Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 162

Văn bản gốc(Tây Tạng)

Trang 10 / 26 (50.000 ký tự/trang)
ྔགས་དག་
གིས་གཏོང་བ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། རྫུ་འཕྲུལ་དང་འདྲ་བའི་ཡིད་རྣམ་པར་དག་པས། གཞན་གྱིས་ཕྲོགས་པའི་རྫས་གཏོང་བར་བྱེད་པ་ལ་ནི་ཉེས་པར་མི་འགྱུར་རོ། །བྱི་བས་ཁྱེར་བ་བདག་པོས་བླངས་པ་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་ལེན་པ་པོ་གང་
ཡིན་པ་དེའི་རྫས་བྱི་བས་ཁྱེར་བ་ཕྱིར་བླངས་པ་ལ་ཡང་ཉེས་པ་མེད་དེ། འདི་བདག་གི་ཡིན་ནོ་སྙམ་པའི་བསམ་པ་དེས་ལེན་པ་ལ་ཉེས་པ་མེད་དོ། །དགེ་སློང་གཞན་གྱི་རྫས་ལ་དེའི་རྫས་སུ་ན་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་གཞན་གྱི་རྫས་བྱི་བས་ཁྱེར་བར་གྱུར་པའི་རྫས་དེ་དགེ་
སློང་གཞན་གྱིས་དགེ་སློང་གཞན་གྱི་རྫས་ཡིན་གྱི། བདག་གི་རྫས་ནི་མ་ཡིན་ནོ་ཞེས་དེའི་རྫས་སུ་ལེན་པར་བྱེད་པ་དེ་ལ་ཡང་ཉེས་པ་མེད་དེ་རྐུ་སེམས་མེད་པའི་ཕྱིར་རོ། །རྔོན་པ་དག་གིས་མངོན་པར་གཙེས་པར་གྱུར་པའི་རི་དགས་གནས་ཁང་དུ་ཞུགས་པ་བླངས་པ་ལ་ཡང་ངོ་ཞེས་བྱ་

བ་ནི། གལ་ཏེ་རྔོན་པ་དག་རི་དགས་ལ་འཚེ་བར་བྱེད་ཅིང་རི་དགས་དེ་ཡང་གནས་ཁང་དུ་འཇུག་ན་རྔོན་པ་དེ་དག་གིས་མངོན་པར་གཙེས་པའི་རི་དགས་གནས་ཁང་དུ་ཞུགས་པ་བཟུང་ཞིང་བླངས་པ་ལ་ཉེས་པ་མེད་དེ། ཡོངས་སུ་བསྐྱབ་པའི་བསམ་པས་
བཟུང་བའི་ཕྱིར་རོ། །ཁྱད་པར་དེ་ལྟ་བུ་ཅན་གྱི་རི་དགས་དེ་ཤི་ན་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། དེ་ཤི་ན་དེ་དག་ལ་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་དག་གིས་གཙེས་པའི་རི་དགས་དེར་ཡང་ཞུགས་ནས་ཤི་ན་ཤི་བ་དེ་དེ་དག་ལ་སྦྱིན་པར་བྱ་བ་ཉིད་དོ། །དེ་དག་རང་གིས་བླང་བ་
ཉིད་དུ་མི་བྱའོ། །གཞན་དག་ལ་ཡང་སྦྱིན་པར་མི་བྱ་བ་ཉིད་དོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་འདུལ་བྱེད་ཀྱི་སྐབས་དག་གོ་ཞེས་བྱ་བ་འདུལ་བྱེད་ཀྱི་སྐབས་རྫོགས་སོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།
མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་སྨྲས་ནས། ད་ནི་གསོད་པའི་ཕམ་པར་འགྱུར་བ་བརྗོད་པར་བྱ་སྟེ། དེའི་ཕྱིར་ནད་པ་ལ་འཆི་བའི་སེམས་པ་དང་རྗེས་སུ་མཐུན་པའི་ཉེ་བར་བསྒྲུབ་པ་ཉེ་བར་བསྒྲུབ་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། འཆི་བའི་ཕྱིར་སེམས་པ་ནི། འཆི་བའི་
སེམས་པའོ། །དེ་དང་རྗེས་སུ་མཐུན་པ་ནི་མཐུན་པའོ། །དེའི་ཉེ་བར་བསྒྲུབ་པ་ནི་ཚོགས་པའི་བྱེ་བྲག་གང་ཡིན་པའོ། །དེ་ཉེ་བར་བསྒྲུབ་པར་མི་བྱ་བ་ནི་ནད་པ་ལ་དེ་བསྟབས་པར་མི་བྱ་བའོ། །ནད་པ་སྨོས་པ་ནི་མཚོན་པ་སྟེ། མི་ན་བ་ལ་ཡང་ཉེ་བར་བསྒྲུབ་པར་མི་བྱའོ། །
འདི་སྐད་བསྟན་ཏེ། ཉེ་བར་བསྒྲུབ་པ་གང་གིས་ནད་པ་འཆི་བའི་བསམ་པ་སྐྱེ་བར་འགྱུར་བའི་ཉེ་བར་བསྒྲུབ་པར་གྱུར་པ། ཁྱོད་དུ་གཟོས་པར་གྱུར་པ་ནི་བླའི། འདི་ལྟ་བུའི་མི་འཕྲོད་པ་ཟ་བར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དེ་ཉེ་བར་བསྒྲུབ་པར་མི་བྱ་སྟེ། འདི་
ནི་བསམ་པའི་ཉེས་པ་མེད་པའི་ཉེས་བྱས་སུ་རྣམ་པར་གཞག་པ་ཡིན་ནོ། །བསམ་པའི་ཉེས་པ་ཀྱེ་མ་འདི་ཤི་བར་གྱུར་ཅིག་སྙམ་ན་ནི་དེའི་ཚེ་སྦོམ་པོར་རྣམ་པར་གཞག་གོ། །མི་ཤེས་པ་ལ་འཆི་བའི་དགྲ་བོ་མ་སྨྲས་པར། དེའི་ནད་གཡོག་ཏུ་མི་བཞག་གོ་ཞེས་བྱ་བ་ནི།

ནད་གཡོག་མི་ཤེས་པ་གླེན་པ་མི་ཤེས་པ་ལ་ནད་པ་འཆི་བའི་དགྲ་བོ་མི་འཆི་བར་བྱ་བའི་ཐབས་འདི་སྐད་བརྗོད་པར་བྱ་བ་ཁྱོད་ཀྱིས་འདི་འཆི་བ་ལ་དགྲ་བོས་གནས་པར་བྱ་སྟེ། གལ་ཏེ་རང་ཉིད་འཆི་བར་འདོད་ན་ཁྱོད་ཀྱིས་ཡལ་བར་དོར་བར་མི་བྱའོ། །གྲོགས་ཀྱང་མ་བྱེད་ཅིག་
ཅེས་མ་སྨྲས་པར་ནད་པ་དེའི་དྲུང་དུ་ནད་གཡོག་ཏུ་མི་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་ཡོད་ན་མི་གཞག་གོ་ཞེས་བྱ་བ་ནི། གལ་ཏེ་གནས་གཞན་ཡོད་དེ་ཇི་སྟེ་ནད་གཡོག་མཛངས་པ་གཞག་པའི་སྐབས་ཡོད་ན་ནི་དེའི་ཚེ་མི་ཤེས་པ་ལ་གོ་བར་བྱས་སུ་ཟིན་ཀྱང་
གཞག་པར་མི་བྱ་སྟེ། མཛངས་པ་ཡོད་པའི་ཕྱིར་རོ། །འཆི་བའི་འཚོག་ཆས་མི་གཞག་གོ་ཞེས་བྱ་བ་ནི། འཆི་བའི་འཚོག་ཆས་མཚོན་ཆ་ལ་སོགས་པ་ནད་གཡོག་གིས་ནད་པའི་དྲུང་དུ་མི་གཞག་གོ། །འཆི་བའི་ཕྱིར་རྗེས་སུ་སྒྲུབ་པ་ལས་ནད་གཡོག་གིས་བཟློག་པར་
བྱའོ་ཞེས་བྱ་བ་ནི། ནད་པ་དེ་འཆི་བའི་ཕྱིར་རྗེས་སུ་བསྒྲུབ་པ་དུག་ཟ་བ་དང་ཐག་པས་འཆིང་བ་དང་། མཚོན་འབྱིན་པ་ལ་སོགས་པ་ལས་ནད་གཡོག་གིས་བཟློག་པར་བྱའོ། །རྫས་ཀྱི་ཕྱིར་གཞན་ཤི་བར་འདོད་པར་མི་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་དང་ཆོས་གོས་ལ་
སོགས་པའི་རྫས་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་གཞན་འཆི་བར་མངོན་པར་དགའ་བར་མི་བྱའོ། །བྱ་བ་མ་ཡིན་པ་བྱེད་པ་ལ་སེམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ་ཞེས་བྱ་བ་ནི། བྱ་བ་མ་ཡིན་པ་མངལ་ན་གནས་པ་རླུགས་པར་བྱ་བ་ལ་སོགས་པའི་བྱེད་པ་ནི་བྱ་བ་མ་ཡིན་པ་
སྟེ་བྱ་བ་མ་ཡིན་པ་བྱེད་པ་དེ་ལ་སེམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ། །ལུས་དང་ངག་གི་འཇུག་པའི་སྔོན་དུ་འགྲོ་བ་ནི་སེམས་ཡིན་པའི་ཕྱིར་དེ་བཀག་པས་ལུས་དང་ངག་ཀྱང་བཀག་པར་གྲུབ་པ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་བྱུང་བས་
བྱ་བ་མ་ཡིན་པ་མངལ་ན་གནས་པ་རླུགས་པར་བྱ་བ་ལ་སོགས་པ་གང་ཡིན་པའི་དངོས་པོ་དེ་དག་གཞན་གྱིས་ད་ལྟར་དང་འདས་པ་དང་མ་འོངས་པའི་རྗེས་སུ་བསྒྲུབ་པ་ལ་སོགས་པ་ལ་ཡི་རང་བ་སེམས་ཀྱིས་ཞེས་བྱ་བ་ནི་མཚོན་པ་ཙམ་སྟེ། ལུས་དང་ངག་གིས་ཡི་རང་བ་དེ་ཡང་

དགེ་སློང་གིས་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞུང་ཁ་ཅིག་ལས་ཚེ་དང་ལྡན་པ་ཉེ་སྡེའི་དབང་དུ་མཛད་དེ་གསུངས་པ་ཉེ་སྡེ་ཁྱོད་ཀྱིས་མངལ་ན་གནས་པ་རླུགས་པར་བྱས་པ་བདེན་ནམ། བཙུན་པ་མད་ལགས་ཏེ། འདི་ལྟར་བདག་གིས་རྗེས་སུ་ཡི་
རང་བར་ནི་བགྱིས་སོ། །བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཉེ་སྡེ་ལ་ལྟུང་བ་མེད་དེ། དགེ་སློང་གིས་མངལ་ན་གནས་པ་རླུགས་པར་མི་བྱའོ། །དགེ་སློང་གིས་མངལ་ན་གནས་པ་རླུགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་ཏེ། གཞན་ཡང་
རབ་ཏུ་བྱུང་བས་བྱ་བ་མ་ཡིན་པ་ཅི་ཡང་རུང་བ་ཐམས་ཅད་བསྡུས་ཏེ། སྤྱིར་མདོ་འདི་བྱས་སོ། །སྐབས་འབྱུང་བ་སྨྲས་ནས། དེ་ནི་གསོད་པའི་ཕམ་པར་འགྱུར་བ་བརྗོད་པར་བྱ་སྟེ། གང་བྱས་ནས་གསོད་པའི་ཕམ་པར་འགྱུར་ཞེ་ན་དེའི་ཕྱིར། སྲོག་གཅད་ནའོ་ཞེས་བྱ་བ་སྨྲས་
ཏེ། སྲོག་གི་སྐད་ཅིག་མ་འོངས་པ་རྣམས་གཅད་པ་ནི་སྐྱེ་བ་འགགས་པའི་བྱ་བ་གསོད་པ་ཞེས་བྱ་བ་དེ་བྱས་ན་ཕམ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་པ་ཇི་ལྟ་བུས་ཤེ་ན་དེའི་ཕྱིར་དེ་ལྟར་བསམས་པས་སོ་ཞེས་བྱ་བ་སྨྲས་ཏེ། སྲོག་གཅད་པར་བསམས་པའི་སེམས་
ཀྱིས་ཞེས་བྱ་བའི་ཐ་ཚིག་སྟེ། གཞན་གྱིས་ཀྱང་སྲིད་པའི་ཕྱིར་རོ། །གང་གི་སྲོག་གཅད་ཞེ་ན་དེའི་ཕྱིར། མིར་གྱུར་པའིའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཕམ་པར་འགྱུར་བའི་རྒྱུད་ཀྱིས་མཚན་མ་བསྟན་ཏེ། བུད་མེད་དང་སྐྱེས་པ་དང་། མ་ནིང་དང་མཚན་མེད་པ་དང་།
མཚན་གཉིས་པ་དང་། མངལ་ནས་སྐྱེས་པ་དང་། མངལ་ནས་མ་སྐྱེས་པ་དང་། གཞོན་ནུ་དང་། རྒན་པོ་ཉིད་ལ་སོགས་པའི་བྱེ་བྲག་གི་རྒྱུད་འགའ་མ་བྱས་པར་སྤྱིར་བཟུང་ངོ་། །གཞན་དུ་འདུ་ཤེས་པས་སམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དེ་ལྟར་འདུ་ཤེས་པས་སོ་ཞེས་
བྱ་བ་སྨྲས་ཏེ། མ་ནོར་བར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། མ་ནོར་བར་འདུ་ཤེས་པས་སྲོག་གཅོད་པའི་སེམས་ཀྱིས་མིར་གྱུར་པ་སྲོག་གཅད་པ་བྱས་ན་ཕམ་པར་འགྱུར་རོ། །དུག་དང་མཚོན་དང་གསང་སྔགས་ལ་སོགས་པའི་སྦྱོར་བ་དག་གིས་

སྲོག་གཅོད་པ་སྲིད་པས་དེའི་ཕྱིར་འདི་བརྗོད་པར་བྱ་སྟེ། རྣམ་པ་གང་གིས་ཤེ་ན་དེའི་ཕྱིར་གང་ཡང་རུང་བས་སོ་ཞེས་བྱ་བ་སྨྲས་ཏེ། རྣམ་པ་གང་ཡང་རུང་བས་སོ། །དེ་ཉིད་ཀྱི་སྤྲོས་པ་བསྟན་པའི་ཕྱིར། བྱེ་བྲག་མེད་པ་ནི་ལུས་དང་དེ་དང་འབྲེལ་པ་དང་། འཕངས་
པ་དང་། གཞན་དང་བསྒོ་བ་རྣམས་སོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་མེད་པ་ཞེས་བྱ་བ་ནི། འདི་མན་ཆད་འོག་གི་མདོ་ལས་གཞི་དེས་གཞན་གྱི་ཚེ་ཤི་ན་འོ་ཞེས་བྱ་བ་ནི་བྱུང་བ་ཡན་ཆད་ཀྱི་དབང་དུ་བྱ་བ་ཡིན་ཏེ། ལུས་ཞེས་བྱ་བ་ལ་སོགས་པ་སྲོག་གཅོད་པའི་སྦྱོར་བ་འདི་དག་
ནི་གསོད་པ་ལ་བྱེ་བྲག་མེད་དེ་ཁྱད་པར་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཞེས་བྱ་བ་ནི་ལུས་ཉིད་དོ། །དེ་དང་འབྲེལ་པ་ཞེས་བྱ་བ་ནི། ལུས་དང་འབྲེལ་པ་དབྱིག་པ་ལ་སོགས་པའོ། །འཕངས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ལུས་དེས་བོང་བ་ལ་སོགས་པ་
འཕངས་པ་དང་། དེ་དང་འབྲེལ་པས་གཞུས་མདའ་ལ་སོགས་པ་འཕངས་པའོ། །གཞན་ཞེས་བྱ་བ་ནི། གསད་པར་བྱ་བ་གསད་པའི་ཕྱིར་བསྒོས་པ་གཞན་གང་ཡིན་པའོ། །བསྒོ་བ་ཞེས་བྱ་བ་ནི། གསད་པར་བྱ་བ་དེ་ཉིད་ལ་རང་གིས་གྱིས་ཤིག་ཅེས་བསྒོ་བའོ། །དུག་
དང་ཕྱེ་མ་དང་། དོང་དང་ཤིང་དང་རང་བཞིན་ཉམས་པ་གཏོང་བ་དང་། བྲང་དུ་འདེབས་པ་དང་། འཁྲུལ་འཁོར་དང་སྒྱུ་ཐབས་དང་རོ་ལངས་རྗེས་སུ་སྦྱོར་བ་རྣམས་སོ་ཞེས་བྱ་བ་ལ། དུག་གི་སྦྱོར་བ་ནི། དུག་དང་བཅས་པའི་ཁ་ཟས་ལ་སོགས་པ་སྦྱིན་པའོ། །ཕྱེ་མའི་སྦྱོར་
བ་ནི་དུག་གི་ཕྱེ་མས་བཏབ་པའི་གོས་ལ་སོགས་པ་བསྐོན་པའོ། །དོང་གི་སྦྱོར་བ་ནི་རླུབས་རྐོ་བ་ལ་སོགས་པའོ། །ཤིང་གི་སྦྱོར་བ་ནི་སྡོང་པོ་བསྒྱེལ་བ་ལ་སོགས་པའོ། །རང་བཞིན་ཉམས་པ་གཏོང་བའི་སྦྱོར་བ་ནི་མྱོས་པར་བྱས་ཏེ། དགོན་པར་གཏོང་བ་ལ་སོགས་
པའོ། །བྲང་དུ་འདེབས་པའི་སྦྱོར་བ་ནི། འཇིམ་པའི་གཟུགས་ལ་སོགས་པ་རལ་གྲི་ཐོགས་པས་བྲང་དུ་འདེབས་པ་སྟེ། བྲང་དུ་མཚོན་གྱིས་འདེབས་པའི་ཕྱིར་རོ། །འཁྲུལ་འཁོར་གྱི་སྦྱོར་བ་ནི་ས་མདའ་ལ་སོགས་པ་འཛུགས་པའོ། །སྒྱུ་ཐབས་ཀྱི་སྦྱོར་བ་ནི་

