའོ། །བདག་གིར་ཐོབ་པར་མི་བྱའོ། ། ཅི་དགེ་སློང་གིས་རྫས་རྐུན་པོ་ལ་སོགས་པས་ཕྲོགས་པ་ལ་རང་གིར་འདུ་ཤེས་ཀྱི་ནན་ཁུགས་ཀྱིས་ཀྱང་དགུག་པར་བྱའམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། བདག་གིར་བྱས་པ་དགུག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། བདག་གིར་བྱས་པ་ཞེས་བྱ་བ་ནི། རྐུན་པོ་ལ་སོགས་པ་གཞན་གྱི་རྫས་གང་ཡིན་པ་རྐུ་ འཕྲོག་ལ་སོགས་པས་བདག་གིར་བསྒྲུབས་པ་སྟེ། དེ་ནི་འདིར་བདག་གིར་བྱས་པ་ཞེས་བྱའོ། །སྦྱིན་པ་ལ་སོགས་པས་ཐོབ་པ་གང་ཡིན་པ་དེ་ནི་འདིར་བདག་གིར་བྱས་པ་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་རྫས་མི་བདོག་པ་ལས། རྐུ་འཕྲོག་པ་ལ་སོགས་པས་རང་ཉིད་ཀྱིར་བསྒྲུབས་པ་གང་ ཡིན་པ་དེ་ནི་བདག་གིར་བྱས་པ་ཞེས་གྲགས་པ་ཡིན་ཏེ། བདག་གིར་བྱེད་པ་ཙམ་དང་འབྲེལ་པའི་ཕྱིར་རོ། །བྱིན་ལེན་ལ་སོགས་པས་ཐོབ་པ་གང་ཡིན་པ་དེ་ལ་ནི་སྦྱིན་པ་ལ་སོགས་པ་ལ་ལྟོས་པ་ཡང་ཡོད་པས། དེས་ན་འདིར་རྐུ་འཕྲོག་ལ་སོགས་པས་བདག་གིར་བྱས་པ་གང་ཡིན་པ་དེ་ཁོ་ན་ བདག་གིར་བྱས་པ་ཡིན་པར་ཤེས་པར་བྱའོ། །དགུག་པར་མི་བྱའོ་ཞེས་བྱ་བ་ལ། དགུག་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་གསོལ་པ་ལ་སོགས་པའི་ནན་ཁུགས་ཀྱིས་འགུགས་པ་ལ་བྱའི། ཉོ་བ་ལ་སོགས་པས་འགུགས་པ་ལ་ནི་མི་བྱ་སྟེ། འདི་ལྟར་ཉོ་བ་ལ་སོགས་པ་ནི་འོག་ནས་གནང་བར་ འབྱུང་བའི་ཕྱིར་རོ། །འདིར་ནི་རང་གི་འདུ་ཤེས་ཀྱིས་འགུགས་པ་དེ་དགག་པར་མཛད་ཀྱི། གཞན་གྱིར་འདུ་ཤེས་པས་འགུགས་པ་ནི་སྔར་ཕམ་པར་འགྱུར་བ་ལ་སོགས་པའི་ཁ་ན་མ་ཐོ་བར་བསྟན་པ་ཁོ་ན་ཡིན་ནོ། །དེ་བས་ན་རང་གིར་འདུ་ཤེས་པས་རང་གི་རྫས་ནན་ཁུགས་ཀྱིས་ འགུགས་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དེ་ལྟར་ཡང་དགེ་སློང་གིས་གཞན་གྱིས་བདག་གིར་བྱས་པ་དགུག་པར་མི་བྱ་སྟེ། དེ་ནི་གང་གིས་ཕྲོགས་པ་དེའི་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །གང་གིས་ཕྲོགས་པ་དེས་རྫས་དེ་བདག་གིར་བྱས་པའི་ཕྱིར་དེའི་བདག་གིར་ འགྱུར་རོ། །རབ་ཏུ་བྱུང་བས་དེ་ལ་མི་འདོད་བཞིན་དུ་ནན་ཁུགས་ཀྱིས་དབྲོག་པ་དེ་ནི་རིགས་པའི་ཚུལ་མ་ཡིན་ཏེ། དེ་བས་ན་འདིར་བརྐུས་པར་གཏོགས་པའི་ཁ་ན་མ་ཐོ་བ་ཡོད་པས་བཀག་པ་ནི་མ་ཡིན་གྱི། འདི་ལྟར་རབ་ཏུ་བྱུང་བའི་ཚུལ་དང་མཐུན་པ་མ་ཡིན་པས་དགག་པ་མཛད་དོ། ། གལ་ཏེ་ནན་ཁུགས་ཀྱིས་དགུག་པར་མི་བྱ་ན། དེ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། དེ་ནི་ཆོས་བཤད་པས་བསླང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། རྫས་ཕྲོགས་པ་དེ་ནི་དགེ་སློང་གིས་ཆོས་བཤད་པས་བསླང་བར་བྱའོ། །རིན་ཕྱེད་དུ་ཉེ་བས་ཀྱང་ངོ་ཞེས་བྱ་བ་ནི། རིན་ཕྱེད་དུ་ཉེ་བས་ ཀྱང་བླུ་བར་བྱའོ། །ཉེ་བ་ཞེས་བྱ་བ་ནི་ཁད་ཉེ་བའི་ཚིག་སྟེ། རིན་ཕྱེད་དུ་ཅུང་ཟད་མ་ཆོག་པའམ། ཕྱེད་པས་ཅུང་ཟད་ལྷག་པས་ཀྱང་བླུའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་དང་ཆོས་གོས་ནི་རིན་ཆེན་པོས་བླུས་ཀྱང་རུང་ངོ་ཞེས་བྱ་བ་ནི། གལ་ཏེ་དེས་ཆོས་བཤད་པའི་ཐབས་ཀྱིས་ཀྱང་མ་ ཁུགས་ན་དེའི་ཚེ་ལྷུང་བཟེད་དང་ཆོས་གོས་ཕྲོགས་པའི་རྫས་ནི་རིན་ཆེན་པོས་བླུས་ཀྱང་རུང་སྟེ། དེ་ནི་ཁ་བསྒྱུར་བའི་ལས་ལ་སོགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་རོ། །མི་སྙན་པ་འབྱུང་བར་འགྱུར་བ་ནི་བོར་བའོ་ཞེས་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་མ་བབ་པར་བསྐུར་བར་མི་བྱའོ་ཞེས་ བྱ་བ་ནི། དངོས་པོ་གང་ལས་འདི་ཉིད་ཀྱིས་འདི་བསད་དོ། །འདི་ཉིད་ཀྱིས་འདི་བརྐུས་སོ་ཞེས་བྱ་བའི་མི་སྙན་པ་མི་མཛེས་པ་འབྱུང་བར་འགྱུར་བ་ནི་བདེན་དུ་བོར་བ་ཉིད་ཡིན་ན་ཡང་འདི་བོར་བའོ་ཞེས་བདག་གིས་ངེས་པར་བྱ་སྟེ། སྐྱེ་བོ་ཕལ་པོ་ཆེ་སུའི་ཡང་ མངོན་སུམ་དུ་མ་བབ་པར་དགེ་སློང་གིས་བསྐུར་བར་མི་བྱ་བླང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་མ་དད་པ་སྤང་བའི་ཕྱིར་རོ། །སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་ཞེས་སྨོས་པས་ནི་ཉེས་པ་འདི་མི་འབྱུང་སྟེ། དེ་ལྟར་དྲུག་སྡེ་དག་གིས་རྐུན་པོ་རྣམས་ཀྱིས་ཕག་གི་མགོ་བཅད་དེ་བོར་བ་ཕྱག་དར་ཁྲོད་ དོ་ཞེས་བླངས་པ་དང་། ཚོལ་བའི་མི་རྣམས་ཀྱིས་དེ་དག་ལ་འཕགས་པ་དག་ཇི་ལྟར་དྲང་སྲོང་གི་རྒྱལ་མཚན་ཐོགས་ཤིང་བྱ་བ་འདི་ལྟ་བུ་ཡང་བྱེད་ཅེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཕྱག་དར་ཁྲོད་དེ་ལྟ་བུ་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་མ་བབ་པར་བླང་བར་མི་བྱའོ། ། ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་བ་ཡིན་ནོ། །རོའི་རྫས་འདི་ལྟར་མི་མ་ཡིན་པས་བླངས་པར་གྱུར་ན་འོན་ཀྱང་དེའི་མ་ཡིན་ནོ། །སྙམ་པ་བཟློག་པའི་ཕྱིར་རོ། །རོའི་རྫས་མི་མ་ཡིན་པས་བླངས་པ་ཉིད་ནི་ཡོངས་སུ་མ་བཟུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རོའི་རྒྱུད་དུ་ གཏོགས་པའི་རྫས་གང་ཡིན་པ་དེ་གལ་ཏེ་མི་མ་ཡིན་པས་བླངས་པར་གྱུར་ན་དེ་ཡོངས་སུ་མ་བཟུང་བའོ་སྙམ་དུ་ཤེས་པར་མི་བྱ་སྟེ། དེ་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་བར་རིག་པར་བྱའོ། །མི་མ་ཡིན་པས་ཡོངས་སུ་བཟུང་བའི་རྫས་གང་ཡིན་པ་དེ་དུར་ཁྲོད་དེ་ཉིད་དུ་བསྐྱལ་བར་བྱ་དགོས་ན། དེར་ཇི་ལྟར་ འགྲོ་བར་བྱ་ཞེ་ན་དེའི་ཕྱིར། རབ་ཏུ་གཏུམ་པ་དེའི་ཕྱི་བཞིན་དུ་འགྲོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། མི་མ་ཡིན་པ་རབ་ཏུ་གཏུམ་པ་འཁྲུགས་པ་དེའི་ཕྱི་བཞིན་དུ་དགེ་སློང་འགྲོ་བར་བྱ་སྟེ། དེ་ནི་གནོད་པ་བྱེད་པ་སྤང་བའི་ཕྱིར་རོ། །དུར་ཁྲོད་དེར་ཁྱེར་ནས་རྫས་དེ་མི་མ་ཡིན་པ་དེའི་སྟེང་དུ་ཇི་ལྟར་གཡོགས་ པར་བྱ་ཞེ་ན་དེའི་ཕྱིར། ཁས་སྤུབ་ཏུ་བསྙལ་བ་ལ་རྐང་པའི་མཐའ་ནས་བརྩམས་ཏེ་གཡོགས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། རོ་བསྙལ་བ་ལ་རོའི་རྫས་ཀྱིས་གཡོགས་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བསྙལ་བ་ལ་གཡོགས་པར་བྱ་ཞེ་ན་དེའི་ཕྱིར། ཁས་སྦུབ་ཏུ་བསྙལ་བ་ལ་ཞེས་ བྱ་བ་སྨོས་ཏེ། ཁ་ས་ལ་བསྟན་ཏེ་ལྟོས་བསྙལ་བ་ལ། དེའི་སྟེང་ནས་དེས་བླངས་པའི་ལ་བ་ལ་སོགས་པས་གཡོགས་པར་བྱའོ། །ཇི་ལྟར་གཡོགས་པར་བྱ་ཞེ་ན། དེའི་ཕྱིར། རྐང་པའི་མཐའ་ནས་བརྩམས་ཏེ་གཡོགས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། རྐང་པའི་མཐའ་ནས་བརྩམས་ཏེ་ མགོར་ཐུག་གི་བར་དུ་མས་ཡར་མཐར་གྱིས་གཡོགས་པར་བྱའི། གཞན་དུ་མ་ཡིན་ཏེ། དེ་ཡང་གནོད་པ་བྱེད་པ་སྤང་བ་ཁོ་ནའི་ཕྱིར་རོ། །རོ་མ་སྨས་པ་ལ་མི་མ་ཡིན་པ་འཇུག་པར་འགྱུར་བའི་སྐབས་ཡོད་པས་དེའི་རྫས་བླངས་པ་ལས་ཉེས་དམིགས་དེ་དག་འབྱུང་བར་འགྱུར་བ་བསལ་བའི་ཕྱིར། མ་ སྨས་པ་ལས་བླང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། རོ་མ་སྨས་པ་ལས་རྫས་བླང་བར་མི་བྱའོ། །འོ་ན་ཅི་སྟེ་དེ་ལྟ་ན་རང་གིས་སྨས་པར་བྱས་ཏེ་འམ། གཞན་སྨས་པར་བྱེད་དུ་བཅུག་སྟེ། དེའི་ཕྱིར་རང་གིས་སྨས་པ་དང་སྨས་པར་བྱེད་དུ་གཞུག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་རོ་ཞེས་ བྱ་བ་མཐའ་གཉི་གར་སྦྱར་ཏེ་རོ་དེ་རང་གིས་ཀྱང་སྨས་པར་མི་བྱའོ། །རོ་དེ་གཞན་ཡང་སྨས་པར་བྱེད་དུ་གཞུག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་དུ་སོ་ཤིང་ལ་སོགས་པ་ཡང་མ་བསྟབས་ཀྱི་བར་དུ་བླང་བར་མི་བྱའོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། བསྟི་གནས་ཉིད་དུ་སོ་ ཤིང་དང་ཆུ་དང་འདག་རྫས་དང་ལྕི་བ་དང་ས་ཅི་བདེར་བྱའོ་ཞེས་བྱ་བ་སྨྲས་ཏེ། བསྟི་གནས་ཉིད་དུ་དགེ་སློང་གིས་སོ་ཤིང་ལ་སོགས་པ་ཅི་བདེར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་དགེ་སློང་གང་དུ་བསྟི་བ་དེར་རྣམ་པ་ལྔ་པོ་དག་ཅི་བདེར་བྱས་པར་བརྗོད་པར་བྱ་སྟེ། སོ་ཤིང་དང་ཆུ་དང་ འདག་རྫས་དང་ལྕི་བ་དང་སའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དགེ་སློང་སྔོན་ཆུང་མ་ལ་སོགས་པས་མཐུས་ཁྲིད་པ་ན་དེའི་ཚེ་དགེ་སློང་གཞན་གྱིས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་དགེ་སློང་དང་དགེ་ཚུལ་མི་འདོད་བཞིན་དུ་འབྲེལ་པས་ཁྲིད་པ་ན་བཟུང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། མི་འདོད་བཞིན་ དུ་ཞེས་བྱ་བ་མི་དགའ་བཞིན་དུའོ། །འབྲེལ་པས་ཞེས་བྱ་བ་ནི་ཕུ་ནུ་དང་། བུ་སྲིང་དང་ཆུང་མ་ལ་སོགས་པས་སོ། །དེ་དག་གིས་དེ་ལྟར་ཁྲིད་པ་ན་དགེ་སློང་གིས་བཟུང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་གཞུང་ནི་དེ་ལ་ལག་པ་གང་ཤོས་ན་ཞེས་དྲིའོ། །གལ་ཏེ་སྔོན་གྱི་ཆུང་མས་བཟུང་ བ་ཤོས་ནའོ་ཞེས་ཟེར་ན་མི་བཏང་ངོ་། །གལ་ཏེ་ཁྱོད་ཀྱིས་བཟུང་བ་ཤོས་ནའོ། །ཞེས་ཟེར་ན་ནི་བསམ་པ་ལས་ཆུང་མ་འདོད་པ་འདྲས་ཐོང་ཤིག་ཅེས་གསུངས་པ་ཡིན་ནོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་སོ་ཞེས་བྱ་བ་མ་བྱིན་པར་ལེན་པའི་ ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་ཞུ་བའི་སྐབས་བརྗོད་པར་བྱ་སྟེ། ཀ་ཀ་ནི་བཞི་ལ་མ་ཤ་ཀའོ་ཞེས་བྱ་བ་ལ། ཀ་ཀ་ནི་ཞེས་བྱ་བ་ནི། བོན་ཏི་ཀ་ཞེས་བྱ་སྟེ། དེ་ཡང་འགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ། །ཀ་ཀ་ནི་བཞི་ལ་ནི་ མ་ཤ་ཀ་གཅིག་སྟེ། འགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །མདོ་འདི་ནི་འོག་ནས་གང་ན་དེའི་ཚིགས་ཉིད་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་སོ་ཞེས་འབྱུང་བའི་ཚིགས་དེའི་རང་གི་ངོ་བོ་བསྟན་པའི་ཕྱིར་ཏེ། དེ་ནས་ཀྱང་ཚིགས་ཞེས་བྱ་བ་ནི་མ་ཤ་ཀ་བརྗོད་དེ། ཚིགས་ཞེས་བྱ་བའི་ཚིགས་ནི་ ཀཱར་ཥཱ་པ་ཎ་རང་གི་ངོ་བོ་ཤེས་པར་བྱ་བའི་ཕྱིར་རོ། །ཀཱར་ཥཱ་པ་ཎའི་རང་གི་ངོ་བོ་ཤེས་པ་ནི་དེའི་བཞི་ཆ་གཅིག་བརྐུས་ན་ཕམ་པར་འགྱུར་བ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །མ་ཤ་ཀ་ལྔ་ལ་སོགས་པ་ཞེས་བྱ་བ་སྨྲས་པས་ད་ནི་གང་ལ་མ་ཤ་ཀ་ལྔ་ཁོ་ན་རྐུ་བ་དེ་ནི་དེས་ཕམ་པར་འགྱུར་གྱི། གང་བཞི་ རྐུ་བ་དེ་ནི་ཕམ་པར་མི་འགྱུར་རོ་ཞེ་ན་དེའི་ཕྱིར། ལྔ་ཉིད་ནི་ཀཱར་ཥཱ་པ་ཎའི་བཞི་ཆའི་དཔེ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྣམ་པར་འབྱེད་པའི་མདོ་ལས་མ་ཤ་ཀ་ལྔ་ལ་སོགས་པ་ཞེས་གསུངས་པ་དེ་ནི་ཀཱར་ཥཱ་པ་ཎའི་བཞི་ཆའི་དཔེ་ཡིན་པར་རིག་པར་བྱའོ། །དེ་བས་ན་མ་ཤ་ཀ་ལྔ་ལ་སོགས་པ་ ཞེས་བྱ་བའི་ཚིག་དེ་ནི་ཀཱར་ཥཱ་པ་ཎའི་བཞི་ཆའི་གཅིག་རྐུ་ན་ཞེས་བྱ་བ་དེའི་མཐའ་ཡིན་ནོ། །ལྔ་ཉིད་ནི་ཀཱར་ཥཱ་པ་ཎའི་བཞི་ཆའི་དཔེ་ཡིན་ནོ་ཞེས་བྱ་བ་སྨྲས་ན་གནས་དང་དུས་ཀྱི་དབྱེ་བས་ཀཱར་ཥཱ་པ་ཎའི་དབྱེ་བ་ཡང་མང་དུ་སྣང་སྟེ། ལ་ལར་ནི་མ་ཤ་ཀ་བཅུ་གཉིས་ཉིད་ལ་ཀཱར་ཥཱ་པ་ཎ་གཅིག ། ལ་ལར་ནི་མ་ཤ་ཀ་བཅུ་དྲུག་ཉིད་ལ་ཀཱར་ཥཱ་པ་ཎ་གཅིག །ལ་ལར་ནི་མ་ཤ་ཀ་སུམ་ཅུ་རྩ་གཉིས་ཉིད་ལ་ཀཱར་ཥཱ་པ་ཎ་གཅིག་ཡིན་པས་དེའི་ཕྱིར། འདིར་གནས་གང་དང་དུས་གང་ལ་བརྟེན་ཏེ། མ་ཤ་ཀ་ལྔ་ཉིད་ཀཱར་ཥཱ་པ་ཎའི་བཞི་ཆའི་དཔེ་ཡིན་ཞེ་ན་དེའི་ཕྱིར། གང་ན་དེའི་ཚིགས་ཉིད་ཉི་ཤུ་ཡིན་པ་ དེ་ལ་བརྟེན་ནས་སོ་ཞེས་བྱ་བ་སྨྲས་ཏེ། གནས་དང་དུས་གང་ན་ཀཱར་ཥཱ་པ་ཎ་དེའི་ཚིགས་ཉིད་མ་ཤ་ཀ་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་མ་ཤ་ཀ་ཉིད་ཀཱར་ཥཱ་པ་ཎའི་བཞི་ཆའི་དཔེ་ཡིན་ནོ། །འདི་སྐད་བསྟན་ཏེ། རྐུ་བའི་གནས་དང་རྐུ་བའི་དུས་ལ་བརྟེན་ནས་མ་ཤ་ཀ་ལྔ་ཉིད་ཀཱར་ཥཱ་པ་ཎའི་བཞི་ཆའི་དཔེ་ཡིན་ཏེ། དེ་བས་ ན་ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་བརྐུས་པ་ནི་ཕམ་པར་འགྱུར་བའི་རྒྱུའི་གཙོ་བོར་གྱུར་པ་ཡིན་གྱི། ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་ལ་མ་ཤ་ཀ་དུ་ཡོད་པའི་གྲངས་ནི་ངེས་པ་མེད་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་གཏམ་གྱི་གཞིའི་སྐབས་ནས། བཙུན་པ་མ་ཤ་ཀ་གསུམ་བརྐུས་ན་ཕམ་པར་ འགྱུར་བ་མཆིས་སམ། བཀའ་སྩལ་པ། ཡོད་དེ་གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་འགྱུར་བའོ། །མ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་ན་ཕམ་པར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། གང་ན་མ་ཤ་ཀ་བཞི་བཅུ་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་གྱུར་ནའོ་ཞེས་གསུངས་པ་ཡིན་ ཏེ། །དེར་ནི་མ་ཤ་ཀ་བཅུ་བརྐུས་པ་ན་ཕམ་པར་འགྱུར་བར་དགོངས་སོ། །དེང་སང་ནི་མ་ཤ་ཀ་བཞི་བརྐུས་ན། ཕམ་པར་འགྱུར་བར་རིག་པར་བྱ་སྟེ། ཀཱར་ཥཱ་པ་ཎ་གཅིག་ནི་པ་ཎ་བཅུ་དྲུག་གི་ཚད་ཡིན་པའི་ཕྱིར་རོ། །ཀཱར་ཥཱ་པ་ཎའི་དབྱེ་བ་གནས་དང་དུས་ཀྱི་དབྱེ་བས་ཐ་དད་པའི་ཕྱིར་དེའི་རིན་ ཐང་བརྩི་བ་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། རྐུ་བའི་གནས་དང་དུས་ཀྱིས་དེའི་བརྩི་བ་རྣམ་པར་གཞག་གོ་ཞེས་བྱ་བ་སྨྲས་ཏེ། རྐུ་བའི་གནས་དང་རྐུ་བའི་དུས་ཀྱི་རིན་ཐང་བརྩི་བ་གང་ཡིན་པས་ཀཱར་ཥཱ་པ་ཎ་དེའི་རིན་ཐང་མ་ཤ་ཀ་བཅུ་གཉིས་ལ་ཀཱར་ཥཱ་པ་ཎ་གཅིག་གམ། མ་ཤ་ཀ་བཅུ་དྲུག་གམ། མ་ ཤ་ཀ་ཉི་ཤུའམ། མ་ཤ་ཀ་བཞི་བཅུའམ། དེ་ལ་སོགས་པའི་རིན་ཐང་བརྩི་བ་དེས་བརྩིས་པའི་ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་བརྐུས་ན་ཕམ་པར་འགྱུར་བར་ཤེས་པར་བྱའི། ཡུལ་གཞན་དང་དུས་གཞན་དང་། གླིང་གཞན་གྱི་རིན་ཐང་བརྩི་བ་དེས་ཡུལ་དང་དུས་དང་གླིང་གཞན་དུ་བརྩི་ བར་ནི་མི་བྱའོ། །མ་ཤ་ཀ་ལྔ་ལ་སོགས་པ་ཞེས་སྨྲས་ན་རྫས་གང་ཆེ་བ་ཉིད་ཀྱིས། མ་ཤ་ཀ་ལྔ་ལ་སོགས་པ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་དེ་ལ་ནི་རིན་ཐང་མེད་དོ་ཞེས་ཏེ་དེ་བརྐུས་ན་དེ་ལ་ཕམ་པར་འགྱུར་བ་མེད་དོ་སྙམ་དུ་སེམས་པ་དེ་བཟློག་པའི་ཕྱིར། ཆེ་བ་ཉིད་ཀྱིས་རིན་ཐང་ གདབ་པར་མི་ནུས་པ་ནི་རབ་ཀྱི་མཐར་ཕྱིན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། རྡོ་རྗེ་ལ་སོགས་པ་རིན་པོ་ཆེ་གང་ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་དེ་ནི་རབ་ཀྱི་མཐར་ཕྱིན་པ་ཉིད་ཡིན་ཏེ་རིན་ཐང་མཐའ་ཡས་པ་ཉིད་དོ། །ཕུལ་དུ་གྱུར་པའི་མཐར་ཐུག་པ་ནི་རབ་ཀྱི་ མཐར་ཕྱིན་པ་སྟེ། མཆོག་ཏུ་བཀྲབས་པའི་རབ་ཀྱི་མཐར་ཕྱིན་པར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་འདིར་མ་ཤ་ཀ་ལྔ་ལ་སོགས་པ་ཞེས་སྨོས་པའི་སོགས་པས་འཕངས་པ་དྲུག་ནས་གྲངས་མེད་པའི་མཐར་ཐུག་པ་ཉིད་ཡིན་པར་རིག་པར་བྱའོ། །ཧ་ཅང་ཆུང་བ་ཉིད་ཀྱིས་རིན་ཐང་གདབ་ པར་མི་ཆོག་པ་གང་ཡིན་པ་དེ་ནི་དངོས་པོར་གྱུར་པ་མ་ཡིན་པའི་ཕྱིར་བརྐུས་ཀྱང་ལྟུང་བར་མི་འགྱུར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཆུང་བ་ཉིད་ཀྱིས་དེར་མི་ཆོག་པ་ཉིད་ནི་ཁོངས་སུ་མ་གཏོགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མདོ་འདི་ལ་ཆུང་བ་ཉིད་ཀྱིས་རིན་ཐང་གདབ་པ་དེར་མི་ ཆོག་པ་ཉིད་དེ་དེ་ནི་ཆུང་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ཆོག་པ་སྟེ། དེར་ཞེས་བྱ་བ་ནི་རིན་ཐང་གདབ་པར་རོ། །མི་ཆོག་པ་ཉིད་གང་ཡིན་པ་དེ་བརྐུས་ན་ཁོངས་སུ་མ་གཏོགས་པ་ཉིད་མ་ཡིན་གྱི། ཁོངས་སུ་གཏོགས་པ་ཁོ་ན་ཉིད་ཡིན་ཏེ། དེ་ལ་ཉེས་པ་སྦོམ་པོའམ་ཉེས་