Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 162
Văn bản gốc(Tây Tạng)
Trang 3 / 26 (50.000 ký tự/trang)
ནི། འདི་ལྟར་ རབ་ཏུ་འབྱུང་བའི་དུས་ན་ནད་པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་སྤྱིར་དྲི་བར་བྱེད་མོད་ཀྱི། འོན་ཀྱང་བསྙེན་པར་རྫོགས་པའི་དུས་སུ་མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་། འབྲས་དང་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་ཏུ་དྲི་བར་བྱའོ་ཞེས་བྱ་བ་གཅིག་གི་ ཚིག་གི་མཐའི་སྒྲ་འདི་མང་པོའི་ཚིག་ཏུ་བསྒྱུར་ཏེ། དེ་དག་གིས་དྲི་བར་བྱའོ་ཞེས་བྱ་བར་སྦྱར་བར་བྱ་སྟེ། རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཞེས་བྱ་བ་མང་པོའི་ཚིག་གི་མཐའ་ཡིན་པའི་ཕྱིར་རོ། །ནད་པ་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་ནི། ཞུ་བར་བྱེད་པ་དང་། རྫོགས་ པར་བསྙེན་པར་བྱེད་པ་ལ་སོགས་པ་མང་པོའི་ཕྱིར་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་མང་པོའི་ཚིག་ནི་འདིར་ཐམས་ཅད་ཀྱི་བྱེ་བྲག་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་བཀོལ་བ་ནད་པ་ཞེས་བྱ་བ་འདི་ལྟར་བསྟན་སླ་བར་མ་བྱས་པར་འདི་ལྟར་མདོ་བཞིར་བྱས་པ་ནི། གལ་ཏེ་བཀོལ་བ་ནད་ པ་ཞེས་བྱ་བ་དེ་ལྟར་བྱས་ན་དེའི་ཚེ་རྫོགས་པར་བསྙེན་པར་བྱེད་པ་དག་གིས་བྱེ་བྲག་ཏུའོ་ཞེས་བྱ་བ་དེ་འདུས་པར་མི་འགྱུར་ལ། ཁྱོད་ལ་ནད་གང་ཡང་རུང་བ་མེད་དམ་ཞེས་བྱ་བའི་ཚིག་ཐ་དད་པར་རྟོག་པ་ཡང་མ་བྱས་པར་འགྱུར་བའི་ཕྱིར་རོ། །བཀོལ་བ་ཆད་པ་ཡན་ཆད་དོ་ ཞེས་བྱ་བ་ནི། དབང་དུ་བྱ་བ་འདིས་རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་ཡན་ཆད་ཀྱི་མདོ་བསྟན་པ་ཐམས་ཅད་བཀོལ་བ་ཞེས་བྱ་བའི་སྒྲ་འདིའི་དབང་དུ་བྱའོ། །དེས་ན་སྤྲུལ་པ་ལ་སོགས་པ་དག་བཀོལ་བ་དང་སྦྱར་བར་རིག་ པར་བྱའོ། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི། འོག་ནས་འབྱུང་བ་སྤྲུལ་པ་ལ་སོགས་པ་ལའོ། །སྐྱེ་བའི་ཆོས་ཉིད་མེད་པར་ཞེས་བྱ་བ་ནི། སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་རོ། །ཡང་ཞེས་བྱ་བའི་སྒྲ་ནི། ཀུན་བསྡུ་བའི་དབང་དུ་བྱ་བའི་དོན་ཏོ། །འདྲའོ་ ཞེས་བྱ་བའི་སྒྲ་ནི། སྤྱི་ལ་སྙེགས་པའི་དོན་ཏོ། །དེ་ལྟར་ན་མདོ་འདིས་ཀྱང་ཆད་པ་ཡན་ཆད་ཀུན་བསྡུ་བ་དང་། སྤྱི་ལ་སྙེགས་པའི་དབང་དུ་བྱེད་དོ། །དེ་ལྟར་ན་སྐྱེ་བའི་ཆོས་ཉིད་མེད་པ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དེ་ལྟ་བུ་རྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟ་བུ་ཞེས་བྱ་བ་ནི། སྐྱེ་བའི་ཆོས་ ཉིད་མེད་པའོ། །རྟགས་ཅན་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་དང་དགེ་ཚུལ་དང་རྫོགས་པར་བསྙེན་པ་ཡང་དག་པའི་འོ། །འདི་ཡང་དབང་དུ་བྱ་བའི་མདོ་བསྟན་མ་ཐག་པའི་ལྷག་མར་གྱུར་པ་ཡིན་པའི་ཕྱིར། ཆད་པ་ཡན་ཆད་ཐམས་ཅད་ཀྱིས་དབང་དུ་བྱའོ། །ད་ནི་བཀོལ་བ་དང་སྦྱར་བ་དང་སྐྱེ་བའི་ཆོས་ཉིད་མེད་ པ་དང་སྦྱར་བ་རྣམ་པར་བཤད་པར་བྱ་སྟེ། སྤྲུལ་པའོ་ཞེས་བྱ་བ་འདིར་ཡང་བཀོལ་བ་ལ་སོགས་པའི་དབང་དུ་བྱ་བ་ཐམས་ཅད་སྦྱར་བར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་སྤྲུལ་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ ཀྱང་དྲི་བར་བྱ་སྟེ། སྤྲུལ་པ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ། །འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ། །དེ་ལྟ་བུ་རྟགས་ཅན་ནི་བསྙིལ་བར་བྱའོ། །དེ་བཞིན་དུ་མ་ནིང་ལ་སོགས་པ་གཞན་དག་ལ་ཡང་སྦྱར་བར་བྱའོ། །མ་ནིང་ངོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་ འོངས་པ་ལ་མ་ནིང་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། མ་ནིང་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །མ་ནིང་གི་དབྱེ་བ་བསྟན་པའི་ཕྱིར། དེ་ནི་རྣམ་པ་ལྔའོ་ཞེས་བྱ་བ་སྨྲས་ཏེ། མ་ནིང་ ནི་རྣམ་པ་ལྔ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་ལྔ་བསྟན་པའི་ཕྱིར། སྐྱེས་ནས་དང་། ཟླ་བ་ཕྱེད་པ་དང་། འཁྱུད་ནས་ལྡང་བ་དང་། ཕྲག་དོག་ཅན་དང་། ཉམས་པ་དང་། ཞེས་བྱ་བ་སྨྲས་ཏེ། དེ་ལ་སྐྱེས་ནས་ཞེས་བྱ་བ་ནི། སྐྱེས་པའི་ཚེ་ཉིད་ནས་ཕོའི་དབང་པོ་ཡོད་པའི་ཕྱིར་བུད་མེད་ཉིད་ཀྱང་མ་ཡིན་ལ་མོའི་ དབང་པོ་ཡོད་པའི་ཕྱིར་ཕོ་ཉིད་ཀྱང་མ་ཡིན་པ་གང་འཇིག་རྟེན་ན་མཚན་གཉིས་པ་ཞེས་བྱ་བ་གང་ཡིན་པ་སྟེ། དེ་ནི་སྐྱེས་ནས་མ་ནིང་དུ་གྱུར་པར་རིག་པར་བྱའོ། །ཟླ་བ་ཕྱེད་པ་ཞེས་བྱ་བ་ནི། ཞག་བཅོ་ལྔ་ནི་བུད་མེད་ཀྱི་འདོད་ཆགས་ཀྱིས་གནོད་པར་འགྱུར་ལ། ཞག་བཅོ་ལྔ་ནི་སྐྱེས་པའི་འདོད་ཆགས་ཀྱིས་གནོད་ པར་འགྱུར་བ་གང་ཡིན་པ་སྟེ། དེ་ནི་མ་ནིང་ཟླ་བ་ཕྱེད་པའོ། །འཁྱུད་ནས་ལྡང་བ་ཞེས་བྱ་བ་ནི། དེ་འཁྱུད་པ་ཡང་ཡིན་ལ་ལྡང་བ་ཡང་ཡིན་པས་འཁྱུད་ནས་ལྡང་བའི་མ་ནིང་སྟེ། གང་སྐྱེས་པ་གཞན་གྱིས་བརྩལ་བས་ན་དབང་པོ་ལས་སུ་ཡང་རུང་བ་ལྡང་བར་འགྱུར་བ། དབང་པོ་ལས་སུ་རུང་བ་ལྡང་བ་ཞེས་ བྱ་བའི་ཐ་ཚིག་སྟེ། དེ་ནི་འཁྱུད་ནས་ལྡང་བའི་མ་ནིང་ངོ་། །གཞན་དག་ནི་བུད་མེད་ལ་སོགས་པས་བརྩལ་བ་ན་ཞེས་ཀྱང་ཟེར་རོ། །ཕྲག་དོག་ཅན་ཞེས་བྱ་བ་ནི། གང་ལ་གཞན་གྱིས་བརྩལ་བའི་བུད་མེད་ལ་སོགས་པ་མཐོང་བ་དེའི་ཚེ་ཁོ་ན་ཕྲག་དོག་གིས་དབང་པོ་ལས་སུ་རུང་བར་འགྱུར་ལ་ གཞན་གྱི་ཚེ་ན་མ་ཡིན་པ་སྟེ། དེ་ནི་མ་ནིང་ཕྲག་དོག་ཅན་ནོ། །ཉམས་པ་ཞེས་བྱ་བ་ནི། གང་གི་ཕོའི་དབང་པོ་བཅད་པ་ལ་སོགས་པས་ཉམས་པར་གྱུར་པ་སྟེ། དེ་ནི་ཉམས་པའི་མ་ནིང་ངོ་། །ཅི་མ་ནིང་ཐམས་ཅད་བསྙིལ་བར་བྱ་བ་ཡིན་ནམ་ཞེ་ན། དེའི་ཕྱིར་འདི་ལས་ཐ་མ་ནི་ཉེས་པ་བསྟེན་ནས་ བསྙིལ་བའོ་ཞེས་བྱ་བ་སྨྲས་ཏེ། ཐ་མར་བསྟན་པའི་ཕྱིར་ཐ་མ་སྟེ། ཉམས་པའི་མ་ནིང་ངོ་། །དེ་ནི་གལ་ཏེ་མ་ནིང་གི་ཉེས་པ་སྐྱེས་པ་གཞན་གྱིས་བརྩལ་བའི་འདོད་པ་ལ་སོགས་པ་བསྟེན་ན་དེའི་ཚེ་དགེ་སློང་གི་དངོས་པོའི་སྣོད་མ་ཡིན་པར་གྱུར་པས་དེ་ནི་བསྙིལ་བའོ་ཞེས་བྱ་བར་རིག་པར་བྱའོ། །ཇི་སྲིད་དུ་ མ་ནིང་གི་ཉེས་པ་བསྟེན་པར་མི་བྱེད་པ་དེ་སྲིད་དུ་བསྙིལ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྐུ་ཐབས་སུ་གནས་པའོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་རྐུ་ཐབས་སུ་གནས་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པའོ། །རྐུ་ཐབས་སུ་གནས་པའི་ མཚན་ཉིད་བརྗོད་ནས། རྫོགས་པར་བསྙེན་པའི་ཆོ་ག་མ་བྱས་པ་ཉིད་དམ་མ་ཆགས་པ་ཉིད་དུ་ཤེས་ལ། ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེའི་རྫོགས་པར་བསྙེན་པའི་ཆོ་ག་གསོལ་བ་ལ་སོགས་པ་གང་ཡིན་པའི་ཆོ་ག་ དེ་མ་བྱས་པ་ཉིད་དུ་ཤེས་པ། བདག་རྫོགས་པར་བསྙེན་པར་འགྱུར་བའི་ཆོ་ག་གང་ཡིན་པ་དེ་ཡོངས་སུ་རྫོགས་པར་མ་བྱས་སོ་ཞེས་བྱ་བ་དེ་ལྟར་ཤེས་པའམ། ཡང་ན་དེའི་རྫོགས་པར་བསྙེན་པ་མ་ཆགས་པ་ཉིད་དུ་ཤེས་པ་འདི་ལྟར་ཆོ་ག་ཡོངས་སུ་རྫོགས་པར་བྱས་མོད་ཀྱི། འོན་ཀྱང་མཁན་པོ་ཚུལ་ ཁྲིམས་འཆལ་བ་ལ་སོགས་པའི་ཉེས་པས་བདག་གིས་རྫོགས་པར་བསྙེན་པར་མ་ཆགས་པ་ཉིད་དུ་དེ་ལྟར་ཤེས་ལ། དེས་དེ་ལྟར་ཤེས་བཞིན་དུ་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་ལ་སོགས་པའི་ལས་ཉམས་སུ་མྱོང་བར་གྱུར་ཅིང་། དེ་ལྟར་ཤེས་པའི་དགེ་སློང་དེ་དགེ་འདུན་དང་ལྷན་ཅིག་ གསོ་སྦྱོང་ལ་སོགས་པའི་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན། རྐུ་ཐབས་སུ་གནས་པ་ཉིད་དེ་ཉིད་ཡིན་ནོ། །ཉམས་སུ་མྱོང་བར་གྱུར་པའི་དངོས་པོ་ནི་ཉམས་སུ་མྱོང་བར་གྱུར་པ་ཉིད་དོ། །འོ་ན་འདུལ་བ་ལས། ཉེ་བ་འཁོར་གང་ཚུན་ཆད་ལན་གཉིས་སམ་གསུམ་གསོ་སྦྱོང་གི་ལས་དག་ཉམས་སུ་མྱོང་ བར་གྱུར་པ་དེ་ཙམ་གྱིས་ན་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་ན། གསུམ་ཞེས་བྱ་བ་དེ་ཅིའི་ཕྱིར་མདོར་མ་བྲིས་ཤེ་ན། འདི་ལྟར་ལན་གཉིས་སུ་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ཀྱི་ཚེ་ཁོ་ན་རྐུ་ཐབས་སུ་གནས་པ་ཡིན་པས་གསུམ་ཞེས་སྨོས་པ་ནི་རྒྱུན་བསྟན་པའི་ཕྱིར་རོ། །ལུང་ཡང་ཡོད་དེ། གཏམ་གྱི་གཞི་ལས་གཞི་གང་གིས་རྐུ་ཐབས་སུ་གནས་པ་རབ་ཏུ་དབྱུང་བར་མི་བགྱི། རྫོགས་པར་བསྙེན་པར་མི་བགྱི་བའི་གཞི་དེ་ཉིད་ཀྱིས་རབ་ཏུ་དབྱུང་བར་བགྱི་བ་དང་། རྫོགས་པར་བསྙེན་པར་བགྱི་བ་མཆིས་སམ། བཀའ་སྩལ་པ་ཡོད་དོ་ཞེས་གསུངས་པ་ཡིན་ནོ། །གང་གིས་ལན་གཉིས་ སམ་གསུམ་གསོ་སྦྱོང་གི་ལས་དག་ཉམས་སུ་མྱོང་བར་འགྱུར་བ་དེ་ནི་རབ་ཏུ་དབྱུང་བར་མི་བྱ་རྫོགས་པར་བསྙེན་པར་མི་བྱའི། གང་གིས་ལན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་གྱུར་པ་དེ་ནི་རབ་ཏུ་དབྱུང་བར་བྱ། རྫོགས་པར་བསྙེན་པར་བྱའོ། །གལ་ཏེ་ལན་གསུམ་ལས་ཉམས་སུ་མྱོང་བར་གྱུར་པའི་ཚེ་ ཁོ་ན་རྐུ་ཐབས་སུ་གནས་པ་ཡིན་པར་གྱུར་ན་དེའི་ཚེ་གཏམ་གྱི་གཞི་ལས་ལན་ཅིག་ཅེས་སྨོས་པར་མི་མཛད་ཅིང་ལན་གཉིས་ཞེས་སྨོས་པ་མཛད་པར་འགྱུར་རོ། །ཅིའི་ཕྱིར་འདིར་ལས་ཞེས་སྤྱིར་སྨོས་ལ་གསོ་སྦྱོང་ནི་མ་སྨོས་ཤེ་ན། གཙུག་ལག་ལས་གསོ་སྦྱོང་ཞེས་སྨོས་པ་ནི་མཚོན་པའི་ཕྱིར་ཡིན་ཏེ། དགེ་འདུན་དང་འབྲེལ་པའི་ལས་ཐམས་ཅད་ཀྱང་མཚོན་པར་བྱེད་དོ། །དེ་ལྟར་ནི་མ་ཚང་བ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་ཞུས་པ་ལས་ཀྱང་། གང་གསོལ་བ་དང་བཞིའི་ལས་ཀྱིས་རྫོགས་པར་མ་བསྙེན་པར་དགེ་འདུན་གྱི་ལས་གསོ་སྦྱོང་ངམ་དགག་དབྱེའམ། གང་ཟག་བཅུ་གཉིས་བསྐོ་བ་ དག་ཉམས་སུ་མྱོང་བར་གྱུར་པ་དེ་ཡང་དེ་ཙམ་གྱིས་ན་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་གསུངས་སོ། །ལས་ཞེས་སྨོས་པས་ནི་མཚོན་པ་ཁོ་ནའི་ཕྱིར་ཡིན་ཏེ། རྫོགས་པར་མ་བསྙེན་པས་བྱ་བ་མ་ཡིན་པ་དགེ་འདུན་ལ་རག་ལས་པ་དཔེར་ན་རབ་ཏུ་དབྱུང་བ་ཞུ་བ་ལ་སོགས་པ་གང་ཡིན་པ་དེ་ཉམས་སུ་མྱོང་བར་གྱུར་ན་ཡང་ རྐུ་ཐབས་སུ་གནས་པ་ཉིད་ཡིན་ནོ། །ལ་ལ་ནི་འདི་སྐད་ཅེས་ལས་ཉམས་སུ་མྱོང་བས་རྐུ་ཐབས་སུ་གནས་པ་ཉིད་ཡིན་གྱི། འཕྲལ་གྱི་བྱ་བ་ཉམས་སུ་མྱོང་བས་ནི་མ་ཡིན་ནོ་ཞེས་ཟེར་རོ། །མུ་སྟེགས་ཅན་ཞུགས་པའོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་ཞུགས་པ་མ་ ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ། །མུ་སྟེགས་ཅན་ཞུགས་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། རབ་ཏུ་དབྱུང་བ་འདི་ཡང་དག་པར་བླངས་པ་ལྟ་བ་དེ་དང་ལྡན་པ་ཆོས་གོས་འདི་བོར་ཏེ། རྒྱལ་མཚན་དེས་དེ་སྐྱ་རེངས་ཤར་ན་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་ཞེས་བྱ་བ་ནི། དེས་རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་སྟེ་དེའོ། །ལྟ་བ་དེ་དང་ལྡན་པ་ཞེས་བྱ་བ་ནི། མུ་སྟེགས་ཅན་དེ་དག་གི་ལྟ་བ་དེ་ལ་ཡོད་པས་ལྟ་བ་དེ་དང་ལྡན་པ་སྟེ་དེའོ། །ཆོས་གོས་འདི་བོར་ཏེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་དགེ་སློང་གི་ཆ་ ལུགས་འདི་བོར་ཏེའོ། །རྒྱལ་མཚན་དེས་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་རྒྱལ་མཚན་གྱིས་སོ། །དེར་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་འདུག་གནས་སུའོ། །སྐྱ་རེངས་ཤར་ན་ཞེས་བྱ་བ་ནི། སྐྱ་རེངས་དང་པོ་ཤར་ནའོ། །དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མུ་སྟེགས་ཅན་ ཞུགས་པ་ཉིད་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། གང་ལ་ལ་ཞིག་དེ་བཞིན་གཤེགས་པས་གསུངས་པའི་རབ་ཏུ་འབྱུང་བ་ཡང་དག་པར་བླངས་ནས། མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་ཞིང་ཆོས་གོས་འདི་བོར་ཏེ། མུ་སྟེགས་ཅན་གྱི་རྟགས་བླངས་ནས། མུ་སྟེགས་ཅན་གྱི་རྟགས་དེས་མུ་ སྟེགས་ཅན་གྱི་འདུག་གནས་དེར་སྐྱ་རེངས་དང་པོ་འཆར་བར་བྱེད་ན། སྐྱ་རེངས་དང་པོ་འཆར་བའི་སྐད་ཅིག་དེ་ཉིད་ལ་མུ་སྟེགས་ཅན་ཞུགས་པ་ཡིན་པར་རིག་པར་བྱའོ། །མུ་སྟེགས་ཅན་ཞུགས་པ་རྣམ་པ་གཞན་ཡང་སྲིད་པར་བསྟན་པའི་ཕྱིར། དེ་མ་བྱས་པ་ཡང་རྐུ་ཐབས་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། དེ་མ་བྱས་པ་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པ་གང་གིས་མདོ་བསྟན་མ་ཐག་པའི་དངོས་པོ་དེ་མ་བྱས་པ་སྟེ། དེ་མ་བྱས་པའི་གང་ཟག་དེའོ། །མདོ་སྔ་མར་བསྟན་པ་དེ་བཞིན་གཤེགས་པའི་དགེ་སློང་གི་ཆ་ལུགས་བོར་ཏེ། མུ་སྟེགས་ཅན་གྱི་རྟགས་འདོད་པ་བགོས་ནས་མུ་སྟེགས་ཅན་གྱི་འདུག་ གནས་སུ་སྐྱ་རེངས་ཤར་བ་དེ་མ་བྱས་པའོ། །ཡང་ཞེས་བྱ་བ་ནི། དེ་མ་བྱས་སུ་ཟིན་ཀྱང་མུ་སྟེགས་ཅན་ཞུགས་པ་ཉིད་ཡིན་པར་འགྱུར་བའོ། །ཇི་ལྟར་ཞེ་ན། རྐུ་ཐབས་དང་འདྲ་སྟེ། བསྟན་མ་ཐག་པར་ཇི་ལྟར་ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་འགྱུར་བ་ཉིད་ན། རྐུ་ཐབས་སུ་ གནས་པ་ཉིད་ཡིན་པ་དེ་བཞིན་དུ། མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པ་དེས་མ་བྱས་སུ་ཟིན་ཀྱང་། ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་ན། མུ་སྟེགས་ཅན་ཞུགས་པ་ཉིད་ཡིན་ནོ། །མ་བསད་པ་དང་ཞེས་བྱ་བ་ནི། མ་ལ་བསད་པའམ་མའི་བསད་པ་ནི་མ་བསད་པ་སྟེ། རབ་ཏུ་དབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མ་བསད་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ། །ཕ་བསད་པ་དང་། དག་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་ཞེས་བྱ་བ་དག་ཀྱང་དེ་ཁོ་ན་བཞིན་ནོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། ཞེས་བྱ་བ་ལ། བསད་པའི་བསམ་པའི་ངན་སེམས་ཀྱིས་ཁྲག་ཕྱུང་བ་ནི། ངན་སེམས་ཀྱིས་ཁྲག་ཕྱུང་བ་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ། །དགེ་སློང་མ་སུན་ཕྱུང་བ་དང་ཞེས་ བྱ་བ་ཡང་། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱ་སྟེ། འདིའི་མཚན་ཉིད་ནི་འོག་ནས་སྟོན་ཏོ། །ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ་ཞེས་སོ་ཞེས་བྱ་བ་ཡང་། རབ་ཏུ་འབྱུང་ བའི་ཕྱིར་ཉེ་བར་འོངས་པ་ལ་ཁྱོད་ཕམ་པར་གྱུར་པ་བཞི་ལས་ལྟུང་བ་གང་ཡང་རུང་བ་བྱུང་བ་ཞིག་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་དག་བརྗོད་པར་བྱའོ། །གང་ཡང་རུང་བ་ཞིག་ཅེས་སྨོས་པས་ནི། གཅིག་གིས་ཀྱང་སྐྱེ་བའི་ཆོས་ཉིད་མེད་པ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །ད་ནི་སྐྱེ་བའི་ཆོས་ ཅན་གྱིས་རབ་ཏུ་དབྱུང་བར་མི་འོས་པ་དག་གི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཆད་པ་ཁས་མི་ལེན་པ་ཁས་ལེན་པར་མི་བྱེད་མི་བསྒྲུབ་པ་དག་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་ མི་བྱའོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་ཁས་མི་ལེན་ཞེ་ན། རྒྱུ་ལས་བཟློག་པ་ཞེས་བྱ་བ་སྟེ། རྒྱུ་གང་གིས་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པས་བསྡིགས་པ་ལ་སོགས་པའི་ཆད་པའི་ལས་བྱས་པར་གྱུར་པའི་རྒྱུ་དེ་ལས་བཟློག་པ་འཐབ་ཀྲོལ་མི་བྱེད་པ་ཉིད་ལ་སོགས་པ་ཁས་མི་ལེན་པ་དག་རབ་ཏུ་དབྱུང་བར་ མི་བྱ་རྫོགས་པར་བསྙེན་པར་མི་བྱའོ་ཞེས་མདོའི་དོན་བསྟན་པ་ཡིན་ནོ། །གལ་ཏེ་དགེ་སློང་ཆད་པས་བཅད་པ་ཞིག་བསླབ་པ་ཕུལ་ནས་ཡང་རྫོགས་པར་བསྙེན་པ་གསོལ་ན། ཅི་རྫོགས་པར་བསྙེན་ནས་ཡང་བཟོད་པ་གསོལ་བར་བྱ་དགོས་སམ་ཞེ་ན། རྫོགས་པར་བསྙེན་ན་བཟོད་པ་གསོལ་ཟིན་པ་ཡིན་ ནོ་ཞེས་བྱ་བ་སྨྲས་ཏེ། བཟོད་པ་མ་གསོལ་བ་ཞིག་རྫོགས་པར་བསྙེན་ན་ཡང་བཟོད་པ་གསོལ་མི་དགོས་ཏེ། རྫོགས་པར་བསྙེན་པ་ཉིད་བཟོད་པ་གསོལ་བ་ཡིན་པའི་ཕྱིར་རོ། །བཟོད་པ་ཞེས་བྱ་བ་ནི། བཟོད་པ་བྱ་བའོ། །བཙུན་པ་དགེ་སློང་དག་བསྡིགས་པའི་ལས་བགྱིས་ནས་རེ་ཞིག་རྫོགས་ པར་བསྙེན་པར་བགྱིད་ན། རྫོགས་པར་བསྙེན་ཞེས་བགྱིའམ་རྫོགས་པར་མ་བསྙེན་ཞེས་བགྱི། ཉེ་བ་འཁོར་རྫོགས་པར་བསྙེན་ཞེས་བྱ་སྟེ། རྫོགས་པར་བསྙེན་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་ལ། བཟོད་པ་ནི་གསོལ་ཟིན་པ་ཞེས་བྱའོ་ཞེས་གླེང་གཞི་ དག་ལས་གསུངས་སོ། །གལ་ཏེ་རྫོགས་པར་བསྙེན་པ་ན་རྒྱུ་ལས་བཟློག་པ་ཁས་མི་ལེན་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། གལ་ཏེ་རྫོགས་པར་བསྙེན་ནས་ཁས་མི་ལེན་པ་ནི་ཚོགས་པ་ཡོད་ན་ཡང་ཆད་པས་བཅད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྫོགས་པར་བསྙེན་ནས་ཕྱིས་འཐབ་ཀྲོལ་མི་བྱེད་པ་ཉིད་ལ་སོགས་ པ་ཁས་མི་ལེན་པ་དེ་ནི། གལ་ཏེ་ཚོགས་པ་ཡོད་ན་ཡང་ཆད་པའི་ལས་བྱེད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཆད་པའི་ལས་བྱེད་དུ་བཅུག་ན་གལ་ཏེ་འདི་སྐད་ཅེས་ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན་དེ་ལ་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་གལ་ཏེ་མ་མཐོང་ངོ་ཞེས་བརྫུན་ཟེར་ན་ལྟུང་བྱེད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བརྫུན་དུ་འདི་སྐད་ཅེས་ལྟུང་བ་མ་མཐོང་ངོ་ཞེས་ཟེར་ན། དེའི་ཚེ་དེ་ལ་ལྟུང་བྱེད་ཀྱི་ལྟུང་བར་འགྱུར་རོ། །སྐྱེ་བའི་ཆོས་ལྷག་མ་བཀག་པ་རྣམས་ཀྱང་བསྟན་པའི་ཕྱིར། ལག་རྡུམ་དག་དང་རྐང་རྡུམ་དང་། །ལག་སོར་ཟླུམ་པོར་འཇས་པ་དང་། །མཆུ་མེད་ལུས་ལ་རྨ་མཚན་ཅན། །རྒན་ཆེས་པ་དང་ གཞོན་ཆེས་དང་། །ཐེང་པོ་སྨད་འཆལ་ཞར་བ་དང་། །ལག་སོར་རྡུམ་རྒུར་མིའུ་ཐུང་དང་། །ལྦ་བ་ལྐུགས་པ་འོན་པ་དང་། །རྟེན་འཕྱེ་དང་ནི་རྐང་འབམ་དང་། །བུད་མེད་ཀྱིས་དུབ་ཁུར་གྱིས་དུབ། །མི་གང་ལམ་གྱིས་དུབ་རྣམས་དང་། །ཡ་ཟ་མ་ལུག་གཏའ་གམ་དང་། །དེ་ལྟ་བུ་ཡི་མི་རྣམས་ནི། །དྲང་ སྲོང་ཆེན་པོས་དགག་པར་མཛད། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་རྫོགས་བསྙེན་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་སྨྲས་ཏེ། གང་དག་གི་ལག་པའི་མཁྲིག་མ་མན་ཆད་ཆད་པ་དེ་དག་ནི། ལག་རྡུམ་དག་གོ། །གང་ དག་གི་རྐང་པ་ལོང་བུ་མན་ཆད་ཆད་པ་དེ་དག་ནི། རྐང་རྡུམ་དག་གོ། །གང་དག་གི་ལག་པའི་སོར་མོ་སྦྲུལ་གྱི་གདེངས་ཀ་འདྲ་བ་དག་ནི། ལག་སོར་ཟླུམ་པོར་འཇས་པ་དག་གོ། །གང་དག་གི་མཆུ་གཉིས་མེད་པ་དག་ནི་མཆུ་མེད་དག་གོ། །གང་དག་གི་ལུས་ལ་རྨ་མཚན་དག་ཡོད་པ་དེ་དག་ནི་ལུས་རྨ་མཚན་ ཅན་དག་སྟེ། སྣག་ཚ་ལ་སོགས་པས་ལག་པ་ལ་སོགས་པ་བྲིས་པ་ནི། ལུས་རྨ་མཚན་ཅན་ཡིན་ཏེ། ཁབ་ལ་སོགས་པས་གཙགས་ཤིང་ཁྱི་རྗེས་ལ་སོགས་པའི་མངོན་མཚན་དག་གིས་མཚན་བཏབ་པའི་ཕྱིར་རོ། །ལྕག་ལ་སོགས་པས་གཞུས་པའི་རྨ་མཚན་ཡང་ཡིན་ནོ། །རྒས་པས་སྦྱོར་མི་བཟོད་པ་ དག་ནི་རྒན་ཆེས་པ་དག་གོ། །ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དག་དང་བྱ་རོག་སྐྲོད་ནུས་པ་ལ་ལོ་བདུན་མ་ལོན་པ་དག་ནི་གཞོན་ཆེས་པ་དག་གོ། །གང་རྐང་པ་འཐེང་ཞིང་ལེག་ལེག་པོར་འགྲོ་བ་ནི་ཐང་པོའོ། །བརླའི་ཕྱོགས་རླུང་བྱ་རྒོད་འགྲོས་ཀྱིས་ཀུན་དུ་ཉམས་པར་གྱུར་པ་ནི་སྨད་འཆལ་ལོ། །མིག་ཡ་ གཅིག་པ་ནི་ཞར་བའོ། །གང་གི་མཁྲིག་མའི་ཕྱོགས་ན་མཚན་མ་ཙམ་གྱི་ལག་པ་ཡོད་ཅིང་ཅུང་ཟད་ཀྱང་བྱེད་མི་ནུས་པ་ནི་ལག་སོར་རྡུམ་པོའོ། །བྲང་དང་སྒལ་ཚིགས་ཞོམ་པ་ནི་སྒུར་པོའོ། །ཧ་ཅང་ལུས་ཐུང་བར་གྲགས་པ་ནི་མིའུ་ཐུང་ངོ་། །གང་གི་ལྐོག་མ་ལ་ལྦ་བ་ཡོད་པ་དེ་ནི་ལྦ་བ་ཅན་ནོ། །སྨྲ་མི་ནུས་ པ་ནི་ལྐུགས་པའོ། །དོན་དང་བཅས་པའི་སྒྲ་ཐོས་པར་མི་འགྱུར་བ་ནི་འོན་པའོ། །གང་ལག་པ་གཉིས་ལག་རྟེན་ལ་བརྟེན་ནས་གཟུགས་བཞིས་འཕྱེ་བ་ནི་རྟེན་འཕྱེའོ། །མིང་གཉིས་པ་ནི་གྲུམ་པོ་ཞེས་ཀྱང་བྱའོ། །གང་གི་རྐང་པ་ལ་ནད་ཀྱི་རིགས་རྐང་འབམ་ཡོད་པ་དེ་ནི་རྐང་འབམ་མོ། །བུད་མེད་དག་ ཤས་ཆེར་བསྟེན་པས་མཐུ་དང་གཟི་བརྗིད་ཟད་ཅིང་ལུས་མི་བདེ་བ་བུད་མེད་ཀྱིས་དུབ་པ་དག་གོ། །དེ་བཞིན་དུ་མི་བཟོད་པའི་ཁུར་ཐོགས་པའི་ཕྱིར་ཁུར་གྱིས་དུབ་པ་དག་གོ། །ལམ་དུ་འགྲོ་བ་དྲགས་པའི་ཕྱིར་ལམ་གྱིས་དུབ་པ་རྣམས་སོ། །ཡ་ཟ་མ་ལུག་ཅེས་བྱ་བ་ནི། གང་དག་ལ་ཇི་ལྟར་ཟོས་པ་མ་ཞུ་བར་ཐུར་དུ་འབྱུང་ བའོ། །གཞན་དག་ནི་འདི་སྐད་ཅེས་ཟེར་ཏེ། གང་གི་རྐང་པ་ལྕགས་སྒྲོག་གིས་ཉམས་པ་ལྕགས་སྒྲོག་ལས་བཀྲོལ་ཡང་བཅིངས་པ་བཞིན་དུ་འགྲོ་བ་ནི་སྒྲོག་བཀྲོལ་ཞེས་བྱའོ་ཞེས་ཟེར་རོ། །དེ་ལ་དང་པོ་ནི་ཁ་ཟས་ལ་སོགས་པ་ཐུར་དུ་འཛག་པ་དེ་ནི་ཡ་ཟ་མ་ལུག་གོ། །ཕྱོགས་ཕྱི་མ་ལ་ནི་ལྕགས་སྒྲོག་ གིས་བཅིངས་པ་ལས་བཀྲོལ་པས་སྒྲོག་བཀྲོལ་ཞེས་བྱའོ། །ཡང་ན་བཀྲོལ་ཡང་ལྕགས་སྒྲོག་ཏུ་བཅུག་པ་བཞིན་དུ་རྐང་པ་ཁྲིས་ཁྲིས་པོར་འགྲོ་བའི་ཕྱིར་སྒྲོག་བཀྲོལ་ཞེས་བྱའོ། །གཏའ་གམ་པ་ཞེས་བྱ་བ་ནི། གང་དག་ལང་ཚོ་ལ་མ་བབ་པ་ཁོ་ནར་ནད་ལ་སོགས་པས་དེ་ལྟར་ཉམས་པར་གྱུར་ཅིང་། ཏེ་པོར་ རྒས་པས་ཉམས་པ་བཞིན་དུ་བྱ་བ་ཅུང་ཟད་ཀྱང་བྱེད་མི་ནུས་པ་སྟེ། བྱུང་བ་ཉིད་ནས་དེ་དག་གི་ལང་ཚོ་ཉམས་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་ཞེས་བྱ་བ་ནི། རྣམ་པ་དེ་ལྟ་བུའོ། །མི་རྣམས་ནི་ཞེས་བྱ་བ་ནི། ལག་རྡུམ་ལ་སོགས་པའི་མི་རྣམས་སོ། །དྲང་སྲོང་ཆེན་པོས་ ཞེས་བྱ་བ་ནི། དེ་ནི་དྲང་སྲོང་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་དྲང་སྲོང་ཆེན་པོས་ཏེ་དེས་སོ། །དགག་པ་མཛད་ཅེས་བྱ་བ་ནི། རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པའི་ཕྱིར་བཀག་པའོ། །མཛེས་པ་རབ་ཏུ་དབྱུང་བ་དང་ཞེས་བྱ་བ་འདིས་ནི། རིགས་དང་ལུས་ལ་སྐྱོན་ཆགས་པ་ཉིད་སེལ་བར་བྱེད་དོ། །ཡོངས་ སུ་དག་པ་རྫོགས་པར་བསྙེན་པ་ཞེས་བྱ་བ་འདིས་ནི། མ་བསད་པ་ལ་སོགས་པ་བར་ཆད་ཉིད་དག་སེལ་བར་བྱེད་དོ། །རྫོགས་སངས་རྒྱས་ཀྱིས་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར་ཏེ་དེས་སོ། །རབ་མཁྱེན་ཏེ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་མངོན་པར་མཁྱེན་པའི་ཕྱིར་ རོ། །བདེན་པའི་མཚན་གྱིས་ཞེས་བྱ་བ་ནི། གང་གི་མིང་བདེན་པ་དེ་ནི་བདེན་པའི་མཚན་ཏེ། རྫོགས་སངས་རྒྱས་ཀྱིས་ཞེས་བྱ་བ་དེས་སོ། །བཀའ་སྩལ་ཏེ་ཞེས་བྱ་བ་ནི་གསུངས་པའོ། །བསྡུ་བར་བྱ་བའི་སྐབས་ཏེ། རབ་ཏུ་འབྱུང་བའི་གཞི་རྫོགས་སོ།། །།ད་ནི་རབ་ཏུ་འབྱུང་བའི་གཞིའི་སྐབས་ ཕྲན་ཚེགས་ལ་སོགས་པ་ལས་གསུངས་པ་བསྡུ་བར་བྱ་སྟེ། བཀོལ་བ་རྒྱལ་པོས་བཀྲབས་པའོ། །ཞེས་བྱ་བ་ནི། རྒྱལ་པོས་བཀྲབས་པ་བཀོལ་བ་དང་སྦྱར་བ་ཡིན་ནོ། །རྒྱལ་པོས་བཀྲབས་པ་ལ་སྤྱིར་རབ་ཏུ་དབྱུང་བ་བཀག་པར་གྱུར་པ་ལ་ད་ནི་བྱེ་བྲག་ཏུ་བྱ་བའི་ཕྱིར། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བའོ་ ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་བྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་རྒྱལ་པོས་བཀྲབས་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། རྒྱལ་པོས་བཀྲབས་པ་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་རབ་ཏུ་དབྱུང་བ་དང་ རྫོགས་པར་བསྙེན་པར་མི་བྱའོ། །ཡུལ་གང་ན་རྒྱལ་པོ་གང་གི་ཚིག་མངོན་སུམ་མམ། བརྒྱུད་པས་འདའ་བར་བྱ་བ་མ་ཡིན་པ་དེ་ནི་འདིར་ཡུལ་ཐག་མི་རིང་བའོ། །བཀོལ་བ་ཆོམ་རྐུན་པར་གྲགས་པའོ་ཞེས་བྱ་བ་ལ། བཀོལ་བ་ཞེས་བྱ་བ་ནི་དབང་དུ་བྱེད་པ་ཉིད་ཡིན་པའི་ཕྱིར་མདོ་སྔ་མ་ལས་ བཀོལ་བ་ཞེས་སྨོས་པའི་རྗེས་སུ་འཇུག་པར་འགྱུར་བ་ཡིན་མོད་ཀྱི། ཡང་བཀོལ་བ་ཞེས་སྨོས་པ་ནི་རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་བྱ་བ་དེ་ལས་བཀར་བའི་དོན་ཏེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་ བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། ཆོམ་རྐུན་པར་གྲགས་པ་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བརྗོད་པར་བྱའོ། །ཆོམ་རྐུན་པར་རབ་ཏུ་ཤེས་པ་ནི་གྲགས་པ་སྟེ། གང་རབ་ཏུ་ཤེས་པར་གྱུར་པ་ཉིད་དེ་ཁོ་ན་དེར་གྲགས་པ་ཉིད་ཡིན་གྱི་གཞན་དུ་ན་མ་ཡིན་ནོ། །ལྷམ་ མཁན་དང་གདོལ་པ་དང་གཡུང་པོ་དང་དེ་ལྟ་བུ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ལ། ལྷམ་མཁན་ཞེས་བྱ་བ་ནི་ཀོ་ལྤགས་མཁན་ནོ། །གདོལ་པ་ཞེས་བྱ་བ་ནི་རིགས་ངན་ནོ། །གཡུང་པོ་ཞེས་བྱ་བ་ནི་ཀླ་ཀློའོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཟན་བཟའ་བར་མི་བྱ་བ་སྟེ། དེ་དག་ནི་རབ་ཏུ་དབྱུང་བའི་ཕྱིར་ཡང་ བཀག་པ་ཉིད་ཡིན་པས་དགེ་ཚུལ་ཉིད་ལ་སོགས་པ་དག་གི་ཕྱིར་ཆེས་ཤིན་ཏུ་བཀག་པ་ཡིན་པར་རིག་པར་བྱའོ། །སྔར་བསྟན་པའི་ལུས་ལ་སྐྱོན་ཆགས་པ་ལས་གཞན་པའི་ལུས་ལ་སྐྱོན་ཆགས་པ་དག་ཀྱང་བསྟན་པར་འདོད་ནས། ལག་རྡུམ་ལ་སོགས་པ་ནི་མཚོན་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རབ་ ཏུ་འབྱུང་བའི་གཞིར། ལག་རྡུམ་དག་དང་རྐང་རྡུམ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ནི་མཚོན་པ་ཡིན་གྱི། སྐྲ་སེར་ལ་སོགས་པ་དག་ཀྱང་རིག་པར་བྱ་སྟེ། ཡོངས་སུ་བགྲང་བ་ནི་མ་ཡིན་ནོ། །མཚོན་པས་འཕངས་པ་བསྟན་པའི་ཕྱིར། །སྐྲ་སེར་དང་ནི་སྐྲ་སེར་སྐྱ། །དེ་བཞིན་སྐྲ་ནི་ལྗང་ གུ་ཁ། །མི་རྣམས་སྐྲ་ནི་དཀར་བ་དང་། །གླང་ཆེན་སྤུ་འདྲ་སྐྲ་མེད་དང་། །མགོ་འབར་འབུར་ཅན་གླང་པོ་ཆེ། །ཧ་ཅང་སྦོམ་དང་ལུས་གླེབས་འདྲ། །བོང་བུ་ཕག་གི་མགོ་ལྟ་བུ། །མགོ་གཉིས་པ་དང་མགོའུ་ཆུང་དང་། །གླང་ཆེན་རྣ་འདྲ་རྟ་རྣ་འདྲ། །བ་ལང་རྣ་འདྲ་སྤྲེའུ་རྣ་འདྲ། །བོང་བུའི་ རྣ་འདྲ་ཕག་རྣ་འདྲ། །རྣ་གཅིག་པ་དང་རྣ་མེད་དང་། །མིག་དམར་ཧ་ཅང་མིག་ཆེ་དང་། །མིག་ཆུང་མིག་ནི་ཧ་ཅང་སེར། །ཤེལ་མིག་མིག་ཆུ་བུར་ལྟ་བུ། །མིག་གཅིག་པ་དང་མིག་མེད་དང་། །གླང་ཆེན་སྣ་འདྲ་རྟ་སྣ་འདྲ། །བ་ལང་སྣ་འདྲ་སྤྲེའུ་སྣ་འདྲ། །བོང་བུའི་སྣ་འདྲ་ཕག་སྣ་ འདྲ། །སྣ་སྦུབས་གཅིག་དང་སྣ་མེད་དང་། །གླང་ཆེན་ཀོས་འདྲ་རྟ་ཀོས་འདྲ། །བ་ལང་ཀོས་འདྲ་སྤྲེའུ་ཀོས་འདྲ། །བོང་བུའི་ཀོས་འདྲ་ཕག་ཀོས་འདྲ། །ཀོས་སྨྱུང་དང་ནི་ཀོས་མེད་དང་། །གླང་ཆེན་སོ་འདྲ་རྟ་སོ་འདྲ། །བ་ལང་སོ་འདྲ་སྤྲེའུ་སོ་འདྲ། །བོང་བུའི་སོ་ འདྲ་ཕག་སོ་འདྲ། །སོ་གཅིག་པ་དང་སོ་མེད་དང་། །མགུལ་རིང་ཆེས་དང་མཇིང་ནུབ་དང་། །ཕྲག་མིག་དང་ནི་ཆེས་སྒུར་དང་། །ཕོ་མཚན་ཆད་དང་རླིག་རླུགས་དང་། །རླིག་གཅིག་པ་དང་རླིག་མེད་དང་། །ཧ་ཅང་རིང་དང་ཧ་ཅང་ཐུང་། །སྐེམ་པོ་མ་འོས་ངལ་སྐྱེན་དང་། །ཤ་མདོག་ཁ་དོག་རྣམ་བཞི་དང་། ། དེ་བཞིན་གྱོལ་པོ་ལུས་ཉམས་པའོ། །ཞེས་བྱ་བ་སྨྲས་སོ། །གང་དག་གི་སྐྲ་ངོ་བོ་ཉིད་ཀྱིས་ཡུང་གིས་ཁ་བསྒྱུར་བ་ལྟ་བུ་དེ་དག་ནི་སྐྲ་སེར་དག་ཡིན་ནོ། །གང་དག་གི་སྐྲ་སེང་གེའི་ལྟ་བུ་དེ་དག་ནི། སྐྲ་སེར་སྐྱ་དག་ཡིན་ནོ། །གང་དག་གི་སྐྲ་ངོ་བོ་ཉིད་ཀྱིས་རམས་ཀྱིས་ཁ་བསྒྱུར་བ་ལྟ་བུ་དེ་དག་ནི་སྐྲ་ལྗང་གུ་ཁ་དག་ཡིན་ ནོ། །གང་དག་གི་སྐྲ་སྐྱེས་པ་ཁོ་ན་ནས་དཀར་བ་དེ་དག་ནི། །སྐྲ་དཀར་བ་དག་ཡིན་ཏེ། མགོ་སྐྱར་གྱུར་པ་ནི་མ་གཏོགས་སོ། །གང་དག་གི་སྐྲ་གླང་པོ་ཆེའི་ལྟ་བུ་དེ་དག་ནི་གླང་ཆེན་སྐྲ་འདྲ་སྟེ། སྐྲ་གླང་པོ་ཆེའི་སྤུ་འདྲ་བ་དག་ཡིན་ནོ། །གང་དག་གི་མགོ་བོ་ཟངས་མའི་བུམ་པ་ལྟར་འཇམ་ཞིང་སྐྲ་མེད་པ་དེ་དག་ནི་སྐྲ་ མེད་པ་དག་ཡིན་ནོ། །གང་དག་གི་མགོ་བོ་ལ་སུལ་གསུམ་མམ་བཞི་ཡོད་ལ་དེ་དག་གི་འབར་འབུར་དུ་མངོན་པ་དེ་དག་ནི་མགོ་འབར་འབུར་ཅན་དག་ཡིན་ནོ། །གང་དག་གི་མགོ་ལུས་ལ་ལྟོས་ནས་ཚད་ཧ་ཅང་ཆེ་བར་མངོན་པ་དེ་ནི་གླང་པོ་ཆེ་ཡིན་ནོ། །གང་དག་གི་ལུས་ཧ་ཅང་ཡང་སྦོམ་པས་ལས་ སུ་མི་རུང་བ་དེ་དག་ནི་ཧ་ཅང་སྦོམ་པ་དག་ཡིན་ནོ། །གང་དག་གི་ལུས་འབྲས་ཀྱི་སྲུགས་གླེབས་པ་འདྲ་བར་ལེབ་ལེབ་པོར་འདུག་པ་དེ་དག་ནི་ལུས་གླེབས་འདྲ་བ་དག་ཡིན་ཏེ། དཔེར་ན་འབྲས་ཐུག་པོ་ཆེའི་སྲུགས་གཏུན་བུ་དག་གིས་གླེབས་པ་ལེབ་ལེབ་པོར་གྱུར་ཅིང་རྔམས་སྲབ་མོར་གྱུར་པ་དེ་དག་ནི་གླེབས་ པ་ཞེས་བྱ་སྟེ། དེ་དག་གི་ལུས་སམ་མགོ་ཡང་དེ་དང་འདྲ་བའི་ཐ་ཚིག་གོ། །གང་དག་གི་མགོ་བོང་བུ་དང་ཕག་གི་མགོ་འདྲ་བ་དེ་དག་ནི་བོང་བུ་ཕག་གི་མགོ་ལྟ་བུ་སྟེ། མགོ་བོང་བུའི་ལྟ་བུ་དང་མགོ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་མགོ་གཉིས་ཡོད་པ་དེ་དག་ནི་མགོ་གཉིས་པ་དག་ཡིན་ནོ། །གང་ དག་ལ་ཕྲལ་བ་ཡན་ཆད་མཚོག་མ་མེད་པ་དེ་དག་ནི་མགོའུ་ཆུང་དག་ཡིན་པར་ཤེས་པར་བྱའོ། །ཁ་ཅིག་ནི་མགྲིན་པ་ཡན་ཆད་མེད་དེ་བྲང་ལ་ཁ་སྣ་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེས་ཀྱང་ཟེར་རོ། །གང་དག་གི་རྣ་བ་གླང་པོ་ཆེའི་འདྲ་བ་དེ་དག་ནི་གླང་ཆེན་རྣ་འདྲ་སྟེ། རྣ་བ་གླང་པོ་ཆེའི་ལྟ་བུ་དག་ཡིན་ནོ། །གང་ དག་གི་རྣ་བ་རྟའི་འདྲ་བ་དེ་དག་ནི་རྟ་རྣ་འདྲ་སྟེ་རྣ་བ་རྟའི་ལྟ་བུ་དག་ཡིན་ནོ། །གང་དག་གི་རྣ་བ་བ་ལང་དང་སྤྲེའུ་འདྲ་བ་དེ་དག་ནི་བ་ལང་རྣ་འདྲ་སྤྲེའུ་རྣ་འདྲ་སྟེ། རྣ་བ་བ་ལང་གི་ལྟ་བུ་དང་རྣ་བ་སྤྲེའུའི་ལྟ་བུ་དག་ཡིན་ནོ། །གང་དག་གི་རྣ་བ་བོང་བུ་དང་ཕག་གི་འདྲ་བ་དེ་དག་ནི་བོང་བུའི་རྣ་འདྲ་ཕག་རྣ་འདྲ་སྟེ། རྣ་བ་བོང་བུའི་ལྟ་བུ་དང་རྣ་བ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་རྣ་བ་ཡ་གཅིག་ཡོད་པ་དེ་དག་ནི་རྣ་བ་གཅིག་པ་དག་ཡིན་ནོ། །གང་དག་ལ་རྣ་བ་མེད་པ་དེ་དག་ནི་རྣ་མེད་དག་ཡིན་ནོ། །གང་དག་གི་མིག་ཙན་དན་དམར་པོ་ལྟར་དམར་བ་དེ་དག་ནི་མིག་དམར་བ་དག་ཡིན་ནོ། །གང་དག་གི་མིག་ཚད་ལས་ཧ་ཅང་ འདས་ཏེ་རྐྱེན་དུ་མི་འབབ་པ་དེ་དག་ནི་ཧ་ཅང་མིག་ཆེ་བ་དག་ཡིན་ནོ། །གང་དག་གི་མིག་ཧ་ཅང་ཆུང་ཞིང་ཟླུམ་པ་དེ་དག་ནི་མིག་ཆུང་དག་ཡིན་ནོ། །ཁ་ཅིག་ནི་གང་གི་མིག་ལྤགས་ཤིན་ཏུ་དམར་ལ་རྫི་མ་མེད་པར་གྱུར་པ་དེ་དག་ནི་མིག་མི་སྡུག་པས་མིག་ཆུང་ཞེས་བྱའོ་ཞེས་ཟེར་རོ། །གང་དག་གི་མིག་ལ་ཁ་ དོག་དམར་པོ་དང་སེར་པོ་འདྲེན་མར་ཡོད་པ་དེ་དག་ནི་མིག་ཧ་ཅང་སེར་བ་དག་ཡིན་ནོ། །གང་དག་གི་མིག་མཆིང་བུ་ལྟར་འཚེར་བ་དེ་དག་ནི་ཤེལ་མིག་དག་ཡིན་ནོ། །གང་དག་གི་མིག་ཆུའི་ཆུ་བུར་ལྟར་ཕྱི་རོལ་དུ་རློ་བ་དེ་དག་ནི་མིག་ཆུ་བུར་ལྟ་བུ་དག་ཡིན་ནོ། །གང་དག་གི་མིག་སྐྱེས་པ་ཉིད་ནས་ཡ་གཅིག་ ལས་མེད་པ་དེ་དག་ནི་མིག་གཅིག་པ་དག་ཡིན་ཏེ། དེའི་ཕྱིར་དེ་ཞར་བ་ལ་སོགས་པ་ལས་ལོགས་ཤིག་ཏུ་རྣམ་པར་གཞག་གོ། །གང་དག་ལ་མིག་མེད་པ་དེ་དག་ནི་མིག་མེད་པ་དག་ཡིན་ནོ། །གང་དག་གི་སྣ་གླང་པོ་ཆེ་ལ་སོགས་པའི་འདྲ་བ་དེ་དག་ནི་གླང་ཆེན་སྣ་འདྲ་ཞེས་བྱ་བ་ལ་སོགས་པ་ སྟེ། སྣ་གླང་པོ་ཆེའི་ལྟ་བུ་དང་། སྣ་རྟའི་ལྟ་བུ་དང་། སྣ་བ་ལང་གི་ལྟ་བུ་དང་། སྣ་སྤྲེའུའི་ལྟ་བུ་དང་། སྣ་བོང་བུའི་ལྟ་བུ་དང་། སྣ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་སྣའི་བུ་ག་གཅིག་ཡོད་པ་དེ་དག་ནི་སྣ་སྦུབས་གཅིག་པ་དག་ཡིན་ནོ། །གང་དག་ལ་སྣ་མེད་པ་དེ་དག་ནི་སྣ་མེད་ དག་ཡིན་ནོ། །གང་དག་གི་ཀོསྐོ་གླང་པོ་ཆེའི་འདྲ་བ་དེ་དག་ནི་གླང་ཆེན་ཀོས་འདྲ་སྟེ། ཀོསྐོ་གླང་པོ་ཆེའི་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་གང་དག་གི་ཀོསྐོ་རྟ་ལ་སོགས་པའི་འདྲ་བ་དེ་དག་ནི་རྟ་ཀོས་འདྲ་ཞེས་བྱ་བ་ལ་སོགས་པས་རིག་པར་བྱ་སྟེ། ཀོསྐོ་རྟའི་ ལྟ་བུ་དང་། ཀོསྐོ་བ་ལང་གི་ལྟ་བུ་དང་། ཀོསྐོ་སྤྲེའུའི་ལྟ་བུ་དང་། ཀོསྐོ་བོང་བུའི་ལྟ་བུ་དང་། ཀོསྐོ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་ཀོསྐོ་གཡས་པའམ། གཡོན་པ་གཅིག་ཁོ་ན་ཡོད་པ་དེ་དག་ནི་ཀོས་སྨྱུང་དག་ཡིན་ནོ། །གང་དག་ལ་ཀོསྐོ་མེད་པ་དེ་དག་ནི་ཀོསྐོ་མེད་པ་དག་ཡིན་ནོ། གང་དག་གི་སོ་གླང་པོ་ཆེའི་འདྲ་བ་དེ་དག་ནི་གླང་ཆེན་སོ་འདྲ་སྟེ། སོ་གླང་པོ་ཆེའི་ལྟ་བུ་དག་ཡིན་ནོ། །དེ་བཞིན་དུ་གང་དག་གི་སོ་རྟ་ལ་སོགས་པའི་འདྲ་བ་དེ་དག་ནི་རྟ་སོ་འདྲ་ཞེས་བྱ་བ་ལ་སོགས་པས་རིག་པར་བྱ་སྟེ། སོ་རྟའི་ལྟ་བུ་དང་། སོ་བ་གླང་གི་ལྟ་བུ་དང་། སོ་སྤྲེའུའི་ལྟ་བུ་དང་། སོ་བོང་བུའི་ལྟ་བུ་དང་། སོ་ཕག་གི་ལྟ་བུ་དག་ཡིན་ནོ། །གང་དག་ལ་སོ་གཅིག་ཡོད་པ་དེ་དག་ནི་སོ་གཅིག་པ་དག་ཡིན་ནོ། །གང་དག་ལ་སོ་མེད་པ་དེ་དག་ནི་སོ་མེད་དག་ཡིན་ནོ། །གང་དག་གི་མགུལ་པ་ཧ་ཅང་རིང་ཆེས་པ་དེ་དག་ནི་མགུལ་རིང་ཆེས་པ་དག་ཡིན་ནོ། །གང་དག་ལ་མགུལ་མེད་ཅིང་མགོ་ཐལ་གོང་ལ་འབྱར་ བ་དེ་དག་ནི་མཇིང་ནུབ་དག་གོ། །གང་དག་གི་མགོ་མདུན་དུ་གུག་པའི་ཕྱིར་མིག་ཕྲག་པ་དང་མཉམ་པ་དེ་དག་ནི་ཕྲག་མིག་དག་ཡིན་ནོ། །ཡང་ན་གང་དག་ལ་ཕྲག་པའི་ཕྱོགས་ཁོ་ན་ན་མིག་ཡོད་པ་དེ་དག་ནི་ཕྲག་མིག་དག་ཡིན་ནོ། །མི་སྡུག་རབ་ཏུ་སྒུར་བ་དག་ནི་ཆེས་སྒུར་བ་དག་ཡིན་ནོ། །གང་ དག་གི་ཕོ་མཚན་ཆད་པ་དེ་དག་ནི་ཕོ་མཚན་ཆད་པ་དག་ཡིན་ཏེ། སྐྱེས་པའི་གཅི་བ་འབྱུང་བ་ནི་ཕོ་མཚན་ཞེས་བྱའོ། །གང་དག་གི་རླིག་པ་རླུང་གིས་རླུགས་པར་གྱུར་པ་དེ་དག་ནི་རླིག་རླུགས་དག་ཡིན་ནོ། །གང་དག་ལ་རླིག་པའི་འབྲས་བུ་ཡ་གཅིག་ཡོད་པ་དེ་དག་ནི་རླིག་གཅིག་དག་ཡིན་ནོ། །གང་ དག་ལ་རླིག་པ་མེད་པ་དེ་དག་ནི་རླིག་མེད་དག་ཡིན་ནོ། །ཚད་ལས་ཧ་ཅང་འདས་པ་དག་ནི་ཧ་ཅང་རིང་བ་དག་ཡིན་ནོ། །ཧ་ཅང་འབོལ་བུ་ཐུང་དག་ནི་ཧ་ཅང་ཐུང་བ་དག་ཡིན་ནོ། །ལུས་སྐེམ་པ་དག་ནི་སྐེམ་པོ་དག་ཡིན་ནོ། །གང་དག་བརྩལ་བ་ཆུང་ངུས་ཀྱང་དབུགས་བརྫངས་པ་ལ་སོགས་པའི་ སྐྱོན་འབྱུང་བར་འགྱུར་བ་དེ་དག་ནི་མ་འོངས་པར་ངལ་སྐྱེན་པ་ཞེས་བྱའོ། །ངལ་བ་ནི་ཆད་པའི་རྣམ་གྲངས་ཡིན་པའི་ཕྱིར་ལས་ཅུང་ཟད་ཀྱང་མི་བཟོད་ཅེས་བྱ་བའི་ཐ་ཚིག་གོ། །ཤ་མདོག་ཁ་དོག་རྣམ་བཞི་དང་། །ཞེས་བྱ་བ་ནི། ཤ་མདོག་སྔོ་ཆེས་པ་དང་། ཤ་མདོག་སེར་ཆེས་པ་དང་། ཤ་ མདོག་དཀར་ཆེས་པ་དང་དམར་བ་དག་སྟེ། སྨད་པར་བྱ་བའི་ཤ་མདོག་དེ་དག་དགག་པ་ཡིན་གྱི། ལྷ་རྣམས་ཀྱི་གཟུགས་མཛེས་པ་ལྟ་བུ་དག་ནི་མ་གཏོགས་སོ། །གྱོལ་པོ་ཞེས་བྱ་བ་ནི་རྐང་ཡོན་དག་གོ། །ཡང་ན་རྐང་པ་ས་ལ་འཆལ་ཞིང་འགྲོ་བ་དག་གོ། །གང་དག་གི་རྐང་པ་གཉིས་ཧ་ ཅང་གདངས་ཏེ་འགྲོ་བ་དེ་དག་ནི་ལུས་ཉམས་པ་དག་ཡིན་ནོ། །ཡང་ན་གང་གི་རྐང་པ་གཉིས་གཅིག་གི་སྟེང་དུ་གཅིག་འདོར་ཞིང་འགྲོ་བ་དེ་དག་ནི་ལུས་ཉམས་པ་དག་ཡིན་ནོ། །རྣམ་པ་དེ་ལྟ་བུ་དག་གི་དགག་པ་དེ་ཡང་རབ་ཏུ་གཟུང་བར་བྱའོ་ཞེས་བྱ་བ་ནི། ལག་རྡུམ་ལ་སོགས་པའི་དགག་པ་འབའ་ཞིག་ རབ་ཏུ་གཟུང་བར་བྱ་བ་མ་ཡིན་གྱི། འདི་ལྟར་སྐྲ་སེར་བ་ལ་སོགས་པ་རྣམ་པ་དེ་ལྟ་བུ་དག་གི་དགག་པ་དེ་ཡང་རབ་ཏུ་བསྒྲིམས་ཏེ་གཟུང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རེ་ཞིག་རྣམ་པ་དེ་ལྟ་བུ་དག་རབ་ཏུ་དབྱུང་བར་མི་བྱ་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བསྟན་ནས། ད་ནི་རབ་ཏུ་བྱུང་ཞིང་ རྫོགས་པར་བསྙེན་ན་ཡང་བསྡུ་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། རིགས་དང་ལུས་ལ་སྐྱོན་ཆགས་པ་རབ་ཏུ་དབྱུང་བ་ནི་ཉེ་བར་གཞག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། རིགས་ལ་སྐྱོན་ཆགས་པ་ནི་ལྷམ་མཁན་ལ་སོགས་པ་ཟན་བཟའ་བར་མི་བྱ་བ་དག་གོ། །ལུས་ལ་སྐྱོན་ཆགས་པ་ནི་རྣམ་པ་གཉིས་ ཏེ། དབྱིབས་ལས་དང་། ཁ་དོག་ལས་སོ། །དེ་ལ་དབྱིབས་ལས་སྐྱོན་ཆགས་པ་ནི་ལག་རྡུམ་ལ་སོགས་པའོ། །ཁ་དོག་ལས་སྐྱོན་ཆགས་པ་ནི་ལུས་རྨ་མཚན་ཅན་ལ་སོགས་པའོ། །དེ་དག་ནི་འདིར་གནས་སྦྱིན་པ་འབའ་ཞིག་བཀག་པ་མ་ཡིན་གྱི། འདི་ལྟར་གནས་ཁང་ལ་སོགས་པ་ དག་ཏུ་སྐབས་དབྱེ་བ་དང་རྗེས་སུ་འབྲང་བའི་འཁོར་ཉིད་དང་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་བསྒྲུབས་པ་ལ་སོགས་པ་ཡང་བཀག་པ་ཡིན་ནོ། །དེ་ལྟར་ན་གཞུང་ལས་ཀྱང་གསུངས་ཏེ། དགེ་སློང་གིས་སུན་འབྱིན་པའི་འཁོར་ཉེ་བར་གཞག་པར་མི་བྱ་སྟེ། ཉེ་བར་འཇོག་པར་གྱུར་ན་འགལ་ ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་ནས། ཇི་ཙམ་གྱིས་ན་འཁོར་སུན་འབྱིན་པའི་འཁོར་ཡིན་པར་བརྗོད་པར་བྱ་ཞེ་ན། རིགས་ལས་དང་ཁ་དོག་དང་དབྱིབས་ལས་ཏེ། ཇི་ལྟར་རིགས་ལས་ཤེ་ན། ལྷམ་མཁན་དང་གདོལ་པ་དང་གཡུང་པོའི་རིགས་ལས་ སོ། །ཇི་ལྟར་ཁ་དོག་དང་དབྱིབས་ལས་ཤེ་ན། སྐྲ་སེར་ལ་སོགས་པ་ཞེས་འདིར་སྨྲས་པ་དག་ལས་སོ། །ཇི་མང་པོ་དག་ཚིག་གཅིག་གིས་ཅིག་ཅར་རྫོགས་པར་བསྙེན་པར་བྱར་རུང་ངམ་ཞེ་ན། དེའི་ཕྱིར་དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཚིག་གཅིག་གིས་རྫོགས་པར་བསྙེན་པར་ བྱར་རུང་ངོ་ཞེས་བྱ་བ་སྨྲས་ཏེ། དུ་མ་ཞེས་བྱ་བ་ནི། རྫོགས་པར་བསྙེན་པར་བྱ་བའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། མཁན་པོ་གཅིག་པ་ཞེས་བྱ་བ་སྟེ། རྫོགས་པར་བསྙེན་པར་བྱ་བ་དུ་མ་མཁན་པོ་གཅིག་པ་ནི་དུ་མ་མཁན་པོ་གཅིག་པ་སྟེ་དེའོ། །དུ་མ་ཞེས་བྱ་བ་དེ་ལ་ཇི་ཙམ་གྱིས་དུ་ མར་བརྗོད་པར་བྱ་ཞེ་ན། གསུམ་མན་ཆད་ཅེས་བྱ་བ་སྨྲས་ཏེ། གསུམ་མན་ཆད་ཅིག་ཅར་རྫོགས་པར་བསྙེན་པར་བྱར་རུང་གི་དེ་ལས་ལྷག་པ་ནི་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ལུང་ལས་ཀྱང་། ཚོགས་ཀྱིས་ཚོགས་ཀྱི་ལས་དག་མི་བྱའོ། །ཞེས་གསུངས་ལ། ཉེ་བ་འཁོར་གྱིས་ཞུས་པ་ ལས་ཀྱང་། བཙུན་པ་དུས་གཅིག་སྐད་ཅིག་གཅིག་ལ་ལས་བྱེད་པ་གཅིག་གིས་གསོལ་བ་གཅིག་གི་ལས་གཉིས་བགྱི་བ་དང་བགྱིས་པར་བརྗོད་པ་དང་། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ་གལ་ཏེ་ལས་བྱེད་པའི་དགེ་སློང་གིས་མཁན་ པོ་རྣམས་དང་རྫོགས་པར་བསྙེན་པར་འདོད་པ་རྣམས་ཀྱི་མིང་ཡོངས་སུ་བརྗོད་ནུས་ཤིང་གསོལ་བ་ཉམས་པར་མི་འགྱུར་ལ་ལས་ཀྱང་བྱེད་ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཁན་པོ་གཅིག་པ་ཉིད་ནི་གླེང་གཞི་ལས་སྟོན་ཏེ། དགེ་ཚུལ་སྦྱིན་བྱེད་དང་སྐྱོང་བ་དེ་གཉིས་ཕན་ཚུན་སེམས་རྗེས་སུ་ སྲུང་བས་སོ་སོར་རྫོགས་པར་མ་བསྙེན་པར་སྐད་ཅིག་གཅིག་ཁོ་ན་ལ་མཁན་པོ་གཅིག་གིས་ཅིག་ཅར་རྫོགས་པར་བསྙེན་པར་གྱུར་པའོ། །ཚིག་གཅིག་གིས་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་གཅིག་གིས་སོ། །དུས་མཉམ་པ་རྣམས་ནི་གཅིག་ལ་གཅིག་ཕྱག་མི་བྱའོ་ཞེས་བྱ་བ་ལ། གང་དག་ དུས་མཉམ་པ་དེ་དག་ནི་དུས་མཉམ་པ་རྣམས་ཏེ། དེ་དག་ནི་གཅིག་ལ་གཅིག་བཏུད་དེ་ཕྱག་བྱ་བ་མི་དགོས་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དུས་གཅིག་ཏུ་རྫོགས་པར་བསྙེན་པའི་དགེ་སློང་རྣམས་ཀྱིས་གཅིག་ལ་གཅིག་བཏུད་དེ་ཕྱག་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དུས་མཉམ་པ་ རྣམས་ཀྱི་རྙེད་པ་དང་། ལས་སུ་བསྐོ་བ་དག་ལ་གང་དང་པོ་ཡིན་ཞེ་ན། དེའི་ཕྱིར་སྔར་འོངས་པ་དང་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་བྱུང་བ་དུས་མཉམ་པ་རྣམས་ཀྱི་རྙེད་པ་དང་ལས་སྦྱིན་པར་བསྐོ་བའི་གནས་སུ་སྔར་འོངས་པ་ཞེས་བྱ་བ་ཐོག་མར་ཕྱིན་པའི་གང་ཟག་དང་པོ་ཐུ་བོ་ཉིད་དུ་འགྱུར་ ཏེ། དེ་ལྟ་བས་ན་གང་རྙེད་པའི་གནས་སུ་དང་པོར་འོངས་པ་དེས་ནི། རྙེད་པ་དང་པོར་བླང་བར་བྱ་ལ་ལས་སུ་བསྐོ་བ་ནི་ཕྱིས་བྱ་སྟེ། དེ་ནི་དང་པོར་འོངས་པའི་ཕྱིར་ཐུ་བོ་ཉིད་ཡིན་ནོ། །དེ་ལྟར་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ཇི་ལྟར་འོངས་པས་རྙེད་པ་བླང་བར་བྱའོ་ཞེས་གསུངས་ཏེ། གང་དང་གང་ འོངས་པ་ནི་ཇི་ལྟར་འོངས་པའོ། །ཇི་ལྟར་འོངས་པར་གྱུར་པ་དེར་འོངས་པ་ནི་ཇི་ལྟར་འོངས་པ་སྟེ། ཇི་ལྟར་འོངས་པ་དེས་རྙེད་པ་བླང་བར་བྱའོ། །དེས་ཕྱིས་ལས་སུ་བསྐོ་བ་བྱ་བ་དེ་ཡང་ཤུགས་ཀྱིས་འཐོབ་པ་ཡིན་ཏེ། དེའི་ཚེ་ཐུ་བོ་ཡིན་པའི་ཕྱིར་རོ། །ཕྱིས་འོངས་པས་ནི་ལས་སུ་བསྐོ་བ་དང་པོར་ བྱ་སྟེ་དེའི་ཚེ་གསར་པ་ཡིན་པའི་ཕྱིར་རོ། །དེ་ལ་ཕྱིས་འོངས་པས་ལས་སུ་བསྐོ་བ་སྔར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །དགོན་པ་བས་སྐྲ་སོར་གཉིས་ལས་ལྷག་པར་མི་གཞག་གོ་ཞེས་བྱ་བ་ནི། དགེ་སློང་དགོན་པ་བས་སྐྲ་སོར་གཉིས་ཀྱི་ཚད་ལས་ལྷག་པར་མི་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྲ་ སྨོས་པས་ཁ་སྤུ་ཡང་སྨོས་པར་གྱུར་པའི་ཕྱིར་ལོགས་ཤིག་ཏུ་མ་བརྗོད་དོ། །གྲོང་མཐའ་པས་ནི་དེའི་འོག་མ་ཉིད་ལས་མི་གཞག་གོ་ཞེས་བྱ་བ་ལ་འོག་མའི་དངོས་པོ་ནི་འོག་མ་ཉིད་དེ་སོར་གཉིས་དེའི་འོག་མ་ཉིད་དེ། སོར་ཕྱེད་དང་གཉིས་ཉིད་དོ། །དེ་ལྟ་བས་ན་སོར་ཕྱེད་དང་གཉིས་ཀྱི་ཚད་ ལས་ལྷག་པར་ཇི་ཙམ་དུ་སོར་གཉིས་ཀྱི་ཚད་དུ་གྱུར་པ་དེ་ཙམ་དུ་མི་གཞག་གོ། །འདི་སྐད་བསྟན་ཏེ། དགེ་སློང་གྲོང་མཐའ་པས་སྐྲ་ཇི་ཙམ་དུ་སོར་གཉིས་ཀྱི་ཚད་དུ་མ་ཕྱིན་པ་དེ་ཙམ་ཁོ་ནར་བྲེག་པར་བྱའོ། །འདིར་དེ་ལྟར་ནི་གཞུང་ལས་ཀྱང་དགེ་སློང་དགོན་པ་བས་སྐྲ་སོར་གཉིས་སུ་གཞག་ པར་བྱ་ལ། གྲོང་མཐའ་པས་ནི་དེའི་འོག་མའོ་ཞེས་གསུངས་སོ། །རབ་ཏུ་འབྱུང་བའི་དུས་ན་སྐྲ་བྲེག་པ་སྨྲས་པ་དེའི་སྒོ་ནས་འདིར་སྐྲ་བྲེག་པའི་ཆོ་ག་ཐམས་ཅད་བསྟན་ཏེ། སྐྲ་བ་ལང་གི་སྤུ་འདྲ་བར་མི་བྲེག་གོ་ཞེས་བྱ་བ་ལ། བ་ལང་གི་སྤུ་ཞེས་བྱ་བ་ནི་བ་ལང་གི་སྤུ་ དག་གོ། །བ་ལང་གི་སྤུ་དག་དང་འདྲ་བ་ནི་བ་ལང་གི་སྤུ་འདྲ་བར་དེ་དེ་ལྟར་རོ། །ཇི་ལྟར་ཆན་པས་སྐྲ་བ་ལང་གི་སྤུ་དག་དང་འདྲ་བར་འདྲེག་པ་དེ་ལྟར་བྲེག་པར་མི་བྱའོ། །དེ་ནི་ཐམས་ཅད་དུ་ཡང་བཀག་པ་ཡིན་ན་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། རྨའི་ཐན་ཀོར་ནི་མ་གཏོགས་སོ་ཞེས་ བྱ་བ་སྨྲས་ཏེ། རྨའི་ཐན་ཀོར་ནི་ཆན་པས་བྲེག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྲ་འཇོག་པ་ལས་གཙུག་པུད་འཇོག་པ་ནི་ཕྱོགས་གཅིག་ཏུ་གྱུར་པ་ཡིན་པའི་ཕྱིར་དེ་འཇོག་པ་ལ་ཉེས་པ་མེད་དོ་སྙམ་དུ་དོགས་པ་ལ། གཙུག་པུད་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་སྨྲས་ཏེ། གཙུག་པུད་མི་བྱའོ་ཞེས་ བྱ་བའི་ཐ་ཚིག་གོ།། །།བམ་པོ་བཞི་པ། སྐྲ་བྲེག་པ་ལས་ན་སྤུ་བྲེག་པ་ཡང་ཉེས་པ་མེད་དོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་རོ། །མདོམས་ཀྱི་སྤུ་འདྲེག་ཏུ་མི་གཞུག་གོ་ཞེས་བྱ་བ་སྨྲས་ཏེ། མདོ་སྔ་མ་ལས་བྱེད་དུ་མི་གཞུག་གོ་ཞེས་བྱ་བའི་རྗེས་སུ་སྦྱར་རོ། །དེ་ལྟར་ན་འདིར་ ཚིག་གི་དོན་འདི་འབྱུང་སྟེ། མདོམས་གསང་བའི་གནས་ཏེ་སྤུ་འདྲེག་ཏུ་མི་གཞུག་གོ། །རེ་ཞིག་མདོམས་ཀྱི་སྤུ་བྲེག་པ་སྤྱིར་བཀག་ནས། ད་ནི་དམིགས་ཀྱིས་བསལ་བར་བྱ་སྟེ། རྨའི་ཆེད་དུ་གཞན་གྱིས་མི་འཚོ་ན་མཁས་པ་གནས་བརྟན་གནས་བརྟན་དག་ལ་དྲི་སྟེ་འདྲེག་ཏུ་གཞུག་གོ་ཞེས་ བྱ་བ་ནི། རྨའི་ཕྱིར་ནི་སྤུ་འདྲེག་ཏུ་གཞུག་པའོ། །གཞན་གྱིས་མི་འཚོ་ན་ཞེས་བྱ་བ་ནི། གལ་ཏེ་བསྐ་བ་ལ་སོགས་པའི་ཐབས་གཞན་གྱིས་རྨ་མི་འཚོ་ནའོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཀྱང་བསྐ་བ་ལྔས་བཀྲུ་བར་བྱ་ཞིང་ཕྱིས་གལ་ཏེ་མ་སོས་ན་མདོ་སྡེ་དང་འདུལ་བ་དང་མ་མོ་ འཛིན་པ་དག་ལ་དྲིས་ཏེ། མདོམས་ཀྱི་སྤུ་འདྲེག་ཏུ་གཞུག་གོ་ཞེས་གསུངས་ཏེ། དེ་ནི་འདིར་གཞུང་ཡིན་ནོ། །དེའི་ཕྱིར་མཁས་པ་ཞེས་གསུངས་པ་ནི་ཚིག་གཞན་བསྟན་པའི་ཕྱིར་རོ། །བྱིན་པའི་སྤུ་བྲེག་པ་ཡང་དེའི་ཕྱིར་མ་ཡིན་པར་བྱེད་དུ་མི་གཞུག་གོ། །ཞེས་ བྱ་བ་ཡང་འདྲེག་ཏུ་མི་གཞུག་གོ་ཞེས་བྱ་བའི་རྗེས་སུ་སྦྱར་ཏེ། བྱིན་པའི་སྤུ་བྲེག་པ་ཡང་འདྲེག་ཏུ་མ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་རྣམ་པ་ཐམས་ཅད་དུ་འདྲེག་ཏུ་མི་གཞུག་གམ་ཞེ་ན། དེའི་ཕྱིར་མ་ཡིན་པར་ཞེས་བྱ་བ་སྨྲས་ཏེ། རྨའི་ཕྱིར་མ་ཡིན་པར་འདྲེག་ཏུ་མི་གཞུག་གི་རྨའི་ཕྱིར་ནི་ འདྲེག་ཏུ་གཞུག་པ་ཁོ་ན་ཡིན་ནོ། །བྱིན་པའི་སྤུ་བྲེག་པ་བཀག་པས་ལུས་གཞན་གྱི་སྤུ་ནི་བྲེག་ཏུ་རུང་ངོ་སྙམ་དུ་དོགས་པ་ལ་ལུས་གཞན་དུ་ཡང་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། མདོམས་དང་བྱིན་པ་གཉིས་ལས་གཞན་པའི་ལུས་ནི་མགྲིན་པ་མན་ཆད་ཀྱི་ལུས་འོག་མ་ལ་བྱ་སྟེ། དེ་ལ་ཡང་རྨའི་ ཕྱིར་མ་ཡིན་པར་སྤུ་བྲེག་པར་མི་བྱའོ། །འདིར་མ་མོའི་གཞུང་ལས་སྐྲ་དང་ཁ་སྤུ་མ་གཏོགས་པ་དེ་ལས་གཞན་པའི་ཡན་ལག་དང་ཉིང་ལག་དག་གི་སྤུ་བྲེག་པར་མི་བྱའོ། །གང་འདྲེག་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །སྣའི་སྤུ་བྲེག་པ་ལ་ནི་རྣམ་གྲངས་ཀྱི་ཚིག་ ཡོད་དེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་སློང་དག་གི་སྣའི་སྤུ་ཕྱེད་བཏོགས་པ་དག་ལ་རྒན་རིམས་ཀྱིས་སྨད་ཚེར་བླང་བར་མི་བྱའོ། །དགེ་སློང་གིས་དགེ་སློང་དག་གི་སྣའི་སྤུ་ཕྱེད་བཏོགས་པ་དག་ལ་རྒན་རིམས་ཀྱིས་སྨང་ཚེར་ལེན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་ སོ། །གལ་ཏེ་སྣའི་སྤུ་དག་རྣམ་པ་ཐམས་ཅད་དུ་བཏོགས་པར་མི་བྱ་བ་ཡིན་ན། ཅིའི་ཕྱིར་ཕྱེད་བཏོགས་པའི་སྨང་ཚེར་ལེན་པ་ཉེས་བྱས་སུ་བསྟན་ཏེ། རིགས་པ་འདིས་ནི་སྔོན་གཞུང་དངོས་སུ་ཡང་ཡོད་པར་གྱུར་པ་ལས་དེ་ནུབ་པར་གྱུར་པར་ཤེས་སོ། །ད་ནི་སེན་མོ་བྲེག་པའི་ཆོ་ག་བསྟན་ཏེ། སེན་མོ་སྤུ་ གྲིའི་སོ་ལྟ་བུའམ། སྟེའུའི་ཁ་ལྟ་བུར་བྲེག་པར་བྱའོ་ཞེས་བྱ་བ་ནི། སེན་མོ་སྤུ་གྲིའི་སོ་ལྟ་བུར་མཐའ་དམའ་ཞིང་དབུས་མཐོ་བར་བྲེག་པར་བྱ་བའམ། སྟེའུའི་ཁ་འདྲ་བར་དབུས་དང་མཐའ་མཉམ་པར་བྲེག་པར་བྱའོ། །དེ་དག་སྤྱིལ་བར་མི་བྱའོ་ཞེས་བྱ་བ་ནི། སེན་མོ་དེ་དག་རྒྱགས་པ་བསྐྱེད་པའི་སྤྱིལ་བར་ མི་བྱའོ། །སེན་མོ་སྦྱང་བ་ཡང་རྣམ་པ་ཐམས་ཅད་དུ་བཀག་པར་གྱུར་ཏོ་སྙམ་པ་ལ། དྲི་མ་བསལ་བའི་ཕྱིར་བྲུད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དྲི་མ་བསལ་བར་བྱ་བའི་ཕྱིར་བྲུད་ཅིང་བཞར་བར་བྱ་སྟེ། བྲུད་པ་ཇི་ཙམ་གྱིས་དྲི་མ་སེལ་བར་གྱུར་པ་དེ་ཙམ་བྱའོ། །ཆོས་གོས་གྱོན་བཞིན་དུ་སྐྲ་དང་ཁ་སྤུ་བྲེག་ པར་མི་བྱའོ་ཞེས་བྱ་བ་ལ། འདིར་གོས་ཐམས་ཅད་ཆོས་གོས་ཀྱི་སྒྲར་བརྗོད་པ་ཡིན་མོད་ཀྱི། འདིར་བླ་གོས་གཟུང་བར་བྱའི། མཐང་གོས་ནི་མ་ཡིན་ནོ། །གལ་ཏེ་མཐང་གོས་ཀྱང་བཀག་ན་ནི། གཅེར་བུ་ཁོ་ན་ལ་བྲེག་པར་འགྱུར་བས་དེའི་ཕྱིར་འདི་ནི་བླ་གོས་ཐམས་ཅད་ བཀག་པ་ཡིན་ནོ། །སྐྲ་བྲེག་པ་གང་གིས་བྱ་ཞེ་ན། སྐྲ་བཟེད་བཅང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། སྐྲ་བཟེད་པའི་གོས་བཅང་བར་བྱ་སྟེ། དེས་སྐྲ་དག་བཟེད་པར་བྱ་བའི་ཕྱིར་རོ། །དེ་ཡང་བགོ་བའི་དོན་ཡིན་གྱི་གདིང་བའི་དོན་ནི་མ་ཡིན་ཏེ། མེད་ན་རྔུལ་གཟན་གྱིས་སོ་ཞེས་བརྗོད་པའི་ཕྱིར་རོ། ། མེད་ན་རྔུལ་གཟན་གྱིས་སོ་ཞེས་བྱ་བ་ནི། སྐྲ་བཟེད་ཀྱི་གོས་མེད་ན་རྔུལ་གཟན་གྱོན་པས་སྐྲ་དང་ཁ་སྤུ་བྲེག་པར་བྱའོ། །བཏིང་བར་ཡང་མི་བྱའོ་ཞེས་བྱ་བ་ནི། སྐྲ་དང་ཁ་སྤུ་བྲེག་པར་མི་བྱ་བའོ། །འདིར་གཞུང་ནི་གླེང་གཞི་དག་ལས་དགེ་སློང་གིས་བཏིང་བར་འདུག་ནས་སྐྲ་བྲེག་པར་མི་བྱ་སྟེ། གནས་ཁང་དང་ཁྱམས་དང་སྒོ་ཁང་དུ་སྐྲ་འདྲེག་ཏུ་འཇུག་ན་ཡང་ཉེས་བྱས་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་དགེ་འདུན་ཕྱག་དར་ཕྱགས་པ་དེར་སྐྲ་འདྲེག་ཏུ་གཞུག་པར་མི་བྱ་སྟེ། འདྲེག་ཏུ་གཞུག་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་ བ་དང་། དེ་བཞིན་དུ་དགེ་སློང་གང་དག་རྒས་འཁོགས་ཉམ་ཆུང་བ་དག་དང་ནད་པ་སྦྱོར་མི་བཟོད་པ་དེ་དག་གིས་ནི་ཁྱམས་སམ་གཞན་དུ་སྐྲ་འདྲེག་ཏུ་གཞུག་པར་བྱ་ཞིང་། བདེ་བར་གནས་པ་དག་གིས་ཀྱང་ཉི་མ་ཚ་བའམ། ཆར་འབབ་པ་གང་དུ་ཕྱི་རོལ་དུ་འགྲོར་མེད་ན་ཁྱམས་སམ་གཞན་དེར་སྐྲ་ བྲེག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་དུ་དགེ་འདུན་ཕྱག་དར་ཕྱགས་པར་ཡང་མི་བྱའོ་ཞེས་བྱ་བ་ནི། ཕྱོགས་གང་དུ་དགེ་འདུན་ཕྱག་དར་ཕྱགས་པའི་ཕྱོགས་དེར་སྐྲ་འདྲེག་ཏུ་གཞུག་པར་མི་བྱ་སྟེ། གཙུག་ལག་ཁང་གི་ཕྱོགས་གང་དུ་དགེ་འདུན་ཕྱག་དར་ཉལ་ཉིལ་ལ་སོགས་པ་ ཕྱགས་པ་དེར་ཞེས་བྱ་བའི་ཐ་ཚིག་གོ། །རྒན་པོ་དང་ནད་པ་དང་རླུང་དང་ཉི་མ་དང་ཆར་པ་དག་ལ་ཁྱམས་ལ་སོགས་པར་འདྲེག་ཏུ་གཞུག་པར་བྱའོ་ཞེས་བྱ་བ་ལ། ཁྱམས་ལ་སོགས་པར་ཞེས་བྱ་བའི་སོགས་པའི་སྒྲས་ནི་གནས་ཁང་དང་སྒོ་ཁང་ལ་སོགས་པ་དག་བསྡུའོ། །འདི་སྐད་བསྟན་ཏེ། རྒན་པོ་ སྦྱོར་མི་བཟོད་པ་དང་། ནད་པ་མི་ནུས་པས་ནི་ཁྱམས་ལ་སོགས་པར་སྐྲ་འདྲེག་ཏུ་གཞུག་པར་བྱའོ། །རླུང་དང་ཉི་མ་དང་ཆར་བ་དག་ལ་ནི་ཐམས་ཅད་ཀྱིས་སོ། །ཕྱོགས་དེ་བྱི་དོར་བྱའོ་ཞེས་བྱ་བ་ནི་སྐྲ་བྲེགས་པའི་ཕྱོགས་དེར་བྱི་དོར་བྱ་བ་སྟེ། སྦྱང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱང་བ་ཞེས་བྱ་བ་ནི་སྐྲ་མེད་ པ་ཉིད་དང་ཆུས་བཏབ་པ་ལས་བྱུང་བའི་ས་འབུས་པ་ལ་སོགས་པ་བསལ་བ་ཡིན་ནོ། །སྐྲ་བྲེགས་པ་རྣམས་གང་དུ་དོར་བར་བྱ་ཞེ་ན། དེའི་ཕྱིར་སྐྲ་ནི་ཕྱག་དར་ཁྲོད་དུ་དོར་རོ་ཞེས་བྱ་བ་སྨྲས་ཏེ། སྐྲ་དག་ནི་ཕྱག་དར་གྱིས་གང་བའི་ཕྱོགས་སུ་དོར་རོ། །སེན་མོ་གཅད་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། སྐྲ་བྲེག་ པའི་ཆོ་ག་བསྟན་པ་གང་ཡིན་པའི་ཆོ་ག་དེ་ཉིད་ཀྱིས་སེན་མོ་བཅད་པར་ཡང་རིག་པར་བྱའོ། །དེ་འདོད་ཆགས་དང་བྲལ་བ་མ་ཡིན་ན་དགེ་སློང་མས་ཞལ་ཏ་མ་བྱས་པར་སྐྱེས་པས་སྐྲ་མི་བྲེག་གོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དགེ་སློང་མའོ། །དགེ་སློང་མས་ཞལ་ཏ་མ་བྱས་པར་ཞེས་བྱ་བ་ནི་དགེ་སློང་མ་གཞན་ གྱིས་མ་བསྲུངས་པར་སྐྱེས་པས་སྐྲ་མི་བྲེག་གོ་ཞེས་བྱ་བར་སྦྱར་རོ། །ཅི་ཐམས་ཅད་དམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་འདོད་ཆགས་དང་བྲལ་བ་མ་ཡིན་ན་ཞེས་བྱ་བ་སྨྲས་སོ། །འདོད་ཆགས་དང་བྲལ་བ་ནི་བྲེག་སྟེ། འདིར་གཞུང་ནི་གལ་ཏེ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ ཡིན་ནོ། །ཀུན་དུ་ཆགས་པར་གྱུར་ན་ཞལ་ཏ་བྱེད་པ་མོས་རྗེས་སུ་བསྟན་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་སྐྱེས་པའི་ཡུལ་དེའི་འདོད་ཆགས་སྐྱེ་ན་དགེ་སློང་མ་ཀུན་དུ་ཆགས་པར་གྱུར་པ་དེ་ལ་དགེ་སློང་མ་ཞལ་ཏ་བྱེད་པ་མོས་རྗེས་སུ་བསྟན་པར་བྱ་སྟེ་ཡང་དག་པར་རྗེས་སུ་བསྟན་པར་བྱའོ། །ཇི་ལྟར་ཞེ་ན་ དྲན་པ་ཉེ་བར་ཞོག་ཅིག །ཇི་རྣག་གི་ལུས་འདི་ལ་སྙིང་པོ་ཡོད་དམ་ཞེས་སོ་ཞེས་བྱ་བས་ནི། དྲན་པ་ཉེ་བར་ཞོག་ཅིག་ཅེས་བྱ་བ་ནི། དྲན་པ་མངོན་དུ་གྱིས་ཤིག་ཅེས་པའོ། །ཇི་རྣག་གི་ལུས་འདི་ལ་ཞེས་བྱ་བ་ནི། འཇིག་པའི་བདག་ཉིད་ཀྱི་ལུས་ལའོ། །སྙིང་པོ་ཡོད་དམ་ཞེས་བྱ་བ་ནི་ཀུན་དུ་ འདོད་ཆགས་པའི་དངོས་པོ་ཡོད་དམ་ཞེས་བྱ་བའི་ཐ་ཚིག་གོ། །འདྲེག་མཁན་ལ་ནི་མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་ཞོག་ཅིག་ཅེས་སོ་ཞེས་བྱ་བ་ནི་གལ་ཏེ་འདྲེག་མཁན་དགེ་སློང་མའི་ཡུལ་ལ་འདོད་ཆགས་སྐྱེ་བར་གྱུར་ན་དེའི་ཚེ་འདྲེག་མཁན་ཀུན་དུ་ཆགས་པར་གྱུར་པ་དེ་ལ་ནི་ཞལ་ཏ་བྱེད་པ་ མོས་རྗེས་སུ་བསྟན་པར་བྱ་སྟེ། ཇི་ལྟར་ཞེ་ན། མ་ལ་སོགས་པའི་འདུ་ཤེས་ཉེ་བར་ཞོག་ཤིག་ཅེས་བྱ་བས་སོ། །དགེ་སློང་མ་རྣམས་ཀྱིས་སྐྲ་བྲེག་པའི་བྱེ་བྲག་སྨྲས་ན། ད་ནི་སྤྱིའི་ཆོ་ག་བསྟན་པའི་ཕྱིར་དེ་བྱས་ནས་ཁྲུས་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བ་ནི། སྐྲ་ དང་ཁ་སྤུ་བྲེགས་པའོ། །བྱས་ནས་ཞེས་བྱ་བ་ནི་ཟིན་ནས་ཏེ། ཁྲུས་བྱའོ་ཞེས་བྱ་བར་སྦྱར་རོ། །ཡང་ན་ཡན་ལག་ལྔའི་ཁྲུས་ཀྱང་བྱའོ་ཞེས་བྱ་བ་ཡང་ངོ་ཞེས་བྱ་བར་སྦྱར་རོ། །ཡང་ན་ཞེས་བྱ་བའི་སྒྲ་ནི་ཆོ་ག་གཞན་བསྟན་པའི་དོན་ཏེ། འདིར་གཞུང་ནི་དགེ་སློང་གིས་སྐྲ་བཟེད་བཅང་བར་བྱ་ཞིང་ ཁྲུས་ཀྱང་བྱ་སྟེ། ཐ་ན་རྐང་ལག་དག་ཀྱང་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་བྱ་བ་ནི། གཅེར་བུ་ཁོ་ནར་ཁྲུས་མི་བྱ་བ་སྟེ། འདི་ལྟར་འཁོར་གསུམ་གཡོགས་པ་ཉིད་ན་སྒྲེན་མོ་མ་ཡིན་པ་ཉིད་ཡོད་མོད་ཀྱི། འོན་ཀྱང་འདིར་ནི་མདོམས་ཀྱི་སྤུ་དང་ཡན་ལག་གི་རྣམ་པ་དག་གཡོགས་ པ་ཉིད་ན་གཡོགས་པ་ཉིད་ཡིན་པར་རིག་པར་བྱའོ། །དགེ་སློང་མས་སྐྱེས་པའི་ཆུ་ངོགས་སུ་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་སྐྱེས་པ་ཁྲུས་བྱེད་པའི་ཆུ་ངོགས་སུ་ཁྲུས་མི་བྱ་བའོ། །བུད་མེད་ཀྱི་ཆུ་ངོགས་སུ་ཡང་ཕྱེ་མས་མི་བྱའོ་ཞེས་བྱ་བ་ནི་ཁྲུས་ཞེས་བྱ་བར་སྦྱར་རོ། །དགེ་སློང་མས་ སྐྱེས་པའི་ཆུ་ངོགས་སུ་ཁྲུས་བྱ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་དགག་པ་མཛད་དོ། །བུད་མེད་ཀྱི་ཆུ་ངོགས་སུ་ནི་ཕྱེ་མ་ལ་སོགས་པས་ཁྲུས་བྱ་བ་དགག་པ་མཛད་ཀྱི་ཁྲུས་ཉི་ཙེ་ནི་མ་བཀག་གོ། །འདིར་གཞུང་ནི་དགེ་སློང་མས་བུད་མེད་ཀྱི་ཆུ་ངོགས་སུ་ཕྱེ་མས་ཁྲུས་མི་བྱའོ་ཞེས་གསུངས་པ་ཡིན་ ནོ། །མོན་སྲན་སྡེའུ་ལ་སོགས་པའི་ཕྱེ་མ་དྲིས་བསྒོས་པ་རུང་ངོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་གཉི་ག་ལ་མོན་སྲན་སྡེའུ་ལ་སོགས་པའི་ཕྱེ་མ་རུང་ངོ་། །བྱེ་བྲག་ཅི་ལྟ་བུ་ཅན་ཞིག་ཅེ་ན། དྲིས་བསྒོས་པ་སྟེ། གླ་རྩི་ལ་སོགས་པས་བསྒོས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་བླང་བར་བྱའོ་ཞེས་བྱ་བ་ ནི། དྲིས་བསྒོས་པའི་ཕྱེ་མ་དེ་བདག་གིར་བྱར་རུང་བའོ། །ནད་པས་ནི་སྨན་གྱིས་བསྒོས་པ་ཡང་ངོ་ཞེས་བྱ་བ་ནི་ནད་པས་ནི་ཕྱེ་མ་སྨན་གྱིས་བསྒོས་པ་ཡང་བླང་དུ་རུང་བའོ། །དགེ་སློང་མས་བུད་མེད་ལ་ཕྱེ་མས་མི་གཏོར་རོ་ཞེས་བྱ་བ་ནི། དགེ་སློང་མས་ཁྲུས་ཀྱི་ཚེའམ་དུས་གཞན་གྱི་ཚེ་ཡང་བུད་མེད་ལ་ ཕྱེ་མས་མི་གཏོར་བའོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་སྨྲས་པས་དེའི་ཕྱིར་སྒྲེན་མོ་ཉིད་བསལ་བའི་ཞར་ལ། ཤམ་ཐབས་ཀྱི་ཐ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མ་མདུད་པར་སྐས་ལ་མི་འཛེག་གོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་གང་གིས་ཤམ་ཐབས་ཀྱི་གོས་ཀྱི་ཐ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་ མཐའ་མ་མཐའི་ཆ་མ་མདུད་པ་དེ་ནི་ཤམ་ཐབས་ཀྱི་མཐའ་གཉི་ག་མདུན་དང་རྒྱབ་ཀྱི་མཐའ་མ་མདུད་པའི་དགེ་སློང་ཡིན་ཏེ། དེས་སྐས་ལ་མི་འཛེག་གོ། །མ་མཐའི་དངོས་པོ་ནི་ཐ་མ་ཉིད་དོ། །མ་མདུད་པར་ཞེས་བྱ་བ་ནི་མ་བཅིངས་པར་རོ། །སྐས་ཞེས་སྨོས་པ་ནི་དཔེ་སྟེ། ཤིང་ལ་སོགས་པ་ ལ་འཛེག་པ་ལ་ཡང་དེ་ཁོ་ན་བཞིན་དུ་བསྒྲུབ་པར་བྱའོ། །ཚིག་འདི་ནི་མདོམས་མཐོང་བ་ཡོངས་སུ་སྤང་བའི་ཕྱིར་རོ། །གཞན་གྱི་དུས་སུ་དེ་ལྟར་མི་བྱའོ་ཞེས་བྱ་བ་ལ། གཞན་གྱི་དུས་སུ་ཞེས་བྱ་བ་ནི། སྐས་ལ་སོགས་པ་ལ་འཛེག་པ་ལས་གཞན་པའི་དུས་སུའོ། །དེ་ལྟར་ཞེས་བྱ་བ་ནི། ཤམ་ཐབས་ཀྱི་ཐ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མདུད་པའོ། །མི་བྱའོ་ཞེས་བྱ་བ་ནི། བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། སྐས་ལས་བབས་མ་ཐག་ཏུ་མདུད་པ་བཀྲོལ་བར་བྱའོ། །ཁའི་ནང་ཡང་མདོམས་ཀྱི་ཕྱོགས་དང་མཐུན་པའི་ཕྱིར་དེར་གཏོགས་པའི་ ཆོ་ག་བསྟན་པའི་ཕྱིར། ཁ་མ་བཀབ་པར་གདངས་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁ་མ་བཀབ་པར་ཞེས་བྱ་བ་ནི་མ་གཡོགས་པར་རོ། །གླལ་བ་ལ་སོགས་པའི་རྒྱུས་གོས་ལ་སོགས་པས་ཁ་མ་བཀབ་པར་གདངས་པ་ནི་འབྱེད་པ་སྟེ། དེ་མི་བྱའོ། །འདིར་ནི་གཞུང་དགེ་སློང་གླལ་བས་ཁ་ལག་ པས་དགབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་བྱ་བས་འདིར་སྒྲེན་མོའི་ཁྲུས་བཀག་པའི་ཕྱིར་རོ། །ཁྲུས་རས་བཅང་བར་བྱའོ་ཞེས་བྱ་བ་འདི་བརྗོད་དེ་བྱེད་པའི་ཚིག་དང་པོར་བསྟན་པའི་ཕྱིར་རང་དགར་སྤྱད་པ་ཡིན་པར་རིག་པར་བྱའོ། །ཉི་རིམ་ལ་ནི་སྲོག་ཆགས་དག་ཀུན་ དུ་འཆགས་སོ་ཞེས་བྱ་བ་ལ་ཆགས་སོ་ཞེས་བརྗོད་པར་བྱ་ལ། ཀུན་དུ་ཞེས་སྨོས་པ་ནི་འགྲེལ་པ་བྱེད་པ་ན་རེ། གཞུང་མཛེས་པ་བསྒྲུབ་པའི་ཕྱིར་ཞེས་ཟེར་རོ། །ཁོ་བོ་ནི་ཡི་གེ་ལྷག་པ་ཡོད་པའི་ཕྱིར། དོན་ཀྱང་ལྷག་པ་ཡོད་པར་ཤེས་པར་བྱ་ཞེས་སྨྲས་ཏེ། དེས་ན་བྱེད་རྒྱུ་བསྟན་པ་མེད་ཀྱང་བྱེད་རྒྱུ་ བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་ལྟར་ཤེས་པར་བྱ་སྟེ། གང་གི་ཕྱིར་གོས་ཉི་རིམ་ལ་སྲོག་ཆགས་དག་ཆགས་པར་འགྱུར་བ་དེའི་ཕྱིར། སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་ཉི་རིམ་ལ་སོགས་པས་ཁྲུས་མི་བྱའོ་ཞེས་བྱ་བའི་ཐ་ཚིག་ གོ། །ཆོས་གོས་གསུམ་པས་ཀྱང་ངོ་ཞེས་བྱ་བ་ཡང་ཁྲུས་རས་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི། གཞན་གྱིས་ཀྱང་ངོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགེ་སློང་ཆོས་གོས་གསུམ་པས་ཀྱང་ཁྲུས་རས་བཅང་བར་ བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཁྲུས་རས་མི་འབྱོར་ན་དེའི་ཚེ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་མེད་ན་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་དབེན་པའི་ཕྱོགས་སུ་ཁྲུས་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་རས་མེད་ན་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་ཁྲུས་བྱའོ། །དབེན་པའི་ ཕྱོགས་སུ་ཞེས་བྱ་བ་ནི། སྐྱེ་བོ་མེད་པའི་ཕྱོགས་སུའོ། །གང་ལ་ལ་ཞིག་ལ་ཁྲུས་རས་མེད་ན་དགེ་སློང་དེས་ཆོ་ག་དེས་ཁྲུས་བྱའོ། །འདིར་གཞུང་ནི་གཞན་དག་ལ་ཁྲུས་རས་ཀྱི་རྙེད་པ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་མདུན་དང་རྒྱབ་ནས་ལོ་མ་དག་གིས་གླན་ལ་ཁྲུས་བྱའོ་ ཞེས་གསུངས་པ་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་རས་ཉི་རིམ་གྱིས་ཁྲུས་མི་བྱ་ཞིང་ཆིག་རྐྱང་གིས་ཁྲུས་བྱ་ན་དེ་ལ་ཡང་སྲོག་ཆགས་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར། སྲོག་ཆགས་ཆགས་ན་བཤལ་བས་མེད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་རས་ཆིག་རྐྱང་ལ་སྲོག་ཆགས་ཆགས་ ན་ཆུས་བཤལ་བས་མེད་པར་འགྱུར་ཞིང་བྲལ་བར་འགྱུར་རོ། །ལྷན་པ་ཅན་ཡང་ཉི་རིམ་ཉིད་ཡིན་ནོ། །གཙུག་ལག་ཁང་དུ་ཁྲུས་ཀྱི་ཕྱོགས་བརྗོད་པར་འདོད་ན་ས་དེ་གཙུག་ལག་ཁང་དུ་ནི་སྟོར་ཁུང་དུའོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བ་ནི་ཁྲུས་སོ། །གལ་ཏེ་གཙུག་ལག་ཁང་དུ་བྱེད་ན་སྟོར་ཁུང་གི་ ཕྱོགས་ཁོ་ནར་བྱའི་གཞན་དུ་ནི་མ་ཡིན་ནོ། །ཁྲུས་ཀྱི་ཞར་ལ་གཙུག་ཆུ་ཡང་དབོ་བར་བྱའོ་ཞེས་བྱ་བ་འདི་བརྗོད་དེ། ལྷུང་བཟེད་བཀྲུས་པ་དང་། ཆོས་གོས་བཀྲུས་པ་ལ་སོགས་པའི་ཆུ་དག་དབོ་བར་བྱའོ། །ཡང་ཞེས་བྱ་བ་ནི་སྟོར་ཁུང་ཉིད་དུ་དབོ་བར་རིག་པར་བྱའོ། །ཁྲུས་ལ་སོགས་པའི་དོན་ ཉིད་དུ་གནས་གཞན་བྱ་བའི་ཕྱིར་ཁྲུས་ཁང་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་ཀྱི་ཆེད་དུ་ཁང་པ་བྱའོ། །དེར་སོ་ཕག་གི་གཅལ་དགྲམ་མོ་ཞེས་བྱ་བ་ནི་ཁྲུས་ཁང་དེར་སོ་ཕག་སོ་བཏང་བ་ལས་བྱས་པའི་གཅལ་དགྲ་མ་པར་བྱའོ། །སྟོར་ཁུང་གདོད་དོ་ཞེས་བྱ་བ་ནི། གང་ནས་ཆུའི་ཕྱི་རོལ་དུ་འཛག་པ་དེའི་སྲང་ གདོད་པར་བྱ་སྟེ། ཆུ་ཕྱི་རོལ་དུ་འགྲོ་བར་བྱ་བའི་ཕྱིར། བུ་གུ་གདོད་པར་བྱ་བའོ། །ལྗན་ལྗིན་བསལ་བར་བྱའོ་ཞེས་བྱ་བ་ལ། ལྗན་ལྗིན་ཞེས་བྱ་བ་ནི་རྫབ་སྟེ། དེ་བསལ་བར་བྱ་བ་ནི་བཞར་བར་བྱ་བའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོར་ཁུང་གདོད་པར་བྱའོ། ། ལྗན་ལྗིན་ཡོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བསལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སྟོར་ཁུང་ཁོ་ནར་ཁྲུས་བྱའོ་ཞེས་གསུངས་པས་དེ་བསྡུ་བའི་ཕྱིར། སྟོར་ཁུང་དུ་ཁྲུས་བྱེད་ན་མི་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་ནི་བཀྲུ་བའོ། །སྟོར་ ཁུང་དེར་ཁྲུས་བྱེད་ན་རྫབ་མི་འབྱུང་ངོ་། །སོ་ཕག་གི་དུམ་བུས་བྲུད་པ་ཡང་ཁྲུས་ཀྱི་ཡན་ལག་ཡིན་པས་དེའི་ཕྱིར་ཁྲུས་ཀྱི་ཞར་ལ། སོ་ཕག་གི་དུམ་བུས་བྲུད་པས་རྐང་པ་གཉིས་ལས་གཞན་པའི་ལུས་ལ་བྲུད་པར་མི་བྱའོ་ཞེས་བྱ་བ་འདི་བརྗོད་དེ། སོ་ཕག་གི་དུམ་བུས་ཞེས་བྱ་བ་ནི། སོ་ཕག་སོ་བཏང་བ་ལ་སོགས་ པའི་དུམ་བུས་སོ། །སོ་ཕག་གི་དུམ་བུ་དེས་བྲུས་པས་ཞེས་བྱ་བ་ནི་སྦྱང་བ་སྟེ། དེས་ལུས་ལ་བྲུད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་གིས་སོ་ཕག་གི་དུམ་བུས་ལུས་ལ་བྲུད་པར་མི་བྱའོ་ཞེས་གསུངས་པ་ཡིན་ཏེ། རྐང་པ་གཉིས་ལས་གཞན་པ་དེ་གཉིས་མ་གཏོགས་པའི་ལུས་ ལ་བྲུད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་རྣོན་པོ་དང་བཞར་སྤྱད་གཉིས་ཀྱི་དཔེ་ཡིན་ནོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་སོ་ཕག་གི་དུམ་བུའོ། །དཔེ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པར་རིག་པར་བྱའོ། །གང་གིས་ཤེ་ན་རྣོན་པོ་དང་བཞར་སྤྱད་གཉིས་ཀྱིས་ཏེ། རྣོན་པོ་ཞེས་བྱ་བ་ནི་གྲི་ལ་སོགས་ པའོ། །བཞར་སྤྱད་ཅེས་བྱ་བ་ནི་རྒྱ་མཚོའི་དབུ་བ་ལ་སོགས་པ་སྟེ། དེ་ནི་གཉིས་ཀྱི་དཔེ་ཡིན་ནོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་སོ་ཕག་གི་དུམ་བུས་ལུས་ལ་བྲུད་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཉ་ཕྱིས་འདྲུད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉ་ ཕྱིས་མི་རྩུབ་པས་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཉ་ཕྱིས་མི་རྩུབ་པས་ལུས་ལ་འདྲུད་པར་བྱེད་ན་དེ་ཇི་ལྟར་སྦྱར་བར་བྱ་ཞེ་ན། དེའི་ཕྱིར་ཉ་ཕྱིས་ནི་མེས་སྦྱང་ངོ་ཞེས་བྱ་བ་སྨྲས་ཏེ། ཉ་ཕྱིས་སྦྱང་བ་ནི་མེས་དྲོས་ཙམ་གྱི་བྱ་བ་ཡིན་པར་རིག་པར་བྱའོ། །དགེ་སློང་རྣམས་ཀྱིས་ནི་ རྣམ་པ་འགས་བྲུད་པར་བྱའོ། །དགེ་སློང་མ་རྣམས་ཀྱིས་ནི་རྣམ་པ་གང་གིས་ཀྱང་མི་བྱའོ་ཞེས་བསྟན་པའི་ཕྱིར་དགེ་སློང་མས་ནི་གང་དུ་ཡང་ཁུ་ཚུར་དག་དང་གོས་དྲིལ་བ་དག་ཡན་ཅད་གང་གིས་ཀྱང་བྲུད་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་ནི་བྲུད་པར་མི་བྱ་སྟེ། གང་དུ་ཡང་ཞེས་བྱ་བ་ནི་ལུས་ ཀྱི་ཕྱོགས་སོ། །གང་གིས་ཀྱང་ཞེས་བྱ་བ་ནི་དངོས་པོས་ཏེ། ཁུ་ཚུར་དག་ཡན་ཆད་དང་གོས་དྲིལ་བ་དག་ཡན་ཆད་ཀྱིས་ཀྱང་བྲུད་པར་མི་བྱ་ན། ཉ་ཕྱིས་ལ་སོགས་པ་གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། ཁྲུས་ཀྱི་ཞར་ལ་གོས་གྱོན་པ་ཉམས་པ་ཡོངས་སུ་སྤང་བའི་ཕྱིར། གཤེར་འགྱུར་གྱི་ཆུ་ དང་མ་བྲལ་བས་ཆོས་གོས་དག་བགོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁྲུས་བྱས་པའི་རྗེས་ལ་ཆུའི་ཐིགས་པའི་ལྷག་མ་མང་པོ་ལུས་ལ་ཆགས་པར་འགྱུར་ཞིང་། ཆུའི་ཐིགས་པ་དེ་དག་གིས་ཆོས་གོས་དག་གཤེར་བར་འགྱུར་བ་དེ་དག་ནི་གཤེར་འགྱུར་གྱི་ཆུ་ཞེས་བྱ་བའི་སྒྲས་བརྗོད་དོ། །དགེ་ སློང་གང་གཤེར་འགྱུར་གྱི་ཆུ་དང་མ་བྲལ་བ་དེ་ནི་གཤེར་འགྱུར་གྱི་ཆུ་དང་མ་བྲལ་བ་སྟེ། དེས་ཇི་སྲིད་དུ་ཆུའི་ཐིགས་པ་དེ་དག་མ་སྐམས་ཀྱི་བར་དུ་ཆོས་གོས་དག་བགོ་བར་མི་བྱའོ། །གང་དུས་དེ་སྲིད་དུ་སྡོད་པར་མི་འདོད་པ་དེའི་ཕྱིར་ལུས་ཕྱིས་བཅད་པར་བྱའོ་ཞེས་བྱ་བ་བརྗོད་དེ། ལུས་ཕྱི་ བའོ། །ལུས་ཕྱིས་མེད་ན་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མེད་ན་ཡུད་ཙམ་ཞིག་ཙོག་པུར་འདུག་ལ་ཁྲུས་རས་ཀྱིས་ཕྱི་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། མེད་ན་ཞེས་བྱ་བ་ནི་ལུས་ཕྱི་བའོ། །ཡུད་ཙམ་ཞིག་ཅེས་བྱ་བ་ནི། ཇི་ལྟར་ཁྲུས་རས་ཀྱིས་ལུས་ཕྱིས་ཏེ། ཆོས་གོས་དག་གྱོན་ན་ཉམས་ པར་མི་འགྱུར་བ་དེ་ལྟར་འགྱུར་བའི་དུས་ཇི་སྲིད་པའི་དུས་དེ་ནི་ཡུད་ཙམ་ཞིག་ཅེས་བྱའོ། །ཙོག་པུར་འདུག་ལ་ཞེས་བྱ་བ་ནི། ལུས་ལ་ཆུའི་ཐིགས་པ་མྱུར་དུ་འབྲུལ་བའི་ཕྱིར་རོ། །ཁྲུས་རས་ཀྱིས་ཕྱི་བར་བྱའོ་ཞེས་བྱ་བ་ནི། ཕྱིས་ཁྲུས་རས་ཀྱིས་ལུས་ཕྱི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུས་ ཀྱི་ཞར་ལ་བསྲོ་གང་བསྟེན་པར་བྱའོ་ཞེས་བྱ་བ་འདི་བརྗོད་དེ། བསྲོ་གང་ཉམས་སུ་མྱོང་བར་བྱའོ། །འདི་མན་ཆད་ནི་བསྲོ་གང་གི་ཆོ་ག་བརྗོད་དེ། བསྲོ་གང་གི་ཁང་པ་བྱ་བ་ནི་གྲམ་ས་ཆེ་བར་བཟང་ངོ་ཞེས་བྱ་བ་ལ། བསྲོ་གང་གི་ཁང་པ་ཞེས་བྱ་བ་ནི། བསྲོ་གང་གི་ཆེད་ཀྱི་ཁང་པའོ། །དེ་བྱ་བ་ནི་བརྩིག་ པའོ། །གྲམ་ས་ཆེ་བར་ཞེས་བྱ་བ་ནི། གྲམ་གསེག་ཆེ་བ་སྟེ། གྲམ་གསེག་ཤས་ཆེ་བའི་ཕྱོགས་སུའོ། །བཟང་ངོ་ཞེས་བྱ་བ་ནི། གྲམ་གསེག་ནི་བརླན་མེད་པའི་ཕྱིར་རོ། །བསྲོ་གང་གི་ཁང་པ་དེར་གང་བྱ་བ་དེ་ཉེ་བར་བསྟན་པའི་ཕྱིར། དཀྱིལ་དུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ ལྟ་བུ་གདོད་དོ་ཞེས་བྱ་བ་སྨྲས་ཏེ། སྐར་ཁུང་གདོད་པར་བྱའོ། །ཕྱོགས་གང་དུ་ཞེ་ན། བསྲོ་གང་གི་ཁང་པར་གཏོགས་པའི་རྩིག་པའི་དཀྱིལ་དུའོ། །དམའ་བར་ཡང་མི་གདོད་དེ། དུ་བ་སངས་དཀའ་བའི་ཕྱིར་རོ། །མཐོ་བར་ཡང་མི་གདོད་དེ། མུན་པར་འགྱུར་བའི་ཕྱིར་རོ། །དེ་ཁྱད་པར་ཇི་ལྟ་བུ་ ཞིག་ཅེ་ན། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱི་རོལ་གྱི་ཁ་ཞུམ་ལ་ནང་ལོགས་ཡངས་པར་བྱའོ། །རྒྱ་མཚོའི་རྣམ་པ་ལྟ་བུ་ནི་གང་གི་དབྱིབས་རྒྱ་མཚོའི་རྣམ་པ་འདྲ་བ་ནི་དེ་ཉིད་ཡིན་ཏེ། དེས་ནི་སྐར་ཁུང་དེ་བྱིན་གྱིས་ཡངས་པར་སྟོན་ཏོ། །དེར་སྐར་ཁུང་དྲ་བ་ཅན་དང་ སྒོ་གླེགས་དང་། འཁོར་གཏན་དང་། གནམ་གཟེར་དང་། ཕྲེད་གཏན་དང་བཅས་པར་གཞུག་གོ་ཞེས་བྱ་བ་ནི། སྐར་ཁུང་དེར་སྐར་ཁུང་དྲ་བ་ཅན་དང་སྒོ་གླེགས་དང་། འཁོར་གཏན་དང་། གནམ་གཟེར་དང་། ཕྲེད་གཏན་དེ་དག་གཞུག་སྟེ་རྣམ་པར་གཞག་པར་བྱའོ། །སྐར་ཁུང་དྲ་བ་ཅན་ཞེས་བྱ་བ་ནི། སྐར་ཁུང་ལན་ཀན་ཅན་ནོ། །སྒོ་གླེགས་ཞེས་བྱ་བ་ནི། སྤང་ལེབ་ཅེས་བྱ་བའི་ཤིང་སྟེ། དེས་སྐར་ཁུང་བཅད་པར་བྱེད་པའོ། །འཁོར་གཏན་ཞེས་བྱ་བ་ནི། དེ་སྒོ་གླེགས་བཅད་པའི་ཐབས་སུ་གྱུར་པ་ཡིན་ཏེ། སྒོ་གླེགས་ཀྱི་དཀྱིལ་གྱི་ཕྱོགས་སུ་ཤིང་གི་གཏན་བུ་ཁྲུ་གང་གི་ཚད་ཙམ་བཏགས་ཤིང་། སྒོ་ སྐྱེས་ལ་དེའི་གཟུངས་གདོད་དོ། །གཏན་བུ་དེ་འཁོར་ལོ་བཞིན་དུ་བསྐོར་ནས་གཟུངས་དེར་གཞུག་པར་བྱ་སྟེ། དེས་ན་འཁོར་གཏན་ཞེས་བྱའོ། །གནམ་གཟེར་ཞེས་བྱ་བ་ནི། སྒོའི་ཡ་ཕུབས་ལས་བཏགས་པའི་གཟེར་བུ་ལ་སོགས་པའོ། །ཕྲེད་གཏན་ཞེས་བྱ་བ་ནི། རྩིག་པའི་སྦུབས་ཀྱི་ཁང་དུ་ གཞུག་པའི་ཤིང་རིང་པོ་ལ་བྱའོ། །དབྱུག་གུ་སྐམ་ཁ་ཡང་ཉེ་བར་གཞག་གོ་ཞེས་བྱ་བ་ལ། དབྱུག་གུ་རའི་རྐང་པ་འདྲ་བ་ནི་དབྱུག་གུ་སྐམ་ཁ་སྟེ། དེ་ཡང་དེར་ཉེ་བར་གཞག་གོ། །ཡང་ཞེས་བྱ་བ་ནི། དེར་ཞེས་བྱ་བ་འདྲེན་པར་བྱེད་དོ། །འདི་ལྟར་དབྱུག་གུ་སྐམ་ཁ་དེར་ སྐར་ཁུང་དུ་ཕྲེད་གཏན་འཛུད་པ་དང་འབྱིན་པར་བྱེད་དོ། །སྒོར་སྒོ་གླེགས་དང་སྒོ་གཏན་དང་ཡང་མིག་དང་ལག་གཟུངས་ལེགས་པར་བྱའོ་ཞེས་བྱ་བ་ནི། བསྲོ་གང་གི་ཁང་པའི་སྒོར་སྒོ་གླེགས་ལ་སོགས་པ་ལེགས་པར་བྱ་བའོ། །སྒོ་གཏན་ཞེས་བྱ་བ་ནི། སྒོ་གླེགས་གཅད་པའི་ཐབས་སུ་གྱུར་པའོ། ། ཡང་མིག་ཅེས་བྱ་བ་ནི། སྒོ་གླེགས་ཀྱི་ཕྱི་རོལ་གྱི་ངོས་ཀྱི་ཡང་མིག་གོ། །ལག་གཟུངས་ཞེས་བྱ་བ་ནི། སྒོ་གླེགས་ནང་དུ་འདྲེན་པ་ལྕགས་ལས་བྱས་པའོ། །ཆུ་དྲོན་གཞག་པའི་ཕྱིར་ནང་གི་ཕྱོགས་སུ་བཞག་སྟེགས་བྱའོ་ཞེས་བྱ་བ་ནི། ཆུ་དྲོན་མོ་གཞག་པའི་ཕྱིར་བསྲོ་གང་གི་ཁང་པའི་ནང་གི་ཕྱོགས་ སུ་བཞག་སྟེགས་ཀྱི་སྟེགས་བུ་དེ་བྱའོ། །མེ་འབུད་པའི་གནས་ཀྱི་སར་སོ་ཕག་གི་གཅལ་བྱའོ་ཞེས་པ་ལ། མེ་བུད་པ་ཞེས་བྱ་བ་ནི། མེ་སྦར་བའོ། །དེའི་གནས་གང་ཡིན་པ་དེའི་ས་དེར་སོ་ཕག་དག་གི་གཅལ་གཞུག་པར་བྱའོ། །མི་འཆི་བར་བྱ་བའི་ཕྱིར་སྦ་བར་བྱའོ་ཞེས་བྱ་བ་ནི། མེ་ མི་འཆི་བར་བྱ་བའི་ཕྱིར་ཞེས་བྱ་བ་མི་ཉམས་པར་བྱ་བའི་ཕྱིར་རོ། །སྦ་བར་བྱའོ་ཞེས་བྱ་བ་ཟླུམ་པོར་བྱ་བ་སྟེ། བཅེར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་བཅང་བར་བྱའོ་ཞེས་བྱ་བ་ནི། མེ་སྦ་བ་དེའི་ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་བཅང་བར་བྱའོ། །ལྕགས་ ལས་བྱས་པ་ནི་ལྕགས་ཀྱི་སྟེ། ལྕགས་ཀྱི་ནལ་ཟེ་བཅང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མེ་འབར་བ་ན་མི་རྨྱ་བར་བྱ་བའི་ཕྱིར་འཇུག་པ་བསྡད་པར་བྱའོ་ཞེས་བྱ་བ་ནི། བསྲོ་གང་གི་ཁང་པར་མེ་སྦར་ཏེ་འབར་ན་མི་རྨྱ་བར་བྱ་བ་མི་འཁྲུགས་པར་བྱ་བའི་ཕྱིར་ནང་དུ་འཇུག་པ་རེ་ཞིག་བསྡད་པར་ བྱའོ། །བོག་པ་མི་འབྱུང་བར་བྱ་བའི་ཕྱིར། ཕྱེ་དང་ཡུངས་མར་དུ་བསྲེས་པ་དག་མེར་བླུགས་སོ་ཞེས་བྱ་བ་ལ། བོག་པ་ཞེས་བྱ་བ་ནི་མེས་བརྒྱལ་བ་སྟེ། དེ་མི་འབྱུང་བར་བྱ་བའི་ཕྱིར་ཕྱེ་དང་ཡུངས་མར་ཡུངས་ཀར་གྱི་མར་དུ་བསྲེས་པ་སྦྱར་བ་དག་མེར་བླུགས་པར་བྱའོ། །དྲི་མི་ཞིམ་པ་ཉིད་བསལ་བའི་ ཕྱིར་བདུག་སྤོས་བླུགས་སོ་ཞེས་བྱ་བ་ལ། དྲི་མི་ཞིམ་པའི་དངོས་པོ་ནི་དྲི་མི་ཞིམ་པ་ཉིད་དེ། ཕྱེ་དང་ཡུངས་མར་བསྲེས་པ་དག་བླུགས་པ་ལས་གྱུར་པའི་དྲི་མི་ཞིམ་པ་ཉིད་དེ། བསལ་བ་ཞེས་བྱ་བ་དེ་དང་དབྲལ་བའི་ཕྱིར་བདུག་སྤོས་བླུགས་པར་བྱའོ། །མཆི་མ་འཛག་ན་ནས་ཀྱི་བག་ཟན་གྱིས་གཅོད་དོ་ ཞེས་བྱ་བ་ལ། མཆི་མ་འཛག་ན་ཞེས་བྱ་བ་ནི། མིག་ཆུ་འཛག་ནའོ། །ནས་ཀྱི་བག་ཕྱེ་ཞེས་བྱ་བ་ནི། ནས་བཏགས་པའི་མིང་ངོ་། །དེའི་ཟན་གྱིས་མིག་ཆུ་གཅད་པར་བྱ་སྟེ། མི་འཛག་པར་བྱ་བའི་ཐབས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱུ་རུ་རའི་ཕྱེ་མ་སྦྲུས་པའི་ཆང་བུས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ ཞེས་བྱ་བས་ནི་དེ་བཅད་དོ་ཞེས་བྱ་བར་སྦྱར་རོ། །དེར་རྩྭ་བམ་གྱི་སྟན་གདིང་ངོ་ཞེས་བྱ་བ་ནི། བསྲོ་གང་དེར་རྩ་བམ་རྩྭ་ཆུན་གཤིབས་པའི་སྟན་གདིང་བར་བྱ་སྟེ། སླ་བའི་ཕྱིར་རོ། །ས་གཞིར་སྐྱེ་བ་ཉིད་ཀྱིས་སམ་སྤངས་པས་གཤེར་བའི་རྩྭ་གཤེར་བ་དག་དགྲམ་མོ་ཞེས་བྱ་བ་ནི། བསྲོ་གང་གི་ཁང་པའི་ས་ གཞི་གང་ཡིན་པར་རྩྭ་དག་དགྲམ་པར་བྱ་སྟེ། ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། གཤེར་བ་དག་གོ། །དེ་དག་ཅིས་གཤེར་ཞེ་ན། སྐྱེ་བ་ཉིད་ཀྱིས་སམ་ཞེས་བྱ་བ་སྐྱེ་བས་གྲུབ་པ་ནི། སྐྱེ་བས་གཤེར་བ་སྟེ་དེས་སོ། །སྤངས་པས་ཞེས་བྱ་བ་ནི་ཆུས་བཏབ་པས་གཤེར་བ་སྟེ། དེ་ཡང་རུང་ངོ་། །གཡན་ པ་ཕྲུག་པའི་ཆེད་དུ་ལྕགས་ཀྱི་ཕྲུག་སྤྱད་བྱའོ་ཞེས་བྱ་བ་ནི། གཡན་པ་ཕྲུག་པའི་རྒྱུར་ལྕགས་ལས་བྱས་པའི་གཟར་ཆུང་བྱ་བའོ། །རྫས་ཀྱི་བླས་ལུང་མི་གནས་ཐ་གུས་བཏགས་ཏེ་དབེན་པར་གཞག་གོ་ཞེས་བྱ་བ་ནི། རྫས་ཀྱི་བླས་ཕྲུག་སྤྱད་དེའི་ལུང་མིག་གི་ནང་ནས་ཐ་གུས་བཏགས་པའི་རྒྱུས་ཕྱོགས་དབེན་ པར་གཞག་སྟེ། སྤྱད་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དྲི་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་མེས་རུང་བར་བྱའོ་ཞེས་བྱ་བ་ནི། གཡན་པ་ཕྲུག་པའི་ཆེད་དུ་སྦྱར་བའི་ཕྲུག་སྤྱད་དེ་ལ་དྲི་མ་མེད་པ་ཉིད་དུ་བསྒྲུབ་པ་དག་པར་བྱ་བའི་ཕྱིར་མེས་རུང་བར་བྱ་བ་མེས་བརྟག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེར་ ཁྲུས་མི་བྱའོ་ཞེས་བྱ་བ་ནི། བསྲོ་གང་དེར་དགེ་སློང་དག་གིས་ཁྲུས་མི་བྱ་བའོ། །དེའི་ཆེད་དུ་ཁྲུས་ཁང་བྱའོ་ཞེས་བྱ་བ་ནི། ཁྲུས་བྱ་བ་དེའི་ཆེད་དུ་ཁྲུས་ཁང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུས་ཆུ་ལྡུགས་པའི་ཆོས་གོས་དག་མི་ཉམས་པར་བྱ་བའི་ཕྱིར་སོ་ཕག་གིས་བསྒྲོན་པའི་ཁྲུས་དོང་བྱའོ་ ཞེས་བྱ་བ་ལ། ཁྲུས་ཀྱི་ཆུ་ལྡུགས་པར་བྱེད་པའི་གོས་དག་ནི་ཁྲུས་ཆུ་ལྡུགས་པའི་ཆོས་གོས་དག་གོ། །དེ་དག་མི་ཉམས་མི་གཤེར་བར་བྱ་བའི་ཕྱིར་སོ་ཕག་གིས་བསྒྲོན་པའི་ཁྲུས་དོང་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་ཁྲུས་དོང་དུ་ཞུགས་པས་ནི་ཁྲུས་བྱ་ལ། དགེ་ སློང་ཁ་ན་སྡོད་པས་ནི་ཆུ་བླུགས་པར་བྱ་སྟེ། དེ་ལྟར་ན་ཆོས་གོས་དག་ཉམས་པར་མི་འགྱུར་རོ། །དེ་ལ་སྟོར་ཁུང་གདོད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཁྲུས་དོང་ལ་སྟེ། ཁྲུས་དོང་དེ་ལ་སྟོར་ཁུང་གདོད་པར་བྱའོ། །ཆུ་ཧ་ཅང་ཚ་ན་ཕྱི་མ་རྣམས་ལ་སྦྲན་པར་བྱའོ་ཞེས་བྱ་བ་ནི་ཁྲུས་ཆུ་ཧ་ཅང་ཚ་སྟེ། བརྣགས་ མི་བཟོད་ན་རབ་ཏུ་བྱུང་བ་ཕྱི་མ་རྣམས་ལ་སྦྲན་པར་བྱ་བ་སྟེ། གལ་ཏེ་ཆུ་ཧ་ཅང་ཚ་ཆེས་ཏེ་ཁྲུས་བྱར་མི་བཟོད་ན། དགེ་སློང་ཕྱི་མ་རྣམས་ལ་ཆུ་ཏེ་པོར་ཚའོ་ཞེས་སྦྲན་པར་བྱ་བའོ། །དེར་གྲང་མོས་བསྲེའོ་ཞེས་བྱ་བ་ནི། ཆུ་ཚ་བ་དེར་ཆུ་གྲང་མོས་བསྲེ་བ་འདྲེས་པར་བྱ་བ་སྟེ། ཆུ་ཚ་བའི་ནང་དུ་ཆུ་གྲང་མོས་བསླད་ པར་བྱ་བའོ། །ཆག་ཆག་གི་ཆུ་ལ་སོགས་པར་ཡང་ངོ་ཞེས་བྱ་བ་ལ། ཆག་ཆག་གི་ཆུ་གང་ལ་བཀྲུ་བཤལ་དང་། ཞལ་ཞལ་ལ་སོགས་པའི་སོགས་པ་ཡོད་པ་དེ་ནི་ཆག་ཆག་གི་ཆུ་ལ་སོགས་པ་སྟེ། ཆག་ཆག་གི་ཆུ་ལ་སོགས་པ་དེར་ཞེས་བྱ་བ་ཆག་ཆག་གི་ཆུ་ལ་སོགས་པའི་ཕྱིར། ཡང་ཆུ་ཚ་བ་དེར་ ཆུ་གྲང་མོས་བསྲེ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུས་གང་དེར་ཡང་ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་གིས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ་ཞེས་བྱ་བ་ལ། ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་ནི་ཐལ་བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་དག་གོ། །དེ་དག་གིས་སོ་སོར་བཀང་ བའི་གྱོ་མོ་དག་གཞག་པར་བྱ་སྟེ། ཁྲུས་ཁང་དེར་ཐལ་བ་ལ་སོགས་པས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཉམས་དམས་པར་གྱུར་ན་ཁེའུ་སུས་བྱའོ་ཞེས་བྱ་བ་ནི། གལ་ཏེ་བསྲོ་གང་དུ་ཞུགས་པས་ལུས་ཀྱི་ཉམས་དམས་པ་ཉིད་དུ་གྱུར་ན་དེའི་ཚེ་ཁེའུ་སུས་ བཟའ་བར་བྱའོ། །བསྲོ་གང་དུ་འཇུག་པའི་དུས་ན་དགེ་སློང་རྣམས་ཆ་ལུགས་དང་བྲལ་བའི་ཕྱིར། ཀུན་དུ་རྒྱུ་ལ་སོགས་པ་གཞན་དག་ཤན་བསྲེ་བས་བསྲོ་གང་དུ་འ