Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 162

Văn bản gốc(Tây Tạng)

Trang 9 / 26 (50.000 ký tự/trang)
བྱས་སུ་འགྱུར་རོ་ཞེས་བྱ་བའི་
ཐ་ཚིག་གོ། །སངས་རྒྱས་ཀྱི་སྐུ་གདུང་ནི་བཙོང་བར་བྱ་བ་མ་ཡིན་པའི་ཕྱིར་དེ་བརྐུས་ན་ལྟུང་བ་ཇི་ལྟར་རྣམ་པར་གཞག་ཅེ་ན་དེའི་ཕྱིར། དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རིན་ཐང་གདབ་པར་མི་ནུས་པ་རྐུ་བ་དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་
གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་ཏེ། རབ་ཀྱི་མཐར་ཕྱིན་པར་གྱུར་པ་ཉིད་ཡིན་པར་རིག་པར་བྱའོ། །རིན་པོ་ཆེ་གང་གཞལ་བ་དང་ཡོངས་སུ་དཔག་པ་དང་། རིན་ཐང་བརྩི་བར་མི་ནུས་པ་དེ་ནི་གཞལ་དུ་མེད་པའོ། །དེ་ནི་གཞལ་དུ་མེད་པ་ཡང་ཡིན་ལ། རིན་པོ་ཆེ་ཡང་ཡིན་ཏེ། དེའི་དངོས་
པོ་ནི་དེ་ཉིད་དོ། །འདི་སྐད་བསྟན་ཏེ། དཔེར་ན་གཞལ་དུ་མེད་པའི་རིན་པོ་ཆེ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཞིག་རྐུ་སེམས་ཀྱིས་རྐུ་ན་གལ་ཏེ་ཡུལ་དེ་ན་གཞལ་དུ་མེད་པའི་རིན་པོ་ཆེ་དེའི་དོན་གྱིས་རིན་ཐང་ཇི་ལྟ་བ་བཞིན་དུ་རྣམ་པར་གནས་པ་ཡིན་ན་ནི་དེའི་ཚེ་ཕམ་པར་འགྱུར་རོ། །གལ་ཏེ་དེའི་

རིན་ཐང་དེ་བཞིན་རྣམ་པར་གནས་པ་མ་ཡིན་ན་ནི་རིན་ཐང་ཇི་ལྟ་བ་ལས་ལྟུང་བ་རྣམ་པར་གཞག་པ་དེ་བཞིན་དུ། སངས་རྒྱས་ཀྱི་སྐུ་གདུང་གི་རྣམ་པར་གཞག་པ་ཡང་དེ་བཞིན་ནོ། །རྐུ་སེམས་གང་ཡང་རུང་བས་རྐུ་བ་ཐམས་ཅད་དུ་ཕམ་པར་འགྱུར་བ་བསལ་བའི་ཕྱིར། མཆོད་པའི་དོན་ཉིད་དུ་
ན་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། མཆོད་པའི་དོན་མཆོད་པའི་རྒྱུར་གང་རྐུ་བ་དེ་ནི་མཆོད་པའི་དོན་ཏོ། །དེའི་དངོས་པོ་ནི་དེ་ཉིད་དུའོ། །མཆོད་པའི་དོན་དེ་ཉིད་དུ་རྐུ་ན་ཉེས་བྱས་སོ། །འདིར་གཞུང་ནི། ཇི་སྟེ་མཆོད་པའི་དོན་དུ་འདི་ནི་བདག་གི་སྟོན་པའོ། །བདག་གིས་འདི་ལ་བཀུར་སྟི་བྱའོ་
སྙམ་དུ་རྐུ་བར་བྱེད་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །རྐུ་སེམས་ཡོད་དུ་ཟིན་ཀྱང་རེ་ཞིག་དཔེ་བྲི་བར་རྐུ་བ་ནི་ཉེས་པ་མེད་པར་བསྟན་པའི་ཕྱིར། དཔེ་བྲི་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། གང་ལ་བལྟས་ནས་གཞན་དུ་འདྲི་བར་བྱེད་པ་དེ་ནི་དཔེ་བྲི་བའོ། །དེ་ནི་གཞན་ལས་
བརྐུས་ཏེ་བླངས་ཀྱང་ཉེས་པ་མེད་པ་ཉིད་དེ། ལྟུང་བར་འགྱུར་བའི་བྱེད་པ་པོ་ཉིད་མ་ཡིན་ནོ། །གདུབ་ཀོར་ལ་སོགས་པ་གང་དག་བཤིག་སྟེ། རྐུ་བར་བྱེད་པ་དེ་ལ་གནས་སྐབས་གང་དུ་དེའི་རིན་ཐང་བརྩི་བར་བྱ་ཞེ་ན་དེའི་ཕྱིར། བཤིག་སྟེ་རྐུ་བ་ལ་ནི་དེའི་གནས་སྐབས་རྐུ་བའི་དངོས་པོ་ཉིད་ཡིན་
ནོ་ཞེས་བྱ་བ་སྨྲས་ཏེ། གསེར་ལ་སོགས་པའི་རྒྱན་ལ་སོགས་པའི་རྫས་གང་བཤིག་སྟེ་རྐུ་བ་ལ་ནི་བཤིག་པའི་གནས་སྐབས་རྐུ་བའི་དངོས་པོ་ཉིད་དེ་རྐུ་བའི་གཞི་ཉིད་ཡིན་གྱི། མ་བཤིག་པའི་སྔ་རོལ་ནི་མ་ཡིན་ཏེ། དེའི་ཚེ་ན་གཞིག་པ་ཙམ་གྱི་བསམ་པར་ཐད་པའི་ཕྱིར་རོ། །འདི་སྐད་
བསྟན་ཏེ། འཇིག་པའི་གནས་སྐབས་ན་ནི་སྦྱོར་བའི་ལྟུང་བའོ། །བཤིག་པར་གྱུར་ན་ནི་དངོས་གཞིའི་ལྟུང་བར་འགྱུར་རོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་མི་རྣམས་ཀྱི་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་བཤིག་སྟེ་རྐུ་ན་ལྟུང་བ་ཅིར་འགྱུར། བཀའ་སྩལ་པ། རིན་ཐང་བརྩི་བར་
བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་གཞུང་ནི་དེའི་དགོངས་པ་ནི་དེའི་གནས་སྐབས་ཀྱི་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་གླིང་གཞན་དག་ན་རྫས་ལ་ཡོངས་སུ་འཛིན་པ་དང་བཅས་པ་ཉིད་ཡིན་པ་བཞིན་དུ་བྱང་གི་སྒྲ་མི་སྙན་ན་ཡང་དེ་བཞིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་

བྱང་གི་སྒྲ་མི་སྙན་ན་ནི་ཡོངས་སུ་འཛིན་པ་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བྱང་གི་སྒྲ་མི་སྙན་གྱི་རྫས་གང་ཡིན་པ་དེ་ནི་ཡོངས་སུ་འཛིན་པ་མེད་པ་ཉིད་ཡིན་པར་བལྟ་བར་བྱའོ། །ཡོངས་སུ་འཛིན་པ་མེད་ན་དེ་དག་གི་རྫས་ཇི་ལྟར་བརྐུས་པར་རྣམ་པར་གཞག་ཅེ་ན། དེའི་ཕྱིར་
དེ་ནི་རང་གི་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་འཛིན་པ་མེད་པའི་རྫས་དེ་ནི་རང་གི་དང་འདྲ་བར་བལྟ་བར་བྱ་སྟེ། ཇི་ལྟར་རང་གི་རྫས་རྐུ་སེམས་ཀྱིས་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་བ་བཞིན་དུ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཞུ་བའི་སྐབས་འདིས་དངོས་པོའི་སྐབས་
དང་། བདག་པོའི་སྐབས་དང་། རྗེས་སུ་བསྒྲུབ་པའི་སྐབས་དང་། མཐར་ཐུག་པའི་སྐབས་ཞེས་བྱ་བ་རྣམ་པ་བཞི་བསྡུས་པ་དེ་དག་ལས་དེ་ཡན་ཆད་དུ་དངོས་པོའི་སྐབས་བཤད་ཟིན་ཏོ།། །།ཀ་ཀ་ནི་བཞི་ལ་མ་ཤ་ཀའོ་ཞེས་བྱ་བ་ལ་སོགས་པས་དངོས་པོ་བརྟགས་ནས།
ད་ནི་བདག་པོའི་སྐབས་བརྗོད་པར་བྱ་སྟེ། བདག་པོ་ཇི་ལྟ་བུ་བདག་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། དེའི་དུས་ནི་བདག་ཉིད་ཡོད་པ་བདག་པོ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། རྐུ་བ་དེའི་དུས་ཀྱི་ཚེ་ན་སྲིད་པའི་ངོ་བོ་ཉིད་དུ་བདག་ཉིད་ཡོད་པ་གང་ཡིན་པ་དེ་ནི་དེའི་དུས་ན་བདག་ཉིད་ཡོད་པའོ། །དེའི་དུས་
ནི་བདག་ཉིད་ཡོད་པ་གང་ཡིན་པ་དེ་ནི་བདག་པོ་ཉིད་དོ། །འདི་སྐད་བསྟན་ཏེ། རྐུ་བའི་དུས་ན་རྫས་དེའི་བདག་པོ་ལྷ་ཉིད་ལ་སོགས་པའི་ངོ་བོ་ཉིད་དུ་བདག་ཉིད་ཡོད་པ་གང་ཡིན་པ་དེ་ནི་རྫས་དེའི་བདག་པོ་ཉིད་ཡིན་གྱི། འདས་པར་གྱུར་པའམ། ཕྱིས་འབྱུང་བ་གང་ཡིན་པ་དེ་ནི་དེའི་བདག་པོ་
ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་དཔེར་ན། མིས་རང་གི་རྫས་གཏེར་དུ་བཅུག་ནས་ཤི་བ་དང་། དེ་ཉིད་དུ་སྲུང་མ་འདྲེ་ཞིག་སྐྱེས་པ་ན། གལ་ཏེ་དགེ་སློང་གིས་རྫས་དེ་བརྐུས་ན་འདྲེ་ལས་བརྐུས་པར་འགྱུར་གྱི། མིའི་རྒྱུད་ལས་ནི་མ་ཡིན་པ་བཞིན་ཏེ། དེ་བས་ན་
དེ་བརྐུ་བའི་དུས་ན་འདྲེ་ཉིད་རྫས་དེའི་བདག་པོ་ཉིད་ཡིན་པས་ན། དེའི་ཕྱིར་སྦོམ་པོར་འགྱུར་གྱི་ཕམ་པར་ནི་མི་འགྱུར་རོ། །དེས་ན་འདི་ཡང་བསྡུས་པ་ཡིན་ཏེ། མཆོད་རྟེན་ལས་བརྐུས་པ་ཡང་མེའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་མེད་པའི་ཕྱིར། དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །

དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་མཆོད་རྟེན་དང་། མཆོད་རྟེན་གྱི་འཁོར་ས་ནས་རྒྱན་བརྐུས་ན་ལྟུང་བ་ཅིར་འགྱུར། བཀའ་སྩལ་པ། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དཀོར་ཡང་མིའི་
རྒྱུད་དུ་གཏོགས་པ་ཡིན་པའི་ཕྱིར། དེ་བརྐུས་ན་ཕམ་པར་འགྱུར་བར་དོགས་པ་བསལ་བའི་ཕྱིར། མྱ་ངན་ལས་འདས་པ་ནི་ལྷ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཕུང་པོའི་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ལྷ་ཉིད་དུ་བཞེད་དོ། །བརྙན་པ་
ངེས་པར་བྱིན་པ་ཉིད་བཞིན་དུ་ཉེ་བར་སྤྱོད་ན་སྦྱོར་བ་བཞིན་ནོ་ཞེས་བྱ་བ་ནི། ལ་ལ་ཞིག་གིས་དགོས་པ་འགའ་ཞིག་གི་ཕྱིར་དགེ་སློང་གི་གོས་ལ་སོགས་པའི་དངོས་པོ་ཞིག་སྤྱད་པར་བརྙན་པར་གྱུར་པ་ན་དགེ་སློང་དེས་དངོས་པོ་དགོས་པ་འགའ་ཞིག་གི་ཕྱིར་སྤྱད་པར་བརྙན་པ་དེ་ངེས་པར་བྱིན་
པ་ཉིད་བཞིན་དུ་ཉེ་བར་སྤྱོད་དེ། དཔེར་ན་ངེས་པར་བྱིན་པ་གཏན་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་བྱིན་པའི་དངོས་པོ་བདག་ཉིད་དབང་བ་ཉིད་ཀྱིས་བསྲི་བ་མེད་པར་ཉེ་བར་སྤྱོད་པར་བྱེད་པ་དེ་བཞིན་དུ། དགོས་པ་འགའ་ཞིག་གི་ཕྱིར་སྤྱད་པར་བརྙན་པའི་དངོས་པོ་དེ་ཡང་བསྲི་བ་མེད་
པར་ཉེ་བར་སྤྱོད་ན་སྦྱོར་བ་བཞིན་ཏེ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དུ་རྐུ་སེམས་མེད་པས་ནི་ལྟུང་བར་མི་འགྱུར་རོ་ཞེས་ཀྱང་གསུངས་པའི་ཕྱིར། འདིར་ནི་རྐུ་སེམས་ཀྱིས་ཡིན་པར་ཤེས་པར་བྱ་སྟེ། དངོས་པོ་མ་ཚང་བ་ལ་ཉེས་པ་སྦོམ་པོར་རོ་ཞེས་བྱ་བ་
ནི་མ་སྨོས་ཀྱང་གྲུབ་པ་ཡིན་ནོ། །དེ་བས་ན་འདིར་ནི་དངོས་པོ་ཚང་ན་སྦོམ་པོའི་དངོས་གཞིར་འགྱུར་བར་རིག་པར་བྱ་སྟེ། བརྙན་པའི་རྟོག་པའི་དབང་གི་ཕྱིར་དང་། བཞིན་ནོ་ཞེས་བྱ་བའི་སྒྲ་སྨོས་པའི་ཕྱིར་རོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ཁྱིམ་བདག་གི་གོས་བརྙས་པ་བརྟགས་ཏེ་
རྐུ་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་སྟེ་ཁྱིམ་བདག་འདི་སྐད་ཅེས་འཕགས་པ་དག་གིས་འདི་ཁྱོད་ལ་བརྙན་ནོ་ཞེས་ཟེར་ནས་དགེ་སློང་གིས་ངེས་པར་བྱིན་པ་ཉིད་བཞིན་དུ་ཉེ་བར་སྤྱད་ན་ཡང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་དག་འདིར་བསྡུས་སོ། །

གསང་སྔགས་དང་སྨན་དག་གིས་འབུལ་དུ་བཅུག་ན་ཡང་ངོ་ཞེས་བྱ་བ་ནི་རྐུ་སེམས་ཀྱིས་ན་སྦྱོར་བ་བཞིན་ནོ་ཞེས་བྱ་བའི་རྗེས་སུ་སྦྱར་བར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རྐུ་སེམས་ཀྱིས་གསང་སྔགས་དང་སྨན་གྱི་ཐབས་ཀྱིས་འབུལ་དུ་བཅུག་
ན་སྦྱོར་བ་བཞིན་ཏེ། དངོས་གཞིའི་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཆད་པས་བཅད་པའི་རྣམ་པ་ལྟ་བུ་ཡིན་པས་དེས་ན་ཕམ་པར་ནི་མི་འགྱུར་རོ། །འདིར་གཞུང་ནི་ཇི་སྟེ་དེས་གསང་སྔགས་དག་གིས་སམ། མེ་ཏོག་དང་འབྲས་བུ་དག་གིས་
བརྩལ་ནས། ཁྱིམ་བདག་དེ་འདི་སྐད་ཅེས་བདག་གི་འདི་ཁྱོད་ལ་བརྙན་ནོ་ཞེས་ཟེར་ནས་དགེ་སློང་གིས་དེ་ངེས་པར་བྱིན་པ་ཉིད་ཀྱི་འདུ་ཤེས་ཀྱིས་ཉེ་བར་སྤྱད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དབང་དུ་བྱེད་པའི་སྨན་དུ་གྱུར་པའི་མེ་ཏོག་དང་འབྲས་བུ་དག་དེས་བསྡུས་པ་
ཡིན་གྱི། ཡོངས་སུ་ཚིམ་པར་བྱ་བའི་ཕྱིར་བྱིན་པ་གང་ཡིན་པ་དེ་ནི་མ་གཏོགས་ཏེ། དེ་ནི་ལོག་པས་འཚོ་བ་ཡིན་གྱི། མ་བྱིན་པར་ལེན་པར་གཏོགས་པའི་ཁ་ན་མ་ཐོ་བ་ནི་མེད་དོ། །གཞན་གྱི་དོན་ཉིད་དུ་ན་དངོས་གཞིའི་རྣམ་པའོ་ཞེས་བྱ་བ་ལ་གཞན་དག་གི་དོན་ནི་གཞན་གྱི་དོན་ཏོ། །གཞན་
གྱི་དོན་གྱི་དངོས་པོ་ནི་གཞན་གྱི་དོན་ཉིད་དོ། །གཞན་གྱི་དོན་དེ་ཉིད་དུ་ཞེས་བྱ་བ་གཞན་གྱི་ཆེད་ཉིད་དུ་རྐུན་པོ་བདག་གིས་བྱས་པ་མ་སྐྱེས་པས་གང་རྐུ་བར་བྱེད་ན་ཡང་དེ་ལ་དངོས་གཞིའི་རྣམ་པའོ་ཞེས་བྱ་བ་དངོས་གཞིའི་སྦྱོར་བ་སྟེ། དངོས་གཞིའི་ཁ་ན་མ་ཐོ་བར་མ་ཚང་བ་ཉེས་པ་སྦོམ་པོའི་
དངོས་གཞིར་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་མ་བསྒོ་བར་གཞན་གྱི་དོན་དུ་རྐུ་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྟོག་པས་ཀྱང་ངོ་ཞེས་བྱ་བ་ནི། རྟོག་པས་རྐུ་ན་ཡན་ལག་ལྷག་མ་ཡོད་དུ་
ཟིན་ཀྱང་དངོས་གཞིའི་རྣམ་པར་འགྱུར་ཏེ། གང་ལ་ཕམ་པར་འགྱུར་བ་དེ་ལ་ནི་སྦོམ་པོའོ། །གང་ལ་སྦོམ་པོར་འགྱུར་བ་དེ་ལ་ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པའོ། །རྟོག་པ་ནི་རྣམ་པ་གཉིས་ཏེ། ཁ་ཅིག་ནི་ཤགས་འགྱེད་པའི་དུས་ན་ཁ་སད་ཀྱིས་གསོད་པ་ཕ་རོལ་པོའི་ཚིག་གི་

སྐབས་མེད་པར་བྱ་བའི་ཕྱིར་ལན་འདེབས་པ་གང་ཡིན་པ་དེ་རྟོག་པ་དེ་ལྟ་བུ་ལ་ནི་དངོས་གཞི་ཉིད་དུ་འགྱུར་གྱི། དངོས་གཞིའི་རྣམ་པར་མི་འགྱུར་རོ། །ཁ་ཅིག་ནི་རྟོག་པར་བྱེད་པའི་དུས་ཉིད་ན་བསམ་པའི་དབང་གིས་རང་གི་ཡིན་པའི་འདུ་ཤེས་སྐྱེ་སྟེ། འོན་ཀྱང་དེ་ཉེས་པའི་རྣམ་པའི་དོགས་པ་དང་
འབྲེལ་པ་ཡིན་པས་དེས་ན་དེ་ལ་ནི་དངོས་གཞིའི་རྣམ་པར་འགྱུར་གྱི། དངོས་གཞིར་ནི་མི་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། འདི་ནི་བདག་གི་ཡིན་ནོ་སྙམ་པའམ། ཡོངས་སུ་བཟུང་བ་མ་ཡིན་ནོ་སྙམ་པའམ། ལྷ་སྦྱིན་ལ་སོགས་པ་དེས་བདག་ལ་བྱིན་ནོ་སྙམ་པའམ། དེ་ལྟ་བུ་ལ་སོགས་པ་རྟོག་
པ་སྟེ། རྟོག་པ་འདི་ནི་གཞན་གྱིས་ཡོངས་སུ་བཟུང་བ་ལ་སོགས་པའི་འདུ་ཤེས་ཀྱིས་ཉེས་པ་དང་འབྲེལ་པའི་ཕྱིར་དེས་ན་དངོས་གཞིའི་རྣམ་པ་ཡིན་ནོ། །མདོ་འདིའི་ཡུལ་འདི་ལ་འདུ་ཤེས་བཞིན་དུ་ཡིད་གཉིས་ནི་མེད་དེ། གང་ཡང་རུང་བའོ་སྙམ་པ་དེ་ལྟ་བུའི་ཡུལ་ཡིན་པའི་ཕྱིར་རོ། །འདི་ནི་
ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་ངེས་པར་བྱས་ནས་དེ་ལྟ་ན་ཡང་འཇུག་པར་བྱེད་དེ། དེས་ན་ཡུལ་གཞན་ཁོ་ན་ཡིན་ནོ། །གདམས་ཏེ་བཟང་པོ་བརྐུ་བར་འདོད་པ་ལ་ཡང་ངོ་ཞེས་བྱ་བ་ནི། དངོས་གཞིའི་རྣམ་པའོ་ཞེས་བྱ་བར་སྦྱར་ཏེ། གདམས་ཤིང་གདམས་ཤིང་གང་བཟང་བ་དེ་རྐུའོ་
སྙམ་པ་དེ་ལྟར་འདོད་པ་ལ་ཡང་གང་གདམས་པ་ལ་དངོས་གཞིའི་རྣམ་པར་འགྱུར་ཏེ། དེ་ལ་ཡང་ཁ་ན་མ་ཐོ་བ་སྦོམ་པོར་འགྱུར་རོ། །འདིར་ནི་སྐབས་གཞན་དུ་རྐུ་བའི་ཕྱིར་ནོམ་བར་བྱེད་པ་ལ་སྦོམ་པོར་བསྟན་པ་དེ་ལས་ཐ་དད་པའི་སྦོམ་པོ་གཞན་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་མདོ་འདི་བསྟན་ཏེ།
འདི་ལྟར་གཞན་དུ་ནི་ནོམ་པའི་སྔ་རོལ་དུ་ཁྲི་ལས་ལྡང་བ་ལ་སོགས་པའི་ཚེ་ན་ཉེས་བྱས་སོ། །ནོམ་པ་ན་ཉེས་པ་སྦོམ་པོའོ། །གནས་ནས་སྤགས་ན་ཕམ་པར་བསྟན་གྱི། འདིར་ནི་གདམས་ཏེ་ལོགས་ཤིག་ཏུ་བཀར་ཀྱང་རུང་སྟེ། སྦོམ་པོ་ཁོ་ནར་བཞེད་དོ། །དེ་བས་ན་གདམས་པ་ན་ཡང་
སྦོམ་པོ་གཅིག་གོ། །གདམས་ཏེ་རྐུ་བའི་ཆེད་དུ་ནི་ནོམ་པ་ཡང་སྦོམ་པོ་གཞན་གཉིས་པར་འགྱུར་རོ། །རྒྱུན་ལ་དོར་བྱེད་ན་གལ་ཏེ་རྒྱལ་བ་ཉིད་དུ་མི་འགྱུར་བའི་ཚེ་སྦྱོར་བའོ་ཞེས་བྱ་བ་ནི། རྒྱན་ལ་དོར་བྱེད་ན་གལ་ཏེ་དོར་ཏེ་རྒྱལ་བ་ཉིད་དུ་མ་གྱུར་གྱི་བར་དུ་ནི་དོར་ཏེ་སྦྱོར་བར་འགྱུར་རོ། །དེ་ལ་