མིག་བཀབ་སྟེ་གཡང་སར་གཏོང་བ་ལ་སོགས་པའོ། །རོ་ལངས་ཀྱི་སྦྱོར་བ་ནི་རོ་ལངས་སྦོད་པ་ལ་སོགས་པའོ། །རོ་ལངས་ཕྱེད་ཀྱང་དེ་ཉིད་ཀྱིས་བསྡུས་པར་རིག་པར་བྱའོ། །དེས་ན་ལོགས་ཤིག་ཏུ་མ་བྱས་སོ། །རྗེས་སུ་སྦྱོར་བ་ནི་ཆོལ་པ་
ལ་སོགས་པ་སྟེ། དེ་དག་ཀྱང་འཆི་བ་ལ་བྱེ་བྲག་འགའ་ཡང་མེད་དོ། །གཡང་དུ་གཏོང་བའོ་ཞེས་བྱ་བ་བྱེ་བྲག་མེད་དོ་ཞེས་བྱ་བར་སྦྱར་རོ། །གང་ལས་ཤེ་ན་གད་པ་ལ་སོགས་པ་ལས་ཞེས་བྱ་བར་དོན་གྱིས་ཤེས་པར་བྱའོ། །མེ་དང་ཆུར་འཛུད་པའོ་ཞེས་བྱ་བ་ཡང་མེ་དང་
ཆུར་འཕུལ་བ་ཡང་བྱེ་བྲག་མེད་པའོ། །གྲང་བ་དང་ཚ་བར་འདོགས་པའོ་ཞེས་བྱ་བ་ཡང་ལྷགས་ཁྲོད་དང་ཚད་ཁུངས་སུ་སྲོག་གཅོད་པའི་ཕྱིར་འདོགས་པར་བྱེད་པ་ཡང་བྱེ་བྲག་མེད་པའོ། །ཕོ་ཉར་གཏོང་བ་ལ་སོགས་པའོ་ཞེས་བྱ་བ་ཡང་གང་དུ་འཆི་བར་འགྱུར་བ་སྲིད་པ་དེར་ཕོ་ཉ་
དང་མངགས་པ་ཉིད་དུ་གཏོང་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དེར་སོང་ན་འདི་དང་འདི་ལྟ་བུ་རྙེད་པར་འགྱུར་རོ་ཞེའམ། ཕ་མ་མཐོང་བར་འགྱུར་རོ་ཞེས་འདྲིད་པས། གཏོང་བ་ལ་སོགས་པ་བསྡུས་ཏེ་དེ་དག་ལ་སོགས་པ་གསད་པའི་ཐབས་རྣམས་ལ་བྱེ་བྲག་མེད་དོ། །
དེ་རྗེས་སུ་བསྒྲུབ་པ་ཆུང་ངུ་ཉིད་ཀྱང་ངོ་ཞེས་བྱ་བ་ནི། གསད་པའི་རྗེས་སུ་སྒྲུབ་པ་ཆུང་ངུ་ལ་ཡང་བྱེ་བྲག་མེད་པ་སྟེ། དེ་རྗེས་སུ་སྒྲུབ་པ་ཆུང་ངུ་ཉིད་ནི་རྐང་པའི་མཐེ་བོ་དང་རྒྱ་ཤུག་གི་ཚི་གུ་དང་ཤིང་བལ་ལ་སོགས་པ་བསྣུན་པ་ལྟ་བུ་དག་གོ། །འདི་ལྟར་དེ་དག་ནི་སྔར་གང་
ཡང་རུང་བས་སོ་ཞེས་བྱ་བ་དེས་བསྡུས་པ་ཡིན་མོད་ཀྱི་འོན་ཀྱང་དེ་ཉིད་གསལ་བར་བསྟན་པའི་ཕྱིར་ཚིག་འདི་སྨོས་སོ། །གསད་པར་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་ཉིད་དོ་ཞེས་བྱ་བ་ནི། གསད་པར་བྱ་བའི་སེམས་ཅན་ནི་སྐྱེས་པ་ཉིད་དང་། བུད་མེད་ཉིད་དང་མ་
ནིང་ཉིད་ལ་བྱེ་བྲག་མེད་པ་སྟེ། གནས་དེ་དག་སྨོས་པ་ནི་སྤྲོས་པའི་དོན་བསྟན་པ་ཡིན་ནོ། །གཞི་དེས་གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་ལ། གཞི་དེས་ཞེས་བྱ་བ་ནི། སྦྱོར་བ་སྔ་མའི་གཞི་དེས་སོ། །གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་ནི་དེའི་ཚེ་ན་ཤི་བ་དང་། གཞན་

གྱི་ཚེ་ན་ཤི་བ་ལ་བྱེ་བྲག་འགའ་ཡང་མེད་པ་སྟེ། འདིར་གཞུང་ནི་དེས་དེའི་ཚེ་མ་ཡིན་ཡང་དེས་འོན་ཀྱང་དེས་དེའི་འོག་ཏུའོ་ཞེས་གསུངས་པ་ཡིན་ནོ།། །།བམ་པོ་བཅུ་གཉིས་པ། འདུན་པ་བཟློག་པའི་འོག་ཏུ་ནི་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཤི་ན་
ཞེས་བྱ་བར་སྦྱར་རོ། །སྔར་དགེ་སློང་གིས་མིར་གྱུར་པ་ཞིག་འཆི་བའི་རིགས་པར་གྲོས་བཏབ་ནས་དེའི་འོག་ཏུ་འཆི་བ་ལས་འདུན་པ་བཟློག་སྟེ། མི་འཆི་བར་བཟློག་པའི་འོག་ཏུ་ཕྱིས་དུས་གཞན་ན་མི་དེ་དགེ་སློང་གིས་གྲོས་སྔ་མ་དེ་བཟུང་སྟེ། ཤི་ན་སྦྱོར་བ་སྔ་མ་དེ་རྒྱུ་ཉིད་མ་
ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་སྔར་མི་གཞན་འཆི་བར་གྲོས་བཏབ་པའི་འོག་ཏུ་མི་དེ་འཇིགས་པ་དང་བཅས་པ་ལ་སོགས་པའི་གནས་དག་ནས་འདུན་པ་ཟློག་པར་བྱེད་པ་ན་དེའི་ཚེ་ཕ་རོལ་པོ་ཁས་མི་ལེན་ཅིང་ཕྱིས་རང་དགར་བདག་ཉིད་གསོད་པར་
བྱེད་ན་དགེ་སློང་དེའི་སྦྱོར་བ་སྔ་མ་དེའི་རྒྱུ་ཉིད་མ་ཡིན་ཏེ། ཕམ་པར་མི་འགྱུར་རོ། །སྦྱོར་བ་སྔ་མ་ལས་ནི་སྦོམ་པོར་འགྱུར་རོ། །དཀུ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་མ་བསམས་པ་ཤོས་ན་སྦོམ་པོའོ་ཞེས་བྱ་བ་ནི། དཀུ་མཉེས་པའི་རྒྱུས་མ་དང་
མངལ་ན་གནས་པ་གཉིས་ལས་གང་ཡང་རུང་བ་མ་བསམས་པ་ཤི་ན་དེའི་ཚེ་སྦོམ་པོར་སྦྱར་རོ། །དཀུ་མཉེས་པས་ཞེས་བྱ་བ་ནི། དཀུ་མཉེས་པའི་རྒྱུས་སོ། །མ་དང་མངལ་ན་གནས་པ་ཞེས་བྱ་བ་ནི། མ་དང་མངལ་ན་གནས་པ་གཉིས་ཏེ། དེ་གཉིས་ལས་གང་ཡང་རུང་
བའོ། །མ་བསམས་པ་ཞེས་བྱ་བ་ནི། ཆེད་དུ་མ་བསམས་པའོ། །མ་བསམས་པ་ཤོས་དེ་ཤི་ན་དེའི་ཚེ་སྦོམ་པོའོ། །འདི་སྐད་བསྟན་ཏེ། མངལ་ན་གནས་པ་དང་བཅས་པའི་དཀུ་མཉེས་པས་གལ་ཏེ་མ་དང་མངལ་ན་གནས་པ་གཉིས་ལས་མ་བསམས་པ་ཤོས་ཤི་ན་སྦོམ་པོ་སྟེ།
གནོད་པ་བྱ་བར་ངེས་པ་ཡོད་པའི་ཕྱིར་རོ། །བསམས་པ་ཤོས་ཤི་ན་ཕམ་པར་འགྱུར་རོ། །གཞི་དེ་ལས་གསོད་པ་ལ་འཇུག་པ་དང་ལེན་ནའོ་ཞེས་བྱ་བ་ནི། སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །གཞི་དེ་ལས་ཞེས་བྱ་བ་ནི་དང་དུ་ལེན་པའི་གཞི་དེ་ལས་སོ། །གསོད་པ་ལ་འཇུག་པ་

ཞེས་བྱ་བ་ནི་དང་དུ་བླངས་པའི་གཞི་དེས་ན་གསོད་པར་བྱེད་ན་གསོད་པ་ལ་འཇུག་པའོ། །འཇུག་པའི་གཞི་དེ་དང་དུ་ལེན་ན་སྦོམ་པོའོ། །འདིར་གཞུང་ནི་གཞན་ལས་ཚེ་དང་ལྡན་པ་ཉེ་སྡེའི་དབང་དུ་མཛད་དེ། ཉེ་སྡེ་ཁྱོད་ཀྱིས་མངལ་ན་གནས་པ་
རླུགས་པར་བྱས་སམ། བཙུན་པ་བདག་གིས་མངལ་ན་གནས་པ་རླུགས་པར་ནི་མ་བགྱིས་ཏེ། འོན་ཀྱང་བདག་གིས་དང་དུ་བླངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གནས་དེ་ལྟ་བུ་དང་དུ་བླང་བར་མི་བྱའོ། །དང་དུ་ལེན་པར་བྱེད་ན་འགལ་
ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྣམ་པ་དེ་ལྟ་བུ་དང་དུ་ལེན་པའི་རྣམ་པ་དེ་ལ་འཇུག་པ་ན་ལུས་འགྱུར་བ་ཡང་གདོན་མི་ཟ་བར་སྐྱེ་ལ། ངག་གི་འགྱུར་བ་ཁོ་བོ་ནི་འགོག་པར་ཡང་མི་བྱེད་ལ། སྐུལ་བར་ཡང་མི་བྱེད་དེ་ཁྱོད་ཉིད་ཤེས་སོ་ཞེས་བྱ་བ་ཡང་
འབྱུང་བས་དེའི་ཕྱིར་སྦོམ་པོར་གཞག་གོ། །ཁྱོད་ཀྱི་མིང་གིས་འཆི་བའི་ཡོ་བྱད་སྦྱིན་ནོ་ཞེས་ཟེར་བ་ཡང་ངོ་ཞེས་བྱ་བ་ཡང་དང་དུ་ལེན་པར་བྱེད་ན་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །གཞན་ཞིག་དགེ་སློང་ལ་འདི་སྐད་ཅེས་ཁྱོད་ཀྱི་མིང་གིས་གསད་པར་བྱ་བའི་མི་ལ་དུག་སྦྱར་མ་
ལ་སོགས་པ་འཆི་བའི་ཡོ་བྱད་སྦྱིན་ནོ་ཞེས་རྣམ་པ་དེ་ལྟ་བུའི་ཚིག་ཟེར་བ་དེ་དགེ་སློང་དེས་དང་དུ་ལེན་པར་བྱེད་ན་ཡང་སྦོམ་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས། ཁྱོད་ཀྱི་མིང་གིས་ཕྱེ་མ་སྦྱིན་ནོ་ཞེས་ཟེར་བ་དགེ་སློང་མས་དང་དུ་
བླངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱོད་ཀྱིས་མངལ་ན་གནས་པ་རླུགས་པར་བྱས་པ་བདེན་ནམ། བཙུན་པ་བདག་གིས་མངལ་ན་གནས་པ་རླུགས་པར་མ་བགྱིས་ཏེ། འོན་ཀྱང་བདག་གིས་དང་དུ་བླངས་སོ། །བཅོམ་ལྡན་འདས་ཀྱིས་
དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མས་རྣམ་པ་དེ་ལྟ་བུ་དང་དུ་བླང་བར་མི་བྱའོ། །དང་དུ་ལེན་པར་བྱེད་ན་ཉེས་པ་སྦོམ་པོའི་ལྟུང་བ་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ཏེ། དེ་མདོ་འདིར་བྱས་པ་ཡིན་ནོ། །དང་དུ་ལེན་པའི་མཚན་ཉིད་

ནི་མདོ་སྔ་མ་ལ་བསྟན་པ་ཡིན་ནོ། །ཅང་མི་སྨྲ་བས་དང་དུ་ལེན་ན་ཡང་སྦོམ་པོ་ཁོ་ནའོ། །གཞན་དུད་འགྲོ་མ་ཡིན་པ་དང་སྤྲུལ་པ་བསད་པ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲ་ནི་སྦོམ་པོའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་རོ། །མིར་གྱུར་པའི་ལས་གཞན་པའི་འགྲོ་
བ་བསད་ན་སྦོམ་པོའོ། །ཅི་དུད་འགྲོའི་འགྲོ་བ་པ་བསད་ན་ཡང་སྦོམ་པོའམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། དུད་འགྲོ་མ་ཡིན་པ་ཞེས་བྱ་བ་སྨྲས་ཏེ། དུད་འགྲོའི་འགྲོ་བ་པ་མ་གཏོགས་ཏེ། དེ་ལས་ནི་ལྟུང་བྱེད་དུ་གསུངས་པའི་ཕྱིར་རོ། །སྤྲུལ་པ་བསད་པ་ཡང་སྦོམ་པོ་ཁོ་
ནའོ། །སྤྲུལ་པ་ཡང་རྣམ་པ་གཉིས་སུ་བཞེད་དེ། སྲོག་ཆགས་སུ་གྱུར་པ་དང་། སྲོག་ཆགས་མ་ཡིན་པའོ། །དེ་ལ་འདིར་ནི་སྲོག་ཆགས་སུ་གྱུར་པའི་སྤྲུལ་པ་གཟུང་གི་སྲོག་ཆགས་མ་ཡིན་པ་ནི་མི་གཟུང་སྟེ། དེ་ལ་སྲོག་གཅད་པ་མེད་པའི་ཕྱིར་རོ། །འདིར་ཡང་
སྲོག་གཅོད་པའི་རྒྱུ་ལས་ལྟུང་བ་རྣམ་པར་གཞག་པར་བྱེད་དེ། གཞིའི་རྣམ་པ་ལ་ལྟོས་པའི་ཕྱིར་རོ། །འདིར་གཞུང་ནི་ཚེ་དང་ལྡན་པ་དག་མི་མ་ཡིན་པ་ནི་ཤིན་ཏུ་ཆེན་པོ་བསད་ཀྱང་སྦོམ་པོར་ཟད་དོ་ཞེས་གསུངས་པ་ཡིན་ནོ། །སྤྲུལ་པའི་ཕྱི་ནས་གཞུང་ནི་གཏམ་གྱི་གཞི་
ལས་འགྲོ་བ་ཐམས་ཅད་དུ་མ་གཏོགས་པ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །འོ་ན་དེ་ལྟ་ན་དགྲ་བཅོམ་པ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ན་མྱ་ངན་ལས་འདས་པ་ཡང་མ་ཡིན་ནོ་ཞེས་གསུངས་སོ། །འོ་ན་དེ་ལྟ་ན་ཕྱིར་མི་འོང་བ་བར་མ་དོར་ཡོངས་སུ་
མྱ་ངན་ལས་འདའ་བ་སྲིད་པ་བར་མ་ལ་གནས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་རྒྱལ་བའི་བསྟན་པ་ལ་མི་འཇུག་པའོ་ཞེས་གསུངས་སོ། །འོ་ན་དེ་ལྟ་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་ཡིན་པར་ཐལ་པར་འགྱུར་རོ་ཞེ་ན་མ་ཡིན་
ཏེ། དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ་ཞེས་གསུངས་སོ། །འོ་ན་དེ་གང་ཡིན་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲུལ་པ་སྟེ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཕྱིར་སྤྲུལ་པ་ལ་ཡང་དེ་དག་ཐམས་ཅད་ཡོད་དོ། །དེ་སྲོག་བཅད་ན་ལྟུང་བ་ཅིར་

