Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 162
Văn bản gốc(Tây Tạng)
Trang 11 / 26 (50.000 ký tự/trang)
་ནི་སྨན་གྱི་ཕྱིར། ལ་ ལ་ནི་བརྟག་པའི་ཕྱིར་འབྱིན་ཏེ། དེ་ལ་སོགས་པའི་རྣམ་པ་སྣང་བའི་ཕྱིར། ཅི་ཐམས་ཅད་ཁ་ན་མ་ཐོ་བ་འདྲའམ། འོན་ཏེ་བྱེ་བྲག་ཡོད་ཅེ་ན། དེའི་ཕྱིར་བདེ་བ་དང་། རིག་སྔགས་དང་། ས་བོན་དང་། སྨན་དང་། བརྟག་པའི་ཕྱིར་དེ་དག་ལ་བྱེ་བྲག་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཕྱིར་ཞེས་བྱ་བའི་སྒྲ་རེ་རེ་དང་སྦྱར་བར་བྱ་སྟེ། བདེ་བ་དང་། རིག་སྔགས་དང་། ས་བོན་དང་། སྨན་དང་། བརྟག་པ་ཞེས་བྱ་བ་རེ་རེར་དབྱེ་བ་བྱས་ལ་དེ་ནས་བདེ་བའི་ཕྱིར་དང་། རིག་སྔགས་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེ་དག་གི་ཕྱིར་ཁུ་བ་འབྱིན་པ་ལ་ནི་ལྟུང་ བ་ལ་བྱེ་བྲག་མེད་དེ། ཐམས་ཅད་དགེ་འདུན་ལྷག་མར་འགྱུར་བའི་ཕྱིར་རོ། །རྣམ་པ་གང་གིས་འབྱིན་པ་ཞེ་ན་དེའི་ཕྱིར། རེག་པས་སོ་ཞེས་བྱ་བ་སྨས་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་ཙམ་གྱིས་ནི་མ་ཡིན་ནོ། །ཕྲད་པ་ཙམ་གྱིས་ཀྱང་རེག་པར་ སྲིད་པའི་ཕྱིར། རེག་པ་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་བརྩལ་བས་སོ་ཞེས་བྱ་བ་སྨྲས་ཏེ། བྱ་བས་དྲུད་པ་ལ་སོགས་པ་ཡིན་གྱི། ཕྲད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལྟར་ཡང་རྣམ་པར་འབྱེད་པ་ལས་རྩོལ་ན་ཞེས་གསུངས་པ་ལ་འདུལ་བྱེད་དག་ལས་ཀྱང་དགེ་སློང་ཡན་ ལག་གི་རྣམ་པ་བཟུང་བ་ལ་མི་གཙང་བ་བྱུང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ།། །།བམ་པོ་བཅུ་གསུམ་པ། གང་ལ་རེག་པས་ཤེ་ན་དེའི་ཕྱིར། ཡན་ལག་གི་རྣམ་པ་ལ་འོ་ཞེས་བྱ་བ་ སྨྲས་ཏེ། ཕོའི་དབང་པོ་ལའོ། །བརླའི་ཕྱོགས་ལ་སོགས་པ་གཞན་གྱི་ཕྱོགས་ལ་ནི་མ་ཡིན་ཏེ། དེ་ལ་རེག་པ་ལས་འབྱུང་བ་སྲིད་པའི་ཕྱིར་རོ། །གང་གིས་རེག་པས་ཤེ་ན། དེའི་ཕྱིར་ཕྱི་རོལ་གྱིས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། ནང་གི་རང་དང་གཞན་གྱི་ལག་པ་འབའ་ཞིག་གིས་ ནི་མ་ཡིན་ནོ། །ཕྱི་རོལ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་དུ་བགྲང་བ་ཤི་བའི་ལུས་དང་སེམས་ཅན་དུ་བགྲང་བ་ཡང་མ་ཡིན་པ་གོས་ལ་སོགས་པའོ། །དེའི་ཕྱིར་ཕྱི་རོལ་དུ་གྱུར་པ་སེམས་ཅན་དུ་བགྲང་བ་མ་ཡིན་པ་བསལ་བའི་ཕྱིར། སེམས་ཅན་དུ་བགྲང་བས་སོ་ ཞེས་བྱ་བ་སྨྲས་ཏེ། ལག་པ་ལ་སོགས་པ་གཅད་པས་སོ། །ཕྱི་རོལ་དུ་གྱུར་པ་སེམས་ཅན་དུ་བགྲང་བ་ལ་ཡང་སེམས་ཅན་གྱི་རྣམ་པ་མ་ཡིན་པ་ཡང་སྲིད་པས་བྱེ་བྲག་ཏུ་བྱ་བའི་ཕྱིར། དེའི་རྣམ་པར་གནས་པའོ་ཞེས་བྱ་བ་སྨྲས་ཏེ། རང་གི་རྣམ་པ་གང་ཡིན་པ་དེར་གནས་ པས་སོ། །འདི་སྐད་བསྟན་ཏེ། ཡན་ལག་གང་ཡང་རུང་བར་རང་གི་རྣམ་པ་ལས་མ་ཉམས་པས་རེག་པས་ཕྱུང་ན་ཡང་དགེ་འདུན་ལྷག་མར་འགྱུར་གྱི། ལག་པ་ཁོ་ནས་རེག་པ་ཕྱུང་བར་མ་ཟད་དོ། །ལུས་ཀྱི་རྣམ་པ་ལས་ཉམས་པས་ཕྱུང་ན་ནི་སྦོམ་པོ་སྟེ། ཤའི་དུམ་བུས་ནི་སྦོམ་ པོའོ་ཞེས་གསུངས་པའི་ཕྱིར་རོ། །བརྩལ་བས་སོ་ཞེས་བྱེ་བྲག་མ་བསྟན་པས་འདི་ལྟར་རྣམ་པ་གང་ཡང་རུང་བའི་རྣམ་པའི་བརྩལ་བས་རེག་པས་སོ་ཞེས་བྱ་བར་ཤེས་པས་བཅངས་པས་བརྩལ་བའི་རང་བཞིན་འབའ་ཞིག་ཏུ་མ་ཟད་དེ། འདི་ལྟར་དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར་རིལ་གྱིས་ བཅངས་པ་དང་། དམ་དུ་བཅིང་བ་གཉིས་མེད་པར་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། རིལ་གྱིས་བཅང་བ་ཞེས་བྱ་བ་ནི་ཀུན་བཟུང་བའོ། །དམ་དུ་བཅང་བ་ཞེས་བྱ་བ་ནི། དེ་ལྟར་བཅངས་པ་ལ་དམ་དུ་འཛིན་པའོ། །དེ་གཉིས་མེད་པར་བརྩལ་བས་རེག་པས་ཕྱུང་ན་ཡང་དགེ་འདུན་ ལྷག་མའོ། །འདི་སྐད་བསྟན་ཏེ། འདི་ལྟར་དགེ་སློང་གིས་ཡན་ལག་གི་རྣམ་པ་རིལ་གྱིས་འཆང་བར་མི་བྱེད། དམ་དུ་བཅང་བར་མི་བྱེད་དུ་ཟིན་ཀྱང་ཕྱོགས་གཅིག་བཅངས་ཤིང་ཕྱོགས་གཅིག་བསྡམས་པས་ཕྱུང་ན་ཡང་དགེ་འདུན་ལྷག་མའོ། །ད་ནི་བདེ་བ་ཉམས་སུ་ མྱོང་བ་ཤས་ཆེན་པོ་མེད་ཀྱང་དགེ་འདུན་ལྷག་མར་འགྱུར་བ་ཁོ་ནར་བསྟན་པའི་ཕྱིར། བྱེ་བྲག་ངེས་པར་མྱོང་བ་དང་། བྱུང་ལ་ཐུག་པ་དང་། ངད་ལས་པའི་བདེ་བ་ཉམས་སུ་མྱོང་བ་དག་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་མེད་ པར་ཡང་ངོ་ཞེས་བྱ་བར་སྦྱར་ཏེ། བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བ་དང་། བྱུང་ལ་ཐུག་པའི་བདེ་བ་ཉམས་སུ་མྱོང་བ་དང་། ངད་ལས་པའི་བདེ་བ་ཉམས་སུ་མྱོང་བ་དག་མེད་པར་ཡང་བརྩལ་བས་རེག་པས་ཕྱུང་ན་དགེ་འདུན་ལྷག་མར་འགྱུར་གྱི། རིལ་གྱིས་བཅང་ བ་དང་དམ་དུ་བཅང་བ་གཉིས་མེད་པར་ཡང་ངོ་ཞེས་བྱ་བ་འབའ་ཞིག་ཏུ་མ་ཟད་དོ། །དེ་ལ་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བ་མེད་པར་ཡང་ཞེས་བྱ་བ་ལ་བྱེ་བྲག་ལས་ངེས་པར་འགྱུར་བའི་ལོངས་སྤྱད་པ་མངོན་དུ་གྱུར་པ་མྱོང་བ་ནི། བྱེ་བྲག་ངེས་པར་མྱོང་བ་སྟེ། བུད་ མེད་དང་སྐྱེས་པ་ཀུན་དུ་སྤྲད་པའི་གནས་སྐབས་སོ། །དེ་ན་བདེ་བ་གང་ཡོད་པ་དེ་ནི་དེའི་བདེ་བའོ། །དེ་ཉམས་སུ་མྱོང་བ་ནི་རོ་མྱོང་བ་སྟེ། དེ་མེད་པར་ཡང་ངོ་། །འདི་སྐད་བསྟན་ཏེ། དང་པོར་མི་ཚངས་པར་སྤྱོད་པ་ལ་ཀུན་དུ་རྟོག་པ་སྐྱེས་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་ བྱེད་པས་ཟིལ་གྱིས་ནོན་པར་གྱུར་པ་ན་ལུས་ཀྱི་དབང་པོ་རིལ་གྱིས་མནམས་པས་འདོད་ཆགས་དང་ལྡན་པའི་ལུས་ཀྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་རེག་པའི་བྱེ་བྲག་སྐྱེ་བར་འགྱུར་བ་དེའི་གནས་སྐབས་ན་བདེ་བ་གང་ཉམས་སུ་མྱོང་ཞིང་བདེ་བ་དེས་ཉེ་བར་འཚོ་བ་དེ་ནི་བྱེ་བྲག་ངེས་པར་ མྱོང་བའི་བདེ་བ་ཞེས་བྱ་སྟེ། དེ་མེད་པར་ཡང་བརྩལ་བས་རེག་པར་ཕྱུང་ན་དགེ་འདུན་ལྷག་མའོ། །བྱུང་ལ་ཐུག་པའི་བདེ་བ་ཉམས་སུ་མྱོང་བ་མེད་པར་ཡང་ཞེས་བྱ་བ་ལ་ལུས་ཀྱི་དབང་པོ་ལས་ཁུ་བ་འདོན་ལ་ཐུག་པ་ནི་བྱུང་ལ་ཐུག་པ་ཞེས་བྱ་བ་སྟེ། ཁུ་བ་འབྱུང་ཀའི་གནས་ སྐབས་སོ། །དེ་ན་བདེ་བ་གང་ཡོད་པ་དེ་ནི་དེའི་བདེ་བའོ། །དེ་ཉམས་སུ་མྱོང་བ་ནི་རོ་མྱོང་བ་སྟེ། དེ་མེད་པར་ཡང་ངོ་། །འདི་སྐད་བསྟན་ཏེ། ལུས་ཀྱི་དབང་པོ་ལས་ཁུ་བ་འབྱུང་ཀའི་གནས་སྐབས་ན་དེ་ལ་གཞོལ་བས་བདེ་བ་གང་ཉམས་སུ་མྱོང་ཞིང་བདེ་བས་ཉེ་བར་འཚོ་ བ་དེ་ནི་བྱུང་ལ་ཐུག་པའི་བདེ་བ་ཉམས་སུ་མྱོང་བ་ཞེས་བྱ་སྟེ། དེ་མེད་པར་བརྩལ་ཏེ་རེག་པས་ཕྱུང་ན་དགེ་འདུན་ལྷག་མའོ། །ངད་ལས་པའི་བདེ་བ་ཉམས་སུ་མྱོང་བ་མེད་པར་ཡང་ཞེས་བྱ་བ་ལ། གདུང་བ་དང་བྲལ་བར་གྱུར་པ་ནི་ངད་ལས་པ་ཞེས་བྱ་བ་སྟེ། འདོད་ཆགས་ཀྱི་ གདུང་བ་དང་བྲལ་བའི་གནས་སྐབས་སོ། །དེ་ནི་བདེ་བ་གང་ཡོད་པ་དེ་ནི་དེའི་བདེ་བའོ། །དེ་ཉམས་སུ་མྱོང་བ་ནི་རོ་མྱོང་བ་སྟེ། དེ་མེད་པར་ཡང་ངོ་། །འདི་སྐད་བསྟན་ཏེ། ཁུ་བ་ཕྱུང་ནས་དེའི་མོད་ལ་འདོད་ཆགས་ཀྱི་གདུང་བ་དང་བྲལ་བའི་གནས་སྐབས་ན་དེ་ལ་ གཞོལ་བས་བདེ་བ་གང་ཉམས་སུ་མྱོང་ཞིང་བདེ་བས་ཉེ་བར་འཚོ་བ་དེ་ནི་ངད་ལས་པའི་བདེ་བ་ཉམས་སུ་མྱོང་བ་ཞེས་བྱ་སྟེ། དེ་མེད་པར་བརྩལ་བས་རེག་པས་ཕྱུང་ན་དགེ་འདུན་ལྷག་མའོ། །དེ་ལྟར་ན་གང་ལ་ཁུ་བ་ཕྱུང་བ་ཙམ་ཁོ་ནའི་ཉེ་བར་འཚོ་བ་ཡོད་པ་དེ་ལ། དེ་དག་མེད་ཀྱང་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་གིས་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་ཞིང་ཁུ་བ་འབྱིན་ན་དགེ་འདུན་ལྷག་མར་འགྱུར་རོ། །དེ་བཞིན་དུ་བྱུང་ལ་ཐུག་པའི་བདེ་བ་ཉམས་སུ་མྱོང་ཞིང་ཁུ་བ་འབྱིན་ན་དགེ་འདུན་ ལྷག་མར་འགྱུར་རོ། །གལ་ཏེ་དགེ་སློང་གིས་བྱེ་བྲག་ངེས་པར་ཉམས་སུ་མྱོང་བའི་བདེ་བ་ཉམས་སུ་མྱོང་ཞིང་འོག་མ་གཉིས་མེད་པར་ཁུ་བ་འབྱིན་ན་ཡང་དགེ་འདུན་ལྷག་མའི་ལྟུང་བ་ཁོ་ནར་འགྱུར་རོ། །དེ་བཞིན་དུ་བྱུང་ལ་ཐུག་པའི་བདེ་བ་ཉམས་སུ་མྱོང་ཞིང་དང་པོ་དང་ཐ་མ་གཉིས་མེད་ པར་ཁུ་བ་འབྱིན་ན་ཡང་དགེ་འདུན་ལྷག་མའི་ལྟུང་བ་ཁོ་ནར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དོན་འདི་ལ་ཁུངས་ནི་དེ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཁུ་བ་འབྱིན་པའི་སྐབས་འདི་ལ་ཡན་ལག་བཅུ་སྟེ། ཕྱུང་བ་དང་། དེར་འདུན་པ་དང་། རང་གི་ཁུ་བ་དང་། དང་བ་དང་། རེག་པ་དང་། བརྩལ་བ་དང་། ཡན་ལག་གི་རྣམ་པ་དང་། ཕྱི་རོལ་གྱིས་དང་། སེམས་ཅན་དུ་བགྲང་བས་དང་། དེའི་རྣམ་པར་གནས་པས་ཏེ། ཡན་ལག་བཅུ་པོ་དེ་དག་ལས་གང་ཡང་རུང་བ་ཞིག་མ་ཚང་ན་ནི་ཉེས་པ་སྦོམ་པོ་ཞེས་བྱ་བའི་ལྟུང་བར་འགྱུར་ཏེ། དགེ་འདུན་ ལྷག་མར་མི་འགྱུར་རོ། །སྦུབས་སུ་མ་འོངས་པའོ་ཞེས་བྱ་བ་ནི། ཕྱུང་ན་དགེ་འདུན་ལྷག་མའོ། །སྦུབས་སུ་འོངས་པ་བྱུང་བའི་སྦོམ་པོའོ་ཞེས་འབྱུང་ངོ་། །ཁུ་བ་འབྱུང་བའི་གནས་ནས་མ་འཕོས་པ་ནི་སྦུབས་སུ་མ་འོངས་པ་ཞེས་བྱའོ། །དང་པོ་ འཕོས་པ་ནི་སྦུབས་སུ་འོངས་པ་ཞེས་བྱའོ། །ཤུགས་ཀྱི་གནས་སྐབས་སུ་བཏང་ན་རྫོགས་པར་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། ཤུགས་ཀྱི་གནས་སྐབས་སུ་བཏང་ན་རྫོགས་པར་མ་བྱས་པ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །དེ་མ་ཐག་ཏུ་འཕོ་བར་འགྱུར་བ་ནི་ཤུགས་ཞེས་བྱ་སྟེ། དེའི་གནས་སྐབས་སུ་ལུས་ཀྱི་བརྩལ་བ་བཏང་ན་ཁུ་བ་འབྱིན་པ་རྫོགས་པར་མ་བྱས་པ་ཉིད་དོ། །འདི་སྐད་བསྟན་ཏེ། ཤུགས་ཀྱི་གནས་སྐབས་ཞེས་བྱ་བ་དུས་ཉེ་བར་འབྱུང་བའི་གནས་སྐབས་སུ་བརྩལ་བ་བཏང་ན་སྦྱོར་བ་སྔ་མའི་དབང་གིས་ཁུ་བ་ཕྱུང་བ་གང་ཡིན་པའི་བྱུང་བ་དེ་ནི་ མ་བྱས་པ་ཉིད་དེ། དེ་ལ་ཉེས་པ་སྦོམ་པོ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི། ཤུགས་བཏང་སྟེ་ཁུ་བ་ཕྱུང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཏང་བ་ཞེས་བྱ་བ་འདིར་ཡིད་ཀྱིས་བཏང་བ་ཡང་ཡོད་པ་ཡིན་མོད་ཀྱི། འོན་ ཀྱང་གསལ་བར་བྱ་བའི་ཕྱིར་ལུས་ཀྱི་བརྩལ་བ་བཏང་ན་ཞེས་བྱ་བས་རྣམ་པར་བཤད་དོ། །གར་བྱེད་པ་དང་རབ་ཏུ་གར་བྱེད་པ་གཉིས་ལ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ནི། གར་བྱེད་པ་དང་རབ་ཏུ་གར་བྱེད་པ་གཉིས་ལ་ཁུ་བ་ཕྱུང་བ་ནི་དགེ་འདུན་ལྷག་མ་ལས་ན་སྨད་ པ་ཉིད་དེ་སྦོམ་པོའོ། །དེ་ལ་ནི་ཕྱུང་བ་དང་། དེར་འདུན་པ་དང་། རང་གི་ཁུ་བ་དང་། དང་པོ་ཞེས་བྱ་བའི་ཡན་ལག་དེ་དག་ཡོད་དོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་དབྱུང་བའི་བསམ་པས་གར་བྱེད་པ་དང་། རབ་ཏུ་གར་བྱེད་པས་ཁུ་བ་འབྱིན་པར་བྱེད་ན་ ཉེས་པ་སྦོམ་པོར་འགྱུར་རོ། །ནམ་མཁའ་ལ་རྐེད་པ་བསྐྱོད་པའོ་ཞེས་བྱ་བ་ནི། ནམ་མཁའ་ལ་རྐེད་པ་བསྐྱོད་པས་ཁུ་བ་འབྱིན་པར་བྱེད་ན་ན་སྨད་པ་ཉིད་དེ། དེ་ལ་ཡང་ཕྱུང་བ་དང་། དེར་འདུན་པ་དང་། རང་གི་ཁུ་བ་དང་། དང་པོ་ཞེས་བྱ་བའི་ཡན་ལག་དེ་དག་ ཐམས་ཅད་ཡོད་དེ། དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དགེ་སློང་གིས་དབྱུང་བ་དང་། དེར་འདུན་པས་ནམ་མཁའ་ལ་རྐེད་པས་འཁྱུད་ཅིང་འཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཕྱོགས་གཞན་དུ་རེག་པའོ་ཞེས་བྱ་བ་ནི། ཡན་ལག་གི་ རྣམ་པ་ལས་གཞན་པ་དག་ཏུ་རེག་པ་ནི་ཕྱོགས་གཞན་དུ་རེག་པ་སྟེ། དེ་ཡང་སྔར་བསྟན་པའི་རིགས་པ་ཉིད་ཀྱིས་ན་སྨད་པ་ཉིད་དེ། སྦོམ་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་གིས་ཀུན་དུ་མཉེད་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཁུ་བ་ འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། འདིར་ཡན་ལག་གི་རྣམ་པ་ལས་གཞན་པའི་ཕྱོགས་སུ་ཀུན་དུ་མཉེད་པར་དགོངས་པ་ཡིན་ནོ། །རྒྱུན་ལས་བཟློག་པའི་ཕྱོགས་སུ་གཏོད་པའོ་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པ་འབབ་ཆུའི་རྒྱུན་ལས་ བཟློག་པའི་ཕྱོགས་སུ་གཏད་དེ་ཁུ་བ་འབྱིན་ན་ན་སྨད་པ་ཉིད་དོ། །རྫི་ཕྱོགས་མ་ཡིན་པར་ཡང་ངོ་ཞེས་བྱ་བ་ཡང་དེར་གཏད་དེ་ཁུ་བ་འབྱིན་ན་ན་སྨད་པ་ཉིད་དོ། །རྣམ་པ་དེ་ཉིད་ཀྱིས་ཁུ་བ་འབྱིན་ན་ཉེས་པ་སྦོམ་པོའོ། །མངོན་པར་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བ་ བསྒྲུབ་པའོ་ཞེས་བྱ་བ་ལ་བྱེ་བྲག་ངེས་པར་མྱོང་བ་ནི། མངོན་པར་ངེས་པར་མྱོང་བ་འོ་དེ་ལས་བྱུང་བའི་བདེ་བ་ནི་བྱེ་བྲག་ངེས་པར་མྱོང་བའི་བདེ་བའོ། །དེ་ཉམས་སུ་མྱོང་བ་ཞེས་བྱ་བ་ནི་རོ་མྱོང་བའོ། །དེ་སྒྲུབ་པ་ཞེས་བྱ་བ་ནི་ནན་ཏན་བྱེད་པ་སྟེ། དེ་ཡང་ན་སྨད་པ་ཉིད་དོ། ། དགེ་སློང་གིས་ཡིད་ཀྱིས་དེའི་བདག་ཉིད་ཁས་ལེན་པས་ཇི་ཙམ་དུ་མི་ཚངས་པར་སྤྱོད་པའི་བདེ་བ་ལ་རྣམ་པར་རྟོག་པ་དེ་ཙམ་དུ་ཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཁུ་བ་འབྱིན་ན་ཉེས་པ་ སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཡང་ཕྱུང་བ་དང་། དེར་འདུན་པ་དང་། རང་གི་ཁུ་བ་དང་། དང་པོ་ཞེས་བྱ་བའི་ཡན་ལག་དེ་དག་ཐམས་ཅད་ཡོད་དོ། །བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཞེས་བྱ་བ་ནི་དཔེ་ཙམ་སྟེ། བྱུང་ལ་ཐུག་པའི་བདེ་བ་དང་། ངད་ ལས་པའི་བདེ་བ་ཉམས་སུ་མྱོང་བ་སྒྲུབ་པས་དགེ་སློང་གིས་ཡིད་ཀྱིས་དེའི་བདག་ཉིད་ཁས་ལེན་པས་ཇི་ཙམ་དུ་བྱུང་ལ་ཐུག་པའི་བདེ་བ་དང་། ངད་ལས་པའི་བདེ་བ་ལ་རྣམ་པར་རྟོག་པ་དེ་ཙམ་དུ་ཁུ་བ་འབྱིན་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལ་བྱེ་ བྲག་ངེས་པར་མྱོང་བའི་བདེ་བ་ཞེས་བྱ་བ་ནི་བུད་མེད་དང་། སྐྱེས་པ་ཀུན་དུ་སྤྲད་པའི་གནས་སྐབས་ཀྱི་བདེ་བ་གང་ཡོད་པའོ། །བྱུང་ལ་ཐུག་པའི་བདེ་བ་ཞེས་བྱ་བ་ནི་ཁུ་བ་འབྱུང་བའི་གནས་སྐབས་ན་བདེ་བ་གང་སྐྱེ་བའོ། །ངད་ལས་པའི་བདེ་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་གདུང་ བ་དང་བྲལ་བའི་གནས་སྐབས་ན་བདེ་བ་གང་འབྱུང་བའོ། །སྦུབས་སུ་འོངས་པའོ་ཞེས་བྱ་བ་ནི། སྦུབས་སུ་འོངས་བའི་ཁུ་བ་འབྱིན་ན་སྦོམ་པོའོ། །ཁུ་བ་འབྱུང་བའི་གནས་ནས་འཕོས་མ་ཐག་པ་ནི་སྦུབས་སུ་འོངས་པ་ཞེས་བྱའོ། །ཆགས་པའི་སེམས་དང་ལྡན་ པ་ཉིད་ན་གཞལ་བའི་ཆེད་ཉིད་ཀྱིས་རེག་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ། གང་ལ་ཆགས་པའི་སེམས་ཡོད་པ་དེ་ནི་ཆགས་པའི་སེམས་དང་ལྡན་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་ཆགས་པའི་སེམས་དང་ལྡན་པ་ཉིད་དེ་ནའོ། །གཞལ་བའི་ཆེད་ཀྱི་དངོས་ པོ་ནི་གཞལ་བའི་ཆེད་ཉིད་དེ། དེས་ཡན་ལག་གི་རྣམ་པ་ལ་རེག་པ་གང་ཡིན་པ་དེ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ཏེ། སྦྱོར་བ་ཁོ་ན་ཡིན་ཏེ། ཉེས་པ་སྦོམ་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡན་ལག་གི་རྣམ་པ་ཞེས་སྨོས་པ་ནི་ཤུགས་ཀྱིས་འཐོབ་པའི་ཕྱིར་ལོགས་ཤིག་ཏུ་ སྨོས་པར་བྱ་མི་དགོས་ཏེ། གཞལ་བའི་གཞི་དེ་ཡིན་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་གིས་ཀུན་དུ་ཆགས་པའི་སེམས་ཀྱིས་རང་གི་ཡན་ལག་གི་རྣམ་པར་འཇལ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་རེག་པ་གཙོ་བོ་ཡིན་པས་དེས་ན་ མདོ་ལས་རེག་པ་ནི་ཞེས་སྨོས་ཀྱི། འཇལ་བ་ནི་ཞེས་མ་སྨོས་སོ། །ལྟ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། ཆགས་པའི་སེམས་དང་ལྡན་པ་ཉིད་ན་ཡན་ལག་གི་རྣམ་པ་ལའོ། །རྒྱུན་དང་རྫི་ཕྱོགས་ཀྱིས་གཏོང་བ་ཡང་ངོ་ཞེས་བྱ་བ་ལ། ཕྱོགས་སུ་ཞེས་བྱ་བའི་སྒྲ་རྒྱུན་ཕྱོགས་དང་ རྫི་ཕྱོགས་ཞེས་བྱ་བ་གཉིས་ཀར་སྦྱར་བར་བྱ་སྟེ། །རྒྱུན་ཕྱོགས་དང་རྫི་ཕྱོགས་སུ་ཆགས་པའི་སེམས་དང་ལྡན་པ་ཉིད་ན་ཡན་ལག་གི་རྣམ་པ་གཏོད་ན་ཉེས་བྱས་སོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་ཉེས་བྱས་ཞེས་བྱ་བའི་སྒྲའི་རྗེས་བསྙག་པའི་ཕྱིར་རོ། །བརླ་དང་གོས་དང་གཞན་ གྱིས་རེག་པ་དང་གཡན་པ་ཕྲུག་པ་དག་གིས་བབ་ཅོལ་དུ་དོན་མ་ཡིན་པར་ཞུགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། བརླ་དང་གོས་དང་གཞན་ཏེ་དེ་དག་གིས་རེག་པ་ནི་བརླ་དང་གོས་དང་གཞན་གྱིས་རེག་པའོ། །དེ་དག་ནི་རེག་པ་རྣམས་དང་། གཡན་པ་ཕྲུག་པ་དག་ནི་བརླ་དང་ གོས་དང་། གཞན་གྱིས་རེག་པ་དང་གཡན་པ་ཕྲུག་པ་དག་གོ། །དེ་དག་གིས་བབ་ཅོལ་དུ་ཞེས་བྱ་བ་ནི་ཆེད་དུ་མ་བསམས་བློ་སྔོན་དུ་མ་བཏང་བར་རོ། །དེའི་དོན་མ་ཡིན་པར་ཞུགས་པ་ཞེས་བྱ་བ་ནི་དབྱུང་བའི་དོན་མ་ཡིན་པར་ཞུགས་པ་སྟེ། དེ་ལ་ཁུ་བ་བྱུང་བ་ལ་ནི་ལྟུང་བ་མེད་དོ། ། དེ་ལ་དགེ་སློང་རྒྱུག་པ་དང་རྒོད་བག་དང་། མཆོངས་པ་ལ་སོགས་པ་ཙམ་གྱི་བྱ་བ་ལ་ཞུགས་པ་ལ་ནི་བརླ་དང་གོས་ཀྱིས་རེག་པས་སོ། །བསྲོ་ཁང་ལ་སོགས་པའི་ལས་ཉམས་སུ་མྱོང་བར་བྱ་བའི་ཕྱིར་གཞན་དང་ལྷན་ཅིག་རེག་པ་ལ་ནི་གཞན་གྱིས་རེག་པས་སོ། །ཤུ་བ་དང་ཁྱི་རྔོ་ དང་འབྲུམ་བུ་ལ་སོགས་པའི་སྡུག་བསྔལ་གྱི་གཉེན་པོའི་ཕྱིར་ནི་གཡན་པ་ཕྲུག་པ་སྟེ། དེ་དག་གིས་བབ་ཅོལ་དུ་ཤུགས་དྲག་པོར་བྱུང་བ་ལ་ནི་ལྟུང་བ་མེད་དོ། །རེག་བྱ་མ་ཡིན་པ་ཉམས་སུ་མྱོང་བའོ་ཞེས་བྱ་བ་ནི། རེག་བྱའི་ཡུལ་མ་གཏོགས་པ་གཟུགས་དང་། སྒྲ་དང་དྲི་ དང་རོ་ཞེས་བྱ་བ་མིག་དང་། རྣ་བ་དང་། སྣ་དང་ལྕེས་ཉམས་སུ་མྱོང་བ་ན་དེའི་དོན་མ་ཡིན་པར་ཞུགས་པ་ལ་བབ་ཅོལ་དུ་བྱུང་བ་ལ་ཡང་ཉེས་པ་མེད་དོ། །འདིར་གཞུང་ནི་ཆགས་པར་འགྱུར་བའི་གཟུགས་དག་མཐོང་བས་ཁུ་བ་བྱུང་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ ནོ། །དྲན་པས་དེ་ལ་ཡང་ངོ་ཞེས་བྱ་བ་ནི་རེག་བྱ་དང་རེག་བྱ་མ་ཡིན་པའི་ཡུལ་ལྔ་པོ་ཉམས་སུ་མྱོང་བས་དེའི་དོན་མ་ཡིན་པར་བབ་ཅོལ་དུ་བྱུང་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་དེ་ནི་ཉེ་བར་གནས་པ་ལས་བྱུང་བའི་རྣམ་པར་གཞག་པ་ཡིན་གྱི། གང་གི་ཚེ་ཆགས་པར་འགྱུར་བའི་གཟུགས་ བལྟའོ་སྙམ་ཞིང་། དེའི་དོན་མ་ཡིན་པར་ཞུགས་པ་ལ་བབ་ཅོལ་དུ་བྱུང་བ་ནི་ཉེས་བྱས་སུ་རིག་པར་བྱའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་དེང་ཕྱིན་ཆད་མིག་གིས་མིག་ལ་བརྟེན་ཏེ་བུད་མེད་ལ་བལྟ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འབྱིན་ པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་ཁུ་བ་འབྱིན་བའི་དགེ་འདུན་ལྷག་མ་ལ་ཞུ་བའི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར། འཕོ་བར་འགྱུར་བ་དང་ འཕོས་མ་ཐག་པ་ནི་ཤུགས་དང་སྦུབས་སུ་འོངས་པའོ་ཞེས་བྱ་བ་སྨྲས་ཏེ། འཕོ་བར་འགྱུར་བ་དང་འཕོ་བ་ནི་འཕོ་བར་འགྱུར་བ་དང་འཕོས་པའོ། །ཤུགས་དང་སྦུབས་སུ་འོངས་པ་ནི་ཤུགས་དང་སྦུབས་སུ་འོངས་པ་སྟེ། གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །ཤུགས་ཀྱི་ གནས་སྐབས་སུ་བཏང་ན་རྫོགས་པར་མ་བྱས་པ་ཉིད་དོ་ཞེས་སྨོས་པ་གང་ཡིན་པས་ནི་ཤུགས་བསྟན་ཏེ། དེ་མ་ཐག་ཏུ་སྐད་ཅིག་མ་གཉིས་པ་ལ་རང་གི་ཁུ་བ་འབྱུང་བའི་གནས་ནས་འཕོ་བར་འགྱུར་བའི་ཁུ་བ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་འདིར་གཞུང་ནི་ཤུགས་ཞེས་བྱ་བ་ ཡིན་ཏེ། འབྱུང་བ་ལ་མངོན་པར་ཕྱོགས་པས་འཕངས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྦུབས་སུ་འོངས་པ་ཞེས་བྱ་བ་ནི་རང་གི་གནས་ནས་འཕོས་མ་ཐག་པ་ཞེས་གང་གསུངས་པ་དེ་ཡིན་པར་རིག་པར་བྱ་སྟེ། སྐད་ཅིག་མས་བར་དུ་མཆོད་པ་ཞེས་བྱ་བའི་ཐ་ཚིག་གོ། །བརྩམས་ པ་ཙམ་ན་སྦྱོར་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། འབྱུང་བའི་ཆེད་དུ་བརྩམས་པ་ཙམ་བྱས་ནས་བཏང་ན་སྦྱོར་བ་ཉིད་མ་ཡིན་ཏེ། འདི་ལྟར་སྦྱོར་བ་ཉིད་ཁོ་ནའོ། །ཤུགས་ཀྱི་གནས་སྐབས་སུ་བཏང་ན་རྫོགས་པར་མ་བྱས་པ་ཉིད་དོ་ཞེས་བྱ་བ་དེས་ནི་འཕོ་བར་འགྱུར་བའི་གནས་སྐབས་ ལ་སྦོམ་པོར་བསྟན་ཏོ། །མདོ་འདི་ནི་འཕོ་བར་འགྱུར་བའི་གནས་སྐབས་དེའི་སྔ་རོལ་དུ་ཉེས་བྱས་སོ་སྙམ་པའི་བློ་གྲོས་དེ་བསལ་བའི་ཕྱིར་བྱས་པ་ཡིན་ཏེ། དེ་ལྟར་ཡང་བརྩམས་ནས་གཏོང་ན་ལྟུང་བ་ཅིར་འགྱུར། ཉེས་པར་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྦྱོར་ བ་མེད་པར་ཕྱུང་བ་ལ་རོ་མྱོང་བ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ལ། སྦྱོར་བ་མེད་པར་ཞེས་བྱ་བ་ནི་སྦྱོར་བ་མེད་པ་གཉིད་མ་ལོག་པའི་བརྩལ་བ་མེད་པ་སྟེ། གཉིད་ལོག་པའི་གནས་སྐབས་སུ་ཕྱུང་བ་གང་ཡིན་པ་དང་། བབ་ཅོལ་དུ་བྱུང་བ་གང་ཡིན་པའི་ཕྱུང་བ་དེ་གཉིས་ལ་རོ་མྱོང་བ་སྐྱེད་པར་ བྱེད་པ་དེ་དག་ནི་སྦྱོར་བ་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཉལ་བའི་བརྩལ་བ་ལ་དེ་སྐད་ཅེས་བྱ་སྟེ། འདིར་གཞུང་ནི་གལ་ཏེ་རོ་མྱོང་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཉལ་བའི་བརྩལ་བ་ཞེས་བྱ་བ་ནི་གཉིད་ལོག་པའི་གནས་སྐབས་ནའོ་ བྱེད་པ་དང་འཁྱུད་པ་ལ་སོགས་རྨིས་པ་ལ་བྱའོ། །ཉལ་བའི་བརྩལ་བ་ཉིད་ལ་ཁུ་བ་བྱུང་བ་ལས་སད་པའི་གནས་སྐབས་ན་རོ་མྱོང་བར་བྱེད་པ་ལ་ཉེས་པ་འདིར་རིག་པར་བྱའོ། །ཡན་ལག་གི་རྣམ་པ་ཅུང་ཟད་མཉེད་པ་དང་། ཡོངས་སུ་མཉེད་པ་དང་འཚིར་བའོ་ཞེས་བྱ་བ་ལ་ཕྱོགས་ གཅིག་ཅུང་ཟད་མཉེད་པ་ནི་ཅུང་ཟད་མཉེད་པ་སྟེ། ཅུང་ཟད་ཅེས་བྱ་བའི་སྒྲ་ནི་ཅུང་ཞིག་གི་དོན་ལ་ཞུགས་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་མཉེད་པ་ནི་ཡོངས་སུ་མཉེད་པ་སྟེ། ཕྱོགས་ཐམས་ཅད་ནས་བསྡོམས་པས་སོ། །འདིར་གཞུང་ནི་དགེ་སློང་གིས་ཡན་ལག་གི་ རྣམ་པ་ཅུང་ཟད་མཉེད་པ་བདག་གིར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཡོངས་སུ་མཉེད་པ་བདག་གིར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །མངོན་པར་འཚིར་བ་བདག་གིར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་སུ་རུང་བ་ལ་ནོམ་པའོ་ཞེས་ བྱ་བ་ནི། ཡན་ལག་གི་རྣམ་པ་དེ་ལས་སུ་རུང་བ་ལ་ནོམ་པ་ནི་སྦོམ་པོའོ། །འདིར་གཞུང་ནི་ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་ནོམ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ནོམ་པའོ་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པ་སེམས་ཅན་དུ་བགྲང་བ་ལག་པ་ལ་སོགས་པས་ ནོམ་པར་བྱེད་པ་ལ་ཉེས་པ་འདི་རྣམ་པར་གཞག་གོ། །སེམས་ཅན་དུ་བགྲང་བ་མ་ཡིན་པས་ནི་ཉེས་བྱས་སོ། །སྨན་གྱིས་འབྱིན་ནའོ་ཞེས་བྱ་བ་ཡང་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་གིས་དབྱུང་བའི་ཕྱིར་སྨན་ཟོས་ལ་གལ་ཏེ་འབྱུང་བའི་དུས་ན་དེའི་འགྱུར་བ་འབྱུང་ན་ དེའི་ཚེ་ཁ་ན་མ་ཐོ་བ་དེར་འགྱུར་རོ། །གལ་ཏེ་དེའི་འགྱུར་བ་མི་འབྱུང་ན་ཉེས་པ་མེད་དེ་ལྕི་བར་གྱུར་པའི་ཕྱིར་རོ། །གཞན་གྱི་ལས་ཀྱང་ངོ་ཞེས་བྱ་བ་ནི། ཡན་ལག་གི་རྣམ་པ་ལས་འབྱིན་ན་ཉེས་པ་སྦོམ་པོའོ། །འགྱུར་བ་ཡོད་ཀྱང་རུང་མེད་ཀྱང་རུང་ སྦོམ་པོ་སྟེ། ཤིན་ཏུ་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འབྱིན་པའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ་ཞེས་བྱ་བ་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་ཁུ་བ་འབྱིན་པ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་ བ་བརྗོད་པར་བྱ་སྟེ། རྣམ་པར་བསྔོས་པ་ལ་སོགས་པ་དང་། རྣམ་པར་ཞིགས་པ་དང་། ཀེང་རུས་དག་དང་། མགོ་དང་། རྣ་བ་དང་། སྣ་དག་དང་། མགུལ་པ་དང་། རྩིབ་ལོགས་དང་། རྒྱབ་དང་། བྲང་དང་། གཉེར་མ་དག་དང་། སྐྲའི་གསེབ་དང་། ལག་པ་ དང་། ཕྲག་པ་དང་། དཔུང་པ་དག་དང་། དཔུང་པའི་བར་དང་། རྐེད་པ་དང་། བརླ་དང་། རྐང་པ་དང་། སྒྱིད་པ་དག་དང་། སྒྱིད་པའི་བར་དུ་འབྱིན་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། འདི་ནི་ཕྱི་རོལ་སེམས་ཅན་དུ་བགྲང་བ་དང་། དེའི་རྣམ་པར་གནས་པ་ཞེས་སྨོས་ པ་དེ་དག་གི་སྤྲོས་པ་ཡིན་ནོ། །རྣམ་པར་བསྔོས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་རྣམ་པར་རྣགས་པ་དང་། རྣམ་པར་བམ་པ་དང་། རྣམ་པར་འབུས་གཞིགས་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་དམར་བ་རྣམས་བསྡུའོ། །རྣམ་པར་ཞིགས་ པ་ཞེས་སྨོས་པས་ནི། རྣམ་པར་འཐོར་བ་དག་བསྡུ་སྟེ། གླན་པ་དག་བོག་པ་དང་། ཡན་ལག་དག་བྲལ་བ་ནི། རྣམ་པར་ཞིགས་པ་ཞེས་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རྣམ་པར་བསྔོས་པ་ལ་སོགས་པའི་ཡུལ་ལ་རེག་པར་གྱུར་པ་ན་བྱུང་བ་ནི་དངོས་གཞིར་ འགྱུར་རོ། །སྦོམ་པོ་ནི་ལ་བ་དང་། ཕྱིང་བ་དང་། དྲེའུ་རྔོག་དང་། སྔས་ནང་ཚངས་ཅན་དང་། ཁྲི་དང་ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ཁྲིའི་གསེབ་དང་། བུམ་པ་དང་། བུམ་བུ་དང་། བུམ་པའི་བར་དང་། བྱ་མ་བུམ་དང་། ཆོལ་ཟངས་དང་། རྡོ་བ་དང་། སྐྱང་ ནུལ་དང་། སྐྱང་ནུལ་གྱི་བར་དང་། སྒོ་གཏན་དང་ཤའི་དུམ་བུ་དག་གོ་ཞེས་བྱ་བ་ནི། འདི་མན་ཆད་འོག་ནས་འཛག་སྣོད་ལ་འདྲུད་པ་ལས་ནི་ལྟུང་བ་མེད་དོ་ཞེས་འབྱུང་བ་ཡན་ཆད་ནི་ཐམས་ཅད་སྦོམ་པོའི་དབང་དུ་བྱས་པ་ཡིན་ནོ། །ལ་བ་ལ་སོགས་པར་འབྱིན་ན་སྦོམ་པོའོ། ། སྦྱོར་བ་ཙམ་ལས་ཕྱུང་ན་ཉེས་བྱས་སོ། །རྨ་འཚིར་ནའོ་ཞེས་བྱ་བ་ལ་རང་གི་ཡན་ལག་གི་རྣམ་པའི་བུ་ག་གང་ཡིན་པ་དེ་ནི་འདིར་རྨ་ཞེས་བྱ་སྟེ། དེ་འཚིར་ན་སྦོམ་པོའོ། །གཞན་གྱི་རྨ་དེ་འཚིར་བ་ནི་ཉེས་བྱས་སོ། །གཞན་གྱི་ཡན་ལག་གི་རྣམ་པ་ལས་འབྱིན་ན་སྦོམ་པོའོ་ཞེས་ བྱ་བ་སྨྲས་པས་འདིར་ཉེས་བྱས་སུ་ཤེས་ཏེ། འདི་ནི་དེའི་སྦྱོར་བ་ཡིན་པའི་ཕྱིར་རོ། །རྩོམ་པ་ན་བུད་མེད་དུ་བྱས་པ་འཚིར་ནའོ་ཞེས་བྱ་བ་ལ་བུད་མེད་ཉིད་དུ་དེས་བྱས་པ་ན་བུད་མེད་དུ་བྱས་པ་སྟེ། མོའི་དབང་པོ་ཞེས་བྱ་བའི་ཐ་ཚིག་གོ། །བུད་མེད་དུ་བྱས་པ་དེ་འཚིར་ན་སྦོམ་ པོའོ། །གང་གི་ཚེ་ཞེ་ན་དེའི་ཕྱིར་རྩོམ་པ་ན་སྟེ། མོའི་དབང་པོ་དེར་ལྷག་པར་སྤྱོད་པ་རྩོམ་པའི་ཚེ་ན་ལག་པ་ལ་སོགས་པས་དེ་འཚིར་བ་ལ་བྱའི། ལྷག་པར་སྤྱད་པ་ལ་ཞུགས་ཟིན་ནས་འཚིར་བ་ལ་ནི་མི་བྱ་སྟེ། དེའི་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་ལྟུང་བ་གཅིག་ཉིད་ ཀྱིས་ལྷག་པར་སྤྱད་པ་ཉིད་བསྡུས་པ་ཡིན་ནོ། །དེར་མཐེ་བོ་འཛུད་པའོ་ཞེས་བྱ་བ་ནི་བུད་མེད་དུ་བྱས་པ་དེར་རོ། །སྦོམ་པོ་དེ་གཉིས་ནི་མི་ཚངས་པར་སྤྱོད་པའི་ཡན་ལག་ཏུ་གྱུར་པ་ཡིན་པར་རིག་པར་བྱ་སྟེ། མཐེ་བོ་འཛུད་པ་ནི་མི་ཚངས་པར་སྤྱོད་པའི་གཟུགས་བརྙན་ཡིན་ པའི་ཕྱིར་རོ། །འབྱིན་པར་གཏོགས་པའི་སྦོམ་པོ་ནི་མ་ཡིན་ནོ། །མཐེ་བོ་འཛུད་པ་ཞེས་བྱ་བ་ནི་དཔེ་ཙམ་སྟེ། གཞུག་པར་བྱ་བ་བ་སོའི་རེང་བུ་ལ་སོགས་པའི་རྫས་གཞན་དག་ཀྱང་དེ་བཞིན་ནོ། །མོའི་དབང་པོ་ནི་དཔེ་ཙམ་སྟེ། ཕམ་པར་འགྱུར་བར་བྱེད་པའི་སྒོ་ གཞན་ཁ་དང་བཤང་བའི་ལམ་དུ་ཡང་དེ་བཞིན་དུ་མཐེ་བོ་ལ་སོགས་པ་འཛུད་ན་སྦོམ་པོའོ། །ཉེ་བར་འགྲོ་བ་ལ་ཤོར་བའོ་ཞེས་བྱ་བ་ནི། མི་ཚངས་པར་སྤྱོད་པའི་དོན་དུ་ཉེ་བར་འགྲོ་བ་དང་། དབྱུང་བའི་དོན་དུ་ཉེ་བར་འགྲོ་བ་ན་ཁུ་བ་ཤོར་ན་སྦོམ་པོ་སྟེ། མི་ཚངས་པར་ སྤྱོད་པའི་དོན་དུ་ཉེ་བར་འགྲོ་བ་ན་ཁུ་བ་ཤོར་བ་ནི་མི་ཚངས་པར་སྤྱོད་པར་གཏོགས་པའི་སྦོམ་པའོ། །འཆག་པ་ལ་སོགས་པའི་དོན་དུ་འགྲོ་བ་ན་ཤོར་བ་ལ་ནི་ལྟུང་བ་མེད་དོ། །གནས་ནས་གནས་སུ་འཕོ་བ་ལ་ཡང་ངོ་ཞེས་བྱ་བ་ནི་དབྱུང་བའི་ དོན་དུ་གནས་ནས་གནས་སུ་འཕོ་བ་ལ་ཁུ་བ་བྱུང་ན་སྦོམ་པའོ། །འདིར་གཞུང་ནི་འདུལ་བྱེད་དག་ལས་དགེ་སློང་གནས་ནས་གནས་སུ་འཕོ་བ་ན་དེ་ལ་ཁུ་བ་བྱུང་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལྷག་མའི་ ལྟུང་བར་མི་འགྱུར་ཏེ། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སོ་ཞེས་བྱ་བ་ལ། སྐྱེ་གནས་འཇིག་པར་བྱེད་པས་ཚུལ་བཞིན་ཏེ། ངན་སོང་དུ་འགྲོ་བ་འཇོམས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཚུལ་བཞིན་མ་ཡིན་ པ་ནི་ཚུལ་བཞིན་མ་ཡིན་ཏེ། དབྱུང་བའི་དོན་དུ་སྐྲ་དང་། སེན་མོ་དང་སོ་དང་རྐེད་པ་དང་། བརླ་དང་ནུ་མ་ལ་སོགས་པ་དག་ཡིད་ལ་བྱེད་པ་ལས་ཁུ་བ་བྱུང་ན་སྦོམ་པོའོ། །འདིར་གཞུང་ནི་འདུལ་བྱེད་དག་ལས་དགེ་སློང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་ བྱེད་པས་ཁུ་བ་བྱུང་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལྷག་མའི་ལྟུང་བར་མི་འགྱུར་ཏེ། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བ་ལ་རྟོག་པ་ལས་འདིར་ཡིད་ལ་བྱེད་པ་འདི་ནི་ གཞན་ཡིན་པར་རིག་པར་བྱ་སྟེ། དེར་ལྟུང་བ་སྨྲས་ཟིན་པའི་ཕྱིར་རོ། །ཡན་ལག་གི་རྣམ་པ་འཛིན་པ་ལས་སོ་ཞེས་བྱ་བ་ནི། དབྱུང་བ་དང་དེར་འདུན་པས་ཡན་ལག་གི་རྣམ་པ་ལག་པས་བཟུང་བ་ལས་ཁུ་བ་བྱུང་ན་སྦོམ་པོའོ། །ལག་པའི་རེག་པ་ལ་སོགས་པས་བརྩལ་བ་མེད་པར་ཡན་ལག་ གི་རྣམ་པ་འགུལ་བ་ལས་བྱུང་བ་གང་ཡིན་པ་དེ་ལ་ནི་ཉེས་བྱས་སོ། །ནད་ཀྱི་གཉེན་པོ་ལ་སོགས་པའི་ཆེད་དུ་ཡན་ལག་གི་རྣམ་པ་བཟུང་བ་ལས་བྱུང་བ་ལ་ཉེས་པ་མེད་དེ། བབ་ཅོལ་དུ་ཞེས་བྱ་བ་ལ་སོགས་པའི་རིགས་པ་རྣམ་པར་གནས་པའི་ཕྱིར་རོ། །འཛག་སྣོད་ལ་འདྲུད་པ་ལས་ནི་ ལྟུང་བ་མེད་དོ་ཞེས་བྱ་བ་ནི། འདོད་ཆགས་ཤས་ཆེ་བ་རྣམས་ཀྱིས་འཛག་སྣོད་བཅང་བར་བྱའོ་ཞེས་སྨོས་པས་དབྱུང་བའི་ཕྱིར་ཞུགས་པ་མ་ཡིན་པའི་དགེ་སློང་གིས་བབ་ཅོལ་དུ་འཛག་སྣོད་ཀྱིས་དྲུད་པ་ལས་ཁུ་བ་བྱུང་ན་ཉེས་པ་མེད་དོ། །སྔོན་གྱི་ཆུང་མས་འཁྱུད་པ་ལས་ཀྱང་ངོ་ ཞེས་བྱ་བ་ནི། དེའི་ཕྱིར་ཞུགས་པ་མ་ཡིན་པ་ལ་སྔོན་གྱི་ཆུང་མས་འཁྱུད་པ་ལས་བབ་ཅོལ་དུ་བྱུང་བ་ལ་ཡང་ལྟུང་བ་མེད་དེ། མ་དང་སྲིང་དང་བུ་མོས་ཡུན་མི་རིང་བར་བཟུང་བ་ལ་ཉེས་པ་མེད་པ་འབའ་ཞིག་ཏུ་མ་ཟད་དེ་འདི་ལ་ཡང་ཉེས་པ་མེད་དོ། །རྐང་པ་དང་བྱིན་པ་དང་དཔུང་པ་དང་ མཐེ་བོ་ལ་སོགས་པ་ནས་བུད་མེད་ཀྱིས་བཟུང་བ་ལ་ཡང་ངོ་ཞེས་བྱ་བ་ནི། དེའི་ཆེད་དུ་ཞུགས་པ་མ་ཡིན་པ་ལ་བུད་མེད་ཀྱིས་རྐང་པ་ལ་སོགས་པ་ནས་བཟུང་བ་ལས་བབ་ཅོལ་དུ་ཁུ་བ་བྱུང་བ་ལ་ལྟུང་བ་མེད་པ་སྟེ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་རྗེས་བསྙག་པའི་ ཕྱིར་རོ། །འབྱིན་པའི་དགེ་འདུན་ལྷག་མ་འདུལ་བྱེད་དག་གོ་ཞེས་བྱ་བ་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་དག་བཤད་ཟིན་ཏོ། །འབྱིན་པའི་དགེ་འདུན་ལྷག་མ་རྫོགས་སོ་ཞེས་བྱ་བ་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་རྫོགས་སོ།། །། ད་ནི་རེག་པའི་དགེ་འདུན་ལྷག་མའི་མཚན་ཉིད་བརྗོད་པར་བྱ་སྟེ། དེའི་ཕྱིར་ལྟུང་བ་འདིའི་ཡུལ་དུ་གྱུར་པའི་བྱེད་པ་པོ་གང་ཡིན་པ་དེ་བསྟན་པའི་ཕྱིར། འདི་ལ་བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་བྱ་བ་སྨྲས་ཏེ། རེག་པའི་བསླབ་པའི་གཞི་འདི་ལ་རེག་པའི་དགེ་འདུན་ལྷག་མའི་ ལྟུང་བ་འདིའི་བྱེད་པ་པོ་ཉིད་ནི་བུད་མེད་དེ། བུད་མེད་དེ་མེད་ན་ལྟུང་བ་འདི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་གང་དང་གང་ལ་བྱེད་པ་པོ་ཉིད་བུད་མེད་ཡིན་པ་དེ་ཐམས་ཅད་བསྟན་པའི་ཕྱིར། དབེན་པ་ན་འདུག་པ་དང་འགྲེང་བ་གཉིས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། དབེན་ པ་ན་བུད་མེད་དང་འདུག་པ་གང་ཡིན་པ་དང་། འགྲེང་བ་གང་ཡིན་པའི་ལྟུང་བ་དེ་གཉིས་གྱི་བྱེད་པ་པོ་ཉིད་ཀྱང་བུད་མེད་དོ། །དེ་ལྟར་ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ ཡང་དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ་ཞེས་བྱ་བ་གསུངས་སོ། །ཉལ་པོ་བྱེད་པར་ཤོམ་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲ་ནི་འདུག་པ་དང་འགྲེང་བ་གཉིས་ལ་བྱེད་པ་པོ་ཉིད་བུད་མེད་དོ་ ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་དེ། གཉིས་ལ་ཡང་བྱེད་པ་པོ་ཉིད་བུད་མེད་དོ། །དེ་ལྟར་ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་ གནོན་བྱས་ཏེ་སྟན་ལ་འདུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པར་འགྲེང་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །ལྷན་ཅིག་ཏུ་ཉལ་བ་ལའོ་ཞེས་བྱ་བ་ནི་བུད་མེད་དང་ལྷན་ཅིག་གནས་གཅིག་ན་ཉལ་བ་གང་ཡིན་པའི་ལྟུང་བྱེད་དོ། །ལྟུང་ བྱེད་དེ་ལ་ཡང་བྱེད་པ་པོ་ཉིད་བུད་མེད་དོ། །དེ་ལྟར་ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན། ལྟུང་བྱེད་དོ་ཞེས་གསུངས་སོ། །རིག་པའི་སྐྱེས་པ་མེད་པའི་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའོ་ཞེས་བྱ་བ་ལ། བུད་མེད་གང་ལ་རེག་པའི་སྐྱེས་པ་མེད་པ་དེ་ནི་རེག་པའི་སྐྱེས་ པ་མེད་པའི་བུད་མེད་དེ་དང་ལྷན་ཅིག་འགྲོགས་ཏེ་ལམ་དུ་འགྲོ་ན་ལམ་དུ་ཆ་བའི་ལྟུང་བྱེད་ལ་ཡང་བྱེད་པ་པོ་ཉིད་བུད་མེད་དོ། །དེ་ལྟར་ཡང་དགེ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ། ལྟུང་བྱེད་དོ་ཞེས་གསུངས་ཏེ། འདི་ལྟར་བཅོམ་ལྡན་འདས་ ཀྱིས་སོ་སོར་ཐར་པའི་མདོ་ལས་རིག་པ་ཞེས་བྱ་བ་སྨོས་པ་མ་མཛད་མོད་ཀྱི། འོན་ཀྱང་ཚིག་དྲུག་གམ་ལྔ་ལས་ལྷག་པར་ཆོས་འཆད་པའི་བསླབ་པའི་གཞིའི་རྗེས་སུ་འབྲང་བས་མདོ་འདིར་རིག་པ་ཞེས་བྱ་བ་སྨོས་སོ། །འོག་མ་གཉིས་ལའོ་ཞེས་བྱ་བ་ནི། ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའི་འོག་ ཁོ་ནར་བསྟན་པའི་བསླབ་པའི་གཞིའི་འོག་མ་གཉིས་པོ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་གཉིས་པོ་དེ་དག་ལ་ཡང་བྱེད་པ་པོ་ཉིད་བུད་མེད་དོ། །ཁྱིམ་པ་མོ་ལ་སྟོན་པ་ལའོ་ཞེས་བྱ་བ་ནི། ཁྱིམ་པ་མོ་ལ་ཚིག་དྲུག་གམ་ལྔ་ལས་ལྷག་པར་ཆོས་འཆད་ པའི་ལྟུང་བྱེད་ལ་ཡང་བྱེད་པ་པོ་ཉིད་བུད་མེད་དོ། །ཕྱི་རོལ་པ་རབ་ཏུ་བྱུང་བ་མོ་ལ་ནི་ཉེས་བྱས་ཉིད་དོ། །ཅི་ཁྱིམ་པ་མོ་ལ་སྟོན་པའི་གནས་སྐབས་ཐམས་ཅད་ཀྱི་བྱེད་པ་པོ་ཉིད་བུད་མེད་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་སྐྱེས་པ་མེད་པར་རོ་ཞེས་བྱ་བ་སྨྲས་ཏེ། སྐྱེས་པ་མེད་པར་ཁྱིམ་པ་མོ་ལ་ སྟོན་པའི་ལྟུང་བྱེད་ཀྱིས་བྱེད་པ་པོ་ཉིད་བུད་མེད་དོ། །སྐྱེས་པ་ཇི་ལྟ་བུ་ཞིག་མེད་པར་ཞེ་ན་དེའི་ཕྱིར་རིག་པའོ་ཞེས་བྱ་བ་སྨྲས་ཏེ། འཁྲིག་པ་དང་ལྡན་པའི་བརྗོད་པ་དང་སྤྱོད་པ་དག་མངོན་པར་ཤེས་པ་ཉིད་ནི་རིག་པ་ཉིད་དུ་ཤེས་པར་བྱའོ། །ཡོད་ཀྱང་མི་རུང་བ་ལའོ་ཞེས་བྱ་བ་ནི། རིག་པའི་སྐྱེས་པ་ ཡོད་ཀྱང་བུད་མེད་མི་རུང་བ་ལ་ཆོས་སྟོན་པ་ནི་ལྟུང་བྱེད་ཀྱི་བྱེད་པ་པོ་ཡིན་པའོ། །བུད་མེད་མི་རུང་བ་ཞེས་བྱ་བ་ནི་སྦྱར་མའི་སྤྱོད་པ་གང་དག་ཡིན་པ་དེ་དག་ཉེ་བར་སྟོན་པར་བྱེད་པ་སྟེ། ཁྱིམ་པ་མོ་མི་རུང་བ་དེ་ལ་ཆོས་སྟོན་པ་ནི་རིག་པའི་སྐྱེས་པ་ཡོད་དུ་ཟིན་ཀྱང་ལྟུང་བྱེད་དུ་འགྱུར་བའི་བྱེད་པ་པོ་ཉིད་དོ། ། ཅི་དེ་དངོས་གཞིའི་ལྟུང་བའི་ཡང་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དེ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། རིག་པའི་སྐྱེས་པ་ཡོད་ཀྱང་བུད་མེད་མི་རུང་བ་ལ་སྟོན་པ་གང་ཡིན་པ་བྱེད་པ་པོ་ཉིད་དུ་བསྟན་པ་དེ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་གྱི། ལྟུང་བྱེད་ཀྱི་དངོས་གཞིའི་བྱེད་པ་པོ་ཉིད་ ནི་མ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས་བུད་མེད་མི་རུང་བ་ལ་སྐྱེས་པ་རུང་བ་དང་ལྷན་ཅིག་ཆོས་སྟོན་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གླིང་གཞན་ནས་སྐྱེས་པ་དང་འགྱུར་བ་བསྟེན་པ་གཉིས་ནི་མ་ཆོག་པ་ཉིད་དོ་ཞེས་བྱ་བ་ནི། བྱང་གི་སྒྲ་མི་སྙན་ལ་སོགས་པའི་གླིང་གཞན་ནས་སྐྱེས་པའི་རིག་ པའི་སྐྱེས་པ་གང་ཡིན་པ་དང་། རང་གི་གླིང་ནས་སྐྱེས་ཀྱང་སྐྱེས་པ་གང་ལུས་དང་ངག་གིས་བུད་མེད་ཀྱི་སྐབས་སམ། སྐྱེས་པའི་སྐབས་སུ་འཁྲིག་པ་དང་ལྡན་པའི་འགྱུར་བ་བསྟེན་པ་སྟེ། དཔེར་ན། སྨྱོན་ཐབས་མཁན་ནམ། མ་ནིང་ལྟ་བུ་དེ་གཉིས་ནི་སྟོན་པའི་སྐབས་འདིར་རིག་པར་མ་ཆོག་པ་ཉིད་དོ། ། འདི་སྐད་བསྟན་ཏེ། གླིང་གཞན་ནས་སྐྱེས་པའི་སྐྱེས་པ་ཡོད་དམ། འགྱུར་བ་བསྟེན་པའི་སྐྱེས་པ་ཡོད་ཀྱང་བུད་མེད་ཁྱིམ་པ་མོ་རུང་བ་ལ་ཆོས་སྟོན་ན་ཉེས་བྱས་ཏེ། དེ་གཉིས་ནི་རིག་པ་ཉིད་དུ་མ་ཆོག་པ་ཉིད་ཡིན་པའི་ཕྱིར་རོ། །བུད་མེད་མི་རུང་བ་དེ་གཉིས་ཡོད་པ་དེ་ནི་ཉེས་བྱས་ཆེས་ལྕི་བར་འགྱུར་རོ་ ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་རེ་ཞིག་འཛམ་བུ་གླིང་པའི་བུད་མེད་ལ་བྱང་སྒྲ་མི་སྙན་པ་དང་ལྷན་ཅིག་ཆོས་སྟོན་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ། །དེ་བཞིན་དུ་གླིང་གཞན་པ་དང་ལྷན་ཅིག་ཆོས་སྟོན་པ་ལ་ཡང་ཉེས་བྱས་སོ་ཞེས་གསུངས་ པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་རེག་པའི་སྐྱེས་པ་མེད་པར་བུད་མེད་ལ་ཆོས་བསྟན་པར་མི་བྱའོ་ཞེས་གང་གསུངས་པ་དེ་ལ་རིག་པའི་སྐྱེས་པ་ཇི་ལྟ་བུ་ཞིག་དང་ལྷན་ཅིག་ཏུ་བུད་མེད་ལ་ཆོས་བསྟན་པར་བྱ་ཞེ་ན་རུང་བ་གང་ཡིན་པའོ། །རུང་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཁྱིམ་པ་ཡང་རུང་རབ་ཏུ་བྱུང་བ་ཡང་རུང་སྟེ། འགྱུར་བ་སྟེན་པར་མི་བྱེད་པ་གང་ཡིན་པའོ། །དེའི་ནི་བརྡ་ཕྲད་པ་ཉིད་དོ་ཞེས་བྱ་བ་ནི། རིག་པ་ཉིད་ཀྱི་དོན་དེ་ཉིད་ཀྱི་ཡན་ལག་ནི་བརྡ་ཕྲད་པ་ཉིད་དེ། དཔེར་ན་སྐྱོན་ནས་སྨྲ་བའི་ལྟུང་བྱེད་དག་ལ་ཉན་པ་པོ་ཡང་ཡོད་ལ་གོ་བར་བྱ་བའི་དོན་ཡང་ཡོད་ཅིང་བརྡ་ཕྲད་ན་སྐྱོན་ནས་སྨྲ་བའི་དོན་ལ་སོགས་པའི་ གྲུབ་པ་ཁོ་ནར་འགྱུར་གྱི། མ་གྲུབ་ན་ནི་ཕྱེད་ཉིད་ཡིན་པ་དེ་བཞིན་དུ་རིག་པའི་སྐྱེས་པ་ཡོད་པ་འདི་ལ་ཡང་བརྡ་ཕྲད་ནའོ། །འདིར་གཞུང་ནི་དགེ་སློང་གིས་བུད་མེད་ཁྱིམ་པ་མོ་ལ་ཀླ་ཀློའི་སྐད་དུ་ཆོས་སྟོན་ལ་རིག་པའི་སྐྱེས་པ་དེས་བརྡ་མ་ཕྲད་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་གཉིད་ལོག་པ་ དང་། མྱོས་པ་དང་། བག་མེད་པར་འགྱུར་བ་དང་། སྙོམས་པར་ཞུགས་པ་དང་། གླེན་པ་དང་། འོན་པར་གྱུར་པའི་རིག་པའི་སྐྱེས་པ་ཡོད་པས། དགེ་སློང་གིས་བུད་མེད་ཁྱིམ་པ་མོ་ལ་ཆོས་སྟོན་པར་བྱེད་ལ་རིག་པའི་སྐྱེས་པ་དེ་ལ་བརྡ་ཕྲད་པ་མེད་པར་གྱུར་ན་ཉེས་བྱས་ཁོ་ནའི་ཁ་ན་མ་ཐོ་བར་འགྱུར་ རོ། །རྣམ་པ་དེ་ལྟ་བུ་ཉིད་ལ་ནི་མཚན་ཅིག་ཤོས་དོན་མེད་དོ་ཞེས་བྱ་བ་ལ། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི། མཚན་གཉིས་པ་བུད་མེད་ཀྱི་མཚན་ཤས་ཆེ་བའམ། སྐྱེས་པའི་མཚན་ཤས་ཆེ་བའི་རྣམ་པ་དེ་ལྟ་བུའོ། །རྣམ་པ་དེ་ལྟ་བུའི་དངོས་པོ་ནི་རྣམ་པ་དེ་ལྟ་བུ་ཉིད་དེ། རྣམ་པ་དེ་ལྟ་བུ་ཉིད་ ལ་ནི་བུད་མེད་ཀྱི་མཚན་ཤས་ཆེ་ན་ནི་བུད་མེད་ཀྱི་མཚན་ལས་གཞན་པའི་སྐྱེས་པའི་མཚན་ཅིག་ཤོས་དོན་མེད་དེ། བུད་མེད་ཉིད་ལ་གནོད་པའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་དེ། འབྲས་བུ་མེད་པ་ཡིན་ལ་དེ་བཞིན་དུ་སྐྱེས་པའི་མཚན་ཤས་ཆེ་ན་ནི་སྐྱེས་པའི་མཚན་ལས་གཞན་པ་ནི་བུད་མེད་ ཀྱི་མཚན་ཅིག་ཤོས་དོན་མེད་དེ། སྐྱེས་པ་ཉིད་ལ་གནོད་པའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་དེ། འབྲས་བུ་མེད་པ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་མཚན་གཉིས་པ་བུད་མེད་ཀྱི་དབང་དུ་གྱུར་ན་ནི་དེའི་ཚེ་དགེ་སློང་ལ་བུད་མེད་ཀྱི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་རོ། །ཇི་སྟེ་སྐྱེས་པའི་དབང་དུ་གྱུར་ ན་ནི་དེའི་ཚེ་དགེ་སློང་ལ་སྐྱེས་པའི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །འདིར་གཞུང་ནི་མཚན་གཉིས་པ་ལ་རེག་ན་གལ་ཏེ་བུད་མེད་ཀྱི་དབང་དུ་གྱུར་པ་ཡིན་ན་ནི། དེས་ན་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ། །དེ་སྐྱེས་པའི་དབང་དུ་གྱུར་པ་ཡིན་ན་ནི་དེས་ན་ཉེས་པ་སྦོམ་པོའི་ལྟུང་བར་ འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཕྱེད་ཉིད་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་ནི་མཚན་ཅིག་ཤོས་མོའི་མཚན་ནི་སྐབས་འདིར་རིག་པའི་སྐྱེས་པ་ཉིད་ཀྱི་སྐྱེས་པའི་ཕྱེད་ཉིད་བྱེད་པ་ཡིན་ཏེ། རིག་པའི་སྐྱེས་པ་མཚན་གཉིས་པ་དང་ལྷན་ཅིག་ཏུ་བུད་མེད་དང་ལམ་དུ་འགྲོ་བ་དང་། བུད་མེད་ལ་ཆོས་སྟོན་པ་ ནི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེད་པ་པོ་ཉིད་བུད་མེད་དོ་ཞེས་སྨྲས་ན་ཅི་ཐམས་ཅད་ཀྱིའམ་འོན་ཏེ་བྱེ་བྲག་འགའ་ཞིག་ཡོང་ཅེ་ན། དེའི་ཕྱིར་འོག་མ་གསུམ་ལ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པ་དང་། གཞན་ལ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་པ་དེ་ ཉིད་ཡིན་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བུད་མེད་བསླབ་པའི་གཞི་འོག་མ་གསུམ་ལ་ནི་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པར་བྱ་བ་ལ་མཐུ་ཡོད་པ་ཉིད་ཡིན་ན། དེ་གསུམ་གྱི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནོ། །གཞན་ལ་ནི་འཁྲིག་པ་བསྟེན་པར་བྱ་བའི་ མཐུ་ཡོད་པ་ཉིད་ཡིན་ན་དེ་དག་གི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནོ། ཞེས་བྱ་བར་སྦྱར་རོ། །དེ་ལ་བསླབ་པའི་གཞི་འོག་མ་གསུམ་གང་ཞེ་ན། དེའི་ཕྱིར་འོག་མ་གསུམ་ལ་ཞེས་བྱ་བ་སྨྲས་ཏེ། ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་ཞེས་བྱ་བའི་བསླབ་པའི་གཞིའི་མཇུག་ཐོགས་སུ་འབྱུང་བའི་བསླབ་པའི་ གཞི་གཉིས་པོ་གང་ཡིན་པ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་ཞེས་བྱ་བ་དང་། ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་འཆད་པ་ཞེས་བྱ་བ་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བའི་བསླབ་པའི་གཞི་གང་ཡིན་པ་དང་། དེ་གསུམ་ནི་འོག་མ་གཉི་ག་ལའོ། །ཁྱིམ་པ་མོ་ལ་སྟོན་པ་ ལའོ་ཞེས་དེ་སྐད་འབྱུང་བའི་ཕྱིར་སྐབས་འདི་ཁོ་ནར་འདོན་པའི་རིམ་པས་ཐ་མ་ཡིན་པའི་ཕྱིར་འོག་མ་སྟེ། དེ་མན་ཆད་བུད་མེད་བྱེད་པ་པོ་ཉིད་དུ་འགྱུར་བའི་བསླབ་པའི་གཞིའི་མདོ་གཞན་ཉེ་བར་མ་བཀོད་པས་དེས་ན་འོག་མ་ཞེས་བྱའོ། །གལ་ཏེ་བུད་མེད་ཀྱི་བསླབ་པའི་གཞི་ འོག་མ་དེ་གསུམ་ལ་ནི་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་དག་གི་དོན་གང་ཡིན་པའི་དོན་དེ་ཀུན་ཤེས་པར་བྱ་བའི་མཐུ་ཡོད་པ་ཉིད་ཡིན་ན། དེའི་ཚེ་བུད་མེད་དེ་དེ་གསུམ་གྱི་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། བསླབ་པའི་གཞི་གསུམ་པོ་དེ་དག་གི་སྒྲ་དང་དོན་ཡོངས་སུ་ཤེས་པར་བྱ་བའི་ ཕྱིར་མཐུ་ཡོད་པར་འགྱུར་ན་དེའི་ཚེ་བུད་མེད་དེ་བསླབ་པའི་གཞི་དེ་གསུམ་གྱི་དངོས་གཞིའི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གང་ཞེ་ན། དེའི་ཕྱིར་གཞན་ལ་ཞེས་བྱ་བ་སྨྲས་ཏེ། སྔར་སྨྲས་པ་གསུམ་ལས་གཞན་པ་འདིར་དབེན་པ་ན་འདུག་པ་དང་། དབེན་པ་ན་འགྲེང་བ་དང་། ཉལ་པོ་བྱེད་པར་ཤོམ་པའི་ ཁྱིམ་ན་འདུག་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང་། བུད་མེད་དང་ལྷན་ཅིག་ཉལ་བ་དང་། སྐྱེས་པ་མེད་པར་བུད་མེད་དང་ལམ་དུ་འགྲོ་བ་ཞེས་བྱ་བའི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བའི་བསླབ་པའི་གཞི་རྣམས་ཏེ། དེ་དག་ལ་ནི་གལ་ཏེ་བུད་མེད་དེ་འཁྲིག་པ་བསྟེན་པར་བྱ་བའི་མཐུ་ཡོད་ པ་ཉིད་ཡིན་ན། བུད་མེད་དེ་ལྟུང་བྱེད་དེ་དག་གི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནོ། །གཞན་དུ་ན་འོག་མའི་འོ་ཞེས་བྱ་བ་ལ་གཞན་དུ་ན་ཞེས་བྱ་བ་ནི། དབེན་པ་ན་འདུག་པ་དང་། འགྲེང་བ་ལ་སོགས་པ་འདི་ལ་ཐམས་ཅད་དུ་ཇི་སྐད་བསྟན་པའི་དོན་བཞིན་བྱེད་པའི་མཐུ་ཡོད་པ་མ་ཡིན་ནའོ། ། འོག་མའི་འོ་ཞེས་བྱ་བ་ནི་ཚིག་འོག་མའི་བྱེད་པ་པོ་ཉིད་བུད་མེད་ཡིན་པ་སྟེ། མཐུ་ཡོད་པའི་བུད་མེད་ལ་ལུས་ཀྱིས་རེག་པ་ལ་དགེ་འདུན་ལྷག་མ་གང་ཡིན་པ་དེ་ལ་མཐུ་མེད་ན་ཉེས་པ་སྦོམ་པོའོ། །མཐུ་ཡོད་པར་བར་དུ་བཅད་པ་ཉིད་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་ལ་མཐུ་མེད་ན་ཉེས་བྱས་སོ། །མཐུ་ ཡོད་པ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བ་ལ་སོགས་པ་ལྟུང་བྱེད་གང་ཡིན་པ་དེ་ལ་མཐུ་མེད་ན་ཉེས་བྱས་སུ་འགྱུར་བའོ། །མ་ནིང་མོ་དང་མ་ནིང་ཕོ་དང་སྤྲུལ་པ་མོ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ལ། མ་ནིང་མོ་ཞེས་བྱ་བ་ནི། གང་ལ་མོའི་དབང་པོ་ཡང་མེད། ཕོའི་དབང་པོ་ཡང་མེད་ལ་ནུ་མ་ཡོད་པ་ལ་སོགས་ པས་བུད་མེད་ཀྱི་རྣམ་པ་ལ་ཅུང་ཟད་བརྟེན་པ་སྟེ། དེ་ནི་མ་ནིང་མོ་ཞེས་བྱའོ། །མ་ནིང་ཕོ་ཞེས་བྱ་བ་ནི། གང་ལ་ཕོའི་དབང་པོ་ཡང་མེད། མོའི་དབང་པོ་ཡང་མེད་ལ་ཁ་སྤུ་ལ་སོགས་པས་སྐྱེས་པའི་རྣམ་པ་ལ་ཅུང་ཟད་བརྟེན་པ་སྟེ། དེ་ནི་མ་ནིང་ཕོ་ཞེས་བྱའོ། །སྤྲུལ་པ་མོ་ཞེས་བྱ་བ་ནི། སེམས་ཅན་དུ་ བགྲང་བ་ཁོ་ན་གསང་སྔགས་དང་སྨན་ལ་སོགས་པས་བསྒྱུར་བའོ། །མ་ནིང་མོ་ལ་སོགས་པ་དེ་དག་ལ་བུད་མེད་ཉིད་མེད་པས་མཐུ་མེད་པ་ཉིད་དུ་ཉེ་བར་གདགས་པའི་ཕྱིར་དེ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། མཐུ་མེད་པ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །གསུམ་པོ་འདི་ལ་སྐྱེས་པའོ་ཞེས་བྱ་བ་ལ། གསུམ་ པོ་འདི་ལ་ཞེས་བྱ་བ་ནི་ལུས་ཀྱིས་རེག་པ་དང་། འཁྲིག་པ་དང་ལྡན་པར་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དག་ལའོ། །སྐྱེས་པའོ་ཞེས་བྱ་བ་ནི། སྐྱེས་པ་ཡང་མཐུ་མེད་པ་དང་འདྲ་བ་ཁོ་ནའོ། །གལ་ཏེ་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་པས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་འདིར་གསུམ་པོ་འདི་ལ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་རོ། །དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཞེས་བྱ་བ་ལ། དེ་དག་གི་ཞེས་བྱ་བའི་སྒྲ་ནི་ལུས་ཀྱིས་རེག་པ་དང་། འཁྲིག་པ་དང་ལྡན་པར་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་ཞེས་བྱ་བའི་དགེ་འདུན་ལྷག་མ་གསུམ་ ལ་བསྙེགས་སོ། །དེ་དག་གི་ཡུལ་ལ་བདེ་བ་གང་ཡོད་པའི་བདེ་བ་དེ་ཉམས་སུ་མྱོང་བ་ཕྲད་པར་བྱ་བའི་ཕྱིར་འདུན་པ་གང་ཡིན་པ་དེ་ནི་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་སྟེ། དེས་སོ་ཞེས་བྱ་བར་སྦྱར་རོ། །ཀུན་ཏུ་འདོད་ཆགས་དང་ལྡན་པས་ཞེས་བྱ་བ་ནི་འདུན་པ་དེའི་བྱེ་བྲག་ཡིན་ནོ། །བྱེ་བྲག་དེ་ཡང་ སོ་སོར་ཐར་པའི་མདོ་ལས་གསུངས་པའི་ཚིག་བསྡུ་བའི་ཕྱིར་ཏེ། སོ་སོར་ཐར་པའི་མདོ་ལས་དྲལ་ཅིང་གྱུར་པའི་སེམས་ཀྱིས་འབྱུང་བའི་ཕྱིར་རོ། །དེ་ལ་དྲལ་བ་ཉིད་ནི་ཀུན་ནས་དཀྲིས་པ་ཉིད་དོ། །གྱུར་པ་ཉིད་ནི་བུད་མེད་དེ་ལ་རྟོག་པ་ཉིད་དོ། །ཀུན་ནས་དཀྲིས་པ་ཉིད་ཅེས་བྱ་བ་འདོད་ཆགས་མངོན་དུ་གྱུར་པ་ཉིད་དྲལ་བ་ ཉིད་ཅེས་གསུངས་པ་གང་ཡིན་པ་དང་། ཡུན་རིང་པོ་ནས་ཆགས་པར་གྱུར་པའི་སྲེད་པའི་རྗེས་སུ་ཞུགས་པ་ཉིད་དང་། རྗེས་སུ་འབྲེལ་པ་ཉིད་གྱུར་པ་ཉིད་ཅེས་གསུངས་པ་གང་ཡིན་པའི་བྱེ་བྲག་གི་ཚིག་གཉིས་གསུངས་པ་དེས་བྱེ་བྲག་ཅན་དུ་གྱུར་པའི་འདོད་ཆགས་གང་ཡིན་པ་དེ་ནི་འདིར་ཀུན་ཏུ་འདོད་ཆགས་པ་ ཞེས་བྱ་བའི་སྒྲར་བརྗོད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། བྱེ་བྲག་བསྟན་པ་དེས་བྱེ་བྲག་ཅན་དུ་གྱུར་པའི་འདོད་ཆགས་དེ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་དག་གི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཞེས་བྱ་སྟེ། འདུན་པ་དེས་དགེ་སློང་ གིས་འོག་ནས་འབྱུང་བའི་མཚན་ཉིད་དང་ལྡན་པའི་ལུས་ལ་རེག་པ་དང་། འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་གང་ཡིན་པ་བྱས་ན་དེའི་ཚེ་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་ལ་སོགས་པ་ དང་། ཐུན་མོང་གི་མཚན་ཉིད་བསྟན་ནས་ད་ནི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་འབའ་ཞིག་གི་སྐབས་བརྗོད་པར་བྱ་སྟེ། དེའི་ཕྱིར་ལུས་ཀྱིས་རེག་པ་བདག་གིར་བྱེད་ནའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་ཀྱི་ལུས་ལ་རེག་པ་ནི་ལུས་ཀྱིས་རེག་པའོ། །དེ་ལ་བདག་གིར་བྱེད་པ་ནི་སྔར་བསྟན་ པའི་ཀུན་དུ་འདོད་ཆགས་པ་དང་ལྡན་པའི་འདུན་པས་རོ་མྱོང་བར་བྱེད་ནའོ། །འདིར་ལན་བུ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི། ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའི་སྐབས་འདིར་ཡིན་གྱི། བུད་མེད་ཀྱི་མཚན་མའི་ཁ་ན་མ་ཐོ་བ་དབེན་པ་ན་འདུག་པ་ལ་སོགས་པ་ གཞན་ལ་ནི་མ་ཡིན་ནོ། །ལན་བུ་ཞེས་བྱ་བ་ནི་སྐྲ་བསྡུས་པའོ། །དེ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི། ལན་བུ་དེ་ནི་ལུས་དང་ལྡན་པ་ཉིད་དེ། དེ་ལ་རེག་ན་དངོས་གཞིའོ། །སྐྲ་དག་ལ་ལུས་ཀྱི་དབང་པོ་མེད་པའི་ཕྱིར། ལུས་ཀྱི་མཚན་ཉིད་མེད་པས་དེ་ལ་རེག་པ་ལ་དགེ་འདུན་ལྷག་མར་མི་འགྱུར་ རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་མདོ་འདི་བསྟན་ཏེ། དེ་ལ་འདོད་ཆགས་ལྷག་པར་སྐྱེ་བའི་ཕྱིར་རོ། །དེ་དང་འབྲེལ་པའི་གོས་ལ་ཡང་ངོ་ཞེས་བྱ་བ་ནི། ལན་བུ་དང་འབྲེལ་པའི་སྐུད་པ་ལ་སོགས་པ་ལན་བུའི་ཡན་ལག་ཏུ་གྱུར་པ་ལ་རེག་ན་ཡང་དངོས་གཞིའི་ཁ་ན་མ་ཐོ་བའོ། །ཅོད་པན་དང་། ཁ་ཆུ་ལ་སོགས་ པ་ལ་རེག་པ་ནི་དཔེར་ན་སེན་མོ་དག་དང་འདྲ་བར་སྦོམ་པོའོ། །ནོམ་པ་དང་ཉུག་པ་དང་སྤྲོད་པ་དང་འཛིན་པ་དང་། འདྲེན་པ་དང་། ཡོངས་སུ་འདྲེན་པ་དང་། འོག་ནས་འཁྱུད་པ་དང་། སྟེང་ནས་འཁྱུད་པ་དང་། དམ་དུ་སྦྱོར་བ་རྣམས་ལ་ནི་བྱེ་བྲག་མེད་པ་ཉིད་དོ་ཞེས་བྱ་བ་ལ་ནོམ་པ་ལ་སོགས་པ་ནི་ལྟུང་བ་ལ་བྱེ་ བྲག་མེད་པ་ཉིད་དེ། ཇི་ལྟར་རེག་ན་ཡང་དངོས་གཞི་ཉིད་ཡིན་གྱི། རེག་པའི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་འགྱུར་བ་ནི་མ་ཡིན་ནོ། །དེ་ལ་ནོམ་པ་ཞེས་བྱ་བ་ནི་དང་པོར་ལན་ཅིག་ལུས་ལ་སྦྱོར་བ་ཉིད་དོ། །ཉུག་པ་ཞེས་བྱ་བ་ནི། ཡང་དང་ཡང་དུ་ལུས་ལ་སྦྱོར་བའོ། །སྤྲོད་པ་ཞེས་བྱ་བ་ནི། མཐང་སྦྱར་བའི་ བསམ་པས་རང་གི་ལུས་བུད་མེད་ཀྱི་ལུས་དང་བར་དུ་མ་བཅད་པར་སྤྲོད་པའོ། །འཛིན་པ་ཞེས་བྱ་བ་ནི་ལག་པ་ལ་སོགས་པ་འཆང་བའོ། །འདྲེན་པ་ཞེས་བྱ་བ་ནི། ཡུལ་ཐག་རིང་པོ་ནས་ལག་པ་ལ་སོགས་པ་ནས་བཟུང་སྟེ་འདྲེན་པའོ། །ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི། ཡུལ་དང་ཐག་ཉེ་བ་ནས་ཁོར་ཡུག་ ཏུ་བསྐོར་བའོ། །འོག་ནས་འཁྱུད་པ་ཞེས་བྱ་བ་ནི། འོག་ན་འདུག་པ་ལུས་ཀྱི་སྟེང་དུ་འཇོག་ཅིང་འཁྱུད་པར་བྱེད་པ་སྟེ། སྟེང་དུ་བཞག་ནས་མཐང་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྟེང་ནས་འཁྱུད་པ་ཞེས་བྱ་བ་ནི། ལུས་ཀྱི་སྟེང་དེ་ནས་ཀྱང་ཕབ་སྟེ། འོག་ཏུ་འཇུག་ཅིང་འཁྱུད་པར་བྱེད་དེ། འོག་ཏུ་བཅུག་ནས་མཐང་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དམ་དུ་སྦྱོར་བ་ཞེས་བྱ་བ་ནི་མཐང་དམ་དུ་སྦྱོར་བ་ལ་སོགས་པའོ། །བསྟེན་པར་བྱ་བས་བྱས་པ་ཉིད་ཀྱང་ངོ་ཞེས་བྱ་བ་ཡང་བྱེ་བྲག་མེད་དོ་ཞེས་བྱ་བར་སྦྱར་ཏེ། འདིར་བསྟེན་པར་བྱ་བ་ཞེས་བྱ་བ་ནི། བུད་མེད་དང་། སྐྱེས་པ་དང་། མ་ནིང་ལ་སོགས་པ་ དག་ཡིན་པར་རིག་པར་བྱའོ། །བསྟེན་པར་བྱ་བ་དེས་ནོམ་པ་དང་ཉུག་པ་ལ་སོགས་པའི་རེག་པ་བྱས་པ་ཉིད་གང་ཡིན་པ་དེ་ལ་ཡང་འདིར་བདག་གིར་བྱ་བ་དང་བཅས་པས་རོ་མྱོང་བར་བྱེད་ན་བྱེ་བྲག་མེད་པ་ཉིད་དོ། །འདི་སྐད་བསྟན་ཏེ། དཔེར་ན་དགེ་སློང་ཀུན་དུ་འདོད་ཆགས་པའི་སེམས་ཀྱིས་བུད་མེད་ལ་ སོགས་པའི་ལུས་ལ་ནོམ་པ་དང་། ཉུག་པ་ལ་སོགས་པ་གང་ཡིན་པ་དེ་ལྟུང་བར་འགྱུར་བ་དེ་བཞིན་དུ་གལ་ཏེ་བུད་མེད་ལ་སོགས་པས་དགེ་སློང་གི་ལུས་ལ་ནོམ་པ་དང་། ཉུག་པ་ལ་སོགས་པ་བྱེད་པ་ལ་གལ་ཏེ་དགེ་སློང་ཀུན་དུ་འདོད་ཆགས་པའི་སེམས་ཀྱིས་དེ་ལ་བདག་གིར་བྱ་བ་བྱེད་ན་དེ་ཡང་ལྟུང་བར་འགྱུར་ཏེ་ ན་སྨད་པ་མེད་དོ། །བསྟེན་པར་བྱ་བས་བྱས་པའི་ནོམ་པ་དང་། ཉུག་པ་ལ་སོགས་པ་ལ་ཡང་ཀུན་དུ་འདོད་ཆགས་པའི་སེམས་ཀྱིས་བདག་གིར་བྱེད་ན་ལྟུང་བ་ལ་བྱེ་བྲག་མེད་དོ། །བསྟེན་པར་བྱ་བ་ཞེས་སྨོས་པ་ནི་བུད་མེད་དང་སྐྱེས་པ་དང་། མ་ནིང་ལ་སོགས་པ་སྤྱིར་བསྡུ་བའི་ཕྱིར་རོ། །ཀུན་དུ་འདོད་ ཆགས་པའི་སེམས་མེད་པར་སྙིང་བརྩེ་བ་ལ་སོགས་པའི་སེམས་གཞན་གྱིས་རེག་པ་ལ་ནི་ཉེས་པ་མེད་དོ། །གོས་ཀྱིས་བར་དུ་ཆོད་པ་ལ་ནི་འོག་མར་རོ་ཞེས་བྱ་བ་ནི། གོས་ཀྱིས་བར་དུ་ཆོད་ཅིང་བར་ཆད་ཡོད་ན། བུད་མེད་ལ་སོགས་པའི་ལུས་ལ་རེག་པ་ནི་ཚིག་འོག་མར་ འགྱུར་བར་རིག་པར་བྱ་སྟེ། གང་ལ་དངོས་གཞིར་འགྱུར་བ་དེ་ལ་ནི་སྦོམ་པོའོ། །གང་ལ་སྦོམ་པོར་འགྱུར་བ་དེ་ལ་ནི་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱིས་རེག་པ་ཚོར་བ་ལ་ཡང་ལྟུང་བ་ལ་བྱེ་བྲག་མེད་དོ། །ཐམས་ཅད་དུ་ལུས་ཀྱིས་རེག་པ་མེད་པའི་ཕྱིར་རོ། །བར་དུ་ཆོད་པ་ཞེས་བྱ་བའི་སྒྲ་ ནི་བར་ཆད་ཀྱིས་ཆོད་པའི་ཚིག་ཡིན་ནོ། །ཉེས་བྱས་ཀྱི་ན་སྨད་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཇི་ལྟར་ཕམ་པར་འགྱུར་བ་ལ་སོགས་པ་གཞན་ལ་ལྟུང་བ་ན་སྨད་པར་གསུངས་པ་ལ་སྦོམ་པོ་ལ་སོགས་པ་ལྟུང་བ་གཞན་དུ་རྣམ་པར་གཞག་པ་ལྟར་ཉེས་བྱས་ལ་ནི་མེད་དེ། འདི་ལྟར་ཉེས་བྱས་ལ་ན་ སྨད་ན་ཡང་ཉེས་བྱས་ཡིན་པའི་ཕྱིར། གཞན་ཉིད་མ་ཡིན་ཏེ་ཉེས་བྱས་ཉིད་དེ་ཉེས་བྱས་ཕྲ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་མ་ལ་རེག་པར་མི་བྱའོ་ཞེས་བྱ་བ་ནི། བསམ་པའི་ཉེས་པ་མེད་དུ་ཟིན་ཀྱང་རེག་པར་མི་བྱའོ། །བུད་མེད་ལ་ཡང་མི་བྱའོ་ཞེས་བྱ་བ་ཡང་རེག་པར་ཞེས་བྱ་བར་སྦྱར་རོ། །འདིར་ ཡང་བསམ་པའི་ཉེས་པ་མེད་དུ་ཟིན་ཀྱང་བཀག་པར་རིག་པར་བྱ་སྟེ། འདིར་གཉི་ག་ལ་རེག་ན་ཉེས་བྱས་སོ། །འདི་ལྟར་དགེ་སློང་མ་ནི་བུད་མེད་ཀྱི་རིགས་ལས་མ་འདས་མོད་ཀྱི། འོན་ཀྱང་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་ཕྱིར་བསམ་པའི་ཉེས་པ་མེད་ན་དེ་ལ་རེག་པ་ལ་ཉེས་པ་མེད་དོ་སྙམ་དུ་དོགས་ པ་བསལ་བའི་ཕྱིར་ཚིག་ལོགས་ཤིག་ཏུ་སྨོས་སོ། །ཆུར་ཉམ་ཐག་པ་བསྒྲལ་བའི་ཕྱིར་ནི་རེག་པར་བྱའོ་ཞེས་བྱ་བ་ནི། བུད་མེད་ལ་རེག་པར་མི་བྱའོ་ཞེས་བྱ་བ་སྤྱིར་སྦྱར་བའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་མདོ་འདི་བསྟན་ཏོ། །འོ་ན་འོག་ནས་ཀྱང་སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་བར་བྱ་བ་ལ་ ལྟུང་བ་མེད་དོ་ཞེས་འབྱུང་བས་དེས་ཀྱང་དམིགས་ཀྱིས་བསལ་བ་མི་བྱེད་དམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འོག་ཁོ་ན་ནས་མ་དང་བུ་མོ་དང་སྲིང་མོའི་འདུ་ཤེས་ཉེ་བར་གཞག་སྟེ། ལག་པའམ་སྐྲ་དག་ལས་སོ་ཞེས་འབྱུང་བ་དེ་དག་གི་ཡུལ་བསྟན་པའི་ཕྱིར་འདིར་ཡང་བརྩམ་མོ། །ཚུར་ཞེས་བྱ་བ་ནི་ ཆུའི་ནང་དུའོ། །ཉམ་ཐག་པ་ཞེས་བྱ་བ་ནི་སྡུག་བསྔལ་ཐོབ་པར་འགྱུར་བ་སྟེ། དེ་ལྟ་བུའི་བུད་མེད་བསྒྲལ་བའི་ཕྱིར་ནི་རེག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རེག་པར་བྱ་ཞེ་ན། དེའི་ཕྱིར་མ་དང་སྲིང་མོ་དང་བུ་མོའི་འདུ་ཤེས་ཉེ་བར་གཞག་སྟེ། ལག་པའམ་སྐྲ་དག་ལས་སོ་ཞེས་བྱ་བ་སྨྲས་ཏེ། མ་ལ་སོགས་པའི་འདུ་ཤེས་ཉེ་བར་གཞག་སྟེ། ལག་པའམ་སྐྲ་དག་ལས་རེག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བདལ་བའི་སྟེང་དུ་ཁས་སྦུབ་ཏུ་གཞག་གོ་ཞེས་བྱ་བ་ནི་བུད་མེད་བསྒྲལ་བའི་ཕྱིར་དང་། དྲན་པ་རྙེད་པར་བྱ་བའི་ཕྱིར་བྱེ་མ་བདལ་བའི་སྟེང་དུ་ཁས་སྦུབ་ ཏུ་གཞག་སྟེ། དེའི་ཚེ་ན་ཆུ་ཞུགས་པ་འཛག་པར་འགྱུར་ཞིང་དེ་ཟགས་ན་དྲན་པ་ཐོབ་པར་འགྱུར་རོ། །ཁྲིའུ་བཞིན་དུ་བསྲུང་བར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་ཁྱིམ་པ་རྣམས་ལ་བསྟབས་པའི་ཁྲིའུ་དག་གིས་བསྲུང་བ་བསྟན་པ་དེའི་ཕྱོགས་གཅིག་ཏུ་འདུག་སྟེ། རང་གི་ལས་ཀྱང་བྱེད་སེམས་ཀྱང་ གཏོད་དེ། ཁ་དོན་བྱེད་པའམ་ཡིད་ལ་བྱེད་པ་བསྐྱེད་ཅིང་ཕྱོགས་གཅིག་ཏུ་འདུག་སྟེ་སྲུང་བར་བྱེད་པ་དེ་བཞིན་དུ་བུད་མེད་ཆུ་ལས་བསྒྲལ་བ་དེ་ཡང་བསྲུང་བར་བྱའོ། །བ་ལང་རྫིའམ་ཕྱུགས་རྫི་དག་ལ་གཏད་དེ་ཟན་ལ་འགྲོ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དེ་ཟན་ལ་འགྲོ་ན་དེའི་ཚེ། དང་ པོར་བུད་མེད་དེ་བ་ལང་རྫི་ལ་སོགས་པ་དག་ལ་གཏད་དེ་ཕྱིས་འགྲོ་བར་བྱའོ། །གལ་ཏེ་རེ་ཞིག་གཏོད་པར་བྱེད་ན་ནི་དེའི་ཚེ་དགེ་སློང་དེས་ཡང་དེ་ཉིད་དུ་འགྲོ་བར་བྱའོ། །གྲོང་ལ་སོགས་པར་བཀྲི་བའི་ཕྱིར་འབད་པར་བྱ་སྟེ། གལ་ཏེ་གྲོང་ལ་སོགས་པར་བཀྲིར་མི་ནུས་ན་དེའི་ཚེ་གལ་ཏེ་བདག་ཉིད་དང་བུད་མེད་ དེ་སྟག་ལ་སོགས་པའི་འཇིགས་པ་དག་ལས་ཡོངས་སུ་བསྲུང་བར་ནུས་ན་མཚན་མོ་ཡང་དེ་ཉིད་དུ་གནས་པར་བྱའོ། །འཚོ་བའམ་འོན་ཏེ་མ་ཡིན་ཞེས་ཡང་དང་ཡང་དུ་བརྟག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་དེས་དོན་མེད་པ་སྤང་བའི་ཕྱིར་བུད་མེད་དེ་ལ་འདི་འཚོ་བའམ་འོན་ཏེ་མ་ཡིན་ཞེས་ཡང་དང་ཡང་དུ་ བརྟག་པར་བྱའོ། །སེམས་དག་པས་སྙིང་བརྩེ་བས་བུད་མེད་འཁྱུད་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་སེམས་དག་པ་དགེ་ལེགས་ཀྱི་སེམས་དང་ལྡན་པས་སྙིང་བརྩེ་བས་བུད་མེད་ལ་གལ་ཏེ་འདི་བདག་གིས་འཁྱུད་པ་བཏང་ན་སྲོག་གི་བར་ཆད་དུ་འགྱུར་རོ་སྙམ་པས། འཁྱུད་པ་ལ་ཉེས་པ་མེད་དོ། ། ཡང་ན་བུད་མེད་སེམས་དག་པས་བུ་ལ་སོགས་པའི་འདུ་ཤེས་ཀྱིས་བདག་ལ་ཟུང་ཤིག་ཅེས་ཟེར་བ་ལ་འཁྱུད་པ་ལ་ཉེས་པ་མེད་དོ། །དེའི་ཆོ་ག་ནི་དེ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ཡང་སྨན་གྱི་གཞི་དག་ལས། བཅོམ་ལྡན་འདས་ཀྱིས་ཀ་ཙང་ཀ་ལ་ལ་འཁྱུད་ པ་གནང་ངོ་ཞེས་འབྱུང་བ་སྟེ། དེ་མདོ་འདིར་བསྡུས་པ་ཡིན་ནོ། །ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་ཞུ་བའི་ སྐབས་ནས་འབྱུང་བ་བརྗོད་པར་བྱ་སྟེ། འཇམ་པ་དང་དྲོ་བ་དང་སྙི་བའི་བསམ་པ་ཉིད་ནི་སྦོམ་པོའོ་ཞེས་བྱ་བ་ནི། འཇམ་པའི་བསམ་པ་ཉིད་དང་། དྲོ་བའི་བསམ་པ་ཉིད་དང་། སྙི་བའི་བསམ་པ་ཉིད་ཀྱིས་དགེ་སློང་གིས་བུད་མེད་ལ་རེག་པར་བྱེད་ཅིང་འཁྲིག་པ་དང་ལྡན་པའི་རོ་མྱོང་བའི་བསམ་པས་མ་ཡིན་ན་ སྦོམ་པོའོ། །འདི་སྐད་བསྟན་ཏེ། འཇམ་པ་ལ་སོགས་པའི་བསམ་པ་ཉིད་ཀྱིས་བུད་མེད་ལ་རེག་པ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་འཇམ་པའི་བསམ་པ་དང་། དྲོ་བའི་བསམ་པ་དང་། སྙི་བའི་བསམ་པས་ལུས་ལ་རེག་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་ པ་སྦོམ་པོའོ་ཞེས་གསུངས་པ་ཡིན་ནོ། །སྐབས་འདིར་ཞུ་བ་དང་། འདུལ་བྱེད་དག་ལས་ཀུན་དུ་འདོད་ཆགས་པ་མེད་པར་བུད་མེད་དག་གི་ལུས་ལ་རེག་པ་རྣམ་པ་ལྔ་གསུངས་ཏེ། དེ་ནི་ཁྱད་པར་ཅན་གྱི་སྤྱོད་པ་དང་། ཁྱད་པར་ཅན་གྱི་སྤྱོད་པ་དང་འདྲ་བ་དང་། རྒོད་བག་གིས་རེག་པ་ཁོ་ནར་བྱ་བ་དང་། རེག་པའི་བྱེ་བྲག་ཉམས་སུ་མྱོང་བར་འདོད་པ་དང་། མི་འདོད་པར་སྐྱེ་བོ་མང་པོ་རྡོས་པའི་དུས་དག་ཏུ་དབང་མེད་པར་རེག་པ་གང་ཡིན་པ་དག་གོ། །དེ་ལ་རེ་ཞིག་ཁྱད་པར་ཅན་གྱི་སྤྱོད་པ་ནི་རྣམ་པ་གསུམ་སྟེ། སྙིང་བརྩེ་བ་དང་། ཉེ་དུ་བཤེས་པ་མཐོང་བ་དང་། སྔོན་ཀུན་དགའ་བ་ཉམས་སུ་མྱོང་བའོ། ། ཁྱད་པར་ཅན་གྱི་སྤྱོད་པ་དང་འདྲ་བ་ནི་གནས་མ་ཡིན་པར་འཇུག་པ་སྟེ། སྒྱེལ་བ་རང་ཉིད་ལྡང་ནུས་པ་སློང་བར་བྱེད་པའོ། །ལྔ་པོ་དེ་དག་ལས་རེག་པའི་བྱེ་བྲག་ཉམས་སུ་མྱོང་བར་འདོད་པས། རེག་པ་གང་ཡིན་པ་དེ་ལ་འཇམ་པ་དང་། དྲོ་བ་དང་། སྙི་བའི་བསམ་པ་ཉིད་ན་སྦོམ་པོའོ་ཞེས་བྱ་བའི་རྣམ་པ་ འདི་བསྟན་ཏོ། །ལྷག་མ་རྣམས་ནི་ལྟུང་བ་དང་ལྟུང་བ་མེད་པར་བསྟན་པའི་ཕྱིར་བརྗོད་དོ། །སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་བར་བྱ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ཁྱད་པར་ཅན་གྱི་སྤྱོད་པ་སྙིང་བརྩེ་བས་རེག་པ་སྟེ། མེ་དང་ཆུ་དང་གཡངས་ལ་སོགས་པའི་སྡུག་བསྔལ་ལས་ཐར་བར་ བྱ་བའི་ཕྱིར་སྙིང་བརྩེ་བས་བུད་མེད་ལ་རེག་པ་དེ་ལ་ནི་ལྟུང་བ་མེད་དེ། ཁྱད་པར་ཅན་གྱི་སྤྱོད་པ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཅན་གྱི་སེམས་མེད་པའི་ཕྱིར་དེ་ལ་ལྟུང་བ་མེད་དོ། །མ་དང་བུ་མོ་དང་སྲིང་མོ་དག་ལ་དེ་དག་ཏུ་འདུ་ཤེས་པའོ་ཞེས་བྱ་བ་ནི། ཁྱད་པར་ཅན་གྱི་སྤྱོད་པ་ཉེ་དུ་བཤེས་པ་ མཐོང་བས་རེག་པ་སྟེ། མ་ལ་སོགས་པ་དག་ལ་མ་ལ་སོགས་པ་དེ་དག་ཏུ་འདུ་ཤེས་པས་མ་ལ་སོགས་པ་དག་ལ་རེག་པ་ལ་ལྟུང་བ་མེད་དོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་མ་ལ་སོགས་པའི་ཡུལ་ལ་མ་ལ་སོགས་པར་འདུ་ཤེས་པས་རེག་པ་ལ་ལྟུང་བ་མེད་དོ། འདི་ཡང་ཁྱད་པར་ཅན་གྱི་ སྤྱོད་པ་ཁོ་ན་ཡིན་པས་དེའི་ཕྱིར་ལྟུང་བ་མེད་དོ། །སྔོན་སྤྱད་པ་ཉིད་ལ་ནི་ཀུན་དགའ་བར་བྱའོ་ཞེས་བྱ་བ་ནི། འདིར་ཡང་ཁྱད་པར་ཅན་གྱི་སྤྱོད་པ་ཡིན་པའི་ཕྱིར་ཉེས་པ་མེད་དེ། ཀུན་དགའ་བར་བྱ་བ་ནི་ཀུན་དུ་ཆགས་པ་མེད་པའི་ཡིད་ཀྱིས་གཅུགས་པར་སྟོན་པ་སྟེ། དེའི་ཆེད་དུ་རེག་པ་ལ་ལྟུང་བ་མེད་ དོ། །ལུས་ཀྱིས་རེག་པ་ཞུ་བའི་སྐབས་སོ་ཞེས་བྱ་བ་ལ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་ལུས་ཀྱིས་རེག་པར་བྱ་བའི་དགེ་འདུན་ལྷག་མ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་བརྗོད་པར་བྱ་སྟེ། དེའི་ཕྱིར་ཟས་དང་ས་དང་བོང་བ་ལ་སོགས་ པ་མོའི་དབང་པོར་འཛུད་ན་སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། ཟས་ལ་སོགས་པ་མོའི་དབང་པོར་འཛུད་ན་སྦོམ་པོའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་ཕྱེ་ལ་སོགས་པའི་ཟས་དང་ས་རྡུལ་དང་། བོང་བ་ལ་སོགས་པ་མོའི་དབང་པོར་འཐོར་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྐང་པ་དང་ཕྲག་ པ་ལ་སོགས་པས་བུད་མེད་ལ་འཕུལ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། རྐང་པ་དང་ཕྲག་པ་དང་གཞན་ཡང་རྩིབ་ལོགས་ལ་སོགས་པས་བུད་མེད་ལ་འཕུལ་ན་ཉེས་བྱས་སོ། །འདིར་གཞུང་ནི་དགེ་སློང་གིས་རྐང་པ་ལ་སོགས་པས་བུད་མེད་བསྒུལ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེའི་ སྟན་ལ་ཡང་ངོ་ཞེས་བྱ་བ་ནི། བུད་མེད་དེའི་སྟན་ཁྲིའུ་ལ་སོགས་པ་བུད་མེད་དང་བཅས་པའམ། བུད་མེད་མེད་པ་ལ་ཡང་རྐང་པ་ལ་སོགས་པས་འཕུལ་ན་ཉེས་བྱས་སོ། །འདིར་གཞུང་ནི་དགེ་སློང་གིས་བུད་མེད་དང་བཅས་པའམ། བུད་མེད་མེད་པའི་སྟན་བསྒུལ་ན་ཉེས་བྱས་ སོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་མདོ་དེ་གཉིས་ཀྱིས་ནི་རྒོད་བག་གིས་རེག་པ་ཁོ་ནར་བྱ་བས་རེག་པ་བསྟན་ཏོ། །ད་ནི་ཁྱད་པར་ཅན་གྱི་སྤྱོད་པ་དང་འདྲ་བར་བརྗོད་པར་བྱ་སྟེ། འདྲེད་པར་སྒྱེལ་བའི་བུད་མེད་སློང་བའོ་ཞེས་བྱ་བ་ནི། རྫབ་ལ་སོགས་པ་ལས་གྱུར་པའི་འདྲེད་པ་ཉམ་ང་བར་སྒྱེལ་བའི་ བུད་མེད་རང་ཉིད་ལྡང་ནུས་པ་སློང་ན་ཉེས་བྱས་སོ། །བུད་མེད་ཀྱིས་དེ་གསུམ་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། བུད་མེད་ཀྱིས་རྐང་པ་དང་ཕྲག་པ་ལ་སོགས་པས་འཕུལ་བ་དང་། དགེ་སློང་གི་སྟན་ལ་འཕུལ་བ་དང་། འདྲེད་པར་སྒྱེལ་བ་སློང་བ་དེ་གསུམ་དགེ་སློང་ལ་བྱེད་པ་ལ་ནི་ལྟུང་བ་མེད་དེ། འདིར་གཞུང་ནི་བུད་མེད་ཀྱིས་དགེ་སློང་ལ་རྐང་པ་དང་ཕྲག་པ་ལ་སོགས་པས་མི་འདོད་བཞིན་དུ་འཕུལ་བ་དེ་ལ་ནི་ཉེས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །བཟུང་བ་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མི་འདོད་བཞིན་དུ་བུད་མེད་ཀྱིས་བཟུང་བ་ལ་ལྟུང་བ་མེད་དོ། །མས་འཁྱུད་པ་ལ་ཡང་ངོ་ཞེས་བྱ་བ་ ཡང་དགེ་སློང་མི་འདོད་བཞིན་དུ་མས་འཁྱུད་པ་ཙམ་ལ་རོ་མྱོང་བ་མེད་ན་ལྟུང་བ་མེད་དོ། །པང་པར་བུ་མོ་འདུག་པ་ལ་ཡང་ངོ་ཞེས་བྱ་བ་ཡང་ལྟུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །བུད་མེད་འཁྲུལ་པ་སྟེང་དུ་འགྱེལ་བ་ལ་ཡང་ངོ་ཞེས་བྱ་བ་ནི། བུད་མེད་རབ་ཏུ་འཁྲུལ་པ་དགེ་སློང་གི་སྟེང་དུ་སྒྱེལ་བ་ལ་ཡང་ལྟུང་བ་མེད་ པའོ། །མདོ་དེ་ནི་མི་འདོད་པར་སྐྱེ་བོ་མང་པོ་རྡོས་པའི་དུས་དག་ཏུ་དབང་མེད་པར་རེག་པ་དང་སྦྱར་རོ། །ལུས་ཀྱིས་རེག་པ་འདུལ་བྱེད་དག་གོ་ཞེས་བྱ་བ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་རྫོགས་སོ། །ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་རྫོགས་སོ།། །། འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་བརྗོད་པར་འདོད་ནས། འཁྲིག་པས་སྨྲས་ནའོ་ཞེས་བྱ་བ་སྨྲས་ཏེ། སྔར་བུད་མེད་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་དག་གི་དོན་ཀུན་ཤེས་པར་བྱ་བའི་མཐུ་ཡོད་པ་ལ་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་དང་ལྡན་ པས་ཞེས་སྨོས་པ་འདིར་དེ་བཞིན་སྦྱར་རོ། །འཁྲིག་པ་ཞེས་བྱ་བ་ནི། གཉིས་ཀྱིས་གཉིས་སྤྲོད་པ་སྐྱེས་པ་དང་བུད་མེད་གཉིས་ཀྱི་ཀུན་དུ་སྦྱོར་བ་ལས་བྱུང་བའོ། །དེ་སྨྲས་ན་འཁྲིག་པ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དགེ་སློང་སྨྲ་བ་པོས་བུད་མེད་ལེགས་པར་སྨྲས་པ་དང་། ཉེས་པར་ སྨྲས་པ་དག་གི་དོན་ཀུན་ཤེས་པར་བྱ་བའི་མཐུ་ཡོད་པ་ལ་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་པ་དང་ལྡན་པས་འཁྲིག་པ་དང་ལྡན་པ་སྨྲས་ན་དགེ་འདུན་ལྷག་མར་འགྱུར་རོ། །སྒྲ་ཇི་ལྟ་བུས་དེ་སྨྲས་ཤེ་ན། དེའི་ཕྱིར་རྒྱ་ལ་སོགས་པའི་དོན་གྱིས་ཞེས་བྱ་བ་སྨྲས་ཏེ། རྒྱ་ལ་སོགས་པ་ཞེས་བྱ་བ་ནི། རྒྱོ་བ་ འཁྲིག་པ་ཞེས་བྱ་བ་ནི་སྒྲ་གང་ལ་རང་བཞིན་ངོ་བོ་ཉིད་གཞི་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་དག་ཡོད་པ་སྟེ་དེ་ནི་རྒྱ་ལ་སོགས་པའོ། །རྒྱ་ལ་སོགས་པ་དེའི་དོན་དེ་གཉིས་ཀྱིས་གཉིས་སྤྲོད་པ་ཞེས་བྱ་བའི་ཆོས་ཏེ། དེ་ནི་རྒྱ་ལ་སོགས་པའི་དོན་ཏོ། །རྒྱ་ལ་སོགས་པའི་དོན་གྱི་དོན་གཞན་ཉལ་པོ་ཞེས་བྱ་བ་ལ་སོགས་པའི་སྒྲ་གང་ཡིན་པ་ དེ་ཡང་རྒྱ་ལ་སོགས་པའི་དོན་ཡིན་ནོ། །འདིར་དོན་ཅེས་བྱ་བའི་སྒྲ་ཅིག་ཤོས་དབྲི་བར་རིག་པར་བྱ་སྟེ། རྒྱ་ལ་སོགས་པ་དོན་རྒྱ་ལ་སོགས་པ་གྲགས་པས་དེ་དང་། རྒྱ་ལ་སོགས་པ་དང་འདྲ་བར་དོན་གསལ་བར་བརྗོད་པའི་སྒྲས་སྨྲས་ན་ཁ་ན་མ་ཐོ་བ་དེར་འགྱུར་རོ། །འཁྲིག་པའི་དོན་གོ་བར་བྱེད་པའི་སྒྲ་ནི་རྣམ་པ་གཉིས་ཏེ། དངོས་དང་ཉེ་བར་འདོགས་ པའོ། །དེ་ལ་དངོས་ལ་ནི་འདི་རྣམ་པར་གཞག་གོ། །ཉེ་བར་འདོགས་པ་ལ་ནི་གལ་ཏེ་རྒྱ་ལ་སོགས་པའི་དོན་ཡུལ་དང་དུས་དེར་ཆགས་པ་ཡིན་པ་དེ་སྨྲས་ན་ནི་དངོས་གཞི་ཉིད་དུ་འགྱུར་རོ། །གལ་ཏེ་མ་ཆགས་པ་དཔེར་ན་ཕྲད་པ་དང་ཉལ་བ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ནི་སྦོམ་པོའོ། །འདི་ལྟར་བུད་མེད་དེ་སྒྲེན་མོ་ཞིག་ཡིན་པའི་ཕྱིར་ཉེ་བར་འདོགས་ པའི་ཚིག་དེ་བརྡ་ཕྲད་པར་གྱུར་དུ་ཟིན་ཀྱང་རྒྱ་ལ་སོགས་པའི་དོན་ཆགས་པ་མེད་པའི་ཕྱིར་དངོས་གཞིར་མི་འགྱུར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཁོ་བོ་དང་ལྷན་ཅིག་ཕྲད་པར་གྱིས་ཤིག་ཅེས་བྱ་བ་དེ་ལ་སྦོམ་པོར་གསུངས་པ་ཡིན་ཏེ། རྒྱ་ལ་སོགས་པའི་དོན་དག་ལ་དངོས་སུ་ཞུགས་པ་མེད་པའི་ཕྱིར་ཏེ། ཕ་དང་བུ་ཕྲད་པ་ཞེས་བྱ་བའི་ སྒྲ་བཞིན་ནོ། །བདག་ཉིད་ཀྱི་བསམ་པས་ནི་རྒྱོ་བ་དང་འཁྲིག་པ་དང་ཉལ་པོ་དང་ལྷག་པར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་བདག་དང་སྦྱར་བ་མེད་པར་སྤྱིར་བརྗོད་དུ་ཟིན་ཀྱང་དངོས་གཞིར་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་བདག་ཉིད་ཀྱི་བསམ་པས་སྤྱིར་བུད་མེད་ཀྱི་ཡུལ་ལ་རྒྱ་ལ་སོགས་པའི་དོན་བྱེད་པའི་ ཚིག་མེད་པར་རྗོད་པར་བྱེད་ཅིང་བུད་མེད་དེས་ཀྱང་དེ་ཐོས་ལ། དེའི་དོན་ཀྱང་བརྡ་ཕྲད་པར་གྱུར་ན་དེའི་ཚེ་དེ་ལ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །གལ་ཏེ་གཞན་གྱི་བསམ་པས་ན་ནི་སྦོམ་པོར་རོ།། །།བམ་པོ་བཅུ་བཞི་པ། རྒྱ་ལ་སོགས་པའི་དོན་བརྗོད་པ་དག་ལ་ཡི་གེ་དང་ཚིག་མང་དུ་གྲགས་ན་ཡི་ གེ་དང་ཚིག་གང་ལ་ཁ་ན་མ་ཐོ་བ་དེར་འགྱུར་བ་གོ་བར་བྱ་བའི་ཕྱིར། གང་ལ་གོ་བར་བྱ་བ་དེ་ཉིད་དེ་བརྡ་ཕྲད་པ་ན་མཐའོ་ཞེས་བྱ་བ་སྨྲས་ཏེ། སྨྲ་བ་པོས་སྨྲས་པའི་དོན་ཉན་པ་པོའི་རྒྱུད་ལ་བརྡ་ཕྲད་པ་ཙམ་ནི་བརྡ་ཕྲད་པའོ། །སྨྲ་བ་པོའི་ཁ་དེ་ནས་རྐན་དང་མཆུ་ལ་སོགས་པའི་བྱ་བའི་སྦྱོར་བས་སྒྲ་འབྱུང་བའི་ཡི་གེ་ལ་སོགས་པ་གང་ལ་སྨྲས་ པའི་དོན་ཉན་པ་པོས་གོ་བར་བྱ་བ་ཉིད་འབྱུང་བ་དེ་བརྡ་ཕྲད་པ་ན་མཐའ་སྟེ། ཡོངས་སུ་རྫོགས་ཤིང་མཐར་ཐུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་ཡི་གེ་དང་པོ་བརྗོད་པའི་དུས་ན་ཉན་པ་པོས་དོན་དེ་བརྡ་ཕྲད་ན་དེ་ཉིད་དངོས་གཞིའི་ཁ་ན་མ་ཐོ་བའོ། །ཕྱིས་གང་ཅུང་ཟད་བརྗོད་པར་བྱ་བའི་ལྟུང་བ་དེ་ཐམས་ ཅད་ནི་ཉིད་ཀྱི་ཁོངས་སུ་གཏོགས་ཏེ་རྩོལ་བའི་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་རོ། །དེ་དང་འབྲེལ་པའི་དོན་སྨྲས་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ་དེ་ཞེས་བྱ་བའི་སྒྲ་ནི་དངོས་གཞིའི་དབང་དུ་བྱས་པ་རྒྱ་ཞེས་བྱ་བ་དང་རྣ་རུ་ཞེས་བྱ་བའི་ཚིག་ལ་བསྙེགས་སོ། །དེ་དང་འབྲེལ་པའི་དོན་ཞེས་བྱ་བ་ ལ་འབྲེལ་པ་ཞེས་བྱ་བ་ནི་དངོས་གཞིའི་དོན་གྱི་ཚིག་དང་འབྲེལ་པ་སྟེ། དངོས་གཞིའི་དོན་གྱི་ཚིག་དང་སྦྱར་བ་འཁྲིག་པ་སྨྲ་བ་དང་ལྡན་པའོ། །དེའི་དོན་ནི་རྨའི་སྒོ་ལ་སོགས་པ་གང་ཡིན་པའོ། །དེ་སྨྲས་པ་ནི་འདི་ལྟ་སྟེ་དཔེར་ན། སྲུ་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་དག་ལེགས་པར་འདོད་པ་དང་། ལེགས་པར་གནས་པ་ དང་། ལེགས་པར་གྱུར་པ་ཡིན་མོད་ཅེས་སྨྲས་པ་ལྟ་བུ་སྟེ། དོན་དེ་སྨྲས་པ་གང་ཡིན་པའོ། །དེ་སྨྲས་པ་ནི་སྦྱོར་བ་མ་ཡིན་པ་མ་ཡིན་ཏེ། འདི་ལྟར་སྦྱོར་བ་ཉིད་དོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་དངོས་གཞིའི་དབང་དུ་བྱས་པ་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་ལ་སོགས་པའི་ཚིག་བྱེད་པར་དངོས་གཞིའི་དོན་དང་འབྲེལ་པའི་ཚིག་ རྗོད་པར་བྱེད་ན་ཚིག་དེ་ནི་སྦྱོར་བ་ཉིད་དེ་སྦོམ་པོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་དངོས་གཞིའི་དབང་དུ་བྱས་པའི་ཚིག་རྗོད་པར་མི་བྱེད་ན། ཅིའི་ཕྱིར་ཚིག་དེ་སྦྱོར་བར་གྱུར་པ་ཡིན་སྙམ་དུ་དོགས་པ་བསལ་བའི་ཕྱིར་མདོ་འདི་བྱས་སོ། །རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་ལ་སོགས་པའི་སྒྲ་བརྗོད་པ་ལ་ནི་དེ་ནི་དངོས་གཞི་དང་ འབྲེལ་བའི་དོན་འདི་འབྱུང་བའི་སྦྱོར་བ་ཉིད་དེ་དག་ཡོད་པར་ཐེ་ཚོམ་མེད་དོ། །བསྔགས་པ་དང་བསྔགས་པ་མ་ཡིན་པ་དང་། གསོལ་བ་དང་། ཉེ་བར་གསོལ་བ་དང་། འདྲི་བ་དང་། ཡོངས་སུ་འདྲི་བ་དང་། བརྗོད་པ་དང་། སྨོན་པ་དང་། གཤེ་བ་དང་། ཕྱིར་སྨྲ་བ་སྒྲུབ་པ་དག་ལ་ ནི་བྱེ་བྲག་མེད་པ་ཉིད་དོ་ཞེས་བྱ་བ་ནི། བསྔགས་པ་ལ་སོགས་པའི་ངོ་བོ་ཉིད་སྦྱོར་བར་གྱུར་པ་འཁྲིག་པ་སྨྲ་བ་སྒྲུབ་པ་འཁྲིག་པ་སྨྲ་བར་འགྱུར་བ་འདི་དག་ནི་དངོས་གཞིའི་དབང་དུ་བྱས་པའི་སྦྱོར་བ་ཉིད་ཡིན་པར་བྱེ་བྲག་འགའ་ཡང་མེད་དེ། སྒྲུབ་པ་དེ་དག་སྔར་བརྗོད་ནས་ཕྱིས་འཁྲིག་པ་སྨྲ་བར་བྱེད་པ་ ཐམས་ཅད་ལ་ནི་དགེ་འདུན་ལྷག་མ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་བསྔགས་པ་ཞེས་བྱ་བ་ནི། སྲུའི་རྨའི་སྒོ་གསུམ་པོ་དག་ནི་ལེགས་པར་འདོད་པ། ལེགས་པར་གནས་པ། ལེགས་པར་གྱུར་པ་དག་གོ་ཞེས་བསྟོད་པའོ། །བསྔགས་པ་མ་ཡིན་པ་ཞེས་བྱ་བ་ནི་དེ་ལས་བཟློག་པས་ སྨོད་པའོ། །གསོལ་བ་ཞེས་བྱ་བ་ནི། སྲུ་ཚུར་ཤོག་དེ་དང་དེ་བྱའོ་ཞེས་བརྗོད་ཅིང་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་གཉིས་ཀྱི་རང་བཞིན་བྱེ་བྲག་ཏུ་བསྒྲུབ་པ་གང་ཡིན་པ་དེ་ནི་དངོས་སུ་མི་བརྗོད་པའོ། །ཉེ་བར་གསོལ་བ་ཞེས་བྱ་བ་དེ་ནི་བུད་མེད་དང་སྐྱེས་པ་དེ་དང་དེ་བྱེད་པ་གང་ཡིན་པ་དེ་དང་དེ་ནི་དགའ་བ་ དང་ཡིད་དུ་འོང་བ་ཡིན་གྱིས། སྲུ་བདག་ཅག་ཀྱང་དེ་དང་དེ་བྱས་ན་དགའ་བ་དང་ཡིད་དུ་འོང་བར་འགྱུར་རོ་ཞེས་དགའ་བ་ཉེ་བར་བསྒྲུབ་པས་འདུན་པ་སྐྱེད་པ་སྟེ། དེ་ནི་ཉེ་བར་གསོལ་བའོ། །འདྲི་བ་ཞེས་བྱ་བ་ནི། སྲུ་སྐྱེས་པ་གང་བུད་མེད་གང་ལ་དེ་དང་དེ་བྱེད་པ་དེ་ནི་དེའི་དགའ་བ་དང་ཡིད་དུ་འོང་ བར་འགྱུར་ན། ཁོ་བོས་ཀྱང་སྲུ་ལ་དེ་དང་དེ་བྱ་ན། སྲུ་ཁོ་བོ་ལ་དགའ་བ་དང་ཡིད་དུ་འོང་བར་འགྱུར་རམ་ཞེས་འདྲིའོ། །ཡོངས་སུ་འདྲི་བ་ཞེས་བྱ་བ་ནི། སྲུ་རྨའི་སྒོ་གསུམ་པོ་དག་ལེགས་པར་དོད་པ་དང་། ལེགས་པར་གནས་པ་དང་། ལེགས་པར་གྱུར་པ་བདེན་ནམ་ཞེས་ཡོངས་སུ་འདྲི་ བའོ། །རྗོད་པ་ཞེས་བྱ་བ་ནི། སྲུ་ཁོ་བོ་ནི་ཁྱོད་ལ་དགའ་བ་དང་ཡིད་དུ་འོང་བ་བདེན་ན་ཁྱོད་དེ་ལ་ཇི་ལྟ་ཞེས་བརྗོད་པའོ། །སྨོན་པ་ཞེས་བྱ་བ་ནི། སྲུ་ནམ་ཞིག་ན་ཁོ་བོ་ཁྱོད་དང་ལྷན་ཅིག་དེ་དང་དེ་ལྟར་བྱེད་ཅིག་གུ་ཞེས་སྨོན་པའོ། །གཤེ་བ་ཞེས་བྱ་བ་ནི། ཁྱོད་ལ་བོང་བུ་དག་དེ་ལྟར་བྱེད་པར་ གྱུར་ཅིག །ཁྱོད་ཀྱི་དེར་མགལ་དུམ་དག་ཆུག་ཅིག་ཅེས་བྱ་བ་ལ་སོགས་པ་བརྗོད་པ་སྟེ། དེ་ནི་གཤེ་བའོ། །ཕྱིར་སྨྲ་བ་ཞེས་བྱ་བ་ནི། བུད་མེད་ཀྱིས་བསྔགས་པ་དང་བསྔགས་པ་མ་ཡིན་པ་གང་ཡིན་པ་དང་། གཤེ་བ་ལ་སོགས་པ་དག་དགེ་སློང་ལ་བྱེད་པ་ན་དེ་ལ་ དགེ་སློང་གིས་ཕྱིར་རྣམ་པ་དེ་དག་ཉིད་ཀྱིས་ལན་འདེབས་པའོ། །དེ་ལྟར་ན་དེ་དག་ཐམས་ཅད་ནི་གང་གི་ཚེ་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་མེད་པར་བརྗོད་པར་བྱེད་པ་དེའི་ཚེ་ན་ནི་སྦོམ་པོའོ། །དེ་དག་ཐམས་ཅད་ཀྱང་དཔེ་ཙམ་སྟེ། གཞན་ཡང་རྒྱ་ཞེས་བྱ་བ་དང་། རྣ་རུ་ཞེས་བྱ་བ་ལ་ སོགས་པ་ལྟ་བུ་གང་ཡང་རུང་བའི་སྒྲས་དེའི་བདེ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པ་ཀུན་དུ་འདོད་ཆགས་པ