དེ་ནི་བརྐུས་པ་ཡིན་ནོ་ཞེས་བྱ་བ་ནི། རྒྱན་དེ་ལ་དོར་གྱིས་རྒྱལ་བ་ཉིད་དུ་གྱུར་པ་དེ་ནི་བརྐུས་པ་ཡིན་པར་རིག་པར་བྱའོ། །གྲངས་ལ་ནི་དེའིའོ་ཞེས་བྱ་བ་ནི། གྲངས་རྩིས་ལས་དོར་བྱས་པ་ལ་ནི་སྦྱོར་བ་དེའི་སྦྱོར་བའོ་ཞེས་བྱ་བར་རིག་པར་བྱ་སྟེ། དངོས་གཞིའི་
སྦྱོར་བ་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གྲངས་ཀྱི་སྐབས་སུ་དོར་བྱེད་པ་ནི་ཉེས་བྱས་ཡིན་གྱི་སྦོམ་པོར་མི་འགྱུར་རོ། །གཞན་དུ་ཡང་སྦྱོར་བའི་སྦྱོར་བ་ཉིད་བསྟན་པའི་ཕྱིར། མཚན་མ་ཕྱིས་པ་དང་བསྣན་པ་གཉིས་དང་གནས་གཞན་དུ་གཞག་པ་ཡང་དེ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ།
མཚན་མ་ཞེས་བྱ་བ་ནི། ཤོད་ཐབས་དང་ཁྲམ་ཐབས་ལ་སོགས་པའི་གཅིག་ལ་སོགས་པའི་རྟགས་ཀྱི་མཚན་མའོ། །དེ་ཕྱིས་པ་ཞེས་བྱ་བ་ནི་མེད་པར་བྱས་པའོ། །བསྣན་པ་ཞེས་བྱ་བ་ནི་ལྷག་པར་བསྣན་པ་གང་ཡིན་པ་སྟེ། ཕྱིས་པ་དང་བསྣན་པ་དེ་གཉིས་ཀྱང་དོར་བྱེད་པ་ཉིད་དོ། །སྦྱོར་
བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་འབའ་ཞིག་དེ་ཉིད་ཡིན་པར་མ་ཟད་དེ། འདི་ལྟར་མཚན་མ་དེ་ཤོད་མིག་དང་ཁྲམ་གྱིས་ལ་སོགས་པའི་གནས་གང་ན་འདུག་པའི་གནས་དེ་ནས་གནས་གཞན་དུ་ལྟག་འོག་བསྣོར་ཞིང་གཞག་པ་ཡང་དེ་ཉིད་དེ་དོར་བྱེད་པ་ཉིད་དེ། མདོ་
འདི་ནི་གནས་སྐབས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་གྱི། རྒྱན་དང་གྲངས་འབའ་ཞིག་གི་དབང་དུ་བྱས་པ་ནི་མ་ཡིན་ནོ། །དེ་བས་ན་གླེགས་བུ་ལ་བྲིས་པ་ལ་སོགས་པའི་མཚན་མ་ཤོད་ཐབས་དང་ཁྲམ་ཐབས་དང་ཡིག་འབྲུ་དང་མདོ་རིས་ལ་སོགས་པ་ཕྱིས་པ་དང་བསྣན་པ་དང་། གནས་གཞན་དུ་སྤོས་པ་ཡང་ཉེས་བྱས་ཉིད་
དོ། །དེ་ལ་གྲུབ་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ལ་ནི་གྲངས་ལའོ། །གྲུབ་པ་ན་ཞེས་བྱ་བ་ནི་ནོར་ཐོབ་པ་ན་སྟེ། དེའི་ཚེ་ན་བརྐུས་པ་ཡིན་ནོ། །དེ་ལྟར་ན་འདིར་གྲངས་ཀྱི་སྐབས་སུ་དོར་བྱེད་པ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་ཉིད་དོ། །ཐོབ་པར་བྱ་བའི་ཕྱིར་དེའི་འོག་ཏུ་རྩོལ་
བའི་སྦྱོར་བ་ཉིད་དེ་སྦོམ་པོའོ། །ཐབས་གང་ཡང་རུང་བས་ཐོབ་པའི་ཚེ་ན་ནི་བརྐུས་པ་ཉིད་ཡིན་ནོ། །གཞན་དུ་ཡང་སྦྱོར་བའི་སྦྱོར་བ་དང་བརྐུས་པ་དེ་ཉིད་འདྲ་བར་སྦྱར་བའི་ཕྱིར། ཚོམས་གཞན་དུ་བགྲང་བ་ལ་ཡང་དེ་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། ཚོམས་ཅིག་ཤོས་ཀྱི་ནང་དུ་ཡང་བདག་

ཉིད་བགྲངས་ན་ཡང་རྙེད་པའི་ཕྱིར་བདག་ཉིད་ཚོམས་གཞན་དུ་བགྲང་བ་ཡང་དེ་དང་འདྲ་སྟེ། གྲངས་ཀྱི་སྐབས་སུ་དོར་བྱེད་པ་དང་འདྲ་བར་བལྟ་བར་བྱའོ། །འདིར་ཡང་བགྲང་བ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་ཉིད་དོ། །གྲུབ་པའི་ཚེ་ནི་བརྐུས་པ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་དགེ་སློང་
གིས་རེ་ཞིག་བདག་ཉིད་ཚོམས་གཉི་གར་བགྲང་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་སྦྱོར་བའི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །སྔ་མ་ཉིད་ཕྱི་མ་དག་ལ་ཡང་ཕྱི་མ་ཉིད་སྔ་མ་དག་ལ་བསྙོན་པ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲ་ནི་དེ་དང་འདྲའོ་ཞེས་བྱ་བའི་རྗེས་སུ་བསྙགས་པའི་
ཕྱིར་རོ། །ཚོམས་སྔ་མ་ཤོས་ཀྱི་དངོས་པོ་ནི་སྔ་མ་ཉིད་དོ། །ཚོམས་སྔ་མ་ཉིད་གང་དུ་དེས་བདག་ཉིད་སྔར་བགྲངས་ཟིན་པའི་ཚོམས་དེ་བསྙོན་པ་གང་ཡིན་པའོ། །གང་དག་ལ་བསྙོན་ཞེ་ན་དེའི་ཕྱིར། ཕྱི་མ་དག་ལ་ཞེས་བྱ་བ་སྨྲས་ཏེ། སྔར་བགྲངས་པའི་ཚོམས་ལས་གཞན་པའི་ཚོམས་ཕྱི་མ་
གཞན་དག་ལ་བསྙོན་ཞེས་བྱ་བའི་ཐ་ཚིག་གོ། །ཚོམས་ཕྱི་མ་ཤོས་ཀྱི་དངོས་པོ་ནི་ཕྱི་མ་ཉིད་དེ། ཚོམས་ཕྱི་མ་ཉིད་གང་དུ་དེས་བདག་ཉིད་ཕྱིས་ཀྱང་བགྲངས་པར་གྱུར་པའི་ཚོམས་དེ་ཡང་བསྙོན་པ་གང་ཡིན་པ་སྟེ། གང་དག་ལ་བསྙོན་ཞེ་ན་དེའི་ཕྱིར། སྔ་མ་དག་ལ་ཞེས་བྱ་བ་སྨྲས་ཏེ། ཚོམས་
གང་དུ་དེས་བདག་ཉིད་སྔར་བགྲངས་ཟིན་པའི་ཚོམས་དེར་གཏོགས་པའི་གང་ཟག་དག་ལ་བསྙོན་པའོ། །བསྙོན་པ་དེ་ཡང་དེ་དང་འདྲ་སྟེ། གྲངས་ཀྱི་སྐབས་སུ་དོར་བྱེད་པ་དང་འདྲ་བར་བལྟ་བར་བྱའོ། །འདིར་ཡང་བསྙོན་པ་ནི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །གྲུབ་པའི་ཚེ་ནི་བརྐུས་པ་ཉིད་
དོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་བདག་ཉིད་བགྲང་དུ་སྩལ་ནས་བསྙོན་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་སྦྱོར་བའི་ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ། །དེའི་རྙེད་པ་ཚོམས་གང་ལས་བླང་བར་བྱ་ཞེ་ན་དེའི་ཕྱིར། སྐལ་བ་ཉིད་ན་དེ་དག་གང་དུ་ཐམས་ཅད་ཀྱི་དང་
པོར་བགྲངས་པ་དེར་རོ་ཞེས་བྱ་བ་སྨྲས་ཏེ། དེའི་སྐལ་བ་ཉིད་ནི་ཚོམས་དེ་དག་གང་དུ་ཚོམས་ཐམས་ཅད་ཀྱི་དང་པོར་བགྲངས་པ་དེར་གཏོགས་སོ། །དེ་ཚོམས་གང་དུ་ཐམས་ཅད་ཀྱི་དང་པོར་བགྲངས་པ་དེར་སྐལ་བ་ཉིད་དབང་སྟེ། ཚོམས་དེ་ལས་སྐལ་བ་བླངས་པ་ལ་ནི་ལྟུང་བ་མེད་དོ། །མི་