འགྱུར་ཞེ་ན་ཉེས་པ་སྦོམ་པོ་སྟེ། དེ་ལ་ཡང་སེམས་ཅན་དུ་བགྲང་བའི་བསམ་པ་ཡོད་ན་ནི་ཉེས་པ་སྦོམ་པོ་ཁོ་ནར་འགྱུར་རོ། །གཞན་ལས་ནི་རོ་ལངས་ཀྱི་བསམ་པས་སྤྲུལ་པ་གསོད་པར་བྱེད་ན་ཞེས་གསུངས་སོ། །འདིར་ནི་སྤྲུལ་པ་ཞེས་སྨོས་པ་དུད་
འགྲོ་མ་གཏོགས་པ་ཐམས་ཅད་ཡིན་པར་རིག་པར་བྱའོ། །འདི་ལ་ལྟུང་བ་རྣམ་པར་གཞག་པ་ནི་འདི་ལྟར་རིག་པར་བྱ་སྟེ། སེམས་ཅན་དུ་བགྲང་བ་མ་ཡིན་པའི་སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦོམ་པོ་སྟེ། མིར་འདུ་ཤེས་པས་ཞུགས་པའི་ཕྱིར་རོ། །དངོས་
གཞི་ལ་ནི་ལྟུང་བ་མེད་དེ་གང་གི་ཡང་སྲོག་གཅད་པ་མེད་པའི་ཕྱིར་རོ། །མི་མ་ཡིན་པར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦྱོར་བ་ལ་ཉེས་བྱས་ཏེ། ལྷ་ལ་སོགས་པར་འདུ་ཤེས་པས་ཞུགས་པའི་ཕྱིར་རོ། །དངོས་གཞི་ལ་ནི་ལྟུང་བ་མེད་དེ་སྔ་མ་བཞིན་ནོ། །དུད་འགྲོའི་
འགྲོ་བ་པའི་སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦོམ་པོ་སྟེ། མིར་འདུ་ཤེས་པས་ཞུགས་པའི་ཕྱིར་རོ། །དངོས་གཞི་ལ་ནི་ལྟུང་བྱེད་དེ་དུད་འགྲོའི་འགྲོ་བ་པ་བསད་པའི་ཕྱིར་རོ། །དུད་འགྲོའི་འགྲོ་བ་པར་འདུ་ཤེས་པས་གསོད་པ་ལ་སྦྱོར་བ་ལ་ནི་ཉེས་
བྱས་སོ། །དངོས་གཞི་ལ་ལྟུང་བྱེད་དོ། །ལྷ་ལ་སོགས་པར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ཡང་སྦྱོར་བ་ལ་ཉེས་བྱས་སོ། །དངོས་གཞི་ལ་ལྟུང་བྱེད་དོ། །ལྷའི་འགྲོ་བ་པའི་སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦྱོར་བ་ལ་སྦོམ་པོའོ། །དངོས་
གཞི་ལ་ཡང་སྦོམ་པོའོ། །བསྡུས་པའི་བསམ་པས་ཞུགས་ན་བསྡུས་པ་དེའི་སྲོག་གཅད་པ་བྱས་པ་ཁོ་ནའོ། །ལྷར་འདུ་ཤེས་པས་གསོད་པ་ལ་ནི་སྦྱོར་བ་ལ་ཉེས་བྱས་སོ། །དངོས་གཞི་ལ་སྦོམ་པོའོ། །མི་མ་ཡིན་པ་གཞན་དུ་འདུ་ཤེས་པས་གསོད་པར་བྱེད་པ་ལ་ཡང་སྦྱོར་བ་
ལ་ཉེས་བྱས་སོ། །དངོས་གཞི་ལ་སྦོམ་པོའོ། །དེ་བཞིན་དུ་ཡི་དགས་ཀྱི་འགྲོ་བ་པ་དང་། སེམས་ཅན་དམྱལ་བའི་འགྲོ་བ་པའི་སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦྱོར་བ་ལ་སྦོམ་པོའོ། །དངོས་གཞི་ལ་ཡང་སྦོམ་པོ་ཁོ་ནའོ། །རང་རང་དུ་འདུ་ཤེས་པས་གསོད་

པར་བྱེད་པ་ལ་ནི་སྦྱོར་བ་ལ་ཉེས་བྱས་སོ། །དངོས་གཞི་ལ་སྦོམ་པོའོ། །མི་མ་ཡིན་པ་གཞན་དུ་འདུ་ཤེས་པས་གསོད་པར་བྱེད་པ་ཡང་སྦྱོར་བ་ལ་ཉེས་བྱས་སོ། །དངོས་གཞི་ལ་སྦོམ་པོའོ། །དྲི་བར་བྱ་བ་ལ་མ་སྨྲས་པར་ནད་པ་ལ་སྨན་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི་དྲི་བར་འོས་པས་དྲི་
བར་བྱ་བ་སྟེ། སྨན་པ་ལ་སོགས་པའོ། །དགེ་སློང་མི་མཁས་པས་དེ་ལ་མ་སྨྲས་མ་དྲིས་པར་ནད་པ་ལ་གྱ་ཚོམ་དུ་སྨན་སྦྱིན་པར་མི་བྱའོ། །གསོ་བ་ལ་མཁས་པས་ཚངས་པ་མཚུངས་པར་སྤྱོད་པའི་ནད་གཡོག་བྱའོ་ཞེས་གསུངས་པས་དེའི་ཕྱིར་འདི་ནི་མི་མཁས་པའི་ཡུལ་ལ་བཀག་
པ་ཡིན་ནོ། །འདིར་སུ་ལ་དྲི་བར་བསམས་ཤེ་ན་དེའི་ཕྱིར། འདིར་སྨན་པ་དང་དེ་རབ་ཏུ་བྱུང་བ་དང་བཀོལ་བ་རྣམས་ལ་དྲི་བར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ནད་པ་ལ་སྨན་སྦྱིན་པར་བྱ་བ་དྲི་བའི་སྐབས་འདིར་སྨན་པ་ཞེས་བྱ་བ་ནི་སྨན་དཔྱད་ཀྱི་བསྟན་བཅོས་ཤེས་པ་དང་།
སྦྱོར་བ་ཤེས་པའོ། །དེ་རབ་ཏུ་བྱུང་བ་ཞེས་བྱ་བ་ནི་སྨན་པ་རབ་ཏུ་བྱུང་བའོ། །དེ་ཞེས་བྱ་བའི་སྒྲ་བཀོལ་བ་ཞེས་བྱ་བ་དང་ཡང་སྦྱར་བར་བྱ་སྟེ། དེས་བཀོལ་བ་ཞེས་བྱ་བ་སྨན་པས་བཀོལ་བ་སྨན་པ་དང་ལྷན་ཅིག་སྤྱོད་སྤྱོད་པའི་སྨན་གཡོག་བྱ་བ་ལ་མཁས་པ་སྟེ། དེ་རྣམས་
ལ་དྲི་བར་བྱ་བ་ཉིད་དེ། དགེ་སློང་མི་མཁས་པས་དེ་དག་ལ་དྲིས་ལ་ནད་པ་ལ་སྨན་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ནད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི། བཀོལ་བ་ཞེས་བྱ་བར་སྦྱར་ཏེ། ནད་ཀྱིས་བཀོལ་བར་གྱུར་པ་དག་ལ་ཡང་དྲི་བར་བྱ་བ་ཉིད་དོ། །དགེ་སློང་རྒན་
རབས་རྒན་རབས་ཤེས་རབ་ཅན་རྣམས་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་གནས་བརྟན་ལ་སོགས་པ་ནི་རྒན་རབས་རྒན་རབས་སོ། །དེ་དག་ནི་གལ་ཏེ་ན་ཤེས་རབ་ཅན་ཡིན་ཏེ་དུས་ཡུན་རིང་པོ་འདས་པ་ནས་འཕྲད་པ་དང་མི་འཕྲོད་པ་ཡོངས་སུ་བསྐྱེད་པའི་ཕྱིར་ཏེ། དེ་དག་
ལ་ཡང་ཡོངས་སུ་དྲི་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སྔ་མ་མེད་ན་ཕྱི་མ་ལའོ་ཞེས་བྱ་བ་ནི་དྲི་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སྔ་མ་མེད་ན་ཞེས་བྱ་བ་ནི་སྨན་པ་མེད་ནའོ། །ཕྱི་མ་ལའོ་ཞེས་བྱ་བ་ནི། དེ་རབ་ཏུ་བྱུང་བ་ལ་དྲི་བར་བྱ་བའོ། །དེ་བཞིན་དུ་དེ་རབ་ཏུ་བྱུང་བ་མེད་ན་དེས་

བཀོལ་བ་ལའོ། །དེ་མེད་ན་ནད་ཀྱིས་བཀོལ་བ་ལའོ། །དེ་མེད་ན་དགེ་སློང་རྒན་རབས་རྒན་རབས་ཤེས་རབ་ཅན་རྣམས་ལ་དྲི་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་བྱིན་པ་ལ་ནི་ན་སྨད་པ་མེད་དོ་
ཞེས་བྱ་བ་ནི། མྱུར་དུ་ཤི་ན་སྡུག་བསྔལ་མེད་དོ་སྙམ་པ་དེ་ལྟ་བུའི་ཕན་པར་འདོད་པ་ཉིད་ཀྱིས་དགེ་སློང་གིས་ནད་པ་འཆི་བའི་ཕྱིར་སྨན་མ་ཡིན་པ་དུག་ལ་སོགས་པ་བྱིན་ཏེ་ཤི་བ་ལ་ནི་ན་སྨད་པ་མེད་པར་བལྟ་བར་བྱ་སྟེ། གསད་པའི་སེམས་ཡོད་པའི་ཕྱིར་རོ། །ཕན་པའི་བསམ་པས་
དུག་ལ་སོགས་པས་གསད་པ་དེ་ལ་ཉེས་པ་མེད་དོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་ཚིག་འདི་སྨོས་ཏེ། ཆོམ་རྐུན་པ་དག་གི་ལག་པ་ལ་སོགས་པ་བཅད་དེ་ཚོར་བས་གནོད་པར་གྱུར་པ་དག་ལ་འཆི་བར་བྱ་བའི་ཕྱིར་དགེ་སློང་མས་འགྱུར་བྱེད་ཀྱི་ལན་ཚྭ་བྱིན་པ་ལས་མདོ་འདི་བྱས་སོ། །ཁུར་
འདེགས་པར་མི་ནུས་པ་གྲོགས་ཉིད་མི་བྱའོ་ཞེས་བྱ་བ་ལ་ཁུར་འདེགས་པར་མི་ནུས་པ་ནི་ཁུར་མི་ཐེག་པ་སྟེ། གང་དུ་བདག་དང་གཞན་དག་ལ་གནོད་པར་འགྱུར་བ་དེ་ལ་གྲོགས་མི་བྱའོ། །ཅི་སྟེ་གཏན་དུ་བཀག་པ་ཡིན་ནམ་ཞེ་ན། དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར།
གལ་ཏེ་དེ་ལྟ་བུའི་རྐྱེན་གྱིས་ན་ཁྱིམ་པ་དག་རུབ་པ་ཉིད་ལ་ཅིག་ཅར་གདེག་པར་སྐད་སྦྱར་ཏེ་བྱའོ་ཞེས་བྱ་བ་སྨྲས་ཏེ་བྱའོ་ཞེས་བྱ་བ་བྱེད་པའི་ཚིག་དང་པོར་སྨོས་པ་ན་འདི་ཡང་ཅི་དགར་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུའི་རྐྱེན་གྱིས་ན་ཞེས་བྱ་བ་ནི། གལ་ཏེ་མེ་ཤོར་བ་ལ་སོགས་
པའི་རྐྱེན་ཏམ་འདེགས་པའི་ལས་སུ་བསྐོས་པར་གྱུར་ནའོ། །ཁྱིམ་བདག་རུབ་པ་ཉིད་ལ་ཞེས་བྱ་བ་ནི། ཁུར་འདེགས་པར་མི་ནུས་པ་དེ་ལ་ཁྱིམ་པ་དག་མདོ་མདོ་ནས་འཛིན་ཅིང་རུབ་པ་ཉིད་ལ་སྟེ། ཁུར་འདེགས་པའི་ཕྱིར་ལག་རུབ་ཏུ་རུབ་པ་ཉིད་བྱའི་གྱི་ན་འདུས་ཤིང་
འདུག་པ་ཙམ་གྱིས་རུབ་པ་ལ་ནི་མ་ཡིན་ནོ། །ཅིག་ཆར་འདེགས་པར་སྐད་སྦྱར་ཏེ་ཞེས་བྱ་བ་ནི། དེ་ལྟར་རུབ་པ་ཉིད་དེ་ལ་ད་ཅིག་ཅར་ཐེག་ཅེས་ཁྱིམ་པ་དེ་དག་ལ་བསྒོ་བར་བྱ་ཞིང་སྐད་སྦྱར་ནས་བདག་ཀྱང་ལོག་སྟེ་གདེག་པར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་

རྐྱེན་དེ་ལྟ་བུ་བྱུང་བར་གྱུར་ལ། ཁྱིམ་བདག་ཀྱང་མདོ་མདོ་མདོར་རུབ་པར་གྱུར་ཅིང་ཅིག་ཅར་གདེག་པར་སྐད་སྦྱར་ཀྱང་དེའི་ཚེ་དེ་དག་གིས་ཁུར་དེ་གདེག་པར་མི་ནུས་ན་དགེ་སློང་གིས་རང་དགར་གདེག་པའི་གྲོགས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཞག་པ་ལ་ཡང་ཅིག་ཅར་
ཉིད་དུ་སྐད་སྦྱར་རོ་ཞེས་བྱ་བ་ནི། ཁུར་འདེགས་དཀའ་བ་དེ་གཞག་པའི་ཚེ་ན་ཡང་ཅིག་ཅར་བཞག་པ་ཉིད་དུ་ཐམས་ཅད་ལ་བསྒོ་བར་བྱ་བའོ། །སོ་ཕག་མི་འཕང་ངོ་ཞེས་བྱ་བ་ནི། ལག་ནས་ལག་ཏུ་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ལག་གིས་ལས་
དག་བྱེད་པ་ལ་བསྟན་པ་ཡིན་ནོ། །རྐྱེན་དེ་ལྟ་བུ་ཡུལ་ལ་རིགས་པར་ཡིན་པས། དེས་ན་དེ་ཡུལ་ཐམས་ཅད་ལ་བཀག་པ་ཡིན་ནོ། །བྱེ་བ་དང་གས་པ་མ་བརྗོད་པར་དེ་ཉིད་སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ་སོ་ཕག་གི་སྟེང་གི་ངོས་སམ་འོག་གི་ངོས་འགོག་པ་ནི་བྱེ་བའོ། །
སེར་ཀ་བྱུང་བ་ནི་གས་པའོ། །དེ་དག་མ་བརྗོད་པར་ཞེས་བྱ་བ་ནི་མ་སྦྲན་པར་རོ། །དེ་ཉིད་ཅེས་བྱ་བ་ནི། བྱེ་བ་ཉིད་དང་གས་པ་ཉིད་དོ། །དེ་ཉིད་ལེན་པ་པོ་ལ་མ་བརྗོད་པར་སྦྱིན་པར་མི་བྱ་བ་སྟེ། དབུལ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་དེ་ནི་ལེན་པ་པོ་ལ་
གནོད་པར་འགྱུར་བ་སྤང་བའི་ཕྱིར་རོ། །རྐུན་པོ་སྤ་བཀོང་བའི་ཕྱིར་ཚམ་རྔམ་བྱའོ་ཞེས་བྱ་བ་ཡང་བྱེད་པའི་ཚིག་དང་པོར་སྨོས་པས་ཅི་དགར་བྱ་བ་ཡིན་ནོ། །རྐུན་པོ་སྤ་བཀོང་བའི་ཕྱིར་ཞེས་བྱ་བ་ནི། ཆོམ་རྐུན་པ་བསྡིགས་པའི་ཕྱིར་རོ། །ཚམ་རྔམ་ཞེས་བྱ་
བ་ནི། གནོད་པ་མེད་པའི་བསམ་པས་ལུས་དང་ངག་གཉིས་ཀྱིས་འཇིགས་པ་སྟོན་པའོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་ཆོམ་རྐུན་པ་དག་འབྲོས་པར་བྱ་བའི་ཕྱིར་ལུས་ཀྱི་ཚམ་རྔམ་ཕུག་ཏྲིག་དང་། ངག་གི་ཨག་ཚམ་ཆེར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཚམ་
རྔམ་བསྟན་པའི་ཕྱིར། གཎྜཱི་ལ་སོགས་པ་མི་ཕོག་པར་འཕང་ངོ་ཞེས་བྱ་བ་སྨྲས་ཏེ། གཎྜཱི་ལ་སོགས་པ་ཆོམ་རྐུན་པ་རྣམས་ལ་འཕངས་པའོ། །ཅི་ནས་ཀྱང་གཎྜཱི་ལ་སོགས་པས་ཆོམ་རྐུན་པ་རྣམས་ལ་རེག་པར་མི་འགྱུར་བ་དེ་ལྟར་འཕང་བར་བྱ་སྟེ། ཅི་ནས་ཀྱང་

