Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 162
Văn bản gốc(Tây Tạng)
Trang 2 / 26 (50.000 ký tự/trang)
ོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཀྱང་གང་ཞེ་ན། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་པོའི་དུས་སོ་ཞེས་བྱ་བ་སྨྲས་ཏེ། དགུན་གྱི་དངོས་པོ་ནི་དགུན་གྱི་དུས་སོ། །དཔྱིད་ཀྱི་དངོས་པོ་ནི་དཔྱིད་ ཀྱི་དུས་སོ། །དབྱར་གྱི་དངོས་པོ་ནི་དབྱར་གྱི་དུས་སོ། །དུས་ཐུང་ངུར་གནས་པའི་ཕྱིར་ཤི་བ་དང་འདྲ་བས་ཐུང་ངུ་ཡང་དེ་ཡིན་ལ་དབྱར་ཀྱང་དེ་ཡིན་པ་དེ་ནི་དབྱར་ཐུང་ངུའི་དུས་སོ། །དུས་རིང་པོའི་ཕྱིར་རིང་པོ་ཡང་དེ་ཡིན་ལ་དབྱར་ཀྱང་དེ་ཡིན་པ་ནི་དབྱར་རིང་པོའི་དུས་སོ། །དེ་དག་གི་ཚད་བརྗོད་པར་བྱ་བའི་ཕྱིར། དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ་ཞེས་བྱ་བ་སྨྲས་ཏེ། མདོ་བསྟན་པའི་དང་པོར་བསྟན་པའི་ཕྱིར་དང་པོ་གཉིས་ཏེ། དགུན་གྱི་དུས་དང་དཔྱིད་ཀྱི་དུས་ཞེས་བྱ་བའི་ཐ་ཚིག་གོ། །ཟླ་བ་བཞི་བཞིའི་དངོས་པོ་ནི། ཟླ་བ་བཞི་བཞིའོ། །འོག་མའི་ཟླ་བ་གཅིག་གོ་ཞེས་བྱ་བ་ནི་དེ་གཉིས་འོག་ཏུ་བསྟན་པའི་ཕྱིར། འོག་མ་ཞེས་བྱ་བའི་སྒྲ་ནི། དབྱར་གྱི་དུས་ལ་བྱ་སྟེ། དེ་ནི་ཟླ་བ་གཅིག་ཏུ་རིག་པར་བྱའོ། །དེའི་འོག་མ་ནི་ཉིན་ཞག་གཅིག་གོ་ཞེས་བྱ་བ་ནི། མདོ་སྔ་མ་ལས་འོག་མ་ཞེས་བྱ་བའི་སྒྲའི་རྗེས་སུ་འཇུག་སྟེ། དབྱར་གྱི་དུས་དེའི་འོག་མ་ནི་དབྱར་ཐུང་ངུའི་དུས་ཡིན་པར་རིག་པར་བྱའོ། །དེ་ནི་ཉིན་ཞག་ གཅིག་སྟེ། དབྱར་ཟླ་ཐ་ཆུངས་ཚེས་བཅུ་དྲུག་ཅེས་བྱ་བའི་ཐ་ཚིག་གོ། །ཐ་མ་ནི་དེས་ཟླ་བ་གསུམ་དུ་མ་ཆོག་པའོ་ཞེས་བྱ་བ་ནི་དུས་ཐ་མ་དབྱར་རིང་པོའི་དུས་ཞེས་བྱ་བ་ནི་དབྱར་ཐུང་ངུའི་དུས་ཞེས་བྱ་བའི་ཉིན་ཞག་གཅིག་པུ་ཉིད་དེས་ཟླ་བ་གསུམ་དུ་མ་ཆོག་པའོ། །ཐ་མའི་དངོས་པོ་ཡིན་པའི་ཕྱིར་ཐ་ མའོ། །དུས་ཚོད་བརྗོད་པའི་འོག་ཏུ་གནས་རྣམས་བརྗོད་པར་བྱའོ་ཞེས་བྱ་བ་ནི། རྫོགས་པར་བསྙེན་པའི་འོག་ཏུ་ལས་བྱེད་པས་རྫོགས་པར་བསྙེན་པ་དེ་ལ་གནས་རྣམས་བརྗོད་པར་བྱའོ། །དེ་དག་ཀྱང་གང་ཞེ་ན། སྨྲས་པ། ཕྱག་དར་ཁྲོད་ལ་སོགས་པའོ། །དེ་དག་ཀྱང་བཞི་སྟེ། ཕྱག་དར་ཁྲོད་དང་། བསོད་སྙོམས་དང་། ཤིང་དྲུང་དང་། བཀུས་ཏེ་བོར་བ་ཞེས་བྱ་བ་གནས་བཞི་པོ་དག་གོ། །ཕྱག་དར་བཞིན་དུ་བོར་བའི་ཕྱིར་ཕྱག་དར་འདྲ་བའི་གོས་ནི་ཕྱག་དར་ཁྲོད་དོ། །ཡང་ན་ཕྱག་དར་དག་གི་ནང་ན་འདུག་པའི་གོས་ཕྱག་དར་དུ་བསགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་ལ་སོགས་པའི་ ནང་དུ་ཟས་བཅུག་ཅིང་བླུགས་པ་ནི་བསོད་སྙོམས་སོ། །ཤིང་ལྗོན་པའི་དྲུང་ནི་ཤིང་དྲུང་ངོ་། །ཚགས་ཀྱིས་བཙགས་པ་ནི་བཀུས་ཏེ་བོར་བའོ། །ཡང་ན་དེ་བཀུས་པ་ཡང་ཡིན་ལ་བོར་བ་ཡང་ཡིན་པ་ནི་བཀུས་ཏེ་བོར་བའོ། །བཞི་པོ་དེ་དག་ནི་ཚངས་པར་སྤྱོད་པའི་གནས་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ལྟུང་ བར་འགྱུར་བའི་ཆོས་རྣམས་དང་ཞེས་བྱ་བ་ནི། ལས་བྱེད་པས་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་གི་དངོས་པོའི་ལྟུང་བ་དང་རྗེས་སུ་མཐུན་པའི་ཕྱིར་ལྟུང་བར་འགྱུར་ཏེ། དེ་དག་ཀྱང་མི་ཚངས་པར་སྤྱོད་པ་ལ་སོགས་པ་བཞི་འོག་ནས་འབྱུང་བ་དག་གོ། །དགེ་སྦྱོང་བྱེད་པའི་ཆོས་རྣམས་ཀྱང་ངོ་ ཞེས་བྱ་བ་ཡང་བརྗོད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། གཤེ་ཡང་སླར་མི་གཤེ་བར་བྱ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ་བ་དང་། བརྡེགས་ཀྱང་སླར་མི་བརྡེག་པར་བྱ་བ་དང་། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བར་བྱ་བ་དག་གོ། །དེ་ལྟར་དེ་དག་ནི་གཞན་ལ་གནོད་པ་མེད་པའི་ཕྱིར་དགེ་སྦྱོང་དུ་བྱེད་པས་ན་དགེ་ སྦྱོང་བྱེད་པ་དག་སྟེ། འདི་ལྟར། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། མཆོག་ཏུ་འདོད་པར་བྱ་བ་ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་བརྗོད་ནས་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་བསྒྲུབ་པ་ལ་ངེས་ པར་སྦྱར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། མཆོག་ཏུ་འདོད་པར་བྱ་བ་ཞེས་བྱ་བ་ནི་རབ་ཏུ་འདོད་པར་བྱ་བ་འདོད་པར་གྱུར་པའི་དངོས་པོ་སྟེ། ཁྱོད་སྔོན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་གི་དངོས་པོ་ཐོབ་ཀྱང་ཇི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ་ ཞེས་བྱ་བ་ནི་མཆོག་ཏུ་འདོད་པར་བྱ་བའི་དངོས་པོའོ། །ཡང་དག་པ་ཉིད་ཀྱིས་ཞེས་བྱ་བ་ལ། ཡང་དག་པའི་དངོས་པོ་ནི་ཡང་དག་པ་ཉིད། ཡང་དག་པ་ཉིད་ངེས་ཏེ། ད་ཁྱོད་མཁན་པོར་འོས་པ་དང་། སློབ་དཔོན་འོས་པ་ཉིད་དང་། དགེ་འདུན་མཐུན་པ་དང་། གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་མི་ འོས་པས་ཞེས་བྱ་བས་སོ། །རྫོགས་པ་ཉིད་ཅེས་བྱ་བ་ནི། མཆོག་ཏུ་འདོད་པར་བྱ་བའི་དངོས་པོ་དེ་རྫོགས་པ་ཉིད་གང་ཡིན་པ་ཡོངས་སུ་རྫོགས་པ་དང་ཡོངས་སུ་རྒྱས་པ་སྟེ། རབ་ཏུ་བྱུང་ཞིང་རྫོགས་པར་བསྙེན་ཏོ་ཞེས་བྱ་བའོ། །བརྗོད་ནས་ཞེས་བྱ་བ་ནི། བརྡ་སྤྲད་ནས་སམ་གོ་བར་བྱས་ནས་སོ། །ནས་ཞེས་བྱ་བ་དང་སྦྱར་བ་ནི་བྱ་བ་གཞན་ལ་ལྟོས་པའི་ཕྱིར་རོ། །ཡང་དག་པ་ཉིད་ཀྱིས་རྫོགས་པ་ཉིད་དེ་བརྗོད་ནས་ཅི་ཞིག་བྱ་ཞེ་ན། ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། ཚུལ་ཁྲིམས་ཀྱི་རྒྱུ་མཚན་གྱིས་མཉམ་པའི་རང་བཞིན་ཉིད་ གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་དོ། །དེ་བསྒྲུབ་པ་ནི་ནན་ཏན་དུ་བྱ་བ་སྟེ། དེ་དེ་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་སྟེ། རྫོགས་པར་བསྙེན་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་རྫོགས་པར་བསྙེན་པས་ཀྱང་བསླབ་པོ། །དེ་རིང་རྫོགས་ པར་བསྙེན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་རྫོགས་པར་བསྙེན་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་དག་གིས་སོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་བྱུང་སྟེ། འདོད་པར་གྱུར་པའི་དོན་རྫོགས་པར་བསྙེན་པ་ཉིད་ཡང་དག་པའི་ཚོགས་ཡོངས་སུ་རྫོགས་པ་ ཉིད་བརྗོད་ནས། དེའི་འོག་ཏུ་ཚུལ་ཁྲིམས་ཀྱིས་མཉམ་པའི་རང་བཞིན་ཉིད་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ། །ཚུལ་དང་འབྲེལ་པའི་གཟུགས་བརྙན་དང་ཞེས་བྱ་བ་ནི། ངེས་པར་སྦྱར་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཚུལ་དང་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཐ་སྙད་དང་ངོ་། །འབྲེལ་པ་ཞེས་བྱ་བ་ནི། ཡོད་པ་སྟེ་ཚུལ་དང་འབྲེལ་པ་ཕ་མ་ལྟ་བུར་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་གཟུགས་བརྙན་ཞེས་བྱ་བ་ནི། འདྲ་བར་བྱེད་པ་གཟུགས་བརྙན་ལྟ་བུར་འདྲ་བར་བསྒྲུབ་པ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་ན་བ་ལ་སོགས་པའི་གནས་སྐབས་དག་ན་རེ་བ་དང་བཅས་པ་ཉིད་དུ་བྱ་བ་ཡིན་ནོ། །དུལ་བར་གནས་པ་ཉིད་དང་ཞེས་བྱ་བ་ཡང་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དུལ་བ་ནི་ཉེ་བར་ཞི་བ་སྟེ་མི་རྒོད་པའོ། །དེ་ལ་དུལ་བར་གནས་ པ་ནི་གནས་པའོ། །དེའི་དངོས་པོ་ནི་དུལ་བའི་གནས་ཉིད་དོ། །དེ་ལ་ངེས་པར་སྦྱར་བར་བྱ་བ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། གནས་བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་། ཞེས་དང་བཅས་པ་དང་། འཇིགས་ པ་དང་བཅས་པའི་དབང་དུ་འགྱུར་བར་གནས་པར་བྱའོ་ཞེས་བྱ་བས་སོ། །དགོས་པ་རྗེས་སུ་བསྒྲུབ་པ་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བར་སྦྱར་ཏེ། དགོས་པའི་བཀླགས་པ་དང་། ཁ་ཏོན་དང་ཚུལ་བཞིན་ཡིད་ལ་བྱ་བ་ལ་སོགས་པའོ། །དེ་རྗེས་སུ་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་བ་ སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་མནོད་པར་བྱ། བཀླག་པར་བྱ་ཁ་ཏོན་བྱའོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སོ། །དེའི་འོག་ཏུ་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་བསྒྲུབ་པར་གྱུར་པ་ཉིད་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི། བསྒྲུབ་པར་གྱུར་པ་ཉིད་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ བར་སྦྱར་རོ། །གང་གིས་བསྒྲུབ་པར་གྱུར་པ་ཉིད་ཅེ་ན། མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་འོ། །མ་བརྗོད་པ་ཞེས་བྱ་བ་ནི་གོ་བར་མ་བྱས་པ་མ་སྨྲས་པའོ། །ཡང་དག་པར་བླངས་པ་ཞེས་བྱ་བ་ནི། བླངས་ཏེ་དགེ་འདུན་ལྷག་མ་ལ་སོགས་པ་བསླབ་པའི་གཞི་རྣམས་སོ། །དེ་ནི་ མ་བརྗོད་པ་ཡང་ཡིན་ལ་ཡང་དག་པར་བླངས་པ་ཡང་ཡིན་པས་མ་བརྗོད་པ་ཡང་དག་པར་བླངས་པའོ། །དེའི་ཡོངས་སུ་ཤེས་པ་ནི་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པ་དེའི་འོ། །དེའི་བསྒྲུབ་པར་འགྱུར་བ་ཉིད་བསྒྲུབ་པར་བྱ་བ་ཉིད་འབྱུང་བར་འགྱུར་བ་སྟེ། དེ་དག་བརྗོད་པར་བྱ་གོ་བར་ བྱ་བའི་ཐ་ཚིག་སྟེ། འདི་དག་ནི་ཁོ་བོས་ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་སློབ་དཔོན་དང་། མཁན་པོ་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་ པ་དང་། གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་། འགྲོགས་བཤེས་རྣམས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ་ཞེས་བྱ་བས་སོ། །འདི་སྐད་བསྟན་ཏེ། ད་ལྟར་ཁོ་བོས་ལྟུང་བར་འགྱུར་བ་ཙམ་ཞིག་བརྗོད་པར་ཟད་དེ། བསླབ་པའི་གཞི་ལྷག་མ་མ་བརྗོད་པ་ཡང་དག་པར་བླངས་པ་དེ་དག་ ནི། མཁན་པོ་ལ་སོགས་པ་ལས་བསྒྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །གུས་པ་ལ་ཡང་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི། རྫོགས་པར་བསྙེན་པ་དེ་གུས་པར་བྱེད་པ་དེ་ཉིད་ལ་ངེས་པར་སྦྱར་བར་བྱ་སྟེ། ཤེས་རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་རྫོགས་པར་བསྙེན་པར་ འགྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་བསྒྲུབས། །མཛེས་པར་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་རྫོགས་བསྙེན་པར། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་སོ། །བསྒྲུབ་ པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ཡང་ངོ་ཞེས་བྱ་བ་ཡང་། ངེས་པར་སྦྱར་བར་བྱའོ་ཞེས་བྱ་བར་སྦྱར་རོ། །བསྒྲུབ་པར་བྱ་བ་ལ་ངེས་པར་སྦྱར་བར་བྱའོ། །ཇི་ལྟར་ན་ཐབས་བརྗོད་པ་དང་བཅས་པ་ལའོ། །དེ་ནི་བྱ་བའི་ཁྱད་པར་ཏེ། ངེས་པར་སྦྱར་བར་བྱ་བ་ལ་ཁྱད་པར་དུ་བྱ་བའོ། །དོན་གང་གི་ཕྱིར་རབ་ཏུ་བྱུང་ བ་དང་རྫོགས་པར་བསྙེན་པའི་དོན་དགེ་སྦྱོང་གི་ཚུལ་ཞེས་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་བར་བྱའོ། །ཐབས་ཀྱི་བརྗོད་པ་ནི་ཐབས་བརྗོད་པ་སྟེ། ཐབས་བརྗོད་པ་དང་བཅས་པར་འཇུག་པ་ནི་ཐབས་བརྗོད་པ་དང་བཅས་པའོ། །དོན་དེ་བསྒྲུབ་པར་བྱ་བ་ལ་ཐབས་གང་ཞེ་ན། བག་ཡོད་པ་སྟེ། དེའི་ཕྱིར་འདུལ་བ་ལས་ཀྱང་ཚེ་དང་ལྡན་པ་ཁྱོད་རྫོགས་པར་བསྙེན་ཟིན་གྱི་བག་ཡོད་པར་སྒྲུབས་ཤིག་ཅེས་གསུངས་སོ། །དང་པོར་ཕྱག་ལན་གསུམ་བྱས་ནས་ཞེས་བྱ་བ་ལ་སོགས་པ་ནི་འདིར་མ་སྨོས་ཏེ། ལས་ཀྱི་གཞིར་འོག་ནས་འབྱུང་བའི་ཕྱིར་རོ། །རྫོགས་པར་བསྙེན་པའི་ཆོ་གའོ།། །། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་བྱ་བ་ལ། གནས་པས་ཞེས་བྱ་བ་ནི། སློབ་མ་དང་ཉེ་གནས་ཀྱིས་སོ། །གནས་ལ་ཞེས་བྱ་བ་ནི། སློབ་དཔོན་དང་མཁན་པོ་ལའོ། །མ་ཞུས་པར་ཞེས་བྱ་བ་ནི། མ་དྲིས་པའོ། །བྱ་བ་ཞེས་བྱ་བ་ནི། ལྷུང་བཟེད་དང་ཆོས་གོས་ཁ་བསྒྱུར་བ་ལ་སོགས་པ་སྟེ། དེ་མི་བྱའོ། །འདི་སྐད་བསྟན་ཏེ། གནས་པ་དག་གིས་གནས་ལ་མ་ཞུས་པར་བྱ་བ་གང་ཡང་མི་བྱའོ། །དེ་ནི་ཉེ་བར་སྦྱར་བ་ཡིན་གྱི། དམིགས་ཀྱིས་བསལ་བ་བརྩམ་པར་བྱ་སྟེ། བཤང་བ་དང་གཅི་བ་དང་སོ་ཤིང་དོར་བ་དང་ཉེན་འཁོར་དང་བཅས་པའི་གཙུག་ལག་ཁང་དུ་མཆོད་རྟེན་ལ་ཕྱག་བྱ་བ་ནི་མ་ གཏོགས་སོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བྱ་བ་ཐམས་ཅད་སློབ་དཔོན་དང་མཁན་པོ་ལ་མ་ཞུས་པར་མི་བྱ་སྟེ། ཆུ་དང་སོ་ཤིང་དང་བཤང་བ་དང་གཅི་བ་དང་། མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་བྱ་བ་མ་གཏོགས་སོ་ཞེས་གསུངས་སོ། །ཉེན་འཁོར་དང་བཅས་པའི་གཙུག་ལག་ཁང་ཞེས་བྱ་ བ་ནི། ཉེན་འཁོར་དང་བཅས་པར་གནས་པ་སྟེ། གཙུག་ལག་ཁང་དེ་ན་མཆོད་རྟེན་གང་ཡོད་པ་དེ་ལ་ཕྱག་བྱ་བ་ནི་མ་ཞུས་པར་ཡང་བྱའོ། །གཙུག་ལག་ཁང་ན་འདྲུ་བ་དང་འཚེད་པ་དང་ཟ་བ་ལ་སོགས་པའི་བྱ་བས་ཁྱབ་པའི་བགྲོད་ས་གང་ཡོད་པ་དེ་ནི་གཙུག་ལག་ཁང་དེའི་ཉེན་འཁོར་ཡིན་པར་རིག་ པར་བྱ་སྟེ། དེ་ན་མཆོད་རྟེན་གང་ཡོད་པ་དེ་ལ་ཕྱག་བྱ་བ་ནི་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཙུག་ལག་ཁང་ནས་འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བ་ཡང་ངོ་ཞེས་བྱ་བ་ཡང་མ་གཏོགས་སོ་ཞེས་བྱ་བར་སྦྱར་ཏེ། གཙུག་ལག་ཁང་ནས་འགྲོ་བ་ཞེས་སྨྲས་པ་ལ། གཙུག་ལག་ཁང་ནི་རྣམ་ པ་གཉིས་སུ་རིག་པར་བྱ་སྟེ། ར་བས་བསྐོར་བ་དང་ར་བས་མ་བསྐོར་བའོ། །དེ་ལ་གལ་ཏེ་གཙུག་ལག་ཁང་ར་བས་བསྐོར་བ་ནས་འགྲོ་ན་ནི་དེའི་ཚེ་ར་བའི་ཕྱི་རོལ་ནས་བརྩམས་ཏེ། འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་འགྲོ་བར་བྱའོ། །ར་བས་མ་བསྐོར་བ་ནས་འགྲོ་ན་ནི་གཙུག་ལག་ཁང་གི་རྩིག་དྲུང་ནས་ བགྲང་བར་བྱའོ། །འདོམ་བཞི་བཅུ་རྩ་དགུ་ཞེས་བྱ་བ་ནི་ལྔ་བཅུར་འདོམ་གང་གིས་མཆོག་པ་སྟེ། གཙུག་ལག་ཁང་གི་མཐའ་ནས་འདོམ་བཞི་བཅུ་རྩ་དགུའི་མཐའ་ཚུན་ཆད་དུ་ཕྱི་རོལ་དུ་འགྲོ་བ་ནི་མ་ཞུས་པར་ཡང་རུང་ངོ་། །ཚུན་ཆད་དུ་ཞེས་བྱ་བ་ནི་དེ་ཚུན་ཆད་ཅེས་བྱ་བར་སྦྱར་རོ། །དེ་ཡང་བཅག་ པར་བྱ་བའི་ཕྱིར་བསྟན་པ་ཡིན་གྱི། མཆོད་རྟེན་ལ་ཕྱག་བྱ་བའི་ཕྱིར་ནི་མ་ཞུས་པར་འགྲོ་བར་མི་བྱའོ། །གལ་ཏེ་བཅག་པའི་བསམ་པ་ཁོ་ནས་འགྲོ་བ་ནི། ལམ་ཁར་མཆོད་རྟེན་ལ་ཕྱག་འཚལ་བར་བྱེད་ན་ནི་དེའི་ཚེ་ཉེས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱ་བ་ཡང་རྣམ་པ་གཉིས་ཏེ། གང་སྦྱོར་བ་ ཆེན་པོས་རྩོམ་པ་ནི་འདི་ལྟ་སྟེ། ཆོས་གོས་དང་ལྷུང་བཟེད་ཀྱི་ལས་ལ་སོགས་པ་སྟེ། དེ་ནི་མ་ཞུས་པར་མི་བྱའོ། །གང་སྦྱོར་བ་ཆུང་ངུས་དེའི་མོད་ཁོ་ན་ལ་བྱ་བ་ནི་འདི་ལྟ་སྟེ་གཏམ་འདྲེ་བ་དང་། ཕེབས་པར་སྨྲ་བ་དང་། ཕན་ཚུན་ཀུན་དགའ་བར་བྱ་བ་དང་། ལན་གདབ་པ་དང་འོངས་པ་ལེགས་སོ་ཞེས་ བརྗོད་པ་ལ་སོགས་པ་དང་། ལག་པ་ཆུར་སྨྱུགས་པས་རྐང་ལག་དག་ལ་བྱུག་པ་དང་། གོས་ལ་རྡུལ་ཆགས་པ་སྤྲུགས་པ་དང་། དེ་ལྟ་བུ་ལ་སོགས་པ་སྟེ། དེ་ནི་མ་ཞུས་པར་ཡང་བྱ་སྟེ། དེ་དག་ཞུས་ན་བཞད་གད་ཀྱི་གཞིར་འགྱུར་བའི་ཕྱིར་རོ། །དགེ་སློང་ཚུལ་ཁྲིམས་འཆལ་ བའི་ཡུལ་ལ་ནི་དེ་དག་ཐམས་ཅད་ཀྱང་ཞུ་བར་བྱ་བ་ཡིན་ཏེ། སློབ་དཔོན་དང་མཁན་པོ་དང་། དགེ་སློང་ནད་པ་ལ་ནི་མ་གཏོགས་སོ། །ད་ནི་གནས་པའི་ཚུལ་ཁྲིམས་བརྗོད་པར་བྱ་སྟེ། ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་ནད་གཡོག་དང་འགྱོད་པ་བསལ་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤངས་པ་ ལ། ཨེ་མའོ་བདག་གིས་བྱའོ་ཞེའམ་བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ། ལྷུང་བཟེད་ཀྱི་ལས་ནི་བསྲེག་པ་དང་། གླན་པ་ལ་སོགས་པའོ། །ཆོས་གོས་ཀྱི་ལས་ནི་དྲུབ་པ་དང་། ཁ་བསྒྱུར་བ་ལ་སོགས་པའོ། །དེ་ལ་ཨེ་མའོ་བདག་གིས་ཞེས་བྱ་བས་ནི། འདོད་ པའི་ཚུལ་གྱིས་སྒྲུབ་པར་བྱེད་པ་སྟོན་ཏོ། །བྱའོ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བྱེད་དུ་གཞུག་གོ་ཞེས་བྱ་བ་ནི་གཞན་ནོ། །དེ་ལྟར་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་བྱ་བ་ནི། འབད་པ་ཆེན་པོ་རབ་ཏུ་བསྒྲུབ་པར་བྱ་བ་ནི། ནན་ཏན་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ནད་གཡོག་ལ་སོགས་པ་ཐམས་ཅད་ ལ་ཡང་དེ་ཉིད་སྦྱར་བར་བྱའོ། །ནད་གཡོག་ཅེས་བྱ་བ་ནི། འཕྲོད་པ་དང་སྨན་སྦྱིན་པ་ལ་སོགས་པའོ། །འགྱོད་པ་བསལ་བ་ཞེས་བྱ་བ་ལ། འགྱོད་པ་ཞེས་བྱ་བ་ནི་ཡིད་ལ་གཅགས་པ་སྟེ། ཉེས་བྱས་ལ་སོགས་པའི་ལྟུང་བ་ལྷག་པར་སྤྱད་པའི་ཕྱིར་ཡིད་ལ་གཅགས་པ་སྐྱེས་པ་གང་ཡིན་པ་དེ་བསལ་ བ་བཤགས་པ་ལ་སོགས་པའོ། །དེ་ལ་ཡང་ཨེ་མའོ་བདག་གིས་བྱའོ་ཞེ་འམ་བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་ལ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་ནི་ བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་པ་ལྟ་བའི་རྣམ་པ་ཡོངས་སུ་སྤང་བ་ལ། ཨེ་མའོ་བདག་གིས་བྱའོ་ཞེའམ། བྱེད་དུ་གཞུག་གོ་ཞེས་བརྩོན་པ་ཤས་ཆེན་པོར་བསྒྲུབ་པར་བྱ་སྟེ། གནས་པས་གནས་པ་ལ་དེ་དག་ཐམས་ཅད་བྱའོ། །ཅི་དེ་འབའ་ཞིག་གམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ནན་ཏུར་བྱེད་པར་འདོད་པའི་དགེ་འདུན་ལ་ཨེ་མའོ་དགེ་འདུན་གྱིས་འདི་ལ་ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ་ཞེས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། མདོ་སྔ་མ་ལས་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་བྱའོ་ཞེས་སྨོས་པ་དང་། འོག་ནས་དབྱུང་བར་བྱའོ་ཞེས་བྱ་བའི་བར་དེ་དག་འདིར་ཐམས་ཅད་དུ་སྦྱར་ བར་རིག་པར་བྱའོ། །ནན་ཏུར་བྱེད་པར་འདོད་པའི་དགེ་འདུན་ལ་ཞེས་བྱ་བ་ནི། གང་གི་ཚེ་དགེ་འདུན་གནས་ལ་ནན་ཏུར་གྱི་ལས་གནས་ནས་དབྱུང་བ་ལ་སོགས་པའི་ལས་བྱེད་པར་འདོད་པ་དེའི་ཚེ་གནས་པས། ཨེ་མའོ་དགེ་འདུན་གྱིས་གནས་འདི་ལ་ནན་ཏུར་གྱི་ལས་འདི་ལྟ་བུ་མི་བྱའོ་ཞེས་བརྩོན་ པ་ཤས་ཆེན་པོར་བསྒྲུབ་པར་བྱའོ། །དང་པོར་རེ་ཞིག་མི་བྱ་བའི་ཕྱིར་གནས་པས་འབད་པར་བྱ་ན། གལ་ཏེ་བྱས་པར་གྱུར་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར་བྱས་ན་བཟོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ནན་ཏུར་གྱི་ལས་བྱས་པར་གྱུར་ན། དེའི་ཚེ་གནས་པས་ཨེ་མའོ་གནས་འདི་ལ་དགེ་འདུན་གྱིས་ གང་བྱས་པ་དེ་བཟོད་པར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་བྱས་ཏེ། གཏང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྤོ་བ་དང་གཞི་ནས་སྤོ་བ་དང་མགུ་བར་བྱ་བ་དང་གཞི་ནས་མགུ་བར་བྱ་བ་དང་དབྱུང་བར་འདོད་པ་གནས་ལ་ཨེ་མའོ་དགེ་འདུན་གྱིས་སྤོ་བ་ལ་སོགས་པ་གཞི་སྦྱིན་པར་བྱ་ཞིང་དབྱུང་ བར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་ཡང་བྱའོ། །དེ་ལ་སྤོ་བ་ཞེས་བྱ་བ་ནི། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་བཅབས་པའི་རྒྱུས་ཆད་པའི་ལས་ཀྱི་བྱེ་བྲག་ཏུ་གཞུག་པའོ། །གཞི་ནས་སྤོ་བ་ཞེས་བྱ་བ་ནི། སྤོ་བ་བྱེད་བཞིན་པ་ལས་ཡང་བར་དུ་དགེ་འདུན་ལྷག་མ་བྱེད་པ་ལ་སྤོ་བ་ཡང་ གཞི་ནས་བྱེད་དུ་གཞུག་པའོ། །མགུ་བར་བྱ་བ་ཞེས་བྱ་བ་ནི། སྤོ་བ་སྤྱད་ཟིན་པ་ལས་དབྱུང་བའི་རྒྱུར་ཞག་དྲུག་ཆད་པའི་ལས་ཀྱི་བྱེ་བྲག་བྱེད་དུ་གཞུག་པའོ། །གཞི་ནས་མགུ་བར་བྱ་བ་ཞེས་བྱ་བ་ནི། མགུ་བ་སྤྱོད་པའི་བར་སྐབས་སུ་ཡང་དགེ་འདུན་ལྷག་མ་བྱེད་པ་ལ། དེའི་གཞི་ནས་ཡང་མགུ་བ་ བྱེད་དུ་གཞུག་པའོ། །གནས་གང་ལ་སྤོ་བ་ལ་སོགས་པའི་དོན་དགོས་པ་ཡོད་པ་དེ་ནི། སྤོ་བ་ལ་སོགས་པ་འདོད་པའི་གནས་ཡིན་པས་གནས་དེ་སྤོ་བ་ལ་སོགས་པ་འདོད་ན་གནས་པས་ཨེ་མའོ་དགེ་འདུན་གྱིས་གནས་འདི་ལ་སྤོ་བ་ལ་སོགས་པ་བཞི་སྦྱིན་པར་བྱའོ་ཞེས་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་ བྱའོ། །དབྱུང་བར་འདོད་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དབྱུང་བ་ཞེས་བྱ་བ་ནི་ལྟུང་བ་ལས་བསླང་བའོ། །གནས་གང་ལ་དོན་དགོས་པ་དེ་ཉིད་ཡོད་པ་དེ་ནི་དབྱུང་བར་འདོད་པ་ཡིན་པས་གནས་དེ་དབྱུང་བར་འདོད་ན་གནས་པས་ཨེ་མའོ་དགེ་འདུན་གྱིས་གནས་འདི་འབྱུང་བར་བྱའོ་ ཞེས་བརྩོན་པ་ཤས་ཆེན་པོ་བསྒྲུབ་པར་བྱའོ། །གནས་པའི་ཚུལ་ཁྲིམས་བསྟན་ནས། ད་ནི་གནས་ཀྱི་ཚུལ་ཁྲིམས་བརྗོད་པར་བྱ་སྟེ། དེས་ཀྱང་དེ་ལ་དེ་བྱས་ཏེ་ཞུ་བ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། དེས་ཀྱང་ཞེས་བྱ་བ་ནི། གནས་དེ་མཁན་པོ་ལ་སོགས་པས་ཀྱང་ངོ་། །དེ་ལ་ཞེས་བྱ་བ་ནི། གནས་པ་ལ་སྟེ་སློབ་མ་དང་ཉེ་གནས་དག་ལའོ། །དེ་ཞེས་བྱ་བ་ནི། ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ལས་དེ་སྟེ། མཁན་པོ་ལ་སོགས་པས་ཀྱང་གོང་དུ་བསྟན་མ་ཐག་པ་དེ་སློབ་མ་ལ་སོགས་པའི་དོན་དུ་བསྒྲུབ་པར་བྱའོ། །ཅི་ཐམས་ཅད་དམ་ཞེ་ན། ཞུ་བ་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། ཞུ་བ་ནི་དྲི་བའོ། ། གནས་ཀྱིས་བྱ་བའི་ཕྱིར་ཞུ་བ་ནི་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་བྱ་བ་བསྟན་པ་དེའི་ཞར་ལ་འདི་ཡང་བརྗོད་པར་བྱ་སྟེ། བསྙེན་པར་རྫོགས་ནས་ཇི་སྲིད་ལོན་པས་མཁན་པོ་ཉིད་ལ་སོགས་པ་བྱ་ཞེ་ན། དེའི་ཕྱིར་རྫོགས་པར་བསྙེན་ནས་ལོ་ བཅུ་མ་ལོན་པར་མཁན་པོ་ཉིད་དང་གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གང་ལོ་བཅུ་མ་ལོན་པ་དེ་ནི་ལོ་བཅུ་མ་ལོན་པའོ། །གང་གིས་ཤེ་ན། རྫོགས་པར་བསྙེན་པས་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གི་དངོས་པོས་སོ། །དེས་འདི་གསུམ་མི་བྱ་སྟེ། མཁན་པོ་ཉིད་དང་ གནས་ཉིད་དང་མི་གནས་པར་འདུག་པ་ཉིད་མི་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་ཇི་སྲིད་དུ་ལོ་བཅུ་མ་ལོན་པ་དེ་སྲིད་དུ་དགེ་སློང་དེས་སློབ་མ་གཟུང་བར་མི་བྱ། གནས་སྦྱིན་པར་མི་བྱ་རང་ཡང་མི་གནས་པར་འདུག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ལོ་བཅུ་ལོན་པ་ཐམས་ཅད་ཀྱིས་དེ་ གསུམ་བྱ་བ་ཡིན་ནམ་ཞེ་ན། དེའི་ཕྱིར། འོག་ནས་འབྱུང་བ་དག་ལས་ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྫོགས་པར་བསྙེན་ནས་ལོ་བཅུ་ལོན་དུ་ཟིན་ཀྱང་གལ་ཏེ་འོག་ནས་འབྱུང་བ་ཡན་ལག་ལྔ་དང་ལྡན་པའི་ལྷན་ཅིག་སྦྱར་བ་གང་དག་ཡིན་པའི་ལྷན་ཅིག་སྦྱར་བ་དེ་དག་ ལས་ལྷན་ཅིག་སྦྱར་བ་གང་ཡང་རུང་བའི་ལྷན་ཅིག་སྦྱར་བ་གཅིག་དང་ཡང་ལྡན་པ་དང་འབྱོར་པ་དང་མཐུན་པ་མ་ཡིན་ན། ལོ་བཅུ་ལོན་པ་དེས་ཀྱང་རབ་ཏུ་འབྱུང་བར་མི་བྱ་རྫོགས་པར་བསྙེན་པར་མི་བྱ་གནས་སྦྱིན་པར་མི་བྱ་ཞིང་། དེ་རང་ཡང་མི་གནས་པར་འདུག་པར་མི་བྱའོ། །གང་ལྷན་ཅིག་ སྦྱར་བ་གཅིག་དང་ལྡན་ཞིང་ལོ་བཅུ་ལོན་པ་ཡང་ཡིན་ན། དེས་ནི་མཁན་པོ་ཉིད་གནས་ཉིད་དང་། མི་གནས་པར་འདུག་པར་ཡང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལོ་བཅུ་ལོན་པ་ཉིད་འདི་ནི་ལྔ་པ་དང་པོའི་ཡན་ལག་ལྔ་པ་ཡིན་པར་རིག་པར་བྱ་སྟེ། འདུལ་བ་ལ་གནས་པའི་དོན་ཉིད་ཀྱང་ བསྟན་པ་ཡིན་ནོ། །དེ་ལྔ་པ་ལྷག་མ་རྣམས་ཀྱི་ནི་ཡུལ་ཡིན་པར་སྟོན་ཏེ། གང་ལ་ལོ་བཅུ་ལོན་པ་ཉིད་དང་འདུལ་བ་ལ་གནས་པའི་དོན་ཉིད་གཉིས་པོ་དེ་དག་ཡོད་པ་དེས་ནི་མཁན་པོ་ཉིད་ལ་སོགས་པ་གསུམ་པོ་དག་བྱ་སྟེ། འདི་ལྟར་དེ་ནི་མཁན་པོ་ཉིད་ལ་སོགས་པ་དག་གི་གཙོ་བོའི་རྒྱུ་ཡིན་པའི་ ཕྱིར་རོ། །སློབ་པ་ཉིད་ལ་སོགས་པའི་ཡན་ལག་ལྷག་མ་ནི་བྱེ་བྲག་ཏུ་གྱུར་པ་ཉིད་ཡིན་ཏེ། དེ་མེད་ཀྱང་མཁན་པོ་ཉིད་ལ་སོགས་པའི་རྒྱུར་རུང་བས། དེའི་ཕྱིར་ལོ་བཅུ་ལོན་པ་ཉིད་དང་། འདུལ་བ་ལ་གནས་པའི་དོན་ཉིད་ནི་བཟླ་བར་བྱ་བ་མ་ཡིན་པའི་ཡན་ལག་ཡིན་ནོ། །དོན་འདི་བསྟན་ པའི་ཕྱིར་དང་པོ་ལོ་བཅུ་ལོན་པ་ཉིད་སྨོས་སོ། །ལྷན་ཅིག་སྦྱར་བ་གང་དང་ཡང་མི་ལྡན་པས་ནི་མ་ཡིན་ནོ་ཞེས་སྨྲས་པས། དེའི་ཕྱིར་ལྷན་ཅིག་སྦྱར་བ་དེ་དག་བརྗོད་པར་བྱ་དགོས་པས། དེའི་ཕྱིར་ནད་གཡོག་དང་། འགྱོད་པ་བསལ་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བ་དང་། གནས་མངོན་པར་ མི་དགའ་བ་དོར་བ་དག་ལ་བྱེད་དམ་བྱེད་དུ་འཇུག་ནུས་པའོ་ཞེས་བྱ་བ་སྨྲས་ཏེ། སློབ་མ་དང་ཉེ་གནས་ན་བ་ལ་ནད་གཡོག་བྱེད་དམ་ནད་གཡོག་བྱེད་དུ་གཞུག་པ་དེ་ལ་མཐུ་ཡོད་པ་དང་། དེ་བཞིན་དུ་དེ་དག་ལ་འགྱོད་པ་སྐྱེས་པ་སེལ་ཏམ་སེལ་དུ་འཇུག་ནུས་པ་དང་། དེ་བཞིན་དུ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྐྱེས་ པ་སྤང་བ་ལ། རང་གིས་བྱེད་ནུས་སམ་གཞན་བྱེད་དུ་འཇུག་པར་ནུས་པ་དང་། དེ་བཞིན་དུ་སློབ་མ་དང་ཉེ་གནས། གནས་གང་ལ་མངོན་པར་མི་དགའ་བའི་གནས་མངོན་པར་མི་དགའ་བ་དེ་དོར་ཞིང་མངོན་པར་དགའ་བའི་གནས་སུ་རྣམ་པར་གཞག་པ་བདག་ཉིད་ཀྱིས་བྱེད་ནུས་སམ། གཞན་བྱེད་དུ་ འཇུག་པ་དང་ལོ་བཅུ་ལོན་པའོ། །ནད་གཡོག་ཅེས་བྱ་བ་འདིས་ནི་སྙིང་རྗེ་དང་ལྡན་པ་ཉིད་དང་། སྡུག་བསྔལ་ལ་ཇི་མི་སྙམ་པ་ཉིད་བསྟན་ཏེ། གང་ལ་དེ་གཉིས་ཡོད་པ་དེས་ནི་ནད་གཡོག་བྱེད་ནུས་སོ། །འགྱོད་པ་བསལ་བ་ཞེས་བྱ་བ་ནི། བྱ་བ་འདིས་ཇི་བདག་ལྟུང་བ་དང་ བཅས་པར་གྱུར་ཏམ། འོན་ཏེ་མ་ཡིན་ཞེས་འགྱོད་པར་གྱུར་པ་དེ་བསལ་བ་སྟེ། དེ་བྱེད་དམ་བྱེད་དུ་འཇུག་ནུས་པ་ཡིན་ནོ། །ཡན་ལག་འདིས་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏེ། འདི་ལྟར་གང་ལ་ལ་ཞིག་གིས་ལྟུང་བ་དང་ལྟུང་བ་མ་ཡིན་པ་མངོན་པར་ཤེས་ཤིང་། དེ་ལ་བསླང་བ་ཡང་མངོན་ པར་ཤེས་པ་དེས་ནི་དེ་དག་གི་འགྱོད་པ་སེལ་བར་ནུས་པ་ཁོ་ན་ཡིན་པའི་ཕྱིར་རོ། །སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཞེས་བྱ་བ་ལ་སོགས་པས་ནི། ཆོས་མངོན་པ་ལ་མཁས་པ་ཉིད་བསྟན་ཏོ། །གནས་མངོན་པར་མི་དགའ་བ་ཞེས་བྱ་བ་ལ་སོགས་པས་ནི་བསམ་པ་ཤེས་པ་ཉིད་བསྟན་ཏོ། །འདི་ལྟར་ འདིར་བྱེད་དུ་གཞུག་པ་ཞེས་བྱ་བ་སྨོས་མོད་ཀྱི། འོན་ཀྱང་གང་ལ་ཡན་ལག་བཞི་པོ་དག་རང་གིས་བྱེད་པའི་མཐུ་མེད་ན་གཞན་བྱེད་དུ་གཞུག་པའི་མཐུ་ཡོད་དུ་ཟིན་ཀྱང་། དེས་གསུམ་པོ་དེ་དག་མི་བྱ་སྟེ། དེ་ལྟ་མ་ཡིན་དུ་ཟིན་ན་འདུལ་བ་ལ་གནས་པའི་དོན་ཉིད་ཅེས་བྱ་བའི་ཡན་ལག་བཟླ་བར་བྱ་བ་མ་ཡིན་པ་དེ་ ཡང་བཟླས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་བྱེད་དུ་གཞུག་པ་ཞེས་བྱ་བ་སྨོས་པ་ཅིའི་ཕྱིར་ཞེ་ན། འདུལ་བ་ལ་ལྟོས་པའི་ཕྱིར་ཏེ། ལ་ལ་གདུལ་བ་ནི་ལ་ལས་ནུས་ཀྱི་ཐམས་ཅད་ཀྱིས་ཐམས་ཅད་ནུས་པ་ནི་མ་ཡིན་པས། དེའི་ཕྱིར་འདིས་ནི་ལྔ་པ་གཅིག་བསྟན་པ་ཡིན་ནོ། །འདི་མན་ ཆད་ནི་འོག་ནས་འབྱུང་བའི་ལྷན་ཅིག་སྦྱར་བ་མ་ཚང་བ་རྣམས་ཚང་བར་བྱ་བའི་ཕྱིར། མདོ་བསྟན་པའི་དབང་དུ་བྱས་ཏེ། སློབ་པ་ཉིད་ཡན་ཆད་ལྔ་པ་མ་ཡིན་པ་ལ་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་སྦྱར་རོ་ཞེས་སྨྲས་ཏེ། འོག་ནས་སློབ་པ་ཉིད་ཅེས་འབྱུང་བ་ཡན་ཆད་ལྔ་པ་ཚང་བར་མ་ བསྟན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་ཅེས་བྱ་བ་གཉིས་ཀྱིས་བསྣན་ཏེ། ལྔ་པ་ཚང་བར་རིག་པར་བྱའོ། །འདིར་དད་པ་དང་ཚུལ་ཁྲིམས་ལ་སོགས་པ་ལྔ་པ་གཉིས་ནི་ཚང་བ་ཡིན་གྱི། ལྷག་མ་ནི་མ་ཚང་བ་ཡིན་ནོ། །ལྔ་པ་མ་ཡིན་པ་ལ་ཞེས་བྱ་བ་ནི། ལྔ་རྣམས་ ཀྱི་ཚོགས་ནི་ལྔ་པའོ། །ལྔ་པ་མེད་པ་ནི་ལྔ་པ་མ་ཡིན་པ་སྟེ། ལྔ་པ་མ་ཡིན་པ་དེ་ལའོ། །འདི་སྐད་བསྟན་ཏེ། ལྷན་ཅིག་སྦྱར་བ་གང་ལ་ཡན་ལག་ལྔ་པོ་དག་ཚང་བར་མེད་པ་དེ་ནི་ལྔ་པ་མ་ཡིན་པའོ། །ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་སྦྱར་རོ་ཞེས་བྱ་བ་ལ། གང་ལ་ཚུལ་ཁྲིམས་ ཡོད་པ་དེ་ནི་ཚུལ་ཁྲིམས་དང་ལྡན་པའོ། །དེའི་དངོས་པོ་ནི་ཚུལ་ཁྲིམས་དང་ལྡན་པ་ཉིད་དེ། འདི་ལ་ཚུལ་ཁྲིམས་འཆལ་བའི་སྐབས་མེད་པའི་ཕྱིར་དེས་ན་འདི་ནི་དགེ་བའོ་ཞེས་བྱ་བར་ཤེས་པ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་མང་དུ་ཐོས་པའི་དངོས་པོ་ནི་ མང་དུ་ཐོས་པ་ཉིད་དེ། བསྟན་བཅོས་མང་པོ་ཤེས་པ་ཉིད་དོ། །ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དེ་གཉིས་དང་། ལྷན་ཅིག་འཇུག་པ་ནི་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་མང་དུ་ཐོས་པ་ཉིད་དང་སྦྱར་བའི་ལྔ་པ་ཡིན་ནོ། །ལྔ་པ་གང་ལ་སྡེ་སྣོད་མངོན་པར་ཤེས་པ་ཉིད་ཡོད་པ་དེར་ནི་མང་དུ་ ཐོས་པ་ཉིད་གཞན་གྱི་བསྟན་བཅོས་ཀྱི་ཡུལ་ཅན་ཡིན་ནོ། །གང་དུ་སྡེ་སྣོད་མངོན་པར་ཤེས་པ་མ་བསྡུས་པ་དེར་ནི་མང་དུ་ཐོས་པ་ཉིད་རང་གི་གྲུབ་པའི་མཐའི་ཡུལ་ཅན་ཡིན་པར་རིག་པར་བྱའོ། །སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་མངོན་པར་ཤེས་ པ་ཉིད་དེ། འདི་གསུམ་ལ་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་། མང་དུ་ཐོས་པ་ཉིད་ཀྱིས་བསྣན་ན་ལྔ་པ་ཡིན་ནོ། །འདུལ་བ་ལས་མདོ་སྡེ་ལ་སོགས་པ་འཛིན་པ་དང་། མཁས་པ་དང་། རིག་པ་དང་། གསལ་བ་ཞེས་བྱ་བ་བཞི་པོ་འདི་དག་སྨོས་པ་གང་ཡིན་པ་དེ་ནི་སྡེ་སྣོད་མངོན་པར་ཤེས་ པ་ཉིད་ཅེས་སྨོས་པ་འདི་ཉིད་ཀྱིས་བསྡུས་པར་རིག་པར་བྱའོ། །ཚིག་དེ་དག་གི་རྣམ་པར་དབྱེ་བ་ནི་འདི་ཡིན་ཏེ། མདོ་སྡེ་ལ་སོགས་པ་བཟུང་བ་མི་བརྗེད་པ་ནི་འཛིན་པའོ། །སྡེ་སྣོད་གསུམ་ཕན་ཚུན་འབྲེལ་པས་འདྲེས་པར་གནས་པ་ལ་སོ་སོར་གནས་པར་ནུས་པ་ནི་མཁས་པའོ། །མངོན་སུམ་དང་ རྗེས་སུ་དཔག་པའི་ཚད་མ་གཉིས་དང་ལུང་གིས་མདོ་སྡེ་ལ་སོགས་པ་སྦྱོར་བ་ནི་རིགས་པའོ། །ལུང་དང་རིགས་པ་གཉིས་ཀྱིས་མདོ་སྡེ་ལ་སོགས་པ་སྦྱར་ཏེ། གཞན་ལ་གོ་བར་བྱེད་ནུས་པ་གང་ཡིན་པ་དེ་ནི་གསལ་བའོ། །དེ་ལྟ་བས་ན་སྡེ་སྣོད་མངོན་པར་ཤེས་པ་ཉིད་ཅེས་བྱ་བའི་མདོ་འདིས་ནི་ལྔ་པ་བཞི་བསྟན་ ལ། སྔ་མས་ནི་ལྔ་པ་གཅིག་སྟེ། ལྔ་པ་ལྔའོ། །དེ་དག་འཛིན་དུ་འཇུག་ནུས་པ་ཉིད་དོ་ཞེས་བྱ་བ་ནི། སྡེ་སྣོད་དེ་དག་དོན་གྱི་བདག་ཉིད་ཀྱིས་གཞན་འཛིན་དུ་གཞུག་ཅིང་གོ་བར་བྱེད་ནུས་པ་ཉིད་ནི་ལྔ་པ་དྲུག་པ་ཡིན་ནོ། །དེ་ནི་སྡེ་སྣོད་མངོན་པར་ཤེས་པ་ཉིད་དེ་ཁོ་ནའི་བྱེ་བྲག་གཞན་ ཡིན་ཏེ། དེ་ལྟ་མ་ཡིན་དུ་ཟིན་ན་གལ་ཏེ་དེ་རང་གིས་མངོན་པར་མི་ཤེས་པར་ཇི་ལྟར་དོན་གྱི་བདག་ཉིད་ཀྱིས་གཞན་འཛིན་དུ་འཇུག་པར་ནུས་པ་དང་། འདུལ་བ་ལ་གནས་པའི་དོན་ཉིད་ཀྱང་ཤིན་ཏུ་བཟླས་པར་འགྱུར་རོ། །དེ་ལྟ་བས་ན་སྡེ་སྣོད་མངོན་པར་ཤེས་པའི་གང་ཟག་ཉིད་ཀྱི་གཞན་ལ་གོ་བར་བྱེད་ ནུས་པ་གང་ཡིན་པ་དེ་ནི་དེའི་བརྗོད་པ་ཡིན་པར་རིག་པར་བྱའོ། །ལྔ་པ་དྲུག་པའོ། །ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ལ་སློབ་པ་ཉིད་དོ་ཞེས་བྱ་བ་ལ། ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ནི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་པོ། །ལྷག་པ་ཞེས་བྱ་བའི་སྒྲ་ནི། ཚུལ་ཁྲིམས་དང་སེམས་ དང་ཤེས་རབ་ཀྱི་ཕྱིར་རོ། །སློབ་པ་ཞེས་བྱ་བ་ནི། སློབ་པར་བྱེད་པའོ། །སློབ་པར་བྱེད་པའི་དངོས་པོ་ནི་སློབ་པ་ཉིད་དེ་ལ་སློབ་པ་ཉིད་དོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་པ་ཉིད་ཅེས་བྱ་བའི་ཐ་ཚིག་ གོ། །ལྷག་པའི་ཚུལ་ཁྲིམས་ཞེས་སྨོས་པས་ནི། འདུལ་བར་མ་གཏོགས་པའི་བསླབ་པའི་གཞི་ཐམས་ཅད་བཟུང་བ་ཡིན་ནོ། །ལྷག་པའི་སེམས་ཞེས་སྨོས་པས་ནི། བསམ་གཏན་བཞི་པོ་དག་བཟུང་སྟེ། དེ་དག་ནི་སེམས་འདུལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ལྷག་པའི་ཤེས་རབ་སྨོས་ པས་ནི་ཟག་པ་མེད་པའི་ལམ་བཟུང་ངོ་། །ལྔ་པ་བདུན་པའོ། །སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་དོ་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲ་ནི། ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་ཉེ་བར་བསྡུ་བའི་དོན་ཡིན་གྱི། ཐ་དད་པར་རྟོགས་པའི་དོན་ནི་མ་ཡིན་ཏེ། དེ་ལྟར་མ་ཡིན་དུ་ཟིན་ན་ལྔ་པ་རང་དབང་ཅན་ཁོ་ ནར་འགྱུར་རོ། །དེ་ལྟར་ཡང་མི་འགྱུར་ཏེ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་སྔ་མ་དེ་ཉིད་ཀྱི་བྱེ་བྲག་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་རང་ཉིད་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་ལ་མ་བསླབས་པར་གཞན་སློབ་དུ་འཛུད་ནུས་པ་ནི་འགའ་ཡང་མེད་པའི་ཕྱིར་ཏེ། བདག་ཉིད་མ་དུལ་ བར་གཞན་དུལ་བར་བྱེད་པ་ནི། གནས་མེད་སྐབས་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །ནུས་པའི་དངོས་པོ་ནི་ནུས་པ་ཉིད་དེ་གཞན་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་ལ་སློབ་ཏུ་འཇུག་ནུས་པ་ཉིད་དོ། །ལྔ་པ་བརྒྱད་པའོ། །ལྷག་པའི་སྤྱོད་པ་དང་འདུལ་བ་དང་སོ་སོར་ཐར་པ་ལ་ཡང་དེ་བཞིན་ནོ་ ཞེས་བྱ་བ་ལ། ལྷག་པའི་སྤྱོད་པ་ཞེས་བྱ་བ་ནི། འདུལ་བ་ལས་འགྲོ་བ་དང་འོང་བ་ལ་སོགས་པ་ཡིན་པར་གསུངས་ཏེ། རྟག་ཏུ་ལྷག་པར་སྤྱད་པ་ཡིན་པའི་ཕྱིར་རོ། །འདུལ་བ་ཞེས་བྱ་བ་ནི། སོ་སོར་ཐར་པའི་བསླབ་པ་རྣམ་པར་བཤད་པར་གྱུར་པ། རྣམ་པར་འབྱེད་པ་དང་ཕྲན་ཚེགས་དང་གཞི་ལ་ སོགས་པའོ། །སོ་སོར་ཐར་པའི་ཞེས་བྱ་བ་ནི། སོ་སོར་ཐར་པར་གཏོགས་པའི་བསླབ་པའི་གཞི་རྣམས་སོ། །དེ་བཞིན་ནོ་ཞེས་བྱ་བ་འདིས་ནི། སྔར་བསྟན་པའི་ལུགས་སྟོན་ཏེ། ཇི་ལྟར་ལྷག་པའི་ཚུལ་ཁྲིམས་དང་། སེམས་དང་ཤེས་རབ་ལ་སློབ་པ་ཉིད་དང་། སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་ལ་ལྔ་ པ་གཉིས་ཡོད་པ་དེ་བཞིན་དུ། འདིར་ཡང་ལྷག་པའི་སྤྱོད་པ་དང་། འདུལ་བ་དང་སོ་སོར་ཐར་པ་ལ་སློབ་པ་ཉིད་དང་། སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་ལ་ལྔ་པ་གཉིས་ཡོད་པར་རིག་པར་བྱའོ། །དེའི་ཕྱིར་སྔར་བསྟན་པ་དང་བཅས་པ་ལ་ལྔ་པ་བཅུར་རིག་པར་བྱའོ། །ལྔ་པ་བཅུ་པའོ། །དད་པ་ དང་ཚུལ་ཁྲིམས་དང་ཐོས་པ་དང་གཏོང་བ་དང་། ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དོ་ཞེས་བྱ་བ་ལ། དད་པ་ཞེས་བྱ་བ་ནི། དཀོན་མཆོག་གསུམ་ལ་སོགས་པ་དག་ལ་སེམས་དང་བའི་མཚན་ཉིད་དོ། །ཚུལ་ཁྲིམས་ཞེས་བྱ་བ་འདི། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ སྤོང་བའི་མཚན་ཉིད་དོ། །ཐོས་པ་ཞེས་བྱ་བ་སྨོས་པས་ནི། འདིར་འདུལ་བ་བཟུང་བ་ཡིན་ཏེ། འདུལ་བ་ལ་གནས་པའི་དོན་ཉིད་ཤིན་ཏུ་བཟླ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གཏོང་བ་ཞེས་བྱ་བ་ནི། མ་ཆགས་པའི་ངོ་བོ་ཉིད་དོ། །ཤེས་རབ་ཅེས་བྱ་བ་ནི། ཆོས་ རབ་ཏུ་རྣམ་པར་འབྱེད་པའོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། དད་པ་ལ་སོགས་པ་ཕུན་ཚོགས་པའོ། །ཉིད་ཅེས་བྱ་བ་ནི། ཕུན་སུམ་ཚོགས་པ་དེའི་དངོས་པོ་ནི། ཕུན་སུམ་ཚོགས་པ་ཉིད་དེ་ལྡན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ལྔ་པ་བཅུ་གཅིག་པའོ། ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་དེ་ཤེས་པ་དང་མཐོང་བ་རྣམས་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི། ཕུན་སུམ་ཚོགས་པ་ཉིད་ཅེས་བྱ་བར་སྦྱར་ཏེ། འདི་ཡང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་སྨོས་པས་ནི་འདུལ་བ་མངོན་པར་ཤེས་པ་ཉིད་སྟོན་ ཏོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི། འདིར་མི་སློབ་པའི་རྣམ་པར་གྲོལ་བ་ལ་བྱའོ། །དེ་ཤེས་པ་དང་མཐོང་བ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི། གོང་དུ་བསྟན་མ་ཐག་པའི་ཕྱིར་རྣམ་པར་གྲོལ་བ་ལ་སྙེགས་ཏེ། དེའི་ཕྱིར་འདི་ནི་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བ་ཞེས་བྱ་བའི་ཐ་ཚིག་གོ། ། རྣམ་པར་གྲོལ་བ་ཞེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ཞེས་བྱ་བའོ། །དེ་ལ་མཐོང་བ་ནི་མི་སློབ་པའི་ལྟ་བ་སྟེ། དེའི་ཕྱིར་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བ་ཡིན་ནོ། །ལྔ་པ་བཅུ་གཉིས་པའོ། །བརྩོན་འགྲུས་བརྩམས་པ་ཉིད་དང་ཤེས་རབ་དང་ལྡན་པ་ཉིད་དང་ཡང་སྦྱར་རོ་ཞེས་བྱ་བ་ལ། ཡང་ཞེས་ བྱ་བའི་སྒྲ་ནི། འདིར་སློབ་པ་ཉིད་ཡན་ཆད་ལྔ་པ་མ་ཡིན་པ་ལ། ཚུལ་ཁྲིམས་དང་ལྡན་པ་ཉིད་དང་། མང་དུ་ཐོས་པ་ཉིད་སྦྱར་རོ་ཞེས་བྱ་བའི་རྗེས་སུ་འཇུག་པ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། འདི་མན་ཆད་སློབ་པ་ཉིད་ཅེས་བྱ་བའི་དོན་ཡན་ཆད་ལ། ལྔ་པ་ཅིག་ཅར་ བསྟན་པ་མ་ཡིན་པ་དེ་ལ། བརྩོན་འགྲུས་བརྩམས་པ་ཉིད་དང་ཤེས་རབ་དང་ལྡན་པ་ཉིད་ཅེས་བྱ་བ་གཉིས་དང་། ཚུལ་ཁྲིམས་དང་ལྡན་པ་ཉིད་དང་། མང་དུ་ཐོས་པ་ཉིད་ཅེས་བྱ་བ་གཉིས་སྦྱར་ཏེ་བསྟན་པར་རིག་པར་བྱ་སྟེ། མདོ་གསུམ་པོ་དག་ལ་དེ་ལྟར་སྦྱར་བར་བྱ་བའོ། །དྲན་པ་ དང་ལྡན་པ་ཉིད་དང་ནང་དུ་ཡང་དག་གཞག་པ་ཉིད་དང་མཉམ་པར་གཞག་པ་ཉིད་དོ་ཞེས་བྱ་བ་གསུམ་པོ་དེ་དག་ནི་རེ་རེ་ཡང་སྔར་བསྟན་པ་བཞི་དང་སྦྱར་བར་བྱ་སྟེ། དེས་ན་ལྔ་པ་གསུམ་དུ་འགྱུར་ཏེ། འདིར་བསྡུས་པའི་དོན་ནི་དེ་ཡིན་ནོ། །དེ་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཉིད་དང་། མང་དུ་ཐོས་པ་ཉིད་དང་། བརྩོན་འགྲུས་བརྩམས་པ་ཉིད་དང་ཤེས་རབ་དང་ལྡན་པ་ཉིད་དང་། དྲན་པ་དང་ལྡན་པ་ཉིད་དང་། ལྔ་པ་ལྔ་པ་གཅིག་སྟེ། ལྔ་པ་བཅུ་གསུམ་པའོ། །ཡང་བཞི་པོ་དེ་དག་ཉིད་བརྗོད་ནས། ནང་དུ་ཡང་དག་གཞག་པ་ཉིད་དང་ལྔ་པ་ལྔ་པ་གཅིག་སྟེ། ནང་དུ་ཡང་དག་གཞག་པ་ཉིད་ཅེས་བྱ་བ་ནི། རབ་ ཏུ་དབེན་པར་གྱུར་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ལྔ་པ་བཅུ་བཞི་པའོ། །ཡང་སྐབས་དེའི་བཞི་པོ་དེ་དག་ཉིད་བརྗོད་ནས། མཉམ་པར་གཞག་པ་ཉིད་དང་ལྔ་པ་ལྔ་པ་གཅིག་སྟེ། མཉམ་པར་གཞག་པ་ཉིད་ཅེས་བྱ་བ་ནི་མི་རྒོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་དུ་ཡང་མང་དུ་ཐོས་པ་ཉིད་ཅེས་སྨོས་ པས་ནི་འདུལ་བ་ལ་གནས་པའི་དོན་ཉིད་སྟོན་ཏོ། །ལྔ་པ་བཅོ་ལྔ་པའོ། །སློབ་པ་ཉིད་དོ་ཞེས་བྱ་བ་ལ། ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པ་སྤང་བའི་ཕྱིར་སློབ་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར། སློབ་པ་ཞེས་བྱའོ། །ཉིད་ཅེས་བྱ་བ་ནི་སློབ་པའི་དངོས་པོ་ནི་སློབ་པ་ཉིད་དེ། སློབ་པ་ཞེས་བྱ་ བའི་སྒྲ་ནི་རྒྱུར་འཇུག་པ་ཡིན་པས་སློབ་པ་ཉིད་ཅེས་བྱའོ། །ཡན་ལག་གི་དོན་ཉིད་བརྗོད་པར་བྱ་སྟེ། སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཤེས་པ་དང་། མཐོང་བའི་ཕུང་པོ་དང་ལྡན་པ་ཡིན་ནོ། །སློབ་པའི་ རྣམ་པར་གྲོལ་བ་ཤེས་པ་དང་། མཐོང་བ་ཞེས་བྱ་བ་ནི་བསླབ་པར་བྱ་བ་མོས་པར་བྱ་བའི་རྣམ་པར་གྲོལ་བར་འགྱུར་ན། ཤེས་པ་དང་མཐོང་བ་འབྱུང་བ་སྟེ། སློབ་པའི་ཆོས་ཤེས་པ་ལ་སོགས་པ་ནི་ཤེས་པའོ། །ཆོས་ཤེས་པའི་བཟོད་པ་ལ་སོགས་པ་ཤེས་རབ་ནི་མཐོང་བ་སྟེ། དེའི་ཕྱིར་རྣམ་པར་གྲོལ་ བ་ཤེས་པ་དང་མཐོང་བ་ཞེས་བྱའོ། །ལྔ་པ་བཅུ་དྲུག་པའོ། །མི་སློབ་པ་ཉིད་དོ་ཞེས་བྱ་བ་ལ། ཉོན་མོངས་པ་སྤང་བའི་ཕྱིར་མི་སློབ་པས་མི་སློབ་པ་སྟེ། དགྲ་བཅོམ་པའོ། །ཉིད་ཅེས་བྱ་བ་ནི། མི་སློབ་པའི་དངོས་པོ་ནི་མི་སློབ་པ་ཉིད་དོ། །འདིས་ཀྱང་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཚུལ་ཁྲིམས་ལ་ སོགས་པ་ཡན་ལག་ལྔ་པོ་དེ་དག་ཉིད་བསྡུས་པ་ཡིན་ནོ། །འོ་ན་ལྔ་པ་གཉིས་པོ་འདི་དག་གིས་འདུལ་བ་ལ་གནས་པའི་དོན་ཉིད་མ་བསྟན་ན། ཤིན་ཏུ་བཟླ་བར་བྱ་བ་མ་ཡིན་པའི་ཡན་ལག་ཇི་ལྟར་བཟླ་བར་རུང་། འདི་ལྟར་འདུལ་བ་ཡོངས་སུ་ཤེས་པ་མེད་པར་ཡང་སློབ་པ་དང་མི་སློབ་པ་ཉིད་ནི་སྲིད་པ་ཁོ་ ན་ཡིན་ལ། ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཡུལ་ལ་འདི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་ནོ་ཞེས་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི། མངོན་པར་རྟོགས་པ་ལས་བྱུང་བ་ཁོ་ན་ཏེ། འཕགས་པའི་ལམ་གྱི་ས་ཡིན་གྱི། ལྟུང་བ་རྣམ་པར་གཞག་པ་ལ་ནི་སོ་སོར་ཐར་པ་ལ་སོགས་པ་ཡོངས་སུ་ཤེས་པ་ དགོས་པའི་ཕྱིར་རོ། །དེ་ལ་ཉེས་པ་མེད་དེ་ལོ་བཅུ་ལོན་པ་ཉིད་ཅེས་སྨོས་པའི་ཕྱིར་ཏེ། འདི་ལྟར་དེ་གཉིས་ནི་འཕགས་པ་ཡིན་པས་ལོ་བཅུ་པོ་དེ་དག་ལ་འདུལ་བ་གདོན་མི་ཟ་བར་འབད་པར་བྱ་བ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ལོ་བཅུ་ལོན་པ་ཉིད་ཅེས་གསུངས་པ་ནི། རང་ དབང་ཡོད་པར་བསྟན་པ་ཡིན་པས། གལ་ཏེ་དེ་གཉིས་ལ་འདུལ་བ་ལ་གནས་པའི་དོན་ཉིད་མེད་པར་གྱུར་ན། དེ་གཉིས་ཇི་ལྟར་རང་དབང་ཅན་དུ་འགྱུར། ལྔ་པ་བཅུ་བདུན་པའོ། །འབྱུང་བ་དང་བཅས་པ་དང་། རྗེས་སུ་བཅས་པ་དང་། བཀག་པ་དང་གནང་བ་མངོན་པར་ཤེས་པ་ཉིད་དོ་ཞེས་བྱ་བ་ལ། འབྱུང་བ་ཞེས་ བྱ་བ་ནི། བསླབ་པའི་གཞི་རྣམས་གང་ལས་འབྱུང་བར་གྱུར་པའི་འབྱུང་བ་དེའི་གླེང་གཞི་དང་། རྒྱུ་མཚན་དང་བྱེད་རྒྱུ་གང་ཡིན་པ་སྟེ། དེ་ནི་འབྱུང་བ་ཞེས་བྱ་བའི་སྒྲས་བརྗོད་དོ། །བཅས་པ་ཞེས་བྱ་བ་ནི། བསླབ་པའི་གཞི་རྣམས་རྣམ་པར་གཞག་པའོ། །ཉེས་པ་སྦོམ་པོ་ནི་དགེ་སློང་འདི་སྙེད་ཅིག་གི་ མདུན་དུ་བཤགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡང་བཅས་པ་ཞེས་སྨོས་པས་གཟུང་བར་རིག་པར་བྱའོ། །རྗེས་སུ་བཅས་པ་ཞེས་བྱ་བ་ནི། སྔར་གནང་བའི་གཞི་ལ་བཀག་པ་དང་། སྔར་བཀག་པ་ལ་གནང་བ་གང་ཡིན་པ་ནི་རྗེས་སུ་བཅས་པ་སྟེ། དཔེར་ན་མཆིལ་ལྷམ་གཉིས་གནང་བ་མཛད་པ་ལ་ ཡང་དེ་གཉིས་ཀྱི་བྱེ་བྲག་དགག་པ་མཛད་དེ། སྒྲ་ཀྲོག་ཀྲོག་མི་ཟེར་བ་དང་། སྒྲ་ཏུག་ཏུག་མི་ཟེར་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ནི། གནང་བ་ལ་ཡང་བཀག་པའོ། །བཀག་པ་ལ་ཡང་གནང་བ་ནི་དཔེར་ན་དུས་མ་ཡིན་པའི་ཟས་སྔར་བཀག་པ་ནད་པ་ལ་གནང་བ་ལྟ་བུ་སྟེ། དེ་ནི་བཀག་པ་ལ་ཡང་ གནང་བའོ། །བཀག་པ་ཞེས་བྱ་བ་ནི། སྲོག་ལ་བབ་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་བྱ་བ་སྟེ། དཔེར་ན་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཐ་ན་རྩྭའི་མཆོག་མས་ཀྱང་ཆང་མི་བླུད་མི་བཏུང་ངོ་ཞེས་གསུངས་པ་དང་། སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་མི་ བྱའོ་ཞེས་གསུངས་པ་ལྟ་བུའོ། །གནང་བ་ཞེས་བྱ་བ་ནི། ཅི་དགར་སྤྱད་པའི་ཡུལ་ལ་བྱ་བ་གང་ཡང་རུང་བ་ཞིག་མི་བྱེད་དམ་བྱེད་ན་ལྟུང་བ་ཞེས་བྱ་བའི་ཉེས་པ་མེད་པ་སྟེ། དཔེར་ན་ཕས་ཀྱི་རྒོལ་བ་ཚར་གཅོད་པའི་ཕྱིར་ཕྱི་རོལ་གྱི་བསྟན་བཅོས་བཀླག་པ་ངས་རྗེས་སུ་གནང་ངོ་ཞེས་གསུངས་པ་ལྟ་ བུའོ། །ལྔ་པ་འདི་དང་འོག་ནས་ལྟུང་བ་ཞེས་བྱ་བ་ལ་སོགས་པའི་ལྔ་པས་ནི། འདུལ་བ་འབའ་ཞིག་མངོན་པར་ཤེས་པ་ཉིད་བསྟན་ཏོ། །ལྔ་པ་བཅོ་བརྒྱད་པའོ། །བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་དང་། སྨྲ་བ་པོ་ཉིད་དང་རྗེས་སུ་སྟོན་པ་ཉིད་ཅེས་བྱ་བ་ནི། བར་དུ་གཅོད་པ་ཉིད་དང་བར་དུ་གཅོད་པ་མ་ཡིན་པ་ནི་བར་དུ་གཅོད་པ་དང་། བར་དུ་གཅོད་པ་མ་ཡིན་པ་སྟེ། དེ་གཉི་ག་མངོན་པར་ཤེས་པ་གཉིས་དང་། སྨྲ་བ་པོ་ཉིད་དང་། རྗེས་སུ་སྟོན་པ་ཉིད་ནི་སྨྲ་བ་པོ་ཉིད་དང་རྗེས་སུ་སྟོན་པ་ཉིད་ཡིན་ནོ་ཞེས་བྱ་བར་ཚིག་སྦྱར་བར་བྱའོ། །དེ་ལ་བར་དུ་གཅོད་པ་ཞེས་ བྱ་བ་ནི། འདུལ་བ་ལས་སྲོག་གཅོད་པ་ལ་སོགས་པ་བྱ་བ་མ་ཡིན་པ་གང་ཡིན་པ་སྟེ། དེ་ནི་བར་དུ་གཅོད་པར་ནུས་པའི་ཕྱིར་བར་དུ་གཅོད་པའོ། །བར་དུ་གཅོད་པ་མ་ཡིན་པ་ཞེས་བྱ་བ་ནི། བྱ་བ་གང་ཡིན་པ་སྟེ་དེ་ནི་བར་དུ་གཅོད་པ་མ་ཡིན་ནོ། །བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་མངོན་ པར་ཤེས་པ་ཉིད་ཅེས་བྱ་བ་ཡན་ལག་གཉིས་པོ་འདིས་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏོ། །སྨྲ་བ་པོ་ཉིད་ཅེས་བྱ་བ་ལ། སྨྲ་བར་བྱེད་པ་ནི་སྨྲ་བ་པོའོ། །སྨྲ་བ་པོའི་དངོས་པོ་ནི་སྨྲ་བ་པོ་ཉིད་དེ། ཡན་ལག་གཉིས་པོ་དེ་དག་ཉིད་གཞན་དག་ལ་སྟོན་པའམ། གོ་བར་བྱ་བ་ལ་མཁས་པར་གྱུར་ ཅིང་ནུས་པ་གང་ཡིན་པ་དེ་ནི་སྨྲ་བ་པོ་ཉིད་ཅེས་བྱ་བའོ། །རྗེས་སུ་སྟོན་པ་ཉིད་ཅེས་བྱ་བ་ནི། སློབ་མ་ལ་སོགས་པ་དག་བྱ་བ་མ་ཡིན་པ་དག་ལས་ལེགས་པར་འཇོག་པ་དང་། རྗེས་སུ་མཐུན་པ་དང་། རྣམ་པར་བཟློག་པ་དང་། རྗེས་སུ་མཐུན་པར་སྨྲ་བ་ཉིད་དང་། བྱ་བ་དག་ལ་རྗེས་སུ་བསྒྲུབ་པ་ལ་ འཇུག་པ་དང་རྗེས་སུ་མཐུན་པར་སྨྲ་བ་ཉིད་དེ། འདིས་སློབ་མ་རྣམས་རྗེས་སུ་སྟོན་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདུལ་བ་ལས་ཀྱང་སྨྲ་བ་པོ་དང་། རྗེས་སུ་སྟོན་པ་ཞེས་གསུངས་སོ། །དེ་ལ་བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་མངོན་པར་ཤེས་པ་ཉིད་ནི་ཡན་ལག་གཉིས་ ཡིན། གསུམ་པ་ནི་བར་དུ་གཅོད་པ་དང་བར་དུ་གཅོད་པ་མ་ཡིན་པ་སྨྲ་བ་པོ་ཉིད་ཡིན། བཞི་པ་ནི་རྗེས་སུ་སྟོན་པ་ཉིད་ཡིན་ན། དེ་ལྔ་བར་ཇི་ལྟར་སྦྱར་བར་བྱ་ཞེ་ན། དེའི་ཕྱིར་གནས་དང་རེ་ཞིག་གནས་འཆར་གཞུག་ནུས་པ་ཉིད་དང་སྦྱར་རོ་ཞེས་བྱ་བ་སྨྲས་ཏེ། བར་དུ་གཅོད་པ་མངོན་པར་ཤེས་པ་ ཉིད་ལ་སོགས་པ་ཡན་ལག་སྔ་མ་གཞི་གནས་འཆར་གཞུག་ནུས་པ་ཉིད་དང་སྦྱར་བ་ལ་ལྔ་པ་གཅིག་སྟེ། ལྔ་པ་བཅུ་དགུ་པའོ། །དེ་བཞིན་དུ་ཡན་ལག་བཞི་པོ་དེ་དག་ཉིད་རེ་ཞིག་གནས་འཆར་གཞུག་ནུས་པ་ཉིད་དང་སྦྱར་བ་ལ་ལྔ་པ་གཅིག་སྟེ། ལྔ་པ་ཉི་ཤུ་པ་ཡིན་པར་སྦྱར་རོ། །དེ་ ལ་གནས་དང་རེ་ཞིག་གི་གནས་ཞེས་བྱ་བ་ལ། དང་ཞེས་བྱ་བའི་སྒྲ་ནི། གནས་དང་རེ་ཞིག་གནས་ཉིད་རང་དབང་ཡོད་པར་བསྟན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། གནས་དང་རེ་ཞིག་གནས་ཞེས་བྱ་བའི་ཡན་ལག་གཉིས་པོ་ལྔ་པ་གཅིག་ཏུ་རྣམ་པར་བཞག་པར་མི་བྱའི། མདོ་སྔ་མར་བསྟན་མ་ཐག་ པའི་ཡན་ལག་བཞི་དང་སོ་སོར་སྦྱར་ཏེ། ལྔ་པ་གཉིས་སུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འཆར་གཞུག་ཅེས་བྱ་བ་ནི། སྦྱིན་དུ་གཞུག་པའོ། །འཆར་ནུས་པ་ཉིད་ཅེས་བྱ་བ་ནི། འཆར་གཞུག་ནུས་པ་ཉིད་དེ་འཆར་གཞུག་ནུས་པ་ཉིད་ནི་ཕོད་པ་ཉིད་དོ། །ཅི་ཞིག་འཆར་གཞུག་ནུས་པ་ཉིད་ཅེ་ན་ གནས་དང་རེ་ཞིག་གི་གནས་སོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། གལ་ཏེ་མཁན་པོ་གཞན་དུ་འགྲོ་ན་གནས་འཆར་གཞུག་ནུས་པ་དང་། རེ་ཞིག་པའི་བསམ་པས་གཞན་དུ་འགྲོ་འམ། དེ་ཉིད་ན་སྤོ་བ་ལ་སོགས་པ་དགོས་པའི་དབང་གིས་འདུག་པ་ན་གནས་པ་རེ་ཞིག་གི་གནས་འཆར་ གཞུག་ནུས་པ་སྟེ། ཡན་ལག་འདི་གཉིས་ཡན་ལག་སྔ་མ་བཞི་དང་སྦྱར་ན་ལྔ་པ་གཉིས་སུ་འགྱུར་རོ། །ལྔ་པ་ཉི་ཤུ་པའོ། །ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་ཡང་བ་དང་ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་དང་སོ་སོར་ཐར་པ་དང་རྒྱས་པ་ཐོན་པ་ཉིད་དོ་ཞེས་བྱ་བ་ལ་ལྟུང་བ་དང་ལྟུང་བ་མ་ཡིན་པ་ནི། ལྟུང་ བ་དང་ལྟུང་བ་མ་ཡིན་པའོ། །ཡང་བ་དང་ལྕི་བ་དེ་གཉིས་ཀྱི་དངོས་པོ་ནི་ཡང་བ་དང་ལྕི་བ་ཉིད་དོ། །ལྟུང་བ་ལ་སོགས་པ་མངོན་པར་ཤེས་པ་ཉིད་ནི་ལྟུང་བ་ལ་སོགས་པའི་མངོན་པར་ཤེས་པ་ཉིད་དོ། །སོ་སོར་ཐར་པ་དང་རྒྱས་པར་ཐོན་པ་ཉིད་ནི་སོ་སོར་ཐར་པ་དང་རྒྱས་པ་ཐོན་པ་ཉིད་དོ་ཞེས་བྱ་བ་ཐམས་ཅད་ ལ་ཡང་གཅིག་གི་ཚིག་ཏུ་བྱའོ། །དེ་ལ་ལྟུང་བ་མ་ཡིན་པ་མངོན་པར་ཤེས་པ་ཉིད་ནི་སློབ་མ་ལ་སོགས་པ་བྱ་བ་དང་བྱ་བ་མ་ཡིན་པ་ལ་སྦྱར་བ་ལ་དགོས་སོ། །ཡང་བ་དང་ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་ནི་ཉེས་པ་སྦོམ་པོ་བཤགས་པ་ལ་དགོས་ཏེ། འདི་ལྟར་ཉེས་པ་སྦོམ་པོ་ཁ་ཅིག་ནི་མཚམས་ཀྱི་ ནང་དུ་དགེ་འདུན་ཐམས་ཅད་ཚོགས་པ་ལ་བཤགས་པར་བྱ་བ་ཡིན། ཁ་ཅིག་ནི་མཚམས་ཀྱི་ཕྱི་རོལ་དུ། ཁ་ཅིག་ནི་བདུན་ལ། ཁ་ཅིག་ནི་ལྔ་ལ། ཁ་ཅིག་ནི་བཞི་ལ་བཤགས་པར་བྱ་བ་ཡིན་པའི་ཕྱིར་རོ། །སོ་སོར་ཐར་པ་དང་རྒྱས་པ་ཐོན་པ་ཉིད་ཀྱིས་ནི་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏོ། ། རྒྱས་པ་ཞེས་སྨོས་པས་ནི་འདུལ་བ་མཐའ་དག་བསྡུས་པར་རིག་པར་བྱ་སྟེ། འདུལ་བ་མཐའ་དག་ནི་སོ་སོར་ཐར་པ་རྒྱས་པར་གྱུར་པ་ཡིན་པའི་ཕྱིར་རོ། །འདིར་སོ་སོར་ཐར་པ་དང་རྒྱས་པ་ཐོན་པ་ཉིད་ནི་ཚིག་ལས་རིག་པར་བྱའོ། །དོན་ལས་ནི་ལྟུང་བ་དང་ལྟུང་བ་མ་ཡིན་པ་ལ་སོགས་པ་ཉིད་ཀྱིས་གྲུབ་པའི་ཕྱིར་ རོ། །འདི་ལྟར་འདུལ་བ་ལས་ཀྱང་ལྟུང་བ་ཤེས་པ་དང་། ལྟུང་བ་མ་ཡིན་པ་ཤེས་པ་དང་། ཡང་བ་ཤེས་པ་དང་། ལྕི་བ་ཤེས་པ་དང་། སོ་སོར་ཐར་པའི་མདོ་འདོན་པ་དང་རྒྱས་པ་བཀླགས་པ་དང་ཐོན་པ་སྟེ། བཀླགས་པ་ཞེས་སྨོས་པས་ནི། འདིར་སློབ་དཔོན་དང་མཁན་པོ་ལ་སོགས་པ་ལས་བཀླག་པའི་ བསམ་པས་བཟུང་བ་ཉིད་སྟོན་ཏོ། །ཐོན་པ་ཞེས་སྨོས་པས་ནི། ཁ་ཏོན་དུ་རྣམ་པར་གཞག་པ་ཉིད་སྟོན་ཏོ། །ལྔ་པ་ཉི་ཤུ་རྩ་གཅིག་པའོ། །གཙུག་ལག་ཁང་གང་ན་དགེ་སློང་ལོ་བཅུ་ལོན་པའམ། དེ་བས་ལྷག་པ་ལྔ་པ་གང་དང་ཡང་མི་ལྡན་པ་ཤ་སྟག་འཁོད་ལ་གཙུག་ལག་ཁང་དེ་ན་རྒན་པ་ལྔ་པ་དང་། ལྡན་པ་མེད་ན་དེས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། རྒན་པ་མེད་ན་གཞོན་པ་ལ་གནས་བཅའ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྒན་པ་ལྔ་པ་གང་ཡང་རུང་བ་ཅིག་དང་ཡང་མི་ལྡན་པར་གྱུར་ན། དེའི་ཆོ་ག་ནི་དེ་ཡིན་ནོ། །འདིར་ལུང་ཡང་འདི་ཡིན་ཏེ། བཙུན་པ་དགེ་སློང་རྫོགས་པར་བསྙེན་ནས་ལོ་དྲུག་ཅུ་ ལགས་ལ་དེས་སོ་སོར་ཐར་པའི་མདོ་གདོན་པ་དང་། རྒྱས་པ་བཀླགས་པ་ཐོན་པ་མ་ལགས་ན་དེས་ཀྱང་གཞན་ལ་གནས་པས་མཆིས་པར་བགྱིའམ། ཉེ་བ་འཁོར་དེས་ཀྱང་གཞན་ལ་གནས་པས་འདུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ལོ་དྲུག་ཅུ་ལོན་པ་ཉིད་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི། ལོ་ བརྒྱད་ཅུ་ལོན་པས་ཀྱང་གཞན་ལ་གནས་པས་འདུག་པར་བྱའོ། །དགེ་སློང་རྒན་པ་ལྔ་པ་དང་ལྡན་པ་མེད་ན་དགེ་སློང་གཞོན་པ་ལྔ་པ་དང་ལྡན་པ་ལ་གནས་པར་བྱའོ། །ཅི་ཉེ་གནས་ཀྱི་ཚུལ་ཁྲིམས་ཐམས་ཅད་བྱའམ་ཞེ་ན། འདུད་པ་འབའ་ཞིག་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། རྒན་པས་གནས་ གཞོན་པ་ལ་བཏུད་དེ་ཕྱག་འཚལ་བ་འབའ་ཞིག་མ་གཏོགས་པ་གནས་པའི་ཚུལ་ཁྲིམས་དེ་ལས་གཞན་པ་དག་ལ་རྗེས་སུ་གནས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་གནས་ན་གནས་པའི་ཇི་ལྟར་རྗེས་སུ་གནས་པ་བསྟན་ན། ལམ་དུ་ཞུགས་པས་ཀྱང་ཅི་དེ་དག་ཉིད་ལ་རྗེས་སུ་ གནས་པར་བྱའམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར། ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་ན་གནས་མ་བཅས་པར་ལྗོངས་རྒྱུར་འགྲོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལོ་ལྔ་ཡང་ལོན་ལ་ལྷན་ཅིག་སྦྱར་བ་ཐ་མ་དང་ཡང་ལྡན་ན་གནས་མ་བཅས་པར་ཡང་འགྲོ་ཞིང་རྒྱུ་བར་བྱའོ། །ལྷན་ཅིག་སྦྱར་བ་ཐ་མ་ཞེས་བྱ་བ་ ནི། ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་། ཡང་བ་དང་ལྕི་བ་ཉིད་མངོན་པར་ཤེས་པ་ཉིད་དང་། སོ་སོར་ཐར་པ་དང་རྒྱས་པ་ཐོན་པ་ཉིད་དེ། ལྷན་ཅིག་སྦྱར་བ་ཐམས་ཅད་ཀྱི་མཇུག་ཏུ་བསྟན་པའི་ཕྱིར་ཐ་མའོ། །ཇི་འདིར་ལོ་ལྔ་ལོན་པ་ཉིད་གཙོ་བོ་ཡིན་ནམ་འོན་ཏེ་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་པ་ཉིད་གཙོ་བོ་ཡིན་ཞེ་ན། འདིར་ གཉི་ག་ཡང་གཙོ་བོ་ཡིན་ཏེ། གལ་ཏེ་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་ན་ཡང་ལོ་ལྔ་མ་ལོན་ན་དེས་ཀྱང་འགྲོ་བར་མི་བྱ་ལ། ཅི་སྟེ་ལོ་ལྔ་ལོན་ཡང་ལྷན་ཅིག་སྦྱར་བ་ཐ་མ་དང་མི་ལྡན་པ་དེ་ལྟ་ན་ཡང་འགྲོ་བར་མི་བྱ་སྟེ། དེའི་ཕྱིར་གཞན་དུ་ན་གསུམ་རིག་པ་ཡིན་ཡང་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལོ་ལྔ་མ་ཡིན་ནམ་ལོ་ ལྔ་ལོན་ཡང་ལྷན་ཅིག་སྦྱར་བ་ཐ་མ་དང་མི་ལྡན་ན། རིག་པ་གསུམ་པོ་སྔོན་གྱི་གནས་དང་། འཆི་འཕོ་དང་སྐྱེ་བ་དང་ཟག་པ་ཟད་པ་ཞེས་བྱ་བ་དག་དང་ལྡན་དུ་ཟིན་ཀྱང་། དེ་ལྟ་ན་དེས་གནས་མ་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །འདི་ལྟར་བཙུན་པ་གསུམ་རིག་པ་དྲི་མ་གསུམ་སྤངས་ལ་དེ་ལོ་ལྔ་མ་ལགས་ ཤིང་ཆོས་ལྔ་དང་མི་ལྡན་ན་དེས་ཀྱང་མི་གནས་པར་ལྗོངས་རྒྱུ་ཞིང་མཆི་བར་མི་བགྱིའམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་འདིར་གསུམ་རིག་པ་ཡང་མ་གནང་བ་བཞིན་དུ་གཞན་ལ་ཡང་དེ་ཁོ་ན་བཞིན་ནོ། །གནས་ཀྱི་སྐབས་སོ། །བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ་ ཞེས་གང་སྨྲས་པ་དེའི་ཕྱིར་འདི་མན་ཆད་རྣམས་ནི་རྣམ་པ་གཉིས་ཏེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་ངོ་ཞེས་བྱ་བས་ནི། མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ། །བར་ཆད་ ཀྱི་ཆོས་རྣམས་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་སྡོམ་པ་སྐྱེ་བ་ལ་བར་ཆད་བྱེད་པ་སྟེ། འདི་ལྟ་སྟེ་མ་གསོད་པ་ལ་སོགས་པའོ། །ཁ་ཅིག་ནི་མཛེས་པ་ཉིད་ལ་བར་དུ་གཅོད་པ་སྟེ། འདི་ལྟ་སྟེ་ལག་རྡུམ་ལ་སོགས་པའོ། །གཞན་ཡང་བར་ཆད་ཀྱི་ཆོས་རྣམས་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་ལྟ་བའི་ རྣམ་པ་སྟེ། འདི་ལྟ་སྟེ་མུ་སྟེགས་ཅན་མ་ཡིན་ནམ་ཞེས་བསྟན་པ་ལ་སོགས་པའོ། །ཁ་ཅིག་ནི་བྱ་བས་ཏེ། འདི་ལྟ་སྟེ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཐམས་ཅད་གོ་རིམས་བཞིན་དུ་བསྟན་ཏེ། མུ་སྟེགས་ཅན་མ་ཡིན་ནམ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་ཕྱིར་ཉེ་ བར་འོངས་པའི་གང་ཟག་ལ་མཁན་པོས་ཁྱོད་མུ་སྟེགས་ཅན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱའོ་ཞེས་བྱ་བར་སྦྱར་རོ། །འོ་ན་གསང་སྟེ་སྟོན་པ་ཁོ་ནས་འདྲི་ཞིང་ལས་བྱེད་པས་ཀྱང་ཡིན་ན། ཇི་ལྟར་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་ཞེས་མང་ པོའི་ཚིག་ཏུ་བྱ། དྲི་བར་བྱ་ཞིང་ཞེས་གཅིག་གིས་ཚིག་སྨོས་པ་ལས་ཇི་ལྟར་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱའོ་ཞེས་མཇུག་མང་པོའི་ཚིག་ཏུ་རུང་ཞེ་ན། ཉེས་པ་མེད་དེ་ལྐོག་ཏུ་གསང་སྟེ་སྟོན་པས་དྲི་བར་བྱེད་པ་དེ་ནི་རྫོགས་པར་བསྙེན་པར་བྱེད་པ་དག་གིས་བྱས་པ་ཁོ་ན་ཡིན་པར་རིག་པར་ བྱ་སྟེ། ཇི་ལྟར་རྫོགས་པར་བསྙེན་པར་བྱེད་པ་དག་ཁོ་ནས་གསང་སྟེ་སྟོན་པ་འདྲི་བའི་དོན་དུ་བསྐོས་པ་ཡིན་པས་དེས་བྱས་པ་ནི་དེ་དག་ལ་ཉེ་བར་གདགས་པའི་ཕྱིར་རོ། །དྲི་བར་བྱ་ཞིང་ཞེས་བྱ་བ་འདི་ཡང་དོན་གྱི་དབང་གིས་རྣམ་པར་དབྱེ་བ་བསྒྱུར་ཏེ། ངག་གིས་ཀྱང་དྲི་བར་བྱའོ་ཞེས་བྱ་བར་རུང་ངོ་། །གལ་ ཏེ་དྲིས་པ་ན་དེ་དག་མུ་སྟེགས་ཅན་ནོ་ཞེས་ཟེར་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གང་ལ་སེམས་མགུ་བར་མ་གྱུར། ཡིད་ཆེས་པར་མ་གྱུར། དད་པར་མ་གྱུར་པ་ཡོད་པ་ནི་སེམས་མ་གྱུར་པའི་མུ་སྟེགས་ཅན་ཏེ། སེམས་མགུ་བར་མ་གྱུར་བའི་མུ་སྟེགས་ཅན་ནི་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ། །ཅི་མུ་སྟེགས་ཅན་ཐམས་ཅད་དམ་ཞེ་ན། དེའི་ཕྱིར་ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་ཞེས་བྱ་བ་སྨྲས་ཏེ། ཤཱཀྱ་དང་མེ་པ་ རལ་པ་ཅན་ནི་མ་གཏོགས་སོ། །མེ་པ་ཞེས་བྱ་བ་ནི་མེ་ལ་དད་པས་མེ་པ་སྟེ། དེ་མེད་པའི་རིགས་དང་དད་པ་ཡོངས་སུ་སྤྱོད་པར་ཞུགས་པ་དང་། མངོན་པར་བརྩོན་པར་གྱུར་པས་ན་དེ་སྐད་ཅེས་བྱའོ། །འོ་ན་མཁན་པོ་གཅིག་ཁོ་ནར་ཟད་པས་གཅིག་གི་ཚིག་ཏུ་བྱ་བའི་རིགས་ན། རབ་ཏུ་དབྱུང་བ་དང་ཞེས་བྱ་བ་མང་པོའི་ཚིག་ཏུ་བྱས་པ་ཇི་ལྟར་ཞེ་ན། ཉེས་པ་མེད་དེ་རབ་ཏུ་བྱུང་བ་ལ་ནི་ཞུ་བར་བྱེད་པ་ལ་སོགས་པ་མང་པོ་དག་ཀྱང་གཏོགས་པས་མང་པོའི་ཕྱིར་མང་པོའི་ཚིག་ཏུ་བྱས་སོ། །ཤཱཀྱ་དང་མེ་པ་རལ་པ་ཅན་གཉིས་ཀྱི་རབ་ཏུ་འབྱུང་བར་རྗེས་སུ་བསྒྲུབ་པ་གང་ཡིན་པ་དེ་ནི་དེ་གཉིས་ཀྱི་བདེན་པ་ཁོ་ན་ ཡིན་གྱི་སྒྱུས་མ་ཡིན་པས་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ང་ནི་ཉེ་དུ་རྣམས་ལ་ཉེ་དུའི་ཡོངས་སུ་སྤང་བ་སྦྱིན་པར་བྱེད་དོ་ཞེས་གསུངས་སོ། །འདི་ལྟར་མིང་དང་མིང་ཅན་སྦྱར་ན་དོན་སླ་བར་འགྱུར་བས། འདི་ཡང་བསྟན་བཅོས་ལ་མིང་དང་མིང་ཅན་དུ་སྦྱར་བ་སྡེབ་པར་འདོད་ནས། བཀོལ་བ་དེ་ནི་མུ་སྟེགས་ཅན་དང་ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་བཀོལ་བ་ལའི་ཞེས་བྱ་བ་སྨྲས་ཏེ། བཀོལ་བ་ཞེས་བྱ་བ་ནི་མིང་ངོ་། །དེ་ནི་ཞེས་བྱ་བ་ནི་མིང་ཅན་ཏེ། མདོ་སྔར་བསྟན་མ་ཐག་པ་གཉིས་ལ་མུ་སྟེགས་ཅན་ཞེས་བྱ་བ་རྣམ་པ་གཉིས་བཀོལ་བའི་ལྷག་མའོ། །མདོ་སྔ་མ་ལ་མ་ཡིན་ ནམ་ཞེས་བྱ་བའི་གོང་ན་མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་འདུག་པ་བཀོལ་བའི་ལྷག་མ་དང་། མདོ་གཉིས་པ་ལ་ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་དེ་དག་བཀོལ་བའི་ལྷག་མ་ནི་བཀོལ་བ་ཞེས་བྱ་བའི་མིང་ཅན་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་འདིར་ ཚིག་གི་དོན་འདི་བྱུང་སྟེ། གོང་དུ་བཀོལ་བ་ཞེས་བྱ་བའི་སྒྲ་ཡོད་པ་དེར་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཆེ་གེ་མོ་ཞིག་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་། རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། གལ་ཏེ་དྲིས་པ་ན་དེ་དག་ཆེ་གེ་མོ་དེ་ཡིན་ནོ་ཞེས་ཟེར་ན། རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་ པར་མི་བྱའོ་ཞེས་བྱ་བ་དེ་བརྗོད་པར་བྱ་བའི་སྐབས་ཡིན་པར་ཤེས་པར་བྱའོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། མུ་སྟེགས་ཅན་དང་ཞེས་བྱ་བ་ནི། མདོ་སྔ་མ་ལ་མ་ཡིན་ནམ་ཞེས་བྱ་བའི་གོང་ན་མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་འདུག་པ་དང་སྦྱར་རོ། །ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་ཞེས་ བྱ་བ་ནི། མདོ་གཉིས་པ་ལ་ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་འདུག་པ་དང་སྦྱར་རོ། །ཤཱཀྱ་ལ་སོགས་པའི་ཞེས་བྱ་བ་ནི་ཚིག་གང་ལ་སོགས་པ་ཞེས་བྱ་བ་ཡོད་པ་དེ་ནི་ཤཱཀྱ་ལ་སོགས་པའིའོ། །མཇུག་གི་མུ་སྟེགས་ཅན་ཞེས་བྱ་བ་ནི། མུ་སྟེགས་ཅན་ཞེས་བྱ་བའི་སྒྲ་འདི་ཚིག་གང་གི་མཇུག་ན་ཡོད་པའི་ཚིག་དེའི་མཇུག་ན་མུ་སྟེགས་ཅན་ཡོད་པའོ། །དེ་ལྟར་ན་ཚིག་དེ་ནི་ཤཱཀྱ་ལ་སོགས་པ་ཡང་ཡིན་ལ། མཇུག་ན་མུ་སྟེགས་ཅན་ཡོད་པ་ཡང་ཡིན་པས། ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་ཡོད་པ་ཡིན་ནོ། །ཡང་མདོ་སྔ་མ་ ལས་མུ་སྟེགས་ཅན་ཞེས་སྨོས་པའི་སྒྲ་དང་ཅིག་ཅར་གཅིག་གི་ཚིག་ཏུ་ཡང་བསྡུ་བར་བྱ་སྟེ། མུ་སྟེགས་ཅན་དང་ཞེས་བྱ་བ་ཡང་ཚིག་དེ་ཡིན་ལ་ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་ཞེས་བྱ་བ་ཡང་དེ་ཡིན་པས་ན། མུ་སྟེགས་ཅན་དང་ཤཱཀྱ་ལ་སོགས་པའི་མཇུག་གི་མུ་སྟེགས་ཅན་ཏེ། དེ་བཀོལ་བའི་ ལྷག་མ་ནི་མིང་ཅན་ཡིན་པར་རིག་པར་བྱའོ། །འདི་ལྟར་མིང་ནི་གཞན་གྱི་དོན་གྱི་ཕྱོགས་དག་ལ་མིང་ཅན་གོ་བར་བྱེད་པ་ཡིན་པས་དེའི་ཕྱིར་རབ་ཏུ་འབྱུང་བའི་གཞི་འདིར་ཡང་བཀོལ་བ་བྲན་ཞེས་བྱ་བ་ལ་སོགས་པས་བཀོལ་བའི་ཕྱོགས་ཤེས་པར་བྱའོ། །ཕྲན་ཚེགས་ལ་ནི་བཀོལ་བ་རྒྱལ་པོས་བཀྲབས་པ་ ཞེས་བྱ་བ་ལ་སོགས་པས་བཀོལ་བའི་ཕྱོགས་ཤེས་པར་བྱའོ།། །།བམ་པོ་གསུམ་པ། །སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་དབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ་ཞེས་སྨྲས་ན། དེ་ཅི་ཙམ་གྱིས་ན་སེམས་མགུ་བར་གྱུར་པར་རིག་པར་བྱ་ཞེ་ན། དེའི་ཕྱིར་དཀོན་མཆོག་ རྣམས་ཀྱི་བསྔགས་པ་དང་། མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པ་ན་མི་གཡོ་བ་ཉིད་ནི་སེམས་མགུ་བར་གྱུར་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དཀོན་མཆོག་རྣམས་ཀྱི་ཞེས་བྱ་བ་ནི། གསུམ་པོ་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ཀྱིའོ། །བསྔགས་པ་ཡང་དག་པར་ བརྗོད་པ་ན་ཞེས་བྱ་བ་ནི་ཡོན་ཏན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་ནའོ། །མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་པ་ན་ཞེས་བྱ་བ་ནི། སྐྱོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་ནའོ། །མི་གཡོ་བ་ཉིད་ཅེས་བྱ་བ་ནི་གཡོ་བར་མི་འགྱུར་བས་མི་གཡོ་བ་སྟེ། མི་གཡོ་བའི་ དངོས་པོ་ནི་མུ་སྟེགས་ཅན་རྣམས་ཀྱི་མི་གཡོ་བ་ཉིད་དོ། །སེམས་མགུ་བར་གྱུར་པ་ཉིད་ཅེས་བྱ་བ་ཡང་། མུ་སྟེགས་ཅན་དེ་དག་ཉིད་ཀྱིའོ། །མུ་སྟེགས་ཅན་སེམས་མགུ་བར་གྱུར་པ་ཉིད་ལ་ཇི་ལྟར་ནན་ཏན་བྱ་ཞེ་ན། དེའི་ཕྱིར་དེའི་དོན་དུ་དེ་དང་མི་ལྡན་པ་དེ་དགེ་བསྙེན་ཉིད་དུ་བྱས་ པའི་མཐའ་ཅན་དེ་ལ་དགེ་འདུན་གྱི་ལས་ཀྱིས་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེའི་དོན་དུ་ཞེས་བྱ་བ་ནི། བསྟན་མ་ཐག་པ་སེམས་མགུ་བར་གྱུར་པ་ཉིད་ཀྱི་དོན་དུའོ། །དེ་དང་མི་ལྡན་པ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་ནི་སེམས་མགུ་བར་མ་གྱུར་པ་ཉིད་གཟུང་ངོ་། ། གང་ལ་དེ་ཡོད་པ་དེ་ནི་དེ་དང་ལྡན་པའོ། །དེ་དང་ལྡན་པ་མ་ཡིན་པ་ནི་དེ་དང་མི་ལྡན་པ་སྟེ་སེམས་མགུ་བར་མ་གྱུར་པ་ཉིད་ལྡན་པ་དེ་དང་མི་ལྡན་པའོ། །དེ་ཞེས་བྱ་བ་ནི། མུ་སྟེགས་ཅན་ཡིན་ནོ། །དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་ཞེས་བྱ་བ་ལ། དགེ་བསྙེན་གྱི་དངོས་པོ་ནི་དགེ་བསྙེན་ཉིད་དོ། །དེ་ནི་ཆོ་ག་དེའི་མཐའ་ཡིན་ པས་དགེ་བསྙེན་ཉིད་དུ་བྱས་པའི་མཐའ་སྟེ། དེ་ལ་དགེ་བསྙེན་དུ་བྱས་པའི་མཐའི་ཆོ་ག་ཡོད་པས་ན། དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་ནོ། །དེ་ལ་ཞེས་བྱ་བ་ནི། དགེ་བསྙེན་ཉིད་དུ་བྱས་པའི་མཐའ་ཅན་གྱི་མུ་སྟེགས་ཅན་ལའོ། །དགེ་འདུན་གྱིས་ལས་ཀྱི་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ་ ཞེས་བྱ་བ་ནི། དགེ་འདུན་གྱིས་གནས་པ་བྱིན་ལ་ཟླ་བ་བཞིར་གནས་པར་བྱའོ། །ཇི་ལྟར་གནས་པ་བྱིན་ལ་ཞེ་ན། ལས་ཀྱིས་ཏེ་གསོལ་བ་དང་བཞིའི་ལས་ཀྱིས་སོ། །གསོལ་བ་དང་བཞིའི་ལས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་ འཚལ་ཏེ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི། ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པར་དགེ་འདུན་ལ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལ་ ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པས་སོ། །ཟླ་བ་བཞི་པོ་དག་ལ་ཟན་དང་གོས་གང་ནས་སྦྱིན་པར་བྱ་ཞེ་ན། དེའི་ཕྱིར་དེའི་ཟན་དགེ་འདུན་ལས་སོ་ཞེས་བྱ་བ་སྨྲས་ཏེ། མུ་སྟེགས་ཅན་གནས་པ་བྱིན་པ་དེའི་ཟན་ནི་དགེ་འདུན་གྱི་ལས་སྦྱིན་པར་བྱའོ། ། གོས་གང་ནས་ཤེ་ན། དེའི་ཕྱིར་གོས་ནི་མཁན་པོ་ལས་སོ་ཞེས་བྱ་བ་སྨྲས་ཏེ། གོས་ནི་མཁན་པོས་སྦྱིན་པར་བྱའོ། །ཟན་དང་གོས་འབྱོར་ནས་དེས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ལས་སུ་བསྐོ་བར་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་དེའོ། །དགེ་ཚུལ་དག་པས་ ཀྱང་གཞོན་པའི་ཕྱིར་གཞོན་པ་ཐམས་ཅད་ཀྱི་ལས་སུ་བསྐོ་བ་གང་ཡིན་པ་དེ་དེས་བྱའོ། །གང་གི་ཕྱིར་བར་ཆད་རྣམ་པ་གཉིས་པོ་རེ་ཞིག་པ་དང་གཏན་དུ་བ་ཞེས་གསུངས་པ་ལ། རེ་ཞིག་པ་བསྟན་པའི་ཕྱིར། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱུང་བར་འདོད་པ་རབ་ཏུ་འབྱུང་བའི་ཕྱིར་འོངས་པ་ལ་མཁན་པོས་ཅི་ཁྱོད་ལོ་བཅོ་ལྔ་ལོན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་ལོ་བཅོ་ལྔ་མ་ལོན་ན་དེའི་ཕྱིར་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་དང་ནུས་པ་ལོ་བདུན་མ་ལོན་པ་རབ་ཏུ་འབྱུང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱུང་ བར་འདོད་པ་ལོ་བཅོ་ལྔ་མ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་རབ་ཏུ་འབྱུང་བར་མི་བྱའོ། །བྱ་རོག་སྐྲོད་ནུས་ཀྱང་ལོ་བདུན་མ་ལོན་ན་རབ་ཏུ་དབྱུང་བར་མི་བྱའོ། །གལ་ཏེ་ལོ་བཅོ་ལྔའམ་ལོ་བདུན་ལོན་ལ་བྱ་རོག་སྐྲོད་ཀྱང་ནུས་ན་དེ་ནི་རབ་ཏུ་དབྱུང་བར་བྱའོ། །འོ་ན་རབ་ཏུ་དབྱུང་བ་ནི་མཁན་པོའི་ལས་ཡིན་ན། དེ་དག་ གིས་རབ་ཏུ་དབྱུང་བར་བྱའོ་ཞེས་མང་པོའི་ཚིག་ཏུ་ཇི་ལྟར་རུང་ཞེ་ན། རབ་ཏུ་དབྱུང་བ་ལ་ནི་མང་པོ་རྣམས་ཀྱི་བྱ་བ་ཡོད་པས་ཐམས་ཅད་བསྡུ་བའི་ཕྱིར་མང་པོའི་ཚིག་ཏུ་རུང་སྟེ། ཞུ་བར་བྱེད་པས་ཀྱང་འདི་ཡོངས་སུ་མ་དག་གོ་ཞེས་བྱ་བར་ཤེས་ན་ཞུ་བར་མི་བྱ་ལ། དགེ་འདུན་གྱིས་ཀྱང་གནང་བར་མི་བྱ། དགེ་ཚུལ་ ཉིད་དུ་ཉེ་བར་བསྒྲུབ་པས་ཀྱང་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་མི་བྱ་བའི་ཕྱིར་རོ། །ཅི་དཔེར་ན་གནས་གཅིག་གིས་གནས་པ་རྫོགས་པར་བསྙེན་པ་མང་པོ་དག་འཇོག་པར་བྱེད་པ་དེ་བཞིན་དུ། དེས་དགེ་ཚུལ་མང་པོ་དག་ཀྱང་གཞག་པར་བྱའམ། ཞེ་ན། དེའི་ཕྱིར་དགེ་ཚུལ་གཅིག་ལས་ལྷག་པ་ཉེ་བར་གཞག་ པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་ཚུལ་གཅིག་ལས་ལྷག་པ་དགེ་ཚུལ་གཉིས་པ་ལ་སོགས་པ་ཉེ་བར་གཞག་པར་མི་བྱའོ། །ཇི་ལྟར་དགེ་ཚུལ་གཉིས་པ་ལ་སོགས་པ་ཉེ་བར་གཞག་པ་བཀག་པ་ལྟར། ཅི་རབ་ཏུ་དབྱུང་བ་ཡང་གཉིས་པ་ལ་སོགས་པ་མི་བྱའམ་ཞེ་ན། དེའི་ཕྱིར་གལ་ཏེ་སོ་སོར་རབ་ཏུ་ འབྱུང་མི་འདོད་ན་རབ་ཏུ་ཕྱུང་ལ་རྒན་པ་རྫོགས་པར་བསྙེན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱུང་བར་འདོད་པ་གཉིས་ཤིག་བདག་ཅན་གཉིས་ཅིག་ཅར་ལྷན་ཅིག་རབ་ཏུ་འབྱུང་བར་བྱའོ་ཞེས་དེ་ལྟར་ངེས་པར་བྱས་ཏེ། རབ་ཏུ་འབྱུང་བའི་ཕྱིར་འོངས་པ་དེ་གཉིས་ གལ་ཏེ་སོ་སོར་ཐ་དད་པར་རབ་ཏུ་འབྱུང་བར་མི་འདོད་ན། དེའི་ཚེ་གཉིས་ཀ་རབ་ཏུ་འབྱུང་བར་བྱ་ཞིང་གཉིས་ཀ་རབ་ཏུ་བྱུང་ན་དགེ་ཚུལ་ནས་རྒན་པ་ཤོས་རྫོགས་པར་བསྙེན་པར་བྱའོ། །གལ་ཏེ་རྒན་དུ་ཟིན་ཀྱང་ལོ་ཉི་ཤུ་མ་ལོན་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གལ་ཏེ་ལོ་མ་ལོན་ན་གཞན་ལ་རེ་ཞིག་ གནས་པའི་དོན་དུ་གཏད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་ཚུལ་གང་ཡང་རུང་བ་དེ་རྒན་དུ་ཟིན་ཀྱང་། གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ན། དེའི་ཚེ་དེ་གཉིས་ལས་གཅིག་དགེ་སློང་གཞན་ལ་རེ་ཞིག་གི་གནས་ཀྱི་དོན་དུ་གཏད་པར་བྱའོ། །ཅི་སྟེ་གང་ལ་རེ་ཞིག་གི་གནས་ཀྱི་དོན་དུ་གཏད་པ་དེའི་ཡིན་ པ་ཁོ་ནར་འགྱུར་རམ་ཞེ་ན། དེའི་ཕྱིར་དེ་ལ་དེ་དབྲོག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དེ་ལ་དགེ་ཚུལ་དེ་མཁན་པོ་ལས་དབྲོག་པར་མི་བྱའོ། །རྫོགས་པར་བསྙེན་པར་བྱ་བའི་དུས་ན་གང་གིས་རྫོགས་པར་བསྙེན་པར་བྱ་ཞེ་ན། དེའི་ཕྱིར་གང་གིས་གཏད་པ་ཉིད་ཀྱིས་དེ་རྫོགས་པར་བསྙེན་པར་ བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་མི་སྟེར་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མི་སྟེར་བ་རེ་ཞིག་གི་གནས་ལས་མཐུས་བཀུག་སྟེ་འོ་ཞེས་བྱ་བ་སྨྲས་ཏེ། མི་སྟེར་བ་ལས་མཐུས་བཀུག་སྟེ་རྫོགས་པར་བསྙེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །བཀོལ་བ་བྲན་ནོ་ཞེས་བྱ་བས་ནི། བཀོལ་བ་ཞེས་བྱ་བའི་མིང་ མིང་ཅན་ལ་ཉེ་བར་འཇོག་པར་བྱེད་དེ། མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་བྲན་ཞེས་བྱ་བར་སྦྱར་བ་ཅན་ལའོ། །བྲན་ཞེས་བྱ་བའི་སྒྲ་མིང་ཅན་དང་ལྷན་ཅིག་ཇི་ལྟར་སྦྱར་བར་བྱ་ཞེ་ན། འདིར་བྲན་མ་ཡིན་ནམ་ཞེས་བྱ་བའི་སྒྲ་ནི་དང་པོའི་མཐའ་ཅན་ཡིན་ལ། མི་བྱའོ་ཞེས་བྱ་བ་ནི་འདིར་གཉིས་པའི་མཐའ་ ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་བྲན་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་། རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། བྲན་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པར་མི་བྱའོ། །འདི་ལྟར་བྲན་ཞེས་བྱ་བའི་སྒྲ་གཅིག་ ཏུ་ཟད་མོད་ཀྱི། འོན་ཀྱང་དོན་གྱི་དབང་གིས་རྣམ་པར་དབྱེ་བ་བསྒྱུར་ཏེ། གནས་གཉི་གར་སྦྱར་བར་བྱའོ། །ཡིན་ནམ་གཏང་ལ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་ཞེས་བྱའོ་ཞེས་བྱ་བ་ལ། ཡིན་ནམ་གཏང་ལ་ཞེས་བྱ་བ་ནི། ཡིན་ནམ་ཞེས་བྱ་བ་བཀོལ་ བའོ། །མདོ་འདི་ལ་བཀོལ་བའི་མིང་གིས་ཡིན་ནམ་ཞེས་པའི་སྒྲ་བཀོལ་བའི་མིང་ཅན་ཉེ་བར་འཇོག་པར་བྱེད་དེ། ཡིན་ནམ་ཞེས་བྱ་བའི་གནས་སུ་ཁྱོད་ལ་ཞེས་བྱ་བར་ཉེ་བར་སྦྱར་བར་བྱའོ། །དེ་ལྟར་ན་འདིར་མདོའི་དོན་འདི་འབྱུང་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཁྱོད་ལ་ལ་ལའི་བུ་ ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ་ཞེས་དྲི་བར་བྱ་ཞིང་། རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། བུ་ལོན་ཅན་རབ་ཏུ་དབྱུང་བར་མི་བྱ་རྫོགས་པར་བསྙེན་པར་མི་བྱའོ། །བུ་ལོན་ཞེས་བྱ་བ་ནི་གཞལ་བར་བྱ་བ་ཡིན་པས་དེའི་ཕྱིར་འདིར་བཀོལ་བ་བུ་ལོན་ ཅན་དང་སྦྱར་བར་ཤེས་པར་བྱའོ། །བུ་ལོན་ཅན་ཐམས་ཅད་རབ་ཏུ་དབྱུང་བར་མི་བྱ་བ་ཡང་མ་ཡིན་ཏེ། གང་འདི་སྐད་དུ་རབ་ཏུ་བྱུང་ངམ། རྫོགས་པར་བསྙེན་ནས་ཕྱིས་བུ་ལོན་འཇལ་ནུས་སོ་ཞེས་དམ་འཆའ་བར་བྱེད་པ་དེ་ནི་རབ་ཏུ་དབྱུང་བར་བྱའོ། །བྱེ་བྲག་འདི་ནི་སྔགས་ལས་སྣང་སྟེ། སྔགས་འདི་སྐད་དུ་འབྱུང་སྟེ། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། རབ་ཏུ་བྱུང་ནས་འཇལ་ནུས་སམ་ཞེས་འབྱུང་བས། འཇལ་ནུས་སམ་ཞེས་བྱ་བའི་ཚིག་གིས་དེ་དེ་ལྟར་གྱུར་ན་རབ་ཏུ་དབྱུང་བར་བྱའོ། །རབ་ཏུ་དབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མི་གནང་བ་ཡུལ་ཐག་མི་ རིང་བ་ནི། ཞག་བདུན་བསྲེལ་བར་བྱའོ་ཞེས་བྱ་བ་ལ། རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་ཞིང་ཞེས་བྱ་བ་ནི། རབ་ཏུ་དབྱུང་བར་འདོད་པ་གང་གི་ཕ་མ་གཉིས་གསོན་པ་དེ་ནི་རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་པ་ཡིན་ནོ། །དེ་གཉིས་ཀྱིས་མ་གནང་བ་ཞེས་བྱ་བ་ནི། ཕ་མ་དེ་གཉིས་ཀྱིས་གལ་ཏེ་ རབ་ཏུ་འབྱུང་བའི་ཕྱིར་གནང་བར་མ་གྱུར་པའོ། །ཡུལ་ཐག་མི་རིང་བ་ཞེས་བྱ་བ་ནི། གང་ལ་ཡུལ་ཐག་རིང་པོ་མེད་པ་དེ་ནི་ཡུལ་ཐག་མི་རིང་བ་ཡིན་ནོ། །རབ་ཏུ་འབྱུང་བར་འདོད་པ་དེ་ལྟ་བུ་དེ་ནི་ཞག་བདུན་བསྲེལ་བར་བྱ་སྟེ། འོངས་མ་ཐག་ཏུ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་ ཀྱིས་ཞེས་བྱ་བ་གཉིས་ཀྱི་ཚིག་ཏུ་བྱས་པའི་ཕྱིར་ཕ་མ་གསོན་ཞིང་ཞེས་བྱ་བ་འདིར་ཡང་ཕ་མ་གཉི་ག་གཟུང་བར་བྱའོ། །གལ་ཏེ་གཅིག་གསོན་ན་ཡང་དེའི་ཚེ་དེ་ཁོ་ན་བཞིན་དུ་བསྒྲུབ་པར་བྱའོ། །ཡུལ་ཐག་མི་རིང་བ་ཅན་གྱི་དབང་དུ་བྱས་ཏེ་སྨྲས་ནས། ད་ནི་ཡུལ་ཐག་ རིང་པོ་ཅན་གྱི་དབང་དུ་བྱས་ཏེ། དེ་ཡུལ་ཐག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་རབ་ཏུ་དབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བའོ། །ཡུལ་ཐག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་ ལ། ཡང་ཞེས་བྱ་བའི་སྒྲ་ནི། ཞག་བདུན་བསྲེལ་དུ་ཟིན་ཀྱང་དགེ་འདུན་ལ་མ་ཞུས་པ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །བཟློག་པ་ནི་རབ་ཏུ་དབྱུང་བར་བྱའོ། །དེ་ལྟར་ཕ་མ་གསོན་པ་ལ་དྲི་བའི་གཞུང་ནི་བཙུན་པ་གང་གི་ཕ་མ་གཉིས་དུས་ལས་འདས་པར་གྱུར་ཏམ། དུད་འགྲོའི་སྐྱེ་ གནས་སུ་གཏོགས་པར་གྱུར་པ་དེའི་སྐྲ་བྲེག་པ་དགེ་འདུན་ཐམས་ཅད་ལ་ཞུ་བར་བགྱིའམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པའོ། །འོ་ན་ཡུལ་ཐག་ཉེ་བ་ཡང་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱ་ན། ཡུལ་ཐག་རིང་བ་སྨོས་པ་ཅིའི་ཕྱིར་བྱ་ཞེ་ན། དོགས་པ་བསལ་བའི་ཕྱིར་ཏེ། འདི་ལྟར་ཁྱིམ་པ་མོ་ ཞིག་གིས་བུ་རབ་ཏུ་ཕྱུང་བ་མཐོང་ནས། ཁྱོད་ཤཱཀྱའི་བུའི་རྐུན་མ་རྣམས་ཀྱི་ནང་དུ་ཅིའི་ཕྱིར་རབ་ཏུ་བྱུང་ཚུར་ཤོག་འདོང་ཞེས་སྨྲས་ཏེ། དེས་དེ་བཟུང་ནས་ཁྱིམ་དུ་ཁྲིད་ཅིང་དགེ་སློང་རྣམས་ལ་རྐུན་མ་ཞེས་བྱ་བའི་ཚིག་གིས་སྐུར་པ་བཏབ་པས། ལ་ལ་ཡུལ་ཐག་ཉེ་བ་ལ་ནི་ཉེས་དམིགས་དེ་ལྟ་བུ་ཡོད་ཀྱི། ཡུལ་ཐག་རིང་བ་ལ་ནི་ཉེས་པ་མེད་དོ་སྙམ་དུ་དེ་ལྟར་དོགས་པར་གྱུར་པས་ཡུལ་ཐག་རིང་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཁ་ཅིག་ཡང་ཞེས་བྱ་བའི་སྐྲ་གཞན་དུ་རྣམ་པར་འཆད་དེ། ཡང་ཞེས་བྱ་བའི་སྒྲས་ནི་ཡུལ་ཐག་རིང་བ་ཡང་ཞུ་བར་བྱ། ཡུལ་ཐག་ཉེ་བ་ཡང་ཞུ་བར་བྱའོ་ཞེས་བྱ་བར་རྣམ་པར་འཆད་དོ། ། རབ་ཏུ་འབྱུང་བར་འདོད་པ་ཞག་བདུན་བསྲེལ་བར་བྱའོ་ཞེས་སྨྲས་ན། ཟན་སུས་སྦྱིན་པར་བྱ་བ་མ་བསྟན་པས་དེའི་ཕྱིར་རབ་ཏུ་འབྱུང་བར་འདོད་པའི་ཟན་ནི་དགེ་འདུན་གྱིས་བྱིན་ན་རུང་ངོ་ཞེས་བྱ་བ་སྨྲས་ཏེ། རུང་ངོ་ཞེས་སྨོས་པས་ནི། དགེ་འདུན་གྱི་གནང་སྤབས་སྟོན་ཏེ། གལ་ཏེ་གཅིག་ལ་མ་ཞུས་ན་ཡང་ དེའི་ཚེ་སྦྱིན་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཀོལ་བ་ཕ་མས་གནང་ངམ་མཇུག་ནས་ཡུལ་ཐག་རིང་བ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། མེད་དམ་ཞེས་བྱ་བའི་སྒྲ་དེའི་གནས་སུ་ཕ་མས་གནང་ངམ་ཞེས་བྱ་བའི་སྒྲ་བརྗོད་པར་བྱའོ། །བཀོལ་བ་ཞེས་བྱ་བའི་སྒྲ་འདིས་བསྒྲུབ་པར་བྱ་བའི་མིང་ཅན་གྱི་མཇུག་ཐ་ མར་ཡུལ་ཐག་རིང་བ་ནི་མ་གཏོགས་སོ་ཞེས་བྱ་བའི་སྒྲ་འདི་ལྷག་པར་བརྗོད་པར་བྱའོ། །དེ་ལྟར་ན་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་ཕ་མས་གནང་ངམ་ཞེས་དྲི་བར་བྱ་ཞིང་རྫོགས་པར་བསྙེན་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། ཕ་མས་མ་གནང་བ་རབ་ཏུ་དབྱུང་བ་དང་ རྫོགས་པར་བསྙེན་པར་མི་བྱའོ། །ཡུལ་ཐག་རིང་བ་ནི་མ་གཏོགས་སོ། །ཉེ་བར་འོངས་པ་ལ་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བར་འདོད་པ་རབ་ཏུ་འབྱུང་བའི་ཕྱིར་ཉེ་བར་འོངས་པ་ལ་དགེ་ཚུལ་གྱི་མཁན་པོས་ནད་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དེ་ཡང་རབ་ཏུ་འབྱུང་ བའི་སྐབས་ནས་གནང་ངོ་། །ཁྱོད་ལ་ནད་གང་ཡང་རུང་བ་མེད་དམ་ཞེས་བྱ་བར་ཡང་རུང་ངོ་ཞེས་བྱ་བ་ལ། རུང་ངོ་ཞེས་བྱ་བའི་སྒྲ་ནི། ཚིག་ཐ་དད་པར་རྟོགས་པའི་དོན་ཏེ་གཉིས་པོ་དག་ལས་གང་ཡང་རུང་བ་བརྗོད་པར་བྱའོ། །རྫོགས་པར་བསྙེན་པར་བྱེད་པ་དག་གིས་བྱེ་བྲག་ཏུའོ་ཞེས་བྱ་བ་