དབང་བ་དབང་བར་སྒྲོགས་པ་ཡང་ངོ་ཞེས་བྱ་བ་ལ་མི་དབང་བ་ཞེས་བྱ་བ་ནི། སྐལ་བ་མི་དབང་བའི་གང་ཟག་སྟེ། དེ་ཡང་འདིར་གཏོགས་སོ་ཞེས་དབང་བར་སྒྲོགས་ཤིང་སྨྲ་ན། དེ་ཡང་དེ་དང་འདྲ་སྟེ་གྲངས་ཀྱི་སྐབས་སུ་དོར་བྱེད་པ་དང་འདྲ་བར་བལྟ་བར་བྱའོ། །
འདིར་ཡང་དབང་བར་སྒྲོགས་པ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །གྲུབ་པའི་ཚེ་ན་ནི་བརྐུས་པ་ཉིད་དོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་རྙེད་པ་གློ་བུར་བ་མི་དབང་བ་ལས་བདག་ཀྱང་དབང་ངོ་ཞེས་དབང་བར་སྒྲོགས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་སྦྱོར་བའི་
ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ། །མ་བསྒོ་བར་སློང་བ་ཡང་ངོ་ཞེས་བྱ་བ་ཡང་གྲངས་ཀྱི་སྐབས་སུ་དོར་བྱེད་པ་དང་འདྲ་བར་བལྟ་བར་བྱ་སྟེ། འདིར་ཡང་མ་བསྒོ་བར་སློང་བ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །གྲུབ་པའི་ཚེ་ན་ནི་བརྐུས་པ་ཉིད་དོ། །འདིར་གཞུང་ནི་བཙུན་པ་དགེ་
སློང་ཁྱིམ་བདག་གི་མདུན་དུ་མཆིས་པས་རེ་ཞིག་དེ་ཁྱིམ་བདག་དེའི་ཉེ་དུའི་ཐད་དུ་མཆིས་ནས་ཁྱིམ་བདག་ན་རེ་འདི་སྐད་ཅེས་དངོས་པོ་ཆེ་གེ་མོ་ཞིག་དང་མང་གེ་མོ་ཞིག་བྱིན་ཅིག་ཅེས་ཟེར་རོ་ཞེས་བགྱིས་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་སྦྱོར་བའི་ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ།། །།
བམ་པོ་བཅུ་གཅིག་པ། བརྙས་པ་དང་བསྐྱིས་པ་དང་གཏམས་པ་རྣམས་བསྙོན་པ་ནི་སྦྱོར་བའོ་ཞེས་བྱ་བ་ནི་བརྙས་པ་དང་བསྐྱིས་པ་དང་གཏམས་པ་རྣམས་བསྙོན་པ་ནི་སྦྱོར་བ་སྟེ་སྦོམ་པོར་རིག་པར་བྱའི་སྦྱོར་བའི་སྦྱོར་བ་ཉེས་བྱས་ནི་མ་ཡིན་ཏེ། འདིར་བརྣོག་ཅིང་མི་སྦྱིན་པར་ངེས་ན་ནི་བརྐུས་པ་
ཉིད་ཡིན་པར་བཞེད་དོ། །དེ་ལ་བརྙས་པ་ཞེས་བྱ་བ་ནི་བརྙན་པོ་ཁུགས་པའོ། །བསྐྱིས་པ་ཞེས་བྱ་བ་ནི་སྐྱིན་པ་སྦྱིན་ནོ་ཞེས་སྔ་ཤུགས་སུ་ཐོབ་པའོ། །གཏམས་པ་ཞེས་བྱ་བ་ནི་གཏད་དེ་གཞག་པའོ། །བརྣོགས་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ནི། བརྙས་པ་ལ་སོགས་པས་དེ་དག་གི་
ཚེ་བརྣོག་ཅིང་མི་སྦྱིན་པར་ངེས་པ་དེའི་ཚེ་ན་བརྐུས་པ་ཡིན་ནོ། །གང་གི་ཚེ་བརྐུའོ་མ་འོན་ཏེ་བཏང་སྙམ་དུ་ཡིད་གཉིས་ཟ་བར་གྱུར་པ་དེའི་ཚེ་ན་ནི་གནས་ནས་སྤོ་བར་བྱེད་ཅིང་དངོས་པོ་ཚང་བར་ཡིན་དུ་ཟིན་ཀྱང་སྦོམ་པོར་འགྱུར་གྱི། ཕམ་པར་ནི་མི་འགྱུར་ཏེ། རྐུ་བར་ངེས་པ་མེད་པའི་

ཕྱིར་རོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་གཡར་བ་བསྙོན་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ། །བསྐྱིས་པ་བསྙོན་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ། །དེ་གཉིས་ལན་འགའ་མཐར་གྱུར་པ་ཡང་ཡོད་དེ། གང་གི་ཚེ་བརྣོགས་པ་ནའོ། །དགེ་སློང་གི་
ཐད་དུ་གཞན་གྱིས་གཏམས་ཏེ་གཞག་པ་དེ་ལེན་པའི་ཚེ་བསྙོན་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ། །ལན་འགའ་ནི་མཐར་འགྱུར་ཏེ་གང་གི་ཚེ་བརྣོགས་པ་ནའོ་ཞེས་གསུངས་པ་ཡིན་ནོ། །གཏམས་པ་ནི་རྣམ་པ་གཉིས་ཏེ། བདག་པོས་མི་ཤེས་པར་ཞལ་ཏ་པ་ཉིད་ཀྱིས་རང་
གིས་སྦས་པ་དང་། ཞལ་ཏ་བའི་མངོན་སུམ་དུ་བདག་པོ་ཉིད་ཀྱིས་རང་གིས་སྦས་པའོ། །དེ་ལ་བདག་པོས་མི་ཤེས་པར་ཞལ་ཏ་པ་རང་ཉིད་ཀྱིས་རང་གིས་སྦས་པ་ནི་གང་གི་ཚེ་བརྣོགས་པ་དེའི་ཚེ་ཁོ་ན་བརྐུས་པར་འགྱུར་ཏེ། དེ་ཡང་མདོ་སྔ་མར་གཏམས་པ་ཞེས་སྨོས་པ་ཉིད་ཀྱིས་བསྟན་པ་
བཞིན་དུ་བརྗོད་དོ། །ཞལ་ཏ་བའི་མངོན་སུམ་དུ་བདག་པོ་ཉིད་ཀྱིས་རང་གིས་སྦས་པ་ནི་གནས་གང་དུ་གཞག་པ་དེར་བརྣོགས་པ་ཙམ་གྱིས་བརྐུས་པ་ཁོ་ནར་མི་རུང་སྟེ། འདི་ལྟར་གལ་ཏེ་གནས་ནས་སྤོ་བར་བྱེད་པ་ན་བརྐུས་པ་ཡིན་པར་བསྟན་པའི་ཕྱིར། གཏམས་པ་སྦས་པ་ལ་གལ་
ཏེ་སྤོ་བ་དང་ལྷན་ཅིག་ཏུ་དང་སྤོས་པའི་འོག་ཏུ་དང་། གལ་ཏེ་སྔར་ན་ནི་སྦྱོར་བ་གཞན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཞལ་ཏ་པའི་མངོན་སུམ་དུ་བདག་པོ་ཉིད་ཀྱིས་རང་གི་གནས་གང་དུ་གཏམས་པ་སྦས་པ་ལ་ནི་གལ་ཏེ་ཞལ་ཏ་པས་གནས་ནས་སྤོ་བ་དང་ལྷན་ཅིག་ཏུ་བརྣོག་པར་བྱེད་ན་ནི་དེའི་ཚེ་ཁ་
ན་མ་ཐོ་བ་ཡོངས་སུ་རྫོགས་པ་ཡིན་ནོ། །ཅི་སྟེ་སྔར་གནས་ནས་སྤོ་བར་བྱེད་ལ། སྤོས་པའི་འོག་ཏུ་བརྣོག་པར་བྱེད་ན་ནི་དེ་ལྟར་བརྣོགས་པའི་ཚེ་ཁོ་ན་ནི་བརྐུས་པར་འགྱུར་རོ། །གལ་ཏེ་གནས་ནས་སྤོ་བའི་སྔ་རོལ་དུ་སྔར་བརྣོག་པར་བྱེད་ན་ནི་དེའི་ཚེ་ན་བརྣོགས་པ་དེ་སྦྱོར་བ་གཞན་ཉིད་ཡིན་ཏེ།
སྦོམ་པོ་གཞན་ཐ་དད་གཅིག་ཡིན་པར་རིག་པར་བྱའོ། །དེ་བས་ན་བརྣོགས་པ་དེ་ནི་བསྙོན་པ་ལས་སྦྱོར་བ་ཐ་དད་པ་གཞན་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་གལ་ཏེ་སྔར་བརྣོག་པར་བྱེད་ལ་ཕྱིས་བསྙོན་ན་དེ་ལྟ་ན་བརྣོགས་པ་དེ་བསྙོན་པས་བར་དུ་ཆོད་པས་སྦྱོར་བ་ཉིད་དེ་བརྣོགས་པ་ནི་

དངོས་གཞིའི་རྣམ་པ་སྦོམ་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གོ་རིམས་འདི་ལ་ནི་སྦྱོར་བ་གཉིས་ཏེ། བརྣོགས་པ་དང་བསྙོན་པའོ། །ཇི་སྟེ་སྔར་བསྙོན་པར་བྱེད་ལ་ཕྱིས་བརྣོག་པར་བྱེད་ན་ནི་དེའི་ཚེ་བསྙོན་པ་དེ་བརྣོགས་པས་བར་དུ་ཆོད་པའི་ཕྱིར་སྦྱོར་བའི་སྦྱོར་བ་
ཉིད་དེ། བསྙོན་པ་ནི་རྟོག་པའི་སྦྱོར་བ་ཡིན་བའི་ཕྱིར་རོ། །བརྣོགས་པའི་ཚེ་ན་ནི་སྦྱོར་བ་ཉིད་དེ་སྦོམ་པོའོ། །གནས་ནས་སྤགས་པའི་ཚེ་ན་ནི་བརྐུས་པ་ཉིད་དོ། །འདིར་གཞུང་ནི་དགེ་སློང་གི་ཐད་དུ་གཞན་གྱིས་གཏམས་ཏེ་གཞག་པ་དེ་ལེན་པའི་ཚེ་ན་བསྙོན་ན་ཉེས་པ་སྦོམ་པོར་འགྱུར་རོ། །
ལན་འགའ་ནི་མཐར་ཡང་འགྱུར་ཏེ། གང་གི་ཚེ་བརྣོག་བར་བྱེད་ཅིང་དངོས་པོ་ཚང་ན་ནི་མཐར་འགྱུར་རོ། །གལ་ཏེ་མཚང་ན་ཉེས་པ་སྦོམ་པོར་རོ། །སྔར་བརྣོག་པར་བྱེད་ཅིང་ཕྱིས་གནས་ནས་སྤོ་བར་བྱེད་ན། བརྣོག་པའི་ཚེ་ཉིད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཇི་སྟེ་སྔར་གནས་ནས་
སྤོ་བར་བྱེད་ཅིང་ཕྱིས་བརྣོག་པར་བྱེད་ན་དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྒྱིད་པ་གཅོད་པ་དང་གསོད་པ་ཞེས་བྱ་བ་འདི་གཉིས་སྔར་ཆུད་གཟན་པ་ཞེས་མདོ་ལས་སྨོས་པའི་ཁོངས་སུ་གཏོགས་པར་བསྟན་པའི་ཕྱིར་
སྒྱིད་པ་གཅོད་པ་དང་གསོད་པ་ནི་ཆུད་གཟན་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བ་ལང་ལ་སོགས་པ་དག་གི་པུས་མོ་ལྷ་ངའི་བར་གྱི་ཐོང་རྒྱུད་ཀྱི་ཆུབ་ནི་སྒྱིད་པ་ཞེས་བྱའོ། །བ་ལང་ལ་སོགས་པ་སྲོག་དང་བྲལ་བར་བྱེད་པ་ནི་གསོད་པའོ། །དགྲ་ལ་སོགས་པའི་རྐྱེན་གྱིས་རིངས་དྲགས་པ་བྱུང་བ་ན་བ་
ལང་ལ་སོགས་པ་ཆད་པ་ལ་སོགས་པས་བདའ་བ་ལ་སོགས་པར་མ་ནུས་པ་དག་སུ་ལ་ཡང་ཕན་པར་མ་གྱུར་ཅིག་ཅེས་སྒྱིད་པ་གཅོད་པ་དང་གསོད་པར་བྱེད་པ་ནི་ཆུད་གཟན་པ་ཡིན་པར་རིག་པར་བྱ་སྟེ། དེ་ཡང་སྔར་མདོ་ལས་བདག་གིར་མ་བྱས་པར་སྦས་པ་དང་ཆུད་གཟན་པ་དང་ཟིན་པ་བཏང་བ་ལ་
སོགས་པས་བྲལ་བར་བྱེད་ན་ཡང་ངོ་ཞེས་སྨོས་པའི་ཆུད་གཟན་པ་ཞེས་བྱ་བ་དེའི་ཁོངས་སུ་འདི་གཉིས་ཀྱང་གཏོགས་པ་ཉིད་དུ་རིག་པར་བྱའོ། །དེའི་ཕྱིར་འདི་གཉིས་ནི་དངོས་པོ་ཚད་དུ་ཟིན་ན་ཡང་ཉེས་པ་སྦོམ་པོར་འགྱུར་གྱི་ཕམ་པར་ནི་མི་འགྱུར་པར་ཤེས་པར་བྱའོ། །འདིར་སྒྱིད་པ་