གནོད་པར་མི་འགྱུར་བར་ཞེས་བྱ་བའི་ཐ་ཚིག་གོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལུས་ཀྱི་ཐིག་རིང་བྱ་བ་དང་། ངག་གིས་ཁབ་ཕྲེང་འོན་ཅིག །གཟར་ཐག་འོན་ཅིག །སིལ་བྱེད་འོན་ཅིག་ཅེས་བྱ་བ་ལ་སོགས་པ་བསྡུའོ། །རྫི་ཕྱོགས་
ནས་རྡུལ་གྱི་བུམ་པ་དང་ཐལ་བའི་གྱོ་མོ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲ་ལས་འཕང་ངོ་ཞེས་བྱ་བར་སྦྱར་རོ། །རྫི་ཕྱོགས་ནས་ཞེས་བྱ་བའི་ཚིག་ནི་རྡུལ་དང་ཐལ་བས་ཕོག་པར་བྱ་བའི་ཕྱིར་འདི་བརྩམས་པ་ཡིན་གྱི། གཞན་དུ་ན་མདོ་སྔ་མ་ལ་སོགས་པ་སྨོས་པས་
བསྡུས་ཟིན་པས་བརྩམས་པ་འདི་དོན་མེད་པར་འགྱུར་རོ། །རྡུལ་གྱིས་བཀང་བའི་བུམ་པ་ནི། རྡུལ་གྱི་བུམ་པའོ། །དེ་བཞིན་དུ་ཐལ་བས་བཀང་བའི་གྱོ་མོ་ནི་ཐལ་བའི་གྱོ་མོ་སྟེ་བར་གྱི་ཚིག་མི་མངོན་པར་བསྡུ་བར་བྱ་སྟེ། དཔེར་ན་མར་གྱི་བུམ་པ་བཞིན་ནོ། །འདི་དག་ནི་
མཚོན་པའི་ཕྱིར་ཏེ། རྡུལ་འབྱུང་བའི་རྫས་གཞན་དག་ཀྱང་དེ་བཞིན་ནོ། །འུར་རྡོ་བཅང་བར་བྱའོ་ཞེས་བྱ་བ་ཡང་རྐུན་པོ་སྤ་བཀོང་བའི་ཕྱིར་ཞེས་བྱ་བར་སྦྱར་རོ། །བཅང་བར་བྱའོ་ཞེས་སྨོས་པ་ལས་ན་བོང་བ་ལ་སོགས་པ་བཅུག་སྟེ་མ་ཕོག་པར་འཕང་ངོ་ཞེས་བྱ་བ་ནི། མ་བསྟན་
པར་ཡང་བྱ་བར་ཤེས་པར་བྱའོ། །དགེ་སློང་ངལ་བ་མི་དབུལ་ལོ་ཞེས་བྱ་བ་ནི་ཚིག་གཉིས་སྨོས་པའི་ཕྱིར་དགེ་སློང་མ་ཡིན་པ་ཕུལ་བ་དང་། ངལ་བ་མ་ཡིན་པ་ཕུལ་བ་ཡང་ཉེས་བྱས་ཕྲ་མོར་རིག་པར་བྱའོ། །དེའི་གྲོགས་བྱའོ་ཞེས་བྱ་བ་ནི་དགེ་སློང་ངལ་བ་དེའི་གྲོགས་བྱ་བའོ། །
འདིར་དགེ་སློང་ཞེས་སྨོས་པ་ནི་མཚོན་པ་སྟེ། ཆོས་འདི་པ་ཐམས་ཅད་ཀྱིའོ། །གྲོགས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ངལ་སོར་གཞུག་གོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བར་སྦྱར་རོ། །སྣོད་སྤྱད་བླང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་ངལ་བ་དེ་ལས་སྣོད་སྤྱད་ལུས་ལ་ཁྱེར་
བ་དག་ལ་བླང་བར་བྱའོ། །གལ་ཏེ་ལྷན་ཅིག་ཏུ་གནས་སུ་ཕྱིན་པར་མི་ནུས་ལ། ཟན་དང་སྐོམ་གྱི་དུས་སུ་མ་ཡིན་ན་ནི། ལྷུང་བཟེད་བཀྲུ་བ་དང་བྱུག་རིས་གཞག་པ་དང་བྱིན་ལེན་དང་བརྟག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་ངལ་བ་དེ་གྲོགས་དང་ལྷན་ཅིག་ཏུ་གནས་སུ་

ཕྱིན་པར་མྱུར་དུ་འགྲོ་མི་ནུས་ལ་ཟན་དང་སྐོམ་གྱི་དུས་སུ་གནས་སུ་ཕྱིན་པར་འོང་མི་ནུས་པ་ནི་མ་ཡིན་ཏེ། འོང་ནུས་པ་ཡིན་ན་དེའི་ཚེ་གྲོགས་ཀྱིས་གཙུག་ལག་ཁང་དུ་མྱུར་བ་ཁོ་ནར་སོང་སྟེ། དེའི་ལྷུང་བཟེད་བཀྲུ་བར་བྱ། བྱུག་རིས་གཞག་པ་བཀད་སར་ཆུས་བྱུགས་ཏེ།
རེའུ་ཆུང་བྲི་བར་བྱ། ཟས་ཀྱི་བྱིན་ལེན་བྱ། འོངས་སམ་མ་འོངས་པ་བརྟག་པར་བྱའོ། །གལ་ཏེ་དུས་སུ་ན་ཁྱེར་ཏེ་བསུ་བར་བྱའོ་ཞེས་བྱ་བ་ནི། ཇི་སྟེ་དགེ་སློང་ངལ་བ་དེ་ཟན་དང་སྐོམ་གྱི་དུས་སུ་ཡང་གནས་སུ་ཕྱིན་པར་འོང་མི་ནུས་ན། དེའི་ཕྱིར་གྲོགས་དེས་
དེའི་ཟན་དང་སྐོམ་ཁྱེར་ཏེ་དེ་བསུ་བར་བྱའོ། །འདིར་ཕྱི་དྲོ་ཡིན་ན་ནི་སྐོམ་ཁྱེར་ཏེ་བསུ་བར་རིག་པར་བྱའོ། །གསོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པ་ཞེས་བྱ་བ་གསོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།
ད་ནི་གསོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར། མིའི་འགྲོ་བ་པའི་ལག་པ་གཅོད་ན་སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་ཁ་ཅིག་འདི་སྐད་ཅེས་གསད་པའི་བསམ་པས་ལག་པ་གཅོད་ན་དེ་སྦོམ་པོའོ་ཞེས་ཟེར་ཏེ། དེ་ནི་མི་
རིགས་པར་སྨྲ་བ་ཡིན་ཏེ། གཞན་ནས་ཕམ་པར་འགྱུར་བའི་སྦྱོར་བ་ལ་སྦོམ་པོར་གསུངས་པའི་ཕྱིར་རོ། །དེ་བས་ན་ལག་པ་གཅད་པ་ཙམ་གྱི་བསམ་པས་ལག་པ་གཅོད་ན་དེ་ལ་སྦོམ་པོར་གཞག་གོ། །ནགས་མེས་གཏོང་བ་ནའོ་ཞེས་བྱ་བ་ཡང་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །
ནགས་དགོན་པ་ཞེས་བྱ་བའི་ཕྱོགས་ནི་ནགས་ཞེས་བྱ་སྟེ། དེར་མེ་གཏོང་ན་སྦོམ་པོའོ། །དེ་ལ་ཡང་ཕྱོགས་གསུམ་དུ་བཞེད་དེ། སྲོག་ཆགས་ཡོད་པར་བཞེད་པའི་ཕྱོགས་དང་། དོགས་པའི་ཕྱོགས་དང་། མེད་པའི་ཕྱོགས་སོ། །དེ་ལ་སྲོག་ཆགས་ཡོད་པར་ཤེས་པའི་
ཕྱོགས་ནི་རྣམ་པ་གཉིས་ཏེ། མང་བ་དང་ཉུང་བའི་བྱེ་བྲག་དག་གིས་སོ། །དེ་ལ་སྲོག་ཆགས་གསོད་པར་མ་བསམས་ཀྱང་སྤྱིར་སྲོག་ཆགས་མང་པོ་ཡོད་པའི་བློས་མེ་གཏོང་ན་སྦོམ་པོ་སྟེ། འདི་ལྟར་སྲོག་ཆགས་ཀྱི་ཡུལ་ཐམས་ཅད་ལ་དེ་ལ་གསོད་པའི་བསམ་པ་མེད་མོད་

ཀྱི། འོན་ཀྱང་དགོས་པ་གཞན་ལ་ལྟོས་པས་ནགས་སྲེག་པར་བྱེད་པ་དེས་སྲོག་ཆགས་ལ་མ་ལྟོས་པས་དེའི་ཕྱིར་སྲོག་ཆགས་དུ་མའི་ཡུལ་ལ་མི་ལྟོས་པར་སྤྱོད་པའི་ཕྱིར་རོ། །སྲོག་ཆགས་ཉུང་ངུ་ཡོད་པའི་བློས་མེ་གཏོང་བ་ནི་ཉེས་བྱས་སུ་འགྱུར་
ཏེ། འདི་ནི་ལྟུང་བ་གཞན་ཡིན་ཏེ། མི་ལ་སོགས་པ་གསད་པའི་བསམ་པ་མེད་པའི་ཕྱིར་རོ། །གང་གི་ཚེ་སྲོག་ཆགས་གསད་པའི་བསམ་པ་ཡོད་ན་ནི་དེའི་ཚེ་ན་ལྟུང་བའི་དངོས་གཞི་རྣམས་མཚན་ཉིད་ཇི་ལྟ་བ་བཞིན་དུ་འབྱུང་སྟེ། མིར་གྱུར་པ་བསད་ན་ནི་ཕམ་པར་རོ། །དུད་
འགྲོ་བསད་ན་ནི་ལྟུང་བྱེད་དོ། །འགྲོ་བ་གཞན་དུ་གཏོགས་པ་བསད་ན་ནི་སྦོམ་པོའོ། །དོགས་པའི་ཕྱོགས་ལ་ཡང་དེ་བཞིན་དུ་མཚན་ཉིད་ཇི་ལྟ་བ་བཞིན་ལས་ལྟུང་བ་རྣམ་པར་གཞག་པར་རིག་པར་བྱའོ། །མེད་པའི་ཕྱོགས་ལ་ནི་ལྟུང་བ་མེད་དོ། །སྐྲ་ཅན་འཚོང་ནའོ་ཞེས་བྱ་བ་ཡང་སྦོམ་
པོའོ་ཞེས་བྱ་བར་སྦྱར་རོ། །མིའི་འགྲོ་བ་པ་འཚོང་ན་སྦོམ་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཉེ་དགས་ཤ་ཟའི་བུ་གཅིག་བཟུང་སྟེ། བྲོ་གར་མཁན་ལ་བཙངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྐྲ་ཅན་བཙོང་བར་མི་བྱའོ། །བྱེད་ན་ཉེས་
པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ། །གང་གིས་བརྐུས་པ་དེ་བླའི་གྲར་འབུལ་ནའོ་ཞེས་བྱ་བ་ཡང་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །གང་གིས་བརྐུས་པ་ཞེས་བྱ་བ་ནི་ཆོམ་རྐུན་པ་ལ་སོགས་པའོ། །ཆོམ་རྐུན་པ་ལ་སོགས་པ་དེའི་བླའི་གྲར་
འབུལ་ནའོ། །གལ་ཏེ་བསད་པའི་བསམ་པ་དེ་ལ་ཡོད་ན་ནི་དེ་གྲུབ་པ་ན་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཁ་ན་མ་ཐོ་བར་འགྱུར་རོ། །གསོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་སོ་ཞེས་བྱ་བ་གསོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་རྫོགས་སོ།། །།
ད་ནི་གསོད་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར། སྟོན་པས་བསྒོ་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་གིས་གསད་པར་བྱ་བ་སྟོན་པར་བྱེད་དེ། གསད་པའི་བསམ་པས་འདིར་འགྲོའོ། །དེར་སོང་ངོ་ཞེས་ཟེར་ན་དེས་ན་དགེ་སློང་གིས་གསོད་

པར་བྱེད་པ་ལ་གསད་པར་བྱ་བ་གསད་པའི་ཕྱིར་བསྒོ་བ་བྱས་པ་ཡིན་ཏེ། དེ་གསོད་པར་བསམས་པས་བསད་དུ་ཟིན་ཀྱང་། དེས་བསྟན་པས་དེས་བསད་པར་གྱུར་པ་ཕམ་པ་ཞེས་བྱ་བའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། སྟོན་པ་ནི་བསྒོ་བའི་རང་
བཞིན་ཡིན་པའི་ཕྱིར་རོ། །མ་དང་མངལ་ན་གནས་པ་གཉིས་ནི་དཔེའོ་ཞེས་བྱ་བ་ནི། གང་གི་ཚེ་གསད་པར་བྱ་བ་མང་པོའི་རྗེས་སུ་གསོད་པར་བྱེད་པ་འབྲང་བ་དེ་དག་གི་ནང་ན་གསད་པར་བྱ་བ་གང་ལ་གསོད་པའི་སེམས་ཉེ་བར་གནས་པར་གྱུར་པ་དེ་བསྟན་པའི་ཕྱིར་མ་བསམས་པ་
གཞན་ཐམས་ཅད་ཀྱང་སྟོན་པར་བྱེད་ཅིང་དེ་དག་ཀྱང་བསད་པར་གྱུར་ན་སྦོམ་པོའོ། །བསམས་པ་བསད་ན་ཕམ་པར་འགྱུར་ཏེ། སྦོམ་པོ་དེ་ནི་སྔར་དཀུ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་མ་བསམས་པ་ཤོས་ན་སྦོམ་པོའོ་ཞེས་བྱ་བ་སྨྲས་པ་དེས་འདྲ་བ་བསྟན་
པས་ན་མ་དང་མངལ་ན་གནས་པ་གཉིས་ནི་འདིའི་དཔེ་ཡིན་པར་རིག་པར་བྱའོ། །བདག་ཉིད་གསོད་ན་སྦོམ་པོའོ་ཞེས་བྱ་བ་ནི། བསད་པའི་ཕྱིར་རྗེས་སུ་སྒྲུབ་པ་ལས་འདིར་ལྟུང་བ་རྣམ་པར་གཞག་གི་བསད་པ་ལས་ནི་མ་ཡིན་ཏེ་ཚེ་རབས་གཞན་དུ་ལས་ཀྱི་ལམ་སྐྱེ་བ་མེད་
དོ་ཞེས་གྲུབ་པའི་མཐའ་ལས་གསུངས་པའི་ཕྱིར་རོ། །དེ་བས་ན་འདིར་སྦྱོར་བ་ལས་ལྟུང་བར་རིག་པར་བྱའོ། །སེམས་གྱུར་པ་མེད་པར་མ་ལེགས་པ་བྱས་ན་ཉེས་བྱེད་དོ་ཞེས་བྱ་བ་ནི། གསོད་པའི་བསམ་པ་མ་བཞག་པ་སེམས་གྱུར་པ་མེད་པར་མ་ལེགས་པ་བྱས་
པ་ལུས་དང་ངག་གི་ལས་མ་ལེགས་པ་གང་ཡིན་པ་དཔེར་ན་གསད་པར་བྱ་བ་སྟོན་པ་དེ་ནི་ཉེས་བྱེད་དེ། ལེགས་པར་བྱ་བ་མ་ཡིན་པར་རིག་པར་བྱའོ། །ཉེས་བྱེད་ཡིན་པའི་ཕྱིར་འདིར་ཉེས་བྱས་ཡིན་པར་རིག་པར་བྱ་སྟེ། ཤེས་བཞིན་མ་ཡིན་པར་ཞུགས་པའི་ཕྱིར་རོ། །
ཆེད་དུ་མ་བསམས་པར་གྲུབ་པ་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བསད་པ་ལ་སོགས་པར་ཆེད་དུ་མ་བསམས་པར་གྲུབ་པ་གང་ཡིན་པའི་གྲུབ་པ་དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་མ་ཡིན་པ་སྟེ། དཔེར་ན་བཞད་གད་ཀྱི་བསམ་པས་མཚོན་འཕངས་པས་ཤི་བའི་གསོད་

པར་གཏོགས་པ་གྲུབ་པ་དེ་ནི་བྱེད་པ་པོ་ཉིད་མ་ཡིན་ཏེ། དེ་ལ་ནི་མཚོན་འཕངས་པ་ལས་ལྟུང་བ་ཁོ་ན་ཡོད་ཀྱི། ཤི་བ་ལས་ནི་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་བཞད་གད་དུ་གཞན་ལ་མཚོན་འཕངས་པས་རྐྱེན་དེས་
དེ་དུས་བགྱིས་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཚེ་རབས་གཞན་དུ་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི། འགའ་ཞིག་ལ་བསད་པ་ལ་སོགས་པའི་སྦྱོར་བ་བྱས་ནས། གསད་པར་བྱ་བ་ཤི་བའི་མདུན་རོལ་དུ་སྔར་གསོད་པར་བྱེད་པ་ཤིའམ་སྙམ་
དུ་ཤི་ན་སྲོག་གཅད་པ་ལ་སོགས་པ་ཁ་ན་མ་ཐོ་བའི་དངོས་གཞིར་མི་འགྱུར་ཏེ། ཚེ་རབས་གཞན་དུ་ལས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །སྔར་རམ་མཉམ་དུ་ཤི་ན་ལས་ཀྱི་ལམ་གྱི་དངོས་གཞི་མེད་དེ། ལུས་གཞན་སྐྱེས་པའི་ཕྱིར་རོ་ཞེས་གྲུབ་པའི་མཐའ་ལས་གསུངས་
པའི་ཕྱིར་རོ། །གསོད་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་སོ་ཞེས་བྱ་བ་གསོད་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ།། །།གསོད་པའི་ཕམ་པར་འགྱུར་བའི་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་བསྟན་པའི་ཕྱིར། སྦོམ་པོ་
ནི་ཁོ་བོ་འཆི་བར་འོང་ངོ་ཞེས་དེ་སྐད་ཟེར་བ་ལ་ཡིད་མི་ཆེས་ཤིང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ནའོ་ཞེས་བྱ་བ་སྨྲས་ཏེ། སྦོམ་པོ་ནི་ཞེས་བྱ་བའི་ཚིག་དང་པོར་སྨོས་པ་ནི་དབང་དུ་བྱ་བ་བསྟན་པའི་ཕྱིར་ཏེ། འདི་མན་ཆད་ནས་འོག་ནས་ནད་པ་ལ་བབ་ཅོལ་དུ་མཚོན་
དང་ཐག་པ་སྦྱིན་པར་མི་བྱའོ་ཞེས་འབྱུང་བ་ཡན་ཆད་ནི་སྦོམ་པོ་ཞེས་བྱ་བ་འདིའི་དབང་དུ་བྱས་པ་ཡིན་ནོ། །གལ་ཏེ་ནད་པ་ན་རེ་བདག་ལ་ཁྲུས་དང་བསྐྱོད་པ་ལ་སོགས་པ་ཅུང་ཟད་བྱེད་ན་གདོན་མི་ཟ་བར་ཁོ་བོ་འཆི་བར་འོང་ངོ་ཞེས་དེ་སྐད་ཟེར་བ་ལ་ཡིད་མི་ཆེས་ཤིང་
ཡིད་ཆེས་པར་མི་བྱེད་པར་ཁྲུས་དང་བསྐྱོད་པ་ལ་སོགས་པ་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ཅིང་རྗེས་སུ་སྒྲུབ་པར་བྱེད་ན་སྦོམ་པོའོ། །ནད་པ་ཤི་བླའོ་ཞེས་གཡོག་མི་བྱེད་ནའོ་བྱ་བ་ནི་ནད་པ་འདི་མྱུར་དུ་ཤི་བླའོ་ཞེས་དེའི་དོན་དུ་ནད་གཡོག་མི་བྱེད་ན་སྦོམ་པོའོ། །མིད་པར་

བྱ་བ་མི་འཕྲོད་པ་སྦྱིན་ནའོ་ཞེས་བྱ་བ་ནི་སྨན་ལ་སོགས་པ་མིད་པར་བྱ་བ་མི་འཕྲོད་པ་མི་མཐུན་པ་སྦྱིན་པར་བྱེད་ཅིང་གལ་ཏེ་མིད་པར་བྱ་བ་དེ་ཡང་མི་འཕྲོད་པ་ཉིད་དུ་ཤེས་ན་དེའི་ཚེ་སྦོམ་པོའོ། །འབྲས་ཡོངས་སུ་མ་སྨིན་པ་བརྟོལ་ནའོ་ཞེས་བྱ་བ་ནི། འབྲས་ཡོངས་
སུ་མ་སྨིན་པ་བརྟོལ་བར་བྱེད་ཅིང་འདྲལ་བར་བྱེད་ན་སྦོམ་པོ་སྟེ། ཐམས་ཅད་དུ་ཡང་ཁྲོ་བ་ཉིད་ལ་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དོང་དུ་འཛུད་པ་དང་། སྒོ་གླེགས་ཀྱིས་བཙིར་བ་ལ་སོགས་པས་སྙོན་རྨོངས་པར་བྱེད་ནའོ་ཞེས་བྱ་བ་ནི། དོང་དུ་གཞུག་པ་དང་སྒོ་གླེགས་
ཀྱིས་བཅིར་བ་ལ་སོགས་པས་ཉོན་མོངས་ཤིང་གནོད་པ་བྱེད་པ་དང་། རྣམ་པ་གཞན་གྱིས་ཀྱང་ཉོན་མོངས་པར་བྱེད་ན་སྦོམ་པོའོ། །དེ་ནི་བསད་པའི་སྦྱོར་བའི་རྣམ་པ་ཡིན་པས་དེའི་ཕྱིར་འདིར་སྦོམ་པོར་རྣམ་པར་གཞག་གོ། །འདིར་དེ་དག་གི་གཞུང་ནི་འདུལ་བྱེད་དག་ལས་
དགེ་སློང་ནད་པ་སྟན་ལ་འདུག་པར་གྱུར་པ་ལ་དེའི་ནད་གཡོག་གིས་སྨྲས་པ། ཚེ་དང་ལྡན་པ་ལོངས་ཤིག །དེས་སྨྲས་པ། ཁོ་བོ་ཤི་བར་འོང་གིས་མ་བསླང་ཤིག །དེ་ཡང་ཚེ་དང་ལྡན་པ་ལོངས་ཤིག་ཅེས་སྨྲས་ནས་དེ་ལངས་པ་དང་། དུས་ལ་བབ་པོ། དགེ་སློང་དེ་འགྱོད་
པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བར་ནི་མི་འགྱུར་ཏེ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དང་། དགེ་སློང་ན་བས་ཡུན་རིང་དུ་གནོད་པར་འགྱུར་བ་དེའི་ནད་གཡོག་དག་སྐྱོ་ནས་དེ་དག་གིས་ཁྱོད་ཀྱི་ནད་གཡོག་མི་བྱེད་དོ། །
མྱུར་དུ་འཆི་བར་ཡང་འགྱུར་རོ་ཞེས་སྨྲས་ནས་དེ་དག་གིས་དེའི་ནད་གཡོག་མ་བྱས་པ་དང་། དུས་ལ་བབ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དང་། དགེ་སློང་ནད་པ་དེའི་ཟས་འཕྲོད་པ་མ་རྙེད་ནས། དེའི་ནད་གཡོག་གིས་ཟས་མི་འཕྲོད་པ་རྙེད་ནས་ཚེ་དང་ལྡན་
པ་རེ་ཞིག་འདི་རྙེད་ཀྱིས་ཟོ་ཤིག །དེ་ཟོས་ནས་དུས་ལ་བབ་པ་ནས་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དང་། དགེ་སློང་གིས་འབྲས་ཡོངས་སུ་མ་སྨིན་པ་བརྟོལ་ནས་དེ་ཡང་དུས་ལ་བབ་པ་ནས་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དང་། དགེ་སློང་

དེ་དག་གིས་འདི་སྐད་མི་སྨྲ་ན་སོང་ལ་དོང་དུ་ཆུག་ཤིག་ཅེས་སྨྲས་ནས་དེ་དག་གིས་དོང་དུ་བཅུག་སྟེ། དུས་ལ་བབ་པ་ནས་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དང་། དེ་དག་གིས་སྨྲས་པ། དེ་སྐད་མི་སྨྲ་ན་སོང་ལ་འདི་སྒོ་
གླེགས་ཀྱིས་ཚིར་ཅིག །དེ་དག་གིས་སྒོ་གླེགས་ཀྱིས་བཙིར་བ་དང་། དུས་ལ་བབ་པ་ནས་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ཏེ། འདིར་གསད་པར་བྱ་བ་ཤི་ན་ཡང་ཕམ་པའི་ལྟུང་བར་མི་འགྱུར་རོ་ཞེས་གསུངས་པའི་ཚིག་ལས་ནི་སྨྲ་བ་པོ་དེ་
ལ་བསད་པའི་བསམ་པ་མ་བྱུང་བར་ཉོན་མོངས་པ་འབའ་ཞིག་གི་བསམ་པས་དེ་སྐད་སྨྲས་པས་དེའི་ཕྱིར་ནི་ཁྲོ་བ་ཉིད་ལྷག་པར་སྦྱར་བའི་སྐབས་ཡིན་པས་སྦོམ་པོ་གཞན་ཡིན་པར་རིག་པར་བྱའོ། །གཡང་ས་ནས་མཆོང་བ་དང་འཆིང་བ་ལ་སོགས་པ་འཆི་བའི་དོན་དུ་སྒྲུབ་
པ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་རྗེས་བསྙགས་པ་འདི་ནི་སྔ་མའི་རྗེས་བསྙགས་པ་ནི་མ་ཡིན་གྱི། སྦོམ་པོ་ཞེས་བྱ་བ་དེ་ཙམ་གྱི་རྗེས་སུ་འཇུག་པ་ཡིན་ནོ། །གཡང་ས་ནས་མཆོང་བ་དང་འཆིང་བ་ལ་སོགས་པ་དང་། གཞན་ཡང་འཆི་བའི་དོན་དུ་འཆི་བའི་རྒྱུར་སྒྲུབ་པར་
བྱེད་ན་ཡང་སྦོམ་པོའོ། །འདིར་ཡང་བསད་པའི་བསམ་པས་གཞན་གཡང་ས་ནས་མཆོང་དུ་འཇུག་པ་དང་། བཅིང་བ་ལ་སོགས་པ་ལ་ནི་ཤི་ན་ནི་ཕམ་པར་འགྱུར་ལ་མ་ཤི་ན་ནི་སྦྱོར་བ་ཡིན་པས། སྦོམ་པོར་འགྱུར་བ་ཡིན་པས་ན་དེའི་ཕྱིར་འདིར་གཡང་ས་ནས་མཆོང་བ་དང་།
འཆིང་བ་ལ་སོགས་པ་སྨོས་པ་འདི་ནི་བདག་ཉིད་དང་འབྲེལ་པ་ཡིན་ཏེ་དེ་ཡང་སྔར་བདག་ཉིད་གསོད་ན་སྦོམ་པོའོ་ཞེས་སྨོས་པས་དེའི་མཚན་ཉིད་འདིར་བསྟན་པ་ཡིན་པས་དེའི་ཕྱིར་མ་ཤི་ན་སྦོམ་པོའོ་ཞེས་བྱ་བར་ཤེས་པར་བྱའོ། །འདིར་གཞུང་ནི་འདུལ་བྱེད་དག་ལས་
དགེ་སློང་ནད་ཀྱིས་སྒུར་པོར་གྱུར་པ་འདི་སྙམ་དུ་བདག་གསོན་ན་ཅིར་རུང་གིས་སོང་ལ་བདག་ཉིད་གཡང་ས་ནས་མཆོང་ངོ་སྙམ་ནས་དེས་བདག་ཉིད་གཡང་ས་ནས་མཆོངས་པ་དང་། དྲང་པོར་གྱུར་ནས་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ནད་པ་ལ་བབ་ཆོལ་དུ་མཚོན་དང་ཐག་པ་སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ། སྔར་འཆི་བའི་འཚོག་ཆས་མི་གཞག་གོ་ཞེས་སྨོས་པ་དེར་ནི་ནད་གཡོག་གི་དགག་པ་བསྟན་པ་ཡིན་གྱི། འདིར་ནི་ནད་
གཡོག་མ་ཡིན་པ་ལ་དགག་པ་ཡིན་པར་རིག་པར་བྱའོ། །བབ་ཆོལ་དུ་ཞེས་བྱ་བ་ནི་བརྟག་པ་མ་བྱས་པར་སྦྱིན་པར་མི་བྱའོ། །དོན་གཞན་གྱི་ཕྱིར་ནི་བསམ་མི་དགོས་པར་སྦྱིན་པར་བྱའོ། །ཐག་པ་ལ་སོགས་པ་སྨོས་པ་ནི་དཔེ་སྟེ། ཁབ་ལ་སོགས་པ་ཡང་བཀག་པར་
ཤེས་པར་བྱའོ། །ཞལ་ཏ་པ་ཤེས་བཞིན་དུ་བྱའོ་ཞེས་བྱ་བ་ལ། ཞལ་ཏ་བ་ཞེས་བྱ་བ་ནི། ལག་གི་ལས་བྱེད་པའི་ཞལ་ཏ་བྱེད་པ་ལ་སོགས་པ་སྟེ། དེ་ཤེས་བཞིན་དུ་བྱའོ། །གསང་སྔགས་ཀྱིས་ཐལ་ལྕག་བྱ་བ་ཡང་ངོ་ཞེས་བྱ་བ་ཡང་ཤེས་བཞིན་ཁོ་ནར་བྱའོ་ཞེས་བྱ་བར་
སྦྱར་རོ། །གདོན་གྱིས་ཟིན་པ་ཐར་པར་བྱ་བའི་ཕྱིར་གསང་སྔགས་སྔོན་དུ་འགྲོ་བས་གདོང་དུ་ཐལ་ལྕག་གིས་བསྣུན་པའོ། །ཐོགས་པ་བསལ་བའི་ཕྱིར་བསྣུན་པ་ཡང་ངོ་ཞེས་བྱ་བ་ལ། ཐོགས་པ་ཞེས་བྱ་བ་ནི་མིད་པ་ལ་སོགས་པ་ལུས་ལ་ལུས་ལས་དོན་གཞན་དུ་གྱུར་
པ་ཁམ་ལ་སོགས་པ་ཆགས་པ་གང་ཅི་ཡང་རུང་བ་ལ་བྱའོ། །དེ་བསལ་བའི་ཕྱིར་ཁུ་ཚུར་ལ་སོགས་པ་བསྣུན་པར་བྱ་བ་གང་ཡིན་པ་དེ་ཡང་ཤེས་བཞིན་དུ་བྱའོ། །དེར་གྱུར་པ་ལེགས་པར་སོ་སོར་བརྟག་པར་བྱ་སྟེ་དྲིལ་བར་བྱའོ་ཞེས་བྱ་བ་ནི། ཤེས་བཞིན་དུ་གྱུར་པ་ཤེས་
བཞིན་ཁོ་ན་ལ་གནས་པས། ཅི་ནས་ཀྱང་མི་ལ་སོགས་པ་གང་ལ་ཡང་གནོད་པར་མི་འགྱུར་བ་དེ་ལྟར་ལེགས་པར་སོ་སོར་བརྟག་པར་བྱ་སྟེ། རྡོ་བ་དང་ཤིང་ལ་སོགས་པ་དག་དྲིལ་བར་བྱའོ། །འདི་ལྟར་རྡོ་བ་དང་ཤིང་ལ་སོགས་པ་དག་འདིར་མ་སྨོས་མོད་ཀྱི། འོན་ཀྱང་
ཤུགས་ཀྱིས་འཐོབ་སྟེ། ཤུགས་ཀྱིས་ཇི་ལྟར་འཐོབ་ཅེ་ན་ལེགས་པར་སོ་སོར་བརྟག་པར་བྱ་སྟེ། དྲིལ་བར་བྱའོ་ཞེས་བྱ་བ་སྨོས་པ་ལས་ན་དྲིལ་བར་བྱ་བ་རྡོ་བ་ལ་སོགས་པ་ཡོད་ན་ཚིག་འདིའི་དོན་དང་བཅས་པར་འགྱུར་རོ། །ཕྱོགས་ཉུང་ངུས་གདེག་པ་ལྕི་བ་ལ་