གཅོད་པ་ཞེས་སྨོས་པ་ནི་དཔེ་ཙམ་སྟེ། རྩིབ་མ་གཅོད་པ་ལ་སོགས་པ་གནོད་པ་བྱེད་པ་གཞན་དག་ཀྱང་དེ་བཞིན་དུ་རིག་པར་བྱའོ། །འདིར་གཞུང་ནི་ཇི་སྟེ་ཕན་པར་མ་གྱུར་ཅིག་ཅེས་གསོད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཇི་སྟེ་ཕན་པར་མ་གྱུར་ཅིག་ཅེས་སྒྱིད་པ་གཅོད་
པར་བྱེད་ན་ཡང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཚམས་ཀྱི་ནམ་མཁའ་ལས་ཤོ་གམ་འདྲལ་ན་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བ་ལ་མཚམས་དང་འབྲེལ་པའི་ནམ་མཁའ་གང་ཡིན་པ་དེ་ནི་མཚམས་ཀྱི་ནམ་མཁའོ། །དེ་ནས་ཤོ་གམ་འདྲལ་བ་
ནི་ཤོ་གམ་གཞལ་དགོས་པའི་རྫས་མཚམས་དེ་ནས་ནམ་མཁའ་ལས་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པའོ། །དེ་ལྟར་བྱེད་ན་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བ་ལ་སྦོམ་པོར་བྱེད་པས་ན་སྦོམ་པོའི་དབང་དུ་བྱས་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །འདི་སྐད་བསྟན་
ཏེ། གལ་ཏེ་དགེ་སློང་ཤོ་གམ་གྱི་མཚམས་སུ་ཕྱིན་པས་ཤོ་གམ་གཞལ་དགོས་པའི་རྫས་ལུས་ཀྱི་བརྩལ་བ་མདའ་འཕང་བ་ལ་སོགས་པས་སམ། ངག་གི་བརྩལ་བ་གསང་སྔགས་ཀྱི་བཟླས་བརྗོད་ལ་སོགས་པས་སམ། ཡིད་ཀྱི་བརྩལ་བ་མངོན་པར་ཤེས་པ་ལས་བྱུང་བ་མ་གཏོགས་
པའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ལ་སོགས་པ་དག་གིས་ཤོ་གམ་གྱི་ས་ནས་ནམ་མཁའ་ལས་འདའ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཤོ་གམ་ལ་ཡང་མ་ཤ་ཀ་ལྔ་ལ་སོགས་པའི་དངོས་པོར་མ་ཚང་བ་དེ་ཉེས་པ་སྦོམ་པོ་ཡིན་ནོ། །གང་གི་ཚེ་དགེ་སློང་ནམ་མཁའ་ཁོ་ན་ལ་
རྣམ་པར་གནས་པས་ཤོ་གམ་གྱི་སའི་ཕྱི་རོལ་གྱི་མཚམས་ནས་ནམ་མཁའ་ལ་ཤོ་གམ་གཞལ་དགོས་པའི་རྫས་ཤོ་གམ་གྱི་ས་ལས་འདའ་བར་བྱེད་པ་དེ་ལ་ལྟུང་བ་མེད་དོ། །ཁ་ཅིག་འདི་སྐད་ཅེས་ཟེར་ཏེ་དགེ་སློང་ཤོ་གམ་གྱི་མཚམས་ཀྱི་ཕྱི་རོལ་ན་འདུག་པས་ཤོ་གམ་གཞལ་དགོས་པའི་
རྫས་སྔར་བསྟན་པའི་ཐབས་ཀྱིས་ནམ་མཁའ་ལས་ཤོ་གམ་གྱི་ས་ལས་འདའ་བར་བྱེད་ན་ཡང་ཉེས་པ་སྦོམ་པོར་འགྱུར་ལ། ཤོ་གམ་གྱི་མཚམས་ཀྱི་ནང་ནས་གལ་ཏེ་ནམ་མཁའ་ལས་འདའ་བར་བྱེད་ན་ནི་དེའི་ཚེ་ཕམ་པར་འགྱུར་རོ་ཞེས་ཏེ། དེ་ནི་དེ་ལྟར་མི་བཞེད་དེ་རྒྱལ་པོ་དག་ནི་ས་ལ་དབང་བ་

ཡིན་གྱི། ནམ་མཁའ་ལ་མ་ཡིན་པས་གལ་ཏེ་མཚམས་སུ་ཕྱིན་པར་མ་གྱུར་ན་དེའི་ཚེ་གཞལ་བ་ཉིད་ཀྱང་མི་འབྱུང་ན་ལྟུང་བར་འགྱུར་བ་འབྱུང་རེ་སྐན། རྫུ་འཕྲུལ་གྱིས་ཁྱེར་བ་ལ་ནི་ཉེས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཤོ་གམ་འདྲལ་ན་ཡང་ཞེས་བྱ་བར་སྦྱར་རོ། །དགེ་
སློང་ཤོ་གམ་གྱི་མཚམས་ཀྱི་ནང་དུ་ཕྱིན་པས་བསྒོམས་པ་ལས་བྱུང་བའི་རྫུ་འཕྲུལ་གྱིས་ཤོ་གམ་གཞལ་དགོས་པའི་རྫས་ནམ་མཁའ་ལས་སམ་གང་ཡང་རུང་བས་ཤོ་གམ་གྱི་ས་ལས་འདས་པར་བྱེད་ན་དེ་ལ་ནི་ལྟུང་བ་མེད་དེ། དེ་ལ་རྐུ་སེམས་མེད་པའི་ཕྱིར་རོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་
རེ་ཞིག་ནམ་མཁའ་ལས་ཤོ་གམ་འདའ་བར་བགྱིད་ན་ལྟུང་བ་ཅིར་འགྱུར། གལ་ཏེ་རྫུ་འཕྲུལ་གྱིས་འདའ་བར་བྱེད་ན་ནི་ལྟུང་བ་མེད་དོ། །ཇི་སྟེ་རྣམ་པ་གཞན་དག་གིས་ན་ཉེས་པ་སྦོམ་པོར་གསུངས་པ་ཡིན་ནོ། །མཚམས་གཞན་དུ་ཡང་ངོ་ཞེས་བྱ་བ་ནི་ཤོ་གམ་འདྲལ་ན་ཡང་ཉེས་པ་
མེད་པ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །མཚམས་གཞན་དུ་ཞེས་བྱ་བ་ནི། ཤོ་གམ་གྱི་མཚམས་གང་ཡིན་པ་ལས་གཞན་པའི་མཚམས་སུ་སྟེ། དེར་ཤོ་གམ་འདྲལ་ན་ཡང་ཉེས་པ་མེད་པ་ཉིད་དེ། ལྟུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བསྒོ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། ཤོ་གམ་
འདྲལ་བ་ཞེས་བྱ་བར་སྦྱར་ཏེ། གཞན་ལ་ཤོ་གམ་དྲོལ་ཅིག་ཅེས་བསྒོ་བ་གང་ཡིན་པ་དེ་ནི་ཉེས་བྱས་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་ཤོ་གམ་གྱི་སར་ཕྱིན་པ་ཡང་རུང་མ་ཕྱིན་པ་ཡང་རུང་བས། གཞན་དག་ས་དེར་འགྲོ་བ་ལས་བཟློག་པར་བྱ་བའི་ཕྱིར་ཤོ་གམ་གྱི་
ས་དེ་ནས་གཡས་གཡོན་དུ་འགྲོ་བའམ་ཕྱིར་བཟློག་པར་བསྒོ་ན། སྒོ་བར་བྱེད་པའི་དགེ་སློང་དེ་ལ་ཉེས་བྱས་སུ་འགྱུར་རོ། །ལམ་གཞན་སྟོན་པ་ཡང་ངོ་ཞེས་བྱ་བ་ཡང་ཤོ་གམ་དྲལ་བའི་ཞེས་བྱ་བར་སྦྱར་ཏེ། ཤོ་གམ་དྲལ་བའི་ལམ་གཞན་སྟོན་པ་གང་ཡིན་པ་དེ་ལ་ཡང་ཉེས་བྱས་སུ་འགྱུར་
རོ། །འདི་སྐད་བསྟན་ཏེ། དགེ་སློང་ཤོ་གམ་གྱི་སར་ཕྱིན་ཀྱང་རུང་བ་མ་ཕྱིན་ཀྱང་རུང་བ་གང་གཞན་དག་ཕྱིར་ལྡོག་པར་བྱ་བའི་ཕྱིར་རམ་གཡས་གཡོན་དུ་འགྲོ་བར་བྱ་བའི་ཕྱིར་འགྲོ་བའི་ཆེད་དུ་ལམ་གཞན་སྟོན་པར་བྱེད་ན། ལམ་གཞན་སྟོན་པར་བྱེད་པ་དེ་ལ་ཉེས་བྱས་སུ་འགྱུར་རོ་

ཞེས་བྱ་བའི་ཐ་ཚིག་གོ། །ཐབས་ཀྱིས་བརྗོད་པ་ན་ཕྲ་མོར་རོ་ཞེས་བྱ་བ་ནི། བསྒོ་བ་དང་ལམ་གཞན་སྟོན་པ་དེ་གཉིས་ཀ་དངོས་སུ་མི་བྱེད་པར་ཐབས་ཀྱིས་བརྗོད་པ་གང་ཡིན་པ་དེ་ནི་ཉེས་བྱས་ཕྲ་མོར་འགྱུར་བར་རིག་པར་བྱའོ། །ཐབས་ཀྱིས་བརྗོད་པ་ཞེས་བྱ་བ་ནི་ཟུར་གྱི་ས་སྨྲ་བ་སྟེ་
དཔེར་ན་འདྲོན་པ་གང་དག་ལ་ཤོ་གམ་གཞལ་དགོས་པའི་རྫས་བདོག་པ་དེ་དག་གི་དབུས་སུ་དགེ་སློང་གིས་སྤྱིར་འདི་སྐད་ཅེས་གང་སུ་དག་མཚན་མོ་ནམ་ཕྱེད་ན་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་དེ་དག་ལ་ནི་ཤོ་གམ་གཞལ་དགོས་པ་མེད་དོ་ཞེས་ཟེར་ཞིང་འདི་ལྟ་འདི་ལྟར་གྱིས་ཤིག་
ཅེས་གསལ་བར་དངོས་སུ་མི་སྨྲ་བ་ལྟ་བུ་སྟེ། དེ་ལ་ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལམ་གོལ་བ་ནི་ལམ་འདྲའོ་ཞེས་བྱ་བ་ནི་ལམ་གོལ་བ་ནི་ལམ་དང་མཚུངས་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་ཤོ་གམ་གྱི་སར་ཕྱིན་པས་ལམ་ནས་མ་
འདས་པར་ཤོ་གམ་གཞལ་དགོས་པའི་རྫས་འདའ་བར་བྱེད་ན་ཇི་ལྟར་ལམ་དྲང་པོ་ནས་འདའ་བར་བྱེད་པ་དང་འདྲ་བར་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །ཁ་དང་ཚེམ་བུ་ནི་སྐུངས་གཞན་དང་འདྲའོ་ཞེས་བྱ་བ་ནི། ཇི་ལྟར་སྒྲོ་བ་དང་དགལ་ལ་སོགས་པའི་སྐུངས་གཞན་གྱིས་ཤོ་གམ་
གཞལ་དགོས་པའི་རྫས་རྐུའམ་འདའ་བར་བྱེད་ན་ཕམ་པར་འགྱུར་བ་ལ་སོགས་པའི་ཉེས་པར་འགྱུར་བ་དེ་བཞིན་དུ་ཁ་དང་ཚེམ་བུའི་ནང་དང་བར་དུ་བཅུག་སྟེ་རྐུ་བ་འདའ་བར་བྱེད་པ་ཡང་དངོས་པོ་ཇི་ལྟ་བ་བཞིན་དུ་ཉེས་པར་འགྱུར་ཏེ། གཞན་དུ་མ་ཡིན་ནོ་ཞེས་འདྲ་བར་བསྟན་པའི་ཕྱིར་
མདོ་འདི་བཤད་དོ། །གཞན་དག་འདི་སྙམ་དུ་ཇི་ལྟར་ལུས་དང་ཚེམ་བུ་ལ་ཤོ་གམ་མེད་པ་བཞིན་དུ་ལུས་དང་ཚེམ་བུའི་ནང་དུ་བཅུག་པའི་རྫས་ལ་ཡང་དེ་བཞིན་ནོ་སྙམ་དུ་སེམས་པ་བཟློག་པའི་ཕྱིར་འདྲ་བར་བསྟན་པ་འདི་བརྗོད་དོ། །རྐུ་སེམས་དང་བྲལ་ན་མཐའི་མཐར་ཐུག་པ་ཉིད་མ་
ཡིན་ནོ་ཞེས་བྱ་བ་ལ། མཐའི་ཞེས་བྱ་བ་ནི། ཕམ་པར་འགྱུར་བ་ལ་སོགས་པའིའོ། །མཐར་ཐུག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཡོངས་སུ་རྫོགས་པ་ཉིད་མ་ཡིན་ནོ། །གང་གི་ཚེ་ཞེ་ན་དེའི་ཕྱིར། རྐུ་སེམས་དང་བྲལ་ན་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། རྫས་གང་རྐུ་

བའི་སྦྱོར་བའི་གནས་སྐབས་ན་རྐུ་སེམས་མངོན་དུ་གྱུར་ལ། དངོས་གཞིའི་དུས་ན་ནི་རྐུ་སེམས་མེད་པར་གནས་ནས་སྤོ་བ་ལ་སོགས་པ་བྱེད་པ་ན་དེའི་ཚེ་སྦྱོར་བའི་ལྟུང་བ་ཉི་ཚེ་ཙམ་ལྟུང་བར་འགྱུར་གྱི། དངོས་གཞིའི་ལྟུང་བར་ནི་མི་འགྱུར་རོ། །སྦྱོར་བ་ལ་མེད་ན་
དེ་མ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། སྦྱོར་བ་ལ་ཞེས་བྱ་བ་ནི་སྦྱོར་བའི་གནས་སྐབས་ལའོ། །དེ་མེད་ན་ཞེས་བྱ་བ་ནི། རྐུ་སེམས་དེ་མེད་ལ་དངོས་གཞིའི་དུས་ན་ནི་རྐུ་སེམས་དེ་ཡོད་ནའོ། །དེ་མ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་གཞིའི་དེ་མ་བྱས་པ་མ་ཡིན་ཏེ། འདི་ལྟར་བྱས་
པ་ཁོ་ན་ཉིད་མིན་པའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་རྐུ་སེམས་མེད་པར་སྦྱོར་བར་བྱེད་པ་ལ། ཕྱིས་གནས་ནས་སྤོ་བ་ལ་སོགས་པའི་དུས་ན་རྐུ་སེམས་སྐྱེད་པར་བྱེད་ན་དེའི་ཚེ་སྦྱོར་བའི་ལྟུང་བ་ཉི་ཚེ་འབྱུང་བར་མི་འགྱུར་གྱི། དངོས་གཞིའི་ལྟུང་བ་ཡོངས་སུ་རྫོགས་པར་འགྱུར་
རོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་བཙུན་པ་དགེ་སློང་གིས་ཆོས་གོས་ཀྱི་གདང་ལས་ཆོས་གོས་ལེན་པའི་སྔ་རོལ་དུ་རྐུ་སེམས་བྱུང་ལ། སླད་ཀྱིས་རང་གི་འདུ་ཤེས་ཀྱིས་ལེན་པར་བགྱིད་ན་ལྟུང་བ་ཅིར་འགྱུར། སྔར་ནི་ཉེས་པ་སྦོམ་པོར་རོ། །ཕྱི་མ་ལ་ནི་ལྟུང་བ་མེད་དོ། །སྔར་རང་
གི་འདུ་ཤེས་ཀྱིས་ལེན་ལ་སླད་ཀྱིས་རྐུ་སེམས་ཀྱིས་རྐུ་ན་ལྟུང་བ་ཅིར་འགྱུར། སྔར་ནི་ལྟུང་བ་མེད་དོ། །ཕྱིས་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། འདིར་ཉེས་པ་སྦོམ་པོ་ཞེས་བྱ་བའི་ཚིག་ནི་རྐུ་སེམས་ཀྱི་ཡུལ་རང་གིར་འདུ་ཤེས་པ་ཡིན་པའི་ཕྱིར་རོ། །སྤྲིང་ཡིག་ལ་
སོགས་པ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི། ལག་ཡིག་ལ་སོགས་པ་གང་ལ་སྤྲིང་ཡིག་དང་པོ་ན་ཡོད་པ་དེ་ནི་སྤྲིང་ཡིག་ལ་སོགས་པ་སྟེ། སྤྲིང་ཡིག་ལ་སོགས་པས་རྐུ་བ་དེ་ལྟུང་བ་ན་སྨད་པ་མེད་དོ། །འདིར་གཞུང་ནི་སྤྲིང་ཡིག་དག་དང་ལག་ཡིག་དག་དང་། ལག་རྩིས་ཀྱིས་རྐུ་ན་རིན་ཐང་
བརྩི་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྣམ་པ་གང་ཡང་རུང་བས་རྐུ་ན་ཡང་ན་སྨད་པ་མེད་དོ། །རྗེས་སུ་བསྒྲུབ་པའི་སྐབས་སྨྲས་ནས། ད་ནི་མཐར་ཐུག་པའི་སྐབས་བརྗོད་པར་བྱ་སྟེ། ནན་ཁུགས་དང་དངན་འཐེན་ཡང་མ་བརྐུས་པ་མ་ཡིན་ནོ་ཞེས་བྱ་བ་ལ། ནན་ཁུགས་

ཞེས་བྱ་བ་ནི་མཐུས་རྐུ་བའོ། །དངན་འཐེན་ཞེས་བྱ་བ་ནི། རྫས་ཁྱེར་བ་མི་སྟེར་བའོ། །དེ་གཉིས་ཀྱང་མ་བརྐུས་པ་མ་ཡིན་ཏེ། བརྐུས་པ་ཁོ་ན་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་རྐུ་བ་རྣམ་པ་དུ་མཆིས། ཉེ་བ་འཁོར་དྲུག་སྟེ། ནན་ཁུགས་ཀྱིས་རྐུ་བ་དང་། སྒྱུ་ཐབས་
ཀྱིས་རྐུ་བ་དང་། གཏམས་པ་རྐུ་བ་དང་། ཕྱིར་བསབ་པ་རྐུ་བ་དང་། དངན་འཐེན་གྱིས་རྐུ་བ་དང་། ཆོས་རྐུ་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་རྐུ་བ་དྲུག་པོ་དེ་དག་བཀའ་སྩལ་ན། དེ་དག་ལས་དུ་ཞིག་གིས་མཐའི་ལྟུང་བར་འགྱུར། ཉེ་བ་འཁོར་ཆོས་རྐུ་བ་མ་གཏོགས་པ་གཞན་
ཐམས་ཅད་ཀྱིས་མཐའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཆོས་རྐུ་བ་ལ་ཉེས་པ་མེད་དེ་རྐུ་སེམས་མེད་པའི་ཕྱིར་རོ། །འདི་ལྟར་མདོ་སྡེ་ལ་སོགས་པའི་ཆོས་འཛིན་པའི་རང་བཞིན་ནི་འདིར་རྐུ་བ་ཞེས་བྱ་སྟེ། དེ་ལ་ནི་རྐུ་སེམས་ཀྱི་ཀུན་དུ་སྤྱོད་པ་མེད་དོ། །སྒྱུ་ཐབས་ཀྱིས་རྐུ་
བ་ནི་རྣམ་པ་གཉིས་ཏེ། ཆོམ་རྐུན་གྱིས་ལེན་པ་དང་། དོར་བྱེད་པའོ། །དེ་ལ་ཆོམ་རྐུན་གྱིས་ལེན་པ་ནི་རྐུ་བ་ཉིད་དེ་ཡིན་པས་དོགས་པར་བྱ་བ་མེད་དོ། །དོར་བྱེད་པ་ནི་སྔར་རྒྱན་ལ་དོར་བྱེད་ན་གལ་ཏེ་རྒྱལ་བ་ཉིད་དུ་མ་གྱུར་པའི་ཚེ་སྦྱོར་བའོ་ཞེས་སྨྲས་པ་རྐུ་བ་ཉིད་ཡིན་ནོ། །གཏམས་
པ་རྐུ་བ་ནི་སྔར་གཏམས་པ་རྣམས་བསྙེན་པ་ནི་སྦྱོར་བའོ་ཞེས་སྨྲས་པ་ཡིན་ནོ། །ཕྱིས་བསབ་པ་རྐུ་བ་ནི་སྔར་བརྙས་པ་དང་། བསྐྱིས་པ་ཞེས་སྨྲས་པ་ཡིན་ནོ། །ནན་ཁུགས་ཀྱིས་རྐུ་བ་ནི་དབང་གིས་མནན་ཅིང་ལེན་པ་སྟེ། དེའི་ཕྱིར་དེ་བརྐུས་པ་མ་ཡིན་ནོ་སྙམ་དུ་དོགས་པ་འགའ་ཡང་
ཡོད་ལ་དངན་འཐེན་གྱིས་རྐུ་བ་ཡང་དེ་མི་སྟེར་བ་ཙམ་དུ་ཟད་ཀྱི་བརྐུས་པ་མ་ཡིན་ནོ་སྙམ་དུ་དོགས་པ་ཡོད་པས། དོགས་པ་དེ་གཉིས་བསལ་བའི་ཕྱིར་མདོ་འདི་བསྟན་པར་རིག་པར་བྱའོ། །གནས་དང་བཅས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། མ་བརྐུས་པ་ཞེས་བྱ་བར་བསྟན་ཏེ། རྫས་གང་
གནས་དང་བཅས་ཏེ་བརྐུས་པ་དེ་ཡང་མ་བརྐུས་པ་མ་ཡིན་ཏེ་བརྐུས་པ་ཁོ་ན་ཡིན་པའོ། །འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་ཡོ་བྱད་ལྕི་བ་གནས་ནས་སྤོ་བར་བྱེད་ན་མཐའི་ལྟུང་བར་འགྱུར་རོ་ཞེས་བཀའ་སྩལ་ན། དགེ་སློང་གིས་ཡོ་བྱད་ལྕི་བ་གནས་ནས་མ་སྤོས་པར་བརྐུས་ན་