འབད་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་འབད་པ་བྱེད་པའི་ཚོམས་ཀྱི་ཕྱོགས་ཉུང་ངུ་དང་ལྡན་པ་གང་ཡིན་པས། གདེག་པ་ལྕི་བ་གདེག་པར་བྱ་བ་ལ་འབད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ཚོམས་གང་གི་
ཕྱོགས་སུ་དགེ་སློང་གཏོགས་པའི་ཚོམས་དེ་གལ་ཏེ་ཉུང་བར་གྱུར་ན་དེའི་ཚེ་དགེ་སློང་དེས་དེར་གྲོགས་ཀྱི་དངོས་པོ་མི་བྱའོ། །སྤྱིའུ་ཚུགས་སུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། སྤྱིའུ་ཚུགས་མཁན་ལྟར་རམ་སྟོབས་ལ་གོམས་པའི་གྱད་ཐབས་མཁན་བཞིན་དུ་ཞེས་བྱ་བའི་
ཐ་ཚིག་གོ། །གཞན་ཡང་ཇི་ལྟར་ཁྱི་འཚོད་པ་དག་གར་བྱེད་པའི་དུས་ན་ལག་པ་གཉིས་ས་ལ་བཙུགས་ལ་རྐང་པ་གཉིས་གནམ་དུ་བསྒྲེང་སྟེ། སྤྱིའུ་ཚུགས་སུ་འགྲོ་བ་དེ་ལྟར་འགྲོ་བར་མི་བྱ་བའོ། །མ་བསླབས་པས་བསླབ་པ་ལ་སྦྱར་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་
མ་བསླབས་པས་གཞན་གྱི་ཕྱིར་བསླབ་པ་ལ་སྦྱར་བར་མི་བྱའོ། །མཚོན་གྱི་ལས་ལ་སོགས་པས་གཞན་ལ་གནོད་པར་ནུས་པའི་ཕྱིར་མི་མཁས་པས་བསླབ་པ་ལ་སྦྱར་བར་མི་བྱའོ། །མཚོན་འཕངས་པ་ལ་བསྒོ་བར་མི་བྱའོ་ཞེས་བྱ་བ་ནི་མདའ་འཕངས་པ་ལ་སོགས་པ་མཚོན་
འཕངས་པ་ལ་མདའ་ལྟ་ཞེ་འམ་འཕོངས་ཤིག་དང་ལྟའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྒོ་བ་དང་སྨྲ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ནད་པ་མི་ནུས་པ་ལ་ལམ་དུ་མི་བཀྲིའོ་ཞེས་བྱ་བ་ནི། ནད་པ་ལམ་དུ་འགྲོ་མི་ནུས་པ་ལམ་དུ་བཀྲི་བར་མི་བྱའོ། །འདི་ནི་ལམ་
གྱི་ངལ་བས་འདིའི་སྲོག་འཆད་པ་ལ་སོགས་པ་གནོད་པར་གྱུར་ན་མི་རུང་ངོ་ཞེས་དེའི་ཕྱིར་དགག་པ་མཛད་དོ། །གསོད་པའི་ཕམ་པར་འགྱུར་བ་འདུལ་བྱེད་དག་གོ་ཞེས་བྱ་བ་གསོད་པའི་ཕམ་པར་འགྱུར་བ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་རྫོགས་སོ། །གསོད་པའི་
ཕམ་པར་འགྱུར་བ་རྫོགས་སོ་ཞེས་བྱ་བ་གསོད་པའི་ཕམ་པར་འགྱུར་བ་བཤད་ཟིན་ཏོ།། །།གསོད་པའི་ཕམ་པར་འགྱུར་བ་སྨྲས་ནས། ད་ནི་སྨྲ་བ་ཞེས་བྱ་བའི་ཕམ་པར་འགྱུར་བ་བཞི་པ་བརྗོད་པར་བྱ་སྟེ། གང་བྱས་ན་སྨྲ་བའི་ཕམ་པར་འགྱུར་ཞེ་

ན། དེའི་ཕྱིར་འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲ་ནའོ་ཞེས་བྱ་བ་སྨྲས་ཏེ། སྨྲ་བ་པོ་དེས་བརྗོད་པར་བྱ་བའི་དོན་ལ་བདེན་པར་གྱུར་པའི་འདུ་ཤེས་གང་ཡིན་པ་དེ་བསྒྱུར་ཅིང་སྦས་ཏེ་བརྫུན་པའི་དོན་གྱི་འདུ་ཤེས་གཞན་གྱིས་བཀབ་ནས། བདག་
ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་ལྡན་པ་ཉིད་དེ་སྨྲས་ཤིང་བརྗོད་ན། སྨྲ་བ་ཞེས་བྱ་བའི་ཕམ་པར་འགྱུར་རོ། །ད་ནི་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲ་བ་ཉིད་བསྟན་པའི་ཕྱིར། མཐོང་ངོ་བདག་གིས་མཐོང་ངོ་། །སྒྲ་ཐོས་སོ་བདག་གིས་ཐོས་སོ། །འགྲོའོ། །
བདག་གི་དྲུང་དུ་འོང་ངོ་། །ལྷན་ཅིག་གཏམ་འདྲེའོ། །ཕེབས་པར་སྨྲའོ། །སོ་སོར་ཀུན་དགའོ། །བདག་དང་རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་སྨྲས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མཐོང་ངོ་བདག་མཐོང་ངོ་ཞེས་བྱ་བ་དེ་ལ་སོགས་པ་སྨྲ་བ་གང་ཡིན་པ་དེ་ཉིད་དེ།
བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲས་པ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལྟར་འདུ་ཤེས་བསྒྱུར་ཏེ་སྨྲས་ན་ཕམ་པར་འགྱུར་རོ། །བདག་དང་ལྷན་ཅིག་གཏམ་འདྲེའོ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་དང་སྦྱར་དུ་མི་རུང་བས་དེའི་ཕྱིར་སྐྱེས་བུ་དང་པོར་བསྒྱུར་བར་
བྱ་སྟེ། གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཕན་ཚུན་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་དེ་ལྟར་སྦྱར་བར་ཡང་ཤེས་པར་བྱའོ། །ཅི་མཐོང་ངོ་བདག་མཐོང་ངོ་ཞེས་བྱ་བ་དེ་ཙམ་གྱི་ཚིག་ཁོ་ན་ལས་ཕམ་པར་འགྱུར་རམ།
འོན་ཏེ་ཟླ་ཅུང་ཟད་ཅིག་ལ་ལྟོས་ནས་ཡིན། དེ་ལྟ་ན་ཡང་ཟླ་གང་ཡང་རུང་བ་ཞིག་ཡིན་ནམ་འོན་ཏེ་ཁྱད་པར་ཅན་ཞིག་ཡིན་ཞེ་ན་དེའི་ཕྱིར། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་ཡི་དགས་དང་ཤ་ཟ་དང་གྲུལ་བུམ་དང་ལུས་སྲུལ་པོའི་ཟླ་ཉིད་དོ་
ཞེས་བྱ་བ་སྨྲས་ཏེ། ཇེ་ལྷ་ལ་སོགས་པ་རེ་རེར་ཕྱེ་ལ། དེ་ནས་ཟླ་ཉིད་དུ་སྦྱར་བར་བྱའོ། །གང་གི་ཕྱིར་ལྷ་ལ་སོགས་པ་དེ་དག་ནི་ལྷའི་མིག་ཅན་མིའི་ཆོས་བླ་མ་དང་ལྡན་པ་རྣམས་ཀྱིས་མཐོང་བ་དེའི་ཕྱིར་དེ་དག་མཐོང་བ་ལ་སོགས་པའི་སྒོ་ནས་ཟླ་ཉིད་ཡོད་པས། བདག་

ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་བས་ན་ལྷ་མཐོང་ངོ་། །ལྷས་བདག་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ན་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་བསྟན་ཏོ། །རྟག་པའི་དངོས་པོ་ནི་རྟག་པ་ཉིད་
དེ། རྒྱུན་དུ་ལྷན་ཅིག་གནས་གཅིག་ན་རྟག་ཏུ་ཡང་ལྷན་ཅིག་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྦོམ་པོའི་དབང་དུ་བྱས་པ་ཉིད་ནི་དུར་ཁྲོད་ཀྱི་ཤ་ཟའོ་ཞེས་བྱ་བ་ནི། ཟླ་ཉིད་ཅེས་བྱ་བར་སྦྱར་ཏེ། མཐོང་ངོ་ཞེས་བྱ་བ་ལ་སོགས་པ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་
པ་ཉིད་དུ་སྨྲ་བ་དག་ལ། ཟླ་དུར་ཁྲོད་ཀྱི་ཤ་ཟ་བ་ཉིད་ལ་ནི་སྦོམ་པོའི་དབང་དུ་བྱས་པ་ཉིད་དེ། སྦོམ་པོར་བྱེད་པས་སྦོམ་པོའི་དབང་དུ་བྱས་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །ལྷ་ལ་སོགས་པ་མཐོང་བ་ནི་མིའི་ཆོས་བླ་མའི་འབྲས་བུ་ཡིན་པའི་ཕྱིར། དེའི་སྒོ་ནས་
དེ་བསྟན་པ་བྱས་ནས། ད་ནི་རང་བཞིན་བསྟན་པར་བྱ་བའི་ཕྱིར། མི་རྟག་པ་ལ་སོགས་པའི་འདུ་ཤེས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པ་རྣམས་དང་། འབྲས་བུ་རྣམས་དང་། མངོན་པར་ཤེས་པ་ལ་སོགས་པ་ནི་
ཆོས་བླ་མའོ་ཞེས་བྱ་བ་སྨྲས་ཏེ། མི་རྟག་པ་ལ་སོགས་པའི་འདུ་ཤེས་ཞེས་བྱ་བ་ནི། མི་རྟག་པའི་འདུ་ཤེས་ལ་སོགས་པའི་འདུ་ཤེས་བཅུ་དང་། མི་སྡུག་པའི་འདུ་ཤེས་ལ་སོགས་པའི་འདུ་ཤེས་བཅུ་སྟེ། མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་
སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་
དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་

འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོགས་པའི་འདུ་ཤེས་སོ། །སོགས་པ་ཞེས་བྱ་བའི་སྒྲ་དང་པོ་འདིས་ནི་མདོ་སྡེ་
ལས་གསུངས་པའི་འདུ་ཤེས་དེ་དག་བསྡུའོ། །བསམ་གཏན་རྣམས་ཞེས་བྱ་བ་ནི་དང་པོ་ལ་སོགས་པ་དག་གོ། །ཚད་མེད་པ་རྣམས་ཞེས་བྱ་བ་ནི། བྱམས་པ་ལ་སོགས་པ་དག་གོ། །གཟུགས་མེད་པ་རྣམས་ཞེས་བྱ་བ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་
པ་དག་གོ། །འབྲས་བུ་རྣམས་ཞེས་བྱ་བ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་བཞིའོ། །མངོན་པར་ཤེས་པ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཡུལ་ལ་སོགས་པ་དྲུག་གོ། །སོགས་པ་ཞེས་བྱ་བའི་སྒྲ་འོག་མ་འདིས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་
ཡོན་ཏན་ལྷག་མ་རྣམས་གཟུང་བར་བྱ་སྟེ། དེ་དག་ཐམས་ཅད་ནི་མིའི་ཆོས་བླ་མ་ཞེས་བྱ་བ་བརྗོད་པ་ཡིན་ནོ། །སྦོམ་པོའི་དབང་དུ་བྱས་པ་ནི་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཉོན་མོངས་པ་རྣམ་པར་གནོན་པའོ་ཞེས་བྱ་བ་ལ། ཞི་གནས་ཞེས་བྱ་བ་ནི་
ཏིང་ངེ་འཛིན་ཏོ། །དེ་ཡང་རྣམ་པ་གཉིས་ཏེ། མོས་པ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་ཚད་མེད་པ་ལ་སོགས་པའོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་མི་རྟག་པའི་འདུ་ཤེས་ལ་སོགས་པའོ། །ཏིང་ངེ་འཛིན་ཏེ་རྣམ་པ་གཉི་ག་ཡང་བསྒོམས་པ་ལས་བྱུང་བ་མི་ལྕོགས་
པ་མེད་པས་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། དེ་མ་ཐོབ་པར་འདུ་ཤེས་བསྒྱུར་ཏེ་སྨྲས་ན་ནི་ཕམ་པར་འགྱུར་བར་རྣམ་པར་གཞག་གོ། །འདིར་དེའི་རྒྱུ་མཚན་མ་ཐོབ་པར་འདུ་ཤེས་བསྒྱུར་ཏེ་སྨྲ་བ་ནི་སྦོམ་པོའི་དབང་དུ་བྱས་པ་རྣམ་པར་གཞག་སྟེ། དེའི་རྒྱུ་མཚན་
ཞེས་བྱ་བ་ནི། རང་གི་མཚན་ཉིད་འཛིན་པ་སྟེ། འདོད་པ་ན་སྤྱོད་པའི་ཐོས་པ་དང་། བསམས་པ་ལས་བྱུང་བའི་ཤེས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་རྣམ་པར་གནོན་པ་དང་། རྣམ་པར་གནོན་པ་མ་ཡིན་པའོ། །དེ་ལ་འདིར་ནི་ཉོན་མོངས་པ་རྣམ་

པར་གནོན་པ་བཟུང་སྟེ། དེ་བས་ན་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་འདོད་པ་ན་སྤྱོད་པའི་ཐོས་པ་དང་། བསམས་པ་ལས་བྱུང་བའི་ཤེས་པ་མི་སྡུག་པ་ལ་སོགས་པ་ལ་དམིགས་པས་ཉོན་མོངས་པ་རྣམ་པར་གནོན་པ་དེ་མ་ཐོབ་
པར་བདག་ཉིད་དེ་དང་ལྡན་པ་ཉིད་དུ་འདུ་ཤེས་བསྒྱུར་ཏེ་སྟོན་ན་སྦོམ་པོའོ། །དེ་དང་ལྡན་པའི་ཆོས་ཅན་ཉིད་དུ་སྨྲ་བ་ན་དེ་དང་ལྡན་པ་ཉིད་མ་སྨྲས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་དང་ལྡན་པའི་ཆོས་ཅན་ཉིད་དུ་སྨྲ་བ་ཞེས་བྱ་བ་ནི། གང་ལ་མིའི་ཆོས་བླ་མ་དེ་ཡོད་པ་དེ་ནི་དེ་དང་
ལྡན་པའོ། །མིའི་ཆོས་བླ་མ་དང་ལྡན་པ་དེ་དང་ལྡན་པ་རྒྱུན་དུ་ཞུགས་པ་ལ་སོགས་པ་དེའི་ཆོས་སྟན་ཁྲ་བོ་བཀྲ་བ་ལ་སོགས་པ་ཐོབ་པའི་ཆོས་དེ་དེ་ལ་ཡོད་པ་ནི་དེ་དང་ལྡན་པའི་ཆོས་ཅན་ནོ། །དེའི་དངོས་པོ་ནི་དེ་དང་ལྡན་པའི་ཆོས་ཅན་ཉིད་དོ། །དེ་ཉིད་དུ་སྨྲ་བ་གང་
ཡིན་པ་དེ་ནི་དེ་དང་ལྡན་པའི་ཆོས་ཅན་ཉིད་དུ་སྨྲ་བ་སྟེ། དེ་དང་ལྡན་པའི་ཆོས་ཅན་ཉིད་དུ་སྨྲ་བ་ནི་དེ་དང་ལྡན་པ་ཉིད་མ་སྨྲས་པ་མ་ཡིན་ཏེ། མིའི་ཆོས་བླ་མ་དང་མི་ལྡན་པ་ཉིད་དུ་མ་སྨྲས་པ་མ་ཡིན་ཏེ་སྨྲས་པ་ཁོ་ནའོ། །འདི་སྐད་བསྟན་ཏེ། དགེ་སློང་གང་རྒྱུན་དུ་ཞུགས་
པ་ལ་སོགས་པའི་ཆོས་སུ་གྲགས་པ་མི་མ་ཡིན་པ་ལ་སོགས་པས་མི་འཚོ་བ་ལ་སོགས་པ་གང་ཡིན་པའི་ཆོས་དེ་དང་བདག་ཉིད་ལྡན་པར་སྟོན་ན། དགེ་སློང་དེས་བདག་ཉིད་མིའི་ཆོས་བླ་མ་དང་མི་ལྡན་པར་བསྟན་པ་མ་ཡིན་གྱི། འདི་ལྟར་བསྟན་པ་ཁོ་ན་ཡིན་ནོ། །དེ་ལྟར་གཞུང་ནི་
དགེ་སློང་རབ་ཏུ་མང་པོ་དག་གྲོང་མེད་པའི་དགོན་པའི་གནས་ཤིག་ན་གནས་ཤིང་དེ་ན་དེ་དག་ལ་མི་མ་ཡིན་པ་དག་གིས་འཚེ་བ་ན། དེ་ན་དགེ་སློང་གང་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་ཡིན་པ་དེ་ན་མི་མ་ཡིན་པ་དག་གིས་འཚེ་བར་མི་བྱེད་ནས། དགེ་སློང་གིས་འདུ་ཤེས་བསྒྱུར་
ཅིང་བཟོད་པ་དང་། འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་བདག་ཀྱང་གྲོང་མེད་པའི་དགོན་པའི་གནས་ཏེ། དེ་ན་བདག་ལ་མི་མ་ཡིན་པ་རྣམས་འཚེ་བར་མི་བྱེད་དོ་ཞེས་ཟེར་ན་ཕམ་པར་འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་འདི་ལྟར་

དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་མགྲོན་དུ་བོས་ཏེ་ཟ་བར་བྱེད་ཅིང་དེ་ན་དེ་དག་ལ་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་བཤམས་ཤིང་དེ་ན་དགེ་སློང་གང་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་ཡིན་པ་དེ་ལ་དེ་ན་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་པར་བྱེད་ནས། དགེ་སློང་
གིས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་བདག་ཀྱང་ཁྱིམ་དེར་མགྲོན་དུ་བོས་ཤིང་ཟོས་ཏེ། དེ་ན་བདག་ལ་ཡང་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་པར་བྱེད་དོ་ཞེས་ཟེར་ན་ཕམ་པར་
འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། དེ་བས་ན་དགེ་སློང་གང་རྒྱུན་དུ་ཞུགས་པ་ལ་སོགས་པའི་ཆོས་གང་ཡིན་པར་གྲགས་པ་དེ་དང་བདག་ཉིད་སྦྱོར་བར་བྱེད་པ་དེ་ནི་ཕམ་པར་འགྱུར་རོ། །དེ་ཡོད་དོ་ཞེས་རང་གི་བསམ་པ་གཞན་ལ་སྦྱོར་ཞིང་སྟོན་པ་ཉིད་དོ་ཞེས་བྱ་བ་
ནི། དགེ་སློང་གང་གིས་ལྷ་དག་མཐོང་བ་དང་། ལྷ་རྣམས་ཀྱིས་ཀྱང་དེ་མཐོང་བ་ལ་སོགས་པའི་དགེ་སློང་དེ་ཡོད་དོ་ཞེས་གང་གི་ཚེ་རང་གིས་བསམ་པར་བྱས་ལ་དེ་ཡོད་དོ་ཞེས་གཞན་ལ་སྦྱོར་ཞིང་འདོགས་པར་བྱེད་ན་སྦོམ་པོ་ཁོ་ནར་འགྱུར་ཏེ། བདག་ཉིད་ཀྱི་བསམ་
པ་གཞན་ལ་སྟོན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། དགེ་སློང་གང་གཞན་ལ་བསྟན་པའི་སྦྱོར་བས་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པར་སྟོན་པར་འདོད་ཅིང་འདི་སྐད་ཅེས་དགེ་སློང་གང་གིས་ལྷ་དག་མཐོང་བ་དེ་ཡོད་དོ་ཞེས་ཀྱང་ཟེར་ལ། རྣམ་པ་དེ་ལྟ་བུ་གཞན་
ལ་སྟོན་ཅིང་སྦྱོར་བར་བྱེད་ན་རང་ཉིད་དང་སྦྱར་བའི་བསམ་པ་ཡོད་མོད་ཀྱི། འོན་ཀྱང་གཞན་ལ་བསྟན་པའི་ཕྱིར་སྦོམ་པོར་འགྱུར་རོ། །གལ་ཏེ་དེ་ཡོད་དོ་ཞེས་གཞན་ལ་སྟོན་པར་བྱེད་པ་ལ། བདག་ཉིད་ལ་ཡང་ཉེ་བར་སྦྱོར་བར་བྱེད་ན་ཅི་དེ་ལ་ཡང་གཞན་ལ་སྟོན་པ་
ཉིད་ལྟ་བུར་འགྱུར་རམ་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཉེ་བར་སྦྱོར་བ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རང་ལ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་གཞན་ལ་བསྟན་པས་བདག་ཉིད་ལ་ཉེ་བར་སྦྱོར་ཞིང་འདོགས་པར་བྱེད་ན་གཞན་ལ་སྟོན་པ་ཉིད་མ་ཡིན་ནོ། །འདི་སྐད་

བསྟན་ཏེ། གལ་ཏེ་དགེ་སློང་སྔར་ནི་དགེ་སློང་གང་ལྷ་དག་མཐོང་བ་དེ་ཡོད་དོ་ཞེས་གཞན་ལ་སྟོན་པར་བྱེད་ལ། དེའི་འོག་ཏུ་ནི་འདི་སྐད་ཅེས་དེ་ནི་ང་ཉིད་དོ་ཞེས་བདག་ཉིད་ལ་སྦྱོར་བར་བྱེད་ན་དེའི་ཚེ་གཞན་ལ་བསྟན་པ་ཉིད་མ་ཡིན་གྱི། འདི་
ལྟར་བདག་ཉིད་ལ་བསྟན་པ་ཉིད་དེ། དེའི་ཕྱིར་ཕམ་པ་ཁོ་ནར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་འདི་སྐད་ཅེས་ང་ཉིད་དོ་ཞེས་མི་སྨྲ་ན་ཞེས་བྱ་བ་ཡིན་ནོ། །མ་བསམས་པར་བསྟན་པར་མི་བྱའོ་ཞེས་བྱ་བ་ནི། མ་བསམས་མ་བརྟགས་ལེགས་པར་སོ་སོར་
བརྟག་པར་མ་བྱས་པར་འདས་པ་དང་མ་འོངས་པ་ལ་སོགས་པའི་ཡུལ་བསྟན་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། ཅི་ནས་ཀྱང་ཕྱིས་འཇིག་རྟེན་དག་ཡིད་མི་ཆེས་པར་མི་འགྱུར་བ་དེ་ལྟར་བསམ་པར་བྱའོ། །སྨྲ་བའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ་ཞེས་བྱ་བ་མིའི་
ཆོས་བླ་མ་སྨྲ་བའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།རྣམ་པར་འབྱེད་པ་ལས་གསུངས་པ་བསྡུས་ནས་ཕྲན་ཚེགས་ཀྱི་སྐབས་ནི་མེད་པས་དེའི་ཕྱིར་ཞུ་བའི་སྐབས་བརྗོད་པར་བྱ་སྟེ། བླ་མ་ཐོབ་པ་ཡོངས་སུ་ཉམས་པ་གོ་
བར་བྱེད་པ་ནི་མ་བརྗོད་པ་མ་ཡིན་ནོ་ཞེས་བྱ་བ་ནི། མིའི་ཆོས་བླ་མ་ཐོབ་པ་ཡོངས་སུ་ཉམས་པ་གང་ཡིན་པའི་ཐོབ་པ་ཡོངས་སུ་ཉམས་པ་དེ་གོ་བར་བྱེད་པ་གང་ཡིན་པ་དེ་ཡང་དེ་མ་བརྗོད་པ་མ་ཡིན་ཏེ། མིའི་ཆོས་བླ་མ་བརྗོད་པ་མ་ཡིན་གྱི། འདི་ལྟར་བརྗོད་པ་ཁོ་ནའོ། །འདི་སྐད་
བསྟན་ཏེ། བདག་ནི་དགེ་སྦྱོང་གི་འབྲས་བུ་བཞི་ལས་ཉམས་པའོ་ཞེས་བྱ་བ་ལ་སོགས་པས་ཐོབ་པ་ལས་ཡོངས་སུ་ཉམས་པ་བརྗོད་པ་གང་ཡིན་པ་དེ་ཡང་མིའི་ཆོས་བླ་མ་མ་བརྗོད་པ་མ་ཡིན་ཏེ། བརྗོད་པ་ཁོ་ན་ཡིན་པས་གལ་ཏེ་བརྫུན་ན་ནི་ཕམ་པར་འགྱུར་རོ་ཞེས་བྱ་བའི་
ཐ་ཚིག་གོ། །གལ་ཏེ་མ་ཐོབ་པ་ལས་ཉམས་པར་གོ་བར་བྱེད་དེ། ཇི་སྟེ་ཡོན་ཏན་ཁྱད་པར་ཅན་ཡོད་པར་ཡིད་ཆེས་པར་འདོད་པས་བྱེད་ན་དེའི་ཚེ། གཞོགས་སྨོས་ཀྱི་སྐབས་ཀྱི་སྦོམ་པོར་འགྱུར་རོ། །འོན་ཏེ་བསམ་པ་དྲང་པོས་ན་ནི་དེ་ལ་ཉེས་པ་མེད་པ་ཉིད་དོ། །

བླ་མ་བརྗོད་པའི་འདུན་པས་མིང་མཐུན་པའི་དོན་བརྗོད་ན་སྦོམ་པོའོ་ཞེས་བྱ་བ་ནི་མིའི་ཆོས་བླ་མ་བརྗོད་པའི་འདུན་པ་བསམ་པས་དེ་དང་མིང་མཐུན་པ་བརྗོད་པ་སྦོམ་པོ་སྟེ། དེ་དང་མིང་འདྲ་བ་ནི་མིང་མཐུན་པ་སྟེ། མིང་མཚུངས་པའོ། །མིང་མཐུན་པ་དེས་མིང་མཐུན་
པའི་དོན་བརྗོད་པ་ནི་མིང་མཐུན་པའི་དོན་བརྗོད་པའོ། །མིང་མཐུན་པ་བརྗོད་པ་དེ་ལ་མིའི་ཆོས་བླ་མ་བརྗོད་པར་བྱ་བའི་བསམ་པས་ནི་སྦོམ་པོ་སྟེ། དཔེར་ན་བདག་ནི་སློབ་པ་སྟེ། སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ལ་ལོ་མ་གཅད་པ་ལ་སོགས་པ་ལ་སློབ་པ་ཉིད་ལས་
བསམས་ཏེ། བདག་ནི་སློབ་པའོ་ཞེས་བྱ་བའི་ཚིག་བརྗོད་ན་སྦོམ་པོའོ། །བདག་ནི་མི་སློབ་པ་སྟེ། སོ་སོར་ཐར་པའི་མདོ་ལ་སོགས་པ་ལ་དོན་བྱས་ཤིང་བསླབས་ཟིན་པ་ཉིད་དམ། མི་སྦྱོར་བ་ཉིད་ལས་བསམས་ནས་བདག་ནི་མི་སློབ་པའོ་ཞེས་བརྗོད་པ་ལ་སོགས་པ་ཐམས་ཅད་
ལ་སྦོམ་པོར་སྦྱར་རོ། །འདི་སྐད་བསྟན་ཏེ། མིའི་ཆོས་བླ་མ་དང་མི་མཐུན་པའི་མིང་གིས་མིའི་ཆོས་བླ་མ་བརྗོད་པར་འདོད་པས་བརྗོད་པ་གཞན་གྱིས་ཀྱང་ཐོས་ན་སྦོམ་པོའོ། །ནོར་ན་ཡང་ངོ་ཞེས་བྱ་བ་ནི། བརྗོད་པ་ཞེས་བྱ་བར་སྦྱར་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་
པ་མི་བདེན་པ་མིའི་ཆོས་བླ་མ་བརྗོད་པར་བྱའོ་སྙམ་པ་ལས་ནོར་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོགས་པ་གོང་མ་གོང་མ་དག་བརྗོད་ན་ཡང་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞོགས་སྨོས་ཀྱང་ངོ་ཞེས་བྱ་བ་ཡང་སྦོམ་པོའོ་ཞེས་བྱ་བར་སྦྱར་ཏེ། སྒྱུར་ཅིང་སྨྲ་
བས་མིའི་ཆོས་བླ་མ་གཞོགས་སྨོས་བྱེད་ན་སྦོམ་པོའོ། །འདི་ལྟ་སྟེ་དཔེར་ན་ཨེ་མའོ་ཁྱོད་ཁོ་བོ་ཅི་འདྲ་བ་དེ་དེ་འདྲ་བར་འགྱུར་རོ། །ཁོ་བོ་དང་ཁྱོད་དང་འུ་བུ་ཅག་འདི་ལྟར་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པར་འགྱུར་རོ། །ཁོ་
བོ་ནི་རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པའི་བར་ཡང་ཡིན་ནོ་ཞེས་དེ་སྐད་དུ་ཟེར་ཞེས་བྱ་བ་ལ་སོགས་པ་མཐར་འགྱུར་བའི་བླ་མ་གཞོགས་སྨོས་བྱེད་ལ་གཞན་གྱིས་ཐོས་ན་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པ་ཕྱི་མ་ཉིད་ལ་དེ་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་

དག་པ་ཞེས་བྱ་བ་ནི་བདེན་པའོ། །ཕྱི་མ་ཞེས་བྱ་བ་ནི་ཐ་མའོ། །གང་ལ་གཞོགས་སྨོས་ཀྱི་ཚིག་ཕྱི་མ་བདེན་པ་ཡོད་པ་དེ་ན་ཡང་དག་པའི་ཕྱི་མ་སྟེ། ཁོ་བོ་ནི་རྒྱུན་དུ་ཞུགས་པ་ཡང་མ་ཡིན་དགྲ་བཅོམ་པའི་བར་ཡང་མ་ཡིན་ནོ་ཞེས་བྱའོ། །
དེའི་དངོས་པོ་ནི་དེ་ཉིད་དོ་ཡང་དག་པ་ཕྱི་མ་ཉིད་དོ། །ལ་ཞེས་བྱ་བ་ནི་ཡང་དག་པའི་ཕྱི་མ་ཉིད་དོ་སྟེ། དེ་ལ་གཞོགས་སྨོས་དེ་མི་འབྱུང་བ་མ་ཡིན་ཏེ་འབྱུང་བ་ཉིད་དོ། །འདི་སྐད་བསྟན་ཏེ། སྔར་མིའི་ཆོས་བླ་མ་ཡང་དག་པ་མ་ཡིན་པ་སྨོས་ལ་ཕྱིས་ནི་ཚིག་ཡང་དག་པ་ལ་ཞུགས་
ན། བདེན་པའི་དོན་ཕྱི་མ་ལ་ཞུགས་པ་དེ་ལ་མིའི་ཆོས་བླ་མ་ཡང་གཞོགས་སྨོས་བྱས་པའི་ཚིག་སྔ་མ་དེ་གཞོགས་སྨོས་མ་བྱས་པ་ཉིད་མ་ཡིན་གྱི། གཞོགས་སྨོས་བྱས་པ་ཁོ་ན་སྟེ། འདི་ལྟར་བྱས་པ་ལ་མ་བྱས་པ་མེད་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་སྔར་མིའི་ཆོས་
བླ་མ་གཞོགས་སྨོས་བྱ་བའི་ཚིག་བརྗོད་ལ་ཕྱིས་ནི་བདེན་པར་བརྗོད་ན་དེ་ལྟ་ན་ཡང་གཞོགས་སྨོས་ཀྱི་ཚིག་སྔ་མ་དེ་གཞོགས་སྨོས་ཉིད་དུ་མི་འགྱུར་བ་མ་ཡིན་ཏེ་འགྱུར་བ་ཁོ་ནའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་འདི་སྐད་ཅེས་ཁྱིམ་སློང་མོ་སྟེར་བའི་ཁྱིམ་ཆེ་གེ་མོ་དགེ་སློང་གང་གི་ཡིན་པའི་དགེ་
སློང་དེ་ནི་རྒྱུན་དུ་ཞུགས་པའམ། དགྲ་བཅོམ་པའི་བར་ཡིན་ནོ། །ཁྱིམ་སློང་མོ་སྟེར་བའི་ཁྱིམ་དེ་སུའི་ཡིན། དེས་སྨྲས་པ། ཁོ་བོའི་ཡིན་ཏེ། ཁོ་བོ་ནི་རྒྱུན་དུ་ཞུགས་པ་ཡང་མ་ཡིན། དགྲ་བཅོམ་པའི་བར་ཡང་མ་ཡིན་ནོ་ཞེས་མཆི་ན་ལྟུང་བ་ཅིར་འགྱུར། བཀའ་སྩལ་པ། ཉེས་
པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །སྨྲ་བའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་སོ་ཞེས་བྱ་བ་མིའི་ཆོས་བླ་མ་སྨྲ་བའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་སྨྲ་བའི་ཕམ་པར་འགྱུར་བ་འདུལ་བྱེད་ཀྱི་སྐབས་ནས་གསུངས་པ་བསྡུ་བའི་ཕྱིར།
སྦོམ་པོ་ནི་བཙུན་པ་ནི་དགྲ་བཅོམ་པ་ཆོས་གོས་ལ་སོགས་པ་མཆོག་འོས་པ། བྲམ་ཟེ་སྡིག་པའི་ཆོས་བསལ་ལ། བཙུན་པའི་དབང་པོ་དྲུག་པོ་དག་ནི་ཤིན་ཏུ་དུལ་བ། སྦས་པ། བསྲུངས་པ། བསྒོམས་པ་དག་ཡིན་ནོ་ཞེས་ཟེར་བ་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ན་འོ་ཞེས་བྱ་བ་