མཐའི་ལྟུང་བར་འགྱུར་བ་མཆིས་སམ། ཡོད་དེ་གནས་གང་ན་འདུག་པ་དེ་གནས་དང་བཅས་ཏེ་བརྐུས་ནའོ་ཞེས་གསུངས་པ་ཡིན་ནོ། །ཅི་བསད་ན་བརྐུས་པའི་མཐར་ཐུག་པ་ཡིན་ནམ་མཐར་ཐུག་པ་མ་ཡིན་ཞེ་ན་དེའི་ཕྱིར། བསད་པ་ཉིད་ནི་བརྐུས་པ་མ་ཡིན་ནོ་
ཞེས་བྱ་བ་སྨྲས་ཏེ། བསད་པ་དེ་ནི་ཆུད་གསན་པ་ཉིད་ཡིན་གྱི། བརྐུས་པ་ནི་མ་ཡིན་ནོ། །དེ་བས་ན་སྲོག་གཅད་པ་ནི་བརྐུས་པ་མ་ཡིན་ནོ། །གལ་ཏེ་སྐད་ཅིག་དེ་ཉིད་ལ་འམ་ཕྱིས་གནས་ནས་སྤོ་བར་བྱེད་ན་ནི་དེའི་ཚེ་ན་བརྐུས་བར་འགྱུར་རོ། །ཕྱོགས་གཅིག་གནས་ནས་མ་འཕགས་པ་
ཡང་མ་ཡིན་ནོ་ཞེས་བྱ་བ་ནི། དོ་ཤལ་དང་སེ་མོ་དོ་ལ་སོགས་པའི་རྫས་རྒྱུད་གཅིག་ལ་བརྒྱུས་པ་རྐུ་བར་བྱེད་དེ་དྲངས་པ་ན་ཕྱོགས་འགའ་ཞིག་གནས་ནས་མ་འཕགས་ན་ཡང་དེས་ན་ཕྱོགས་གཅིག་གནས་ནས་མ་འཕགས་པས་བརྐུས་པ་ཉིད་མ་ཡིན་ཏེ། ཕྱོགས་ཐམས་ཅད་གནས་ནས་འཕགས་
ན་བརྐུས་པ་ཉིད་ཡིན་པའི་ཕྱིར་རོ། །ལྷུང་བ་ནི་དེ་ལས་ཁྱེར་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ནི། ལྷུང་བ་རྐུ་ན་ལྷུང་བ་དེ་ལས་ཁྱེར་ན་བརྐུས་པ་ཡིན་གྱི། རྩ་བ་དག་ལ་སོགས་པ་འབྲེལ་པའི་གནས་ནས་སྤོས་པས་བརྐུས་པ་ནི་མ་ཡིན་ཏེ། འདི་ལྟར་འོག་གི་གཞི་དེ་ནས་སམ་གོས་ལ་སོགས་
པ་གཞི་ཉིད་དུ་གནས་པ་གང་ཡིན་པ་དེར་ལྷུང་ན་བརྐུས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། འདོད་པའི་གནས་སུ་ལྷུང་བ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ཤིང་ཏོག་དག་སྤྲུགས་ཏེ་བརྐུས་ན་ལྟུང་བ་ཅིར་འགྱུར། གལ་ཏེ་སྦྱོར་བ་
གཅིག་གིས་མ་ཤ་ཀ་ལྔ་ལ་སོགས་པར་ཚང་ན་མཐར་འགྱུར་རོ། །མ་ཚང་ན་ཉེས་པ་སྦོམ་པོར་རོ་ཞེས་གསུངས་སོ། །འཛག་པ་དང་འབྲུལ་བར་བྱེད་པའི་བུ་གུ་ནས་ནི་བྱུང་ནའོ་ཞེས་བྱ་བ་ལ། འཛག་པར་བྱེད་པའི་བུ་གུ་ཞེས་བྱ་བ་ནི་ཙ་ར་ར་འཛག་པར་བྱེད་པའི་བུ་གུ་གང་ཡིན་པ་སྟེ། དཔེར་
ན། འབྲུ་མར་དང་སྦྲང་རྩི་ལ་སོགས་པ་འཛག་པར་བྱེད་པའི་འབྲག་གི་བུ་གུ་ལྟ་བུའོ། །འབྲུལ་པར་བྱེད་པའི་བུ་གུ་ཞེས་བྱ་བ་ནི་ཕྲུ་ལུ་ལུ་འབྲུལ་བར་བྱེད་པའི་བུ་གུ་གང་ཡིན་པ་སྟེ། དཔེར་ན་མོན་སྲན་སྡེའུ་དང་མོན་སྲན་གྲེའུ་དང་གྲོ་ལ་སོགས་པ་འབྲུལ་བར་འགྱུར་བའི་བང་བ་དང་།

ད་གལ་གྱི་བུ་གུ་ལྟ་བུའོ། །འཛག་པར་བྱེད་པའི་བུ་གུ་དང་འབྲུལ་བར་བྱེད་པའི་བུ་གུ་དེ་ནས་ཁྱེར་བར་འདོད་ན་ནི་འབྲག་དང་བང་བ་ལ་སོགས་པའི་བུ་གུ་དེ་ནས་འཛག་པ་དང་འབྲུལ་བའི་ཆོས་ཅན་གྱི་རྫས་བྱུང་ཞིང་ཟགས་པ་དང་། འབྲུལ་བར་གྱུར་པ་གང་ཡིན་པ་དེ་ནི་བརྐུས་པ་ཡིན་ནོ། །
རྒྱུན་ལ་ནི་སྐད་ཅིག་མའི་ཚོགས་དུ་མ་ཡོད་པའི་ཕྱིར་སྐད་ཅིག་མ་རེ་རེ་ལ་རིན་ཐང་བརྩི་བར་བྱའམ། འོན་ཏེ་རྒྱུན་གཅིག་པའི་ཕྱིར་མཇུག་ཏུ་རིན་ཐང་བརྩི་བར་བྱ་ཞེ་ན་དེའི་ཕྱིར། འདིར་ཐ་མ་དེ་ཚུན་ཆད་རྫས་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བུ་གུ་ནས་འབྱིན་པ་འདིར་
བྱུང་བ་ཐ་མ་དེ་ཚུན་ཆད་རྫས་ཚོམས་གཅིག་པ་ཉིད་ཡིན་ནོ། །ཆུ་རྐུ་བ་འདི་ནི་རང་གི་ལས་ཀྱི་མཐའ་གྲུབ་པར་བྱ་བའི་ཕྱིར་མ་ཡིན་མོད་ཀྱི། འོན་ཀྱང་ཁྲུས་དང་བཏུང་བ་ལ་སོགས་པའི་ཕྱིར་ཏེ། དེས་ན་ཆུའི་ཡུལ་ཐ་དད་པའི་ཕྱིར་རིན་ཐང་བརྩི་བར་བྱའོ། །དེར་ནི་སཱ་ལུ་ལ་སོགས་
པའིའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་འབབ་ཆུ་བཀུམ་སྟེ། ཆབ་རྐུ་ན་ལྟུང་བ་ཅིར་འགྱུར། ཆུའི་ཕུང་པོ་དང་པོ་ནས་བཟུང་སྟེ། ཐ་མའི་བར་གྱི་ཆུའི་རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་ནི་མཐར་འགྱུར་རོ། །མ་ཚང་ན་ནི་ཉེས་པ་སྦོམ་པོར་རོ། །བཙུན་པ་
དགེ་སློང་གིས་བང་བ་བརྟོལ་ཏེ་འབྲུ་རྐུ་ན་ལྟུང་བ་ཅིར་འགྱུར། སྦྱོར་བ་གཅིག་གིས་རྐུ་བ་ཚུན་ཆད་ཀྱི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕུང་པོ་ལས་རྐུ་ན་ལན་རེ་རེ་ཞིང་བླངས་པ་ཐ་དད་དོ་ཞེས་བྱ་བ་ནི། ཕུང་པོ་ལས་རྐུ་ན་བླངས་པ་ལ་རེ་རེ་ཞིང་ཐ་དད་དེ་ལྟུང་བའི་དངོས་གཞི་
དག་ཀྱང་ཐ་དད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་འབྲུའི་ཕུང་པོ་ལས་བཀུམ་སྟེ། འབྲུ་རྐུ་ན་ལྟུང་བ་ཅིར་འགྱུར། རིན་ཐང་བརྩི་བར་བྱ་སྟེ་གལ་ཏེ་སྦྱོར་བ་གཅིག་གིས་དངོས་པོ་ཚང་ན་ནི་མཐར་འགྱུར་རོ། །གལ་ཏེ་མ་ཚང་ན་ནི་ཉེས་པ་
སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །དབྲལ་བར་བྱ་བ་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོའོ་ཞེས་བྱ་བ་ནི། བརྐུས་པ་ཐ་དད་དོ་ཞེས་བྱ་བར་སྦྱར་རོ། །འདིར་གང་དག་གི་རྫས་བརྐུ་བར་བྱ་བའི་རྫས་ཀྱི་བདག་པོ་དེ་དག་ནི་འབྲལ་བར་བྱ་བ་སྟེ། དབྲལ་བར་བྱ་བ་དེ་དག་དུ་མ་ཉིད་

ཡིན་ན་དབྲལ་བར་བྱ་བ་རེ་རེའི་སྐལ་བ་གང་ཡིན་པ་དེའི་ཆ་དེ་དག་ཉིད་བརྐུས་པ་སོ་སོ་སྟེ། དངོས་གཞི་དང་སྦྱོར་བའི་བདག་ཉིད་ཐ་དད་དོ། །དེ་བས་ན་གཅིག་གི་སྐལ་བའི་ཆ་ཇི་སྙེད་བརྐུས་པ་དེ་སྙེད་ཀྱི་ལྟུང་བ་དག་འབྱུང་བར་འགྱུར་རོ། །རྐུན་པོ་དག་ཀྱང་ངོ་ཞེས་བྱ་
བ་ཡང་དུ་མ་ཉིད་ཡིན་ན་སོ་སོའི་སྐལ་བའི་ཆ་བརྐུས་པ་ཐ་དད་དོ་ཞེས་བྱ་བར་སྦྱར་རོ། །གང་དག་གཞན་གྱི་རྫས་རྐུ་བར་བྱེད་པ་དེ་དག་ནི་རྐུན་པོ་རྣམས་ཞེས་བྱ་སྟེ། དེ་དག་དུ་མ་ཡོད་དེ་དུ་མ་ཉིད་ཡིན་ན་རྐུན་པོ་དེ་དག་སོ་སོའི་བགོ་སྐལ་གྱི་ཆ་གང་ཡིན་པའི་ཆ་རེ་རེ་བརྐུས་པ་ཐ་དད་པར་རྣམ་པར་གཞག་
གོ། །འདི་སྐད་བསྟན་ཏེ། རྐུན་པོ་དུ་མ་ཇི་སྙེད་པ་དེ་དག་སོ་སོའི་སྐལ་བའི་ཆ་ཇི་སྙེད་པ་རེ་རེའི་རིན་ཐང་གིས་དེ་རེ་རེ་ལ་སོ་སོར་ལྟུང་བར་འགྱུར་ཏེ། དེ་བཞིན་དུ་རྐུན་པོ་གཉིས་པའི་ཆ་གང་ཡིན་པ་དེའི་རིན་ཐང་ཇི་ཙམ་པས་དེའི་ལྟུང་བ་རྣམ་པར་གཞག་པ་ལ་སོགས་པ་ལྟ་བུའོ། །དབྲལ་
བར་བྱ་བ་ཡང་དུ་མ་ཉིད་ཡིན་ལ་རྐུན་པོ་རྣམས་ཀྱང་དུ་མ་ཉིད་ཡིན་ན་ལྟུང་བ་ཅི་ལྟ་བུ་ཡིན་ཞེ་ན། དབྲལ་བར་བྱ་བ་གཅིག་གི་སྐལ་བའི་ཆ་ཇི་ཙམ་པ་དེ་ལ་རྐུན་པོ་དུ་མ་ཉིད་ཀྱིས་བགོས་པ་ན། རྐུན་པོ་གཅིག་གི་སྐལ་བའི་ཆ་ཅི་ཐོབ་པ་དེའི་རིན་ཐང་གིས་རྐུན་པོ་གཅིག་གི་ལྟུང་བ་རྣམ་པར་གཞག་
ལ་དེ་བཞིན་དུ་དབྲལ་བར་བྱ་བ་གཉིས་པའི་སྐལ་བའི་ཆ་ཇི་ཙམ་པ་དེ་རྐུན་པོ་དུ་མ་ཉིད་ཀྱིས་བགོས་པ་ན། རྐུན་པོ་གཉིས་པའི་སྐལ་བའི་ཆ་ཅི་ཐོབ་པ་དེའི་རིན་ཐང་གིས། རྐུན་པོ་གཉིས་པའི་ལྟུང་བ་རྣམ་པར་གཞག་པ་ལ་སོགས་པ་ལྟ་བུའོ། །མདོ་འདི་གཉིས་ཀྱི་གཞུང་ནི་བཙུན་པ་
བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་མ་ཤ་ཀ་ལྔ་ལ་སོགས་པ་བརྐུས་ན་མཐར་འགྱུར་རོ་ཞེས་གསུངས་པ་ལ་དགེ་སློང་ཤིན་ཏུ་མང་པོ་དག་གིས་བརྐུས་ན་མཐར་མི་འགྱུར་བ་མཆིས་སམ་ཡོད་དེ། སྐྱེ་བོ་མང་པོ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སྐྱེ་བོ་མང་པོ་རྣམས་དང་ལྷན་
ཅིག་རྐུ་ན་ཡང་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་སྐྱེ་བོ་མང་པོ་ཞེས་བྱ་བའི་ཚད་ནི་གཅིག་གི་ཆས་དངོས་པོ་ཚང་བར་མི་འགྱུར་བ་དེ་སྙེད་ཡིན་པར་རིག་པར་བྱའོ། །འདི་ལ་བློ་གྲོས་དུ་མ་ཉིད་ཡིན་ན་ཐོབ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ནི། རྐུན་པོ་དུ་མ་ཉིད་ཡིན་པ་

འདི་ལ་རྐུན་པོ་རྣམས་བློ་གྲོས་མི་མཐུན་པ། བློ་གྲོས་དུ་མ་ཡིན་ན་བགོ་སྐལ་ཐོབ་ན་བརྐུས་པ་ཡིན་གྱི་གནས་ནས་སྤགས་པ་ན་བརྐུས་པ་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་རྐུན་པོ་དུ་མ་བློ་གྲོས་གཅིག་ཏུ་མ་བྱས་པར་བསམ་པ་སྣ་ཚོགས་ཀྱིས་བྱ་རོག་དང་ཏཱ་ལའི་ཚུལ་ཁོ་ནས་
རྫས་གཅིག་ལ་འདུས་པར་གྱུར་ན་དེར་གནས་ནས་སྤགས་པས་བརྐུས་པར་མི་འགྱུར་གྱི། སྐལ་བ་ཐོབ་ན་བརྐུས་པར་འགྱུར་ཏེ། ཕན་ཚུན་མི་མཐུན་པས་རྣམ་པར་གནས་པ་ཡིན་པའི་ཕྱིར་རོ། །འདིར་གཞུང་ནི་བཙུན་པ་མུན་ཁྲོད་དུ་ཆོས་གོས་གཞག་པ་ལ། དགེ་སློང་བཞིས་
རྐུ་ན་ལྟུང་བ་ཅིར་འགྱུར། བཀའ་སྩལ་པ། ཉེས་པ་སྦོམ་པོར་རོ། །ལན་འགའ་མཐར་ཡང་འགྱུར་ཏེ། གང་གི་ཚེ་ཆ་བཞིར་བྱེད་ཅིང་རེ་རེའི་ཆས་ཀྱང་དངོས་པོ་ཚང་ན་མཐར་འགྱུར་རོ། །མ་ཚང་ན་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །མ་བྱིན་པར་ལེན་པའི་
མཐར་ཐུག་པའི་སྐབས་སྨྲས་ཟིན་ཏེ། དེ་ལྟར་དངོས་པོ་དང་། བདག་པོ་དང་། རྗེས་སུ་སྒྲུབ་པ་དང་། མཐར་ཐུག་པའི་སྐབས་དེ་དག་གིས་ནི་མ་བྱིན་པར་ལེན་པའི་སྐབས་དག་གི་ཆོ་ག་རྣམས་རིག་པར་བྱའོ། །མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་སོ་
ཞེས་བྱ་བ་ནི། མ་བྱིན་པར་ལེན་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།ཞུ་བའི་སྐབས་བསྟན་ནས། ད་ནི་འདུལ་བྱེད་ཀྱི་སྐབས་བརྗོད་པར་བྱ་སྟེ། བླང་བའི་སྔ་རོལ་དུ་ཤི་བ་ཉིད་དུ་གྱུར་ན་གཞག་པ་ཉིད་དོ་ཞེས་བྱ་བ་ནི། སྐལ་
བ་བླང་བ་གནོད་པ་བཟུང་བ་སྔ་རོལ་འགོད་པའི་ཚེ་ན་གལ་ཏེ་དགེ་སློང་དེ་ཤི་བ་ཉིད་དུ་གྱུར་ན་གང་ནས་དེའི་སྐལ་བ་དབང་བ་དེ་ཉིད་དུ་གཞག་པ་ཡིན་གྱི། ཤི་བའི་ཡོ་བྱད་ཉིད་མ་ཡིན་པར་རིག་པར་བྱའོ། །བཟློག་པ་ནི་ཤི་བའི་ཡོ་བྱད་ཉིད་དོ་ཞེས་བྱ་བ་ནི། གལ་ཏེ་ཤི་བ་ཉིད་པས་སྔར་
རྫས་བླངས་ཟིན་ན་དེ་ནི་ཤི་བའི་ཡོ་བྱད་ཉིད་ཡིན་པར་རིག་པར་བྱའོ། །དགེ་འདུན་ནི་ཕུ་ནུ་དང་འདྲ་བས་དེའི་ཆེད་དུ་རྐུ་བ་ནི་བདག་གིར་མི་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི། དཔེར་ན་ཕུ་ནུ་པོ་ནོར་མ་བགོས་པ་རྣམས་ནོར་ཐམས་ཅད་ལ་སྤྱིར་བདག་གིར་བྱ་བའི་བློ་འབྱུང་བ་དེ་

བཞིན་དུ་དགེ་སློང་རྣམས་ཀྱང་དགེ་འདུན་གྱི་དཀོར་སོ་སོར་བགོ་བར་བྱ་བ་མ་ཡིན་པ་ལ་མི་བགོ་བས་བདག་གིར་བྱ་བའི་བློ་སྐྱེ་བས། དེའི་ཕྱིར་གང་དགེ་འདུན་གྱི་ཆེད་དུ་རྐུ་བར་བྱེད་པ་དེ་བདག་གིར་མི་བྱེད་པ་མ་ཡིན་ཏེ། དེ་བས་ན་གང་ཟག་གཅིག་
གིས་དགེ་འདུན་གྱི་ཆེད་དུ་རྐུ་བར་བྱེད་ན་གང་ཟག་གཅིག་པོ་དེ་ཉིད་ཕམ་པར་འགྱུར་ཏེ། དངོས་པོ་ཚང་བའི་ཕྱིར་རོ། །དགེ་འདུན་གཞན་ལ་སོ་སོར་ཉེས་པར་འགྱུར་བ་ནི་མེད་དེ། འདིར་ཆ་མ་བགོས་པས་ཐ་སྙད་དུ་མི་བྱའོ། །འདིར་གཞུང་ནི་དགེ་སློང་གཉུག་མར་གནས་པ་
དགེ་འདུན་ཞིང་རྨེད་དུ་འཇུག་པ་དེས་ཉེན་ཀོར་ན་ཁྱིམ་བདག་གི་ཞིང་འདུག་པ་ཡང་རྨེད་དུ་བཅུག་པ་དང་། ཁྱིམ་བདག་འོངས་ཏེ་སྨྲས་པ། བཙུན་པ་ཅིའི་ཕྱིར་བདག་གི་ཞིང་འདི་རྨེད་དུ་བཅུག །སྨྲས་པ། འདི་ཁྱོད་ཀྱི་མ་ཡིན་གྱི། དགེ་འདུན་གྱི་ཞིང་ཡིན་ནོ། །སྨྲས་པ། བཙུན་
པ་ཁོ་བོས་མི་མ་ཡིན་པའི་ཆེ་བཞི་བསྟན་པར་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དངོས་པོ་ཚང་ན་ཕམ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །བདག་པོ་ཐ་དད་པ་མ་ཡིན་པ་ནི་རང་གི་དང་འདྲའོ་ཞེས་བྱ་བ་ནི། །གནས་གང་དུ་སྦྱིན་
བདག་གིས་ཟངས་ལ་སོགས་པའི་རྫས་བྱིན