སྨྲས་ཏེ། བཙུན་པ་ནི་དགྲ་བཅོམ་པའོ་ཞེས་ཟེར་བ་ལ། དགེ་སློང་གིས་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ན་སྦོམ་པོའོ། །དེ་བཞིན་དུ་ཀྱེ་བཙུན་པ་ནི་ཆོས་གོས་ལ་སོགས་པ་མཆོག་འོས་པའོ་ཞེས་ཟེར་བ་ལ་དགེ་སློང་གིས་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ན་ཡང་སྦོམ་པོའོ། །
དེ་བཞིན་དུ་བཙུན་པ་ནི་བྲམ་ཟེ་སྡིག་པའི་ཆོས་བསལ་བའོ་ཞེས་ཟེར་བ་ལ། དགེ་སློང་གིས་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ན་ཡང་སྦོམ་པོའོ། །སྡིག་པའི་ཆོས་བསལ་བ་ཞེས་བྱ་བ་ནི་སྡིག་པའི་ཆོས་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་དྲུག་པོ་དག་ནི་མིག་ལ་སོགས་
པ་དག་གོ། །ཤིན་ཏུ་དུལ་བ་ཞེས་བྱ་བ་ནི། མི་སྡུག་པ་ལ་སོགས་པ་བསྒོམས་པས་སོ། །ཤིན་ཏུ་སྦས་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་ལམ་བསྐྱེད་པས་སོ། །ཤིན་ཏུ་བསྲུངས་པ་ཞེས་བྱ་བ་ནི། དྲན་པ་དང་ཤེས་བཞིན་དག་གིས་སོ། །ཤིན་ཏུ་བསྒོམས་པ་ཞེས་བྱ་བ་ནི་ཉོན་
མོངས་པ་མེད་པ་ལ་སོགས་པ་མངོན་དུ་གྱུར་པས་སོ། །དང་དུ་ལེན་པ་ཡང་རྣམ་པ་གཉིས་ཏེ། ཚིག་གིས་དང་དུ་ལེན་པ་དང་། ཅང་མི་སྨྲ་བས་དང་དུ་ལེན་པའོ། །དེ་ལ་ཚིག་གིས་དང་དུ་ལེན་པ་ནི་ཕམ་པར་འགྱུར་རོ། །ཅང་མི་སྨྲ་བས་དང་དུ་ལེན་པ་ནི་སྦོམ་པོར་རོ། །དེའི་ཕྱིར་འདིར་
གཞུང་ནི་ཅང་མི་སྨྲ་བས་ཞེས་བྱ་བ་སྨོས་ཏེ། དང་དུ་ལེན་པ་ཙམ་གྱིས་སྦོམ་པོ་ཁོ་ནར་འགྱུར་བ་ཡང་མ་ཡིན་ཏེ། འོ་ན་ཅི་ལྟ་ཞེ་ན། གཞན་གྱིས་དེའི་དོན་གོ་ན་དེས་སྦོམ་པོར་འགྱུར་རོ། །མ་གོ་ན་ནི་ཉེས་བྱས་སོ། །བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན་བདག་གི་བསོད་
སྙོམས་ལོང་ཤིག །ཁྱིམ་དུ་ཞུགས་ཤིག །སྟན་ལ་འདུག་ཤིག །ལག་ཆུ་ཟེད་ཅིག །བཟའ་བ་དང་། སྲན་ཚོད་དང་བཅའ་བ་ལོང་ལ་ཟོ་ཤིག །རྗེས་སུ་ཡི་རང་བར་བྱོས་ཤིག །བྱུང་ཤིག་ཅེས་པ་ལ་དེ་བཞིན་དུ་སྒྲུབ་ནའོ་ཞེས་བྱ་བ་ནི། མདོ་སྔ་མ་ལས་ཟེར་བ་ལ་ཞེས་བྱ་བའི་རྗེས་
དང་སྦྱར་ཏེ། བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན་བདག་གི་བསོད་སྙོམས་ལོང་ཤིག །ཅེས་ཟེར་བ་ལ་དེ་བཞིན་དུ་སྒྲུབ་པ་བསོད་སྙོམས་ལེན་པར་བྱེད་ན་སྦོམ་པོའོ། །མངོན་སུམ་དུ་ཚིག་གིས་གོ་བར་བྱེད་པ་མེད་པས་ཡན་ལག་མ་ཚང་བའི་ཕྱིར་དེས་ན་སྦོམ་པོ་སྟེ། ཕམ་པར་མི་

འགྱུར་རོ། །དེ་བཞིན་དུ་ཁྱིམ་དུ་ཞུགས་ཤིག །ཅེས་ཟེར་བ་ལ་འདུག་པ་དང་། སྟན་ལ་འདུག་ཅིག་ཅེས་ཟེར་བ་ལ་སྟན་ལ་འདུག་པ་དང་། ལག་ཆུ་ཟེད་ཅིག་ཅེས་ཟེར་བ་ལ་ལག་ཆུ་ཟེད་པ་དང་། བཟའ་བ་དང་སྲན་ཚོད་དང་། བཅའ་བ་ལོང་ལ་
ཟོ་ཤིག་ཅེས་ཟེར་བ་ལ་ལེན་པ་དང་། ཟ་བར་བྱེད་པ་སྟེ། ལོང་ལ་ཞེས་བྱ་བ་ནི་བྱིན་ལེན་གྱིས་ཤིག་ཅེས་པའོ། །ཟོ་ཤིག་ཅེས་བྱ་བ་ནི་བཟའ་བ་དང་སྲན་ཚོད་དང་བཅའ་བ་ཞེས་བྱ་བའི་ཚིག་གསུམ་ཆར་དང་སྦྱར་བར་བྱའོ། །དེ་བཞིན་དུ་རྗེས་སུ་ཡི་རང་བར་བྱོས་ཤིག་ཅེས་ཟེར་བ་ལ་
རྗེས་སུ་ཡི་རང་བར་བྱེད་པ་དང་། བྱུང་ཤིག་ཅེས་ཟེར་བ་ལ་བྱུང་ན་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་ཡི་རང་བ་ཡང་རྣམ་པ་གཉིས་ཏེ། སེམས་ཀྱིས་དང་ཚིག་གིས་སོ། །དེ་ལ་སེམས་ཀྱིས་རྗེས་སུ་ཡི་རང་ན་ནི་སྦོམ་པོའོ། །ཚིག་གིས་ན་ནི་ཕམ་པར་འགྱུར་རོ། །འདི་སྐད་
བསྟན་ཏེ། གལ་ཏེ་བཙུན་པ་དགྲ་བཅོམ་པ་ཡིན་ན་རྗེས་སུ་ཡི་རང་བར་བྱོས་ཤིག །ཅེས་ཟེར་བ་ལ་ཅང་མི་སྨྲ་བས་རྗེས་སུ་ཡི་རང་བར་བྱས་ན་ནི་སྦོམ་པོ་སྟེ། སྨྲ་བའི་མཚན་ཉིད་ཀྱི་ཡན་ལག་མེད་པའི་ཕྱིར་རོ། །སྨྲ་བའི་ཕམ་པར་འགྱུར་བ་འདུལ་བྱེད་དག་གོ་ཞེས་བྱ་བ་འདུལ་བྱེད་
ཀྱི་སྐབས་བཤད་ཟིན་ཏོ། །སྨྲ་བའི་ཕམ་པར་འགྱུར་བ་རྫོགས་སོ་ཞེས་བྱ་བ་མིའི་ཆོས་བླ་མ་སྨྲ་བ་ཞེས་བྱ་བའི་ཕམ་པར་འགྱུར་བ་བཞི་པ་རྫོགས་སོ།། །།ཕམ་པར་འགྱུར་བ་རྣམས་བསྟན་ནས། ད་ནི་ཁུ་བ་འབྱིན་པ་ལ་སོགས་པ་དགེ་འདུན་ལྷག་མ་བརྗོད་པར་བྱ་སྟེ།
ཁུ་བ་འབྱིན་པ་ལ་སོགས་པ་ནི་རྨི་ལམ་ན་ཡང་སྲིད་པས་དེའི་ཕྱིར། རྨི་ལམ་ན་ནི་མེད་པ་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་མེད་པ་དང་འདྲ་བར་འགྱུར་བས་དེའི་ཕྱིར་མེད་པ་དང་འདྲའོ། །འདི་ལྟར་རྨི་ལམ་རྫས་སུ་ཡོད་པ་ཡིན་ཡང་དེ་ལྟ་མོད་ཀྱི། འཇིག་རྟེན་གྱི་ཐ་སྙད་ལས་
ཤིན་ཏུ་འདས་པ་ཡིན་པའི་ཕྱིར་རྨི་ལམ་ནི་མེད་པ་དང་འདྲ་བ་ཉིད་ཡིན་ནོ། །དེའི་འབྲས་བུ་ནི་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་རྨི་ལམ་གྱི་འབྲས་བུ་ལུས་དང་ངག་རྣམ་པར་འགྱུར་བ་དང་། ཁུ་བ་འབྱིན་པ་ལ་སོགས་པ་ནི་མ་བྱས་པ་ཉིད་དུ་རིག་པར་བྱའོ། །རྨི་ལམ་ནི་རྣམ་པ་གཉིས་སུ་འདོད་

དེ། ཁ་ཅིག་ནི་གཉིད་དང་ལྡན་པའི་སེམས་རྨི་ལམ་གྱི་སྒྲར་བརྗོད་པར་འདོད་དོ། །ཁ་ཅིག་ནི་སེམས་དེའི་ཡུལ་བུད་མེད་ལ་སོགས་པ་གང་ཡིན་པ་རྨི་ལམ་གྱི་སྒྲར་བརྗོད་པར་འདོད་དེ། སེམས་དེ་དང་བུད་མེད་ལ་སོགས་པ་ཡུལ་དེས་གཉིད་ལོག་པའི་གནས་སྐབས་ན་ཁུ་བ་འབྱིན་པ་ལ་སོགས་
པ་གང་བྱས་པ་དེ་ནི་མ་བྱས་པར་རིག་པར་བྱའོ། །ད་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མའི་མཚན་ཉིད་བརྗོད་པར་བྱ་སྟེ། གང་བྱས་ན་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་ཞེས་བྱ་བའི་ཁ་ན་མ་ཐོ་བར་འགྱུར་ཞེ་ན་དེའི་ཕྱིར། ཕྱུང་བ་ནའོ་ཞེས་བྱ་བ་སྨྲས་ཏེ། ཁུ་བ་ཕྱུང་ན་དགེ་
འདུན་ལྷག་མར་འགྱུར་རོ། །ལྟུང་བ་གང་གི་ལྷག་མར་དགེ་འདུན་གྱིས་གསོ་བར་བྱ་བ་དེ་ནི་དགེ་འདུན་ལྷག་མ་སྟེ། དེ་ལ་དགེ་འདུན་གྱིས་གསོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཇི་ལྟ་བུས་ཤེ་ན་དེའི་ཕྱིར། དེར་འདུན་པས་སོ་ཞེས་བྱ་བ་སྨྲས་ཏེ། འབྱིན་པར་
འདུན་པས་ཡིན་གྱི་རྒྱུག་པ་ལ་སོགས་པའི་སེམས་ཀྱིས་ནི་མ་ཡིན་ནོ། །རྫས་གཞན་ལ་ཡང་འབྱུང་བ་སྲིད་པས་གང་ཕྱུང་ཞེ་ན་དེའི་ཕྱིར། རང་གི་ཁུ་བའོ་ཞེས་བྱ་བ་སྨྲས་ཏེ། རང་གི་ཁུ་བ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །ཁུ་བ་ཕྱུང་བ་ནི་མང་དུ་ཡོད་དེ་འདི་ལྟ་སྟེ། གནས་
ནས་འབྱུང་བ་དང་། སྦུབས་སུ་འོངས་པ་ལས་འབྱུང་བ་དང་། དབང་པོའི་མཐའ་ནས་འབྱུང་བའོ། །དེའི་ཕྱིར་འབྱུང་བ་དེ་དག་ལས་ཕྱུང་བ་གང་ལ་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། དང་པོ་ལའོ་ཞེས་བྱ་བ་སྨྲས་ཏེ། གནས་ནས་འབྱུང་བ་ནི་དང་པོ་སྟེ། ཕྱུང་བ་དེ་ལའོ་ཞེས་
བྱ་བའི་ཐ་ཚིག་གོ། །ལུས་འདི་ལ་ཁུ་བའི་གནས་སུ་གྱུར་པ་ལོགས་ཤིག་ན་འཁྲིས་པ་ལྟ་བུ་མེད་དོ། །འོན་ཀྱང་དེ་ནི་ཤིང་མ་ཞོ་བཞིན་ལུས་ཐོག་དག་ལས་འབྱུང་སྟེ། དཔེར་ན་བུ་རམ་ཤིང་ལས་ཁུ་བ་དང་འབྲུ་ལས་འབྲུ་མར་བཞིན་ནོ། །དང་པོ་ལས་འབྱུང་བའི་མཚན་ཉིད་བརྗོད་པ་ནི་
འདི་ཡིན་ཏེ། དེ་མྱོང་བའི་གནས་སྐབས་དེ་ན་འདོད་ཆགས་ཤས་ཆེ་རབ་ཏུ་འགྱུར་བ་དང་། བདེ་བ་ཉམས་སུ་མྱོང་བ་ཆེན་པོ་སྐྱེ་བ་དང་། སྙིང་འདར་བ་ལ་སོགས་པ་ལུས་འགྱུར་བ་འབྱུང་བ་ཡིན་ནོ། །མདོ་བྱེད་པས་དེ་ག་ལས་ཤེ་ན་ཉེ་བ་འཁོར་གྱིས་ཞུས་པ་ལས་ཏེ། བཙུན་

པ་ཇི་ཙམ་གྱིས་ནི་ཁུ་བ་ཕྱུང་བར་བརྗོད་པར་བགྱི། གང་ནས་སྦུབས་སུ་འོངས་པར་གྱུར་ནའོ་ཞེས་གསུངས་པ་ལས་སོ། །རྣམ་པར་འབྱེད་པའི་ཚིག་ལས་ཀྱང་ཕྱུང་བ་ཞེས་བྱ་བའི་མདོའི་ཚིག་འདི་ནི་དེ་མ་ཐག་ཏུ་ཕྱུང་བའོ་ཞེས་རྣམ་པར་འབྱེད་པ་
ལས་གསུངས་ཏེ། སྦུབས་སུ་འོངས་པ་ལས་ཕྱུང་ན་ནི་ཉེས་པ་སྦོམ་པོའོ་ཞེས་གསུངས་པའི་ཕྱིར་རོ། །འབྱིན་པར་འདུན་པ་ནི་རྣམ་པ་མང་དུ་སྣང་སྟེ། ལ་ལ་ནི་བདེ་བའི་ཕྱིར། ལ་ལ་ནི་རིག་སྔགས་ཀྱི་ཕྱིར། ལ་ལ་ནི་ས་བོན་གྱི་ཕྱིར། ལ་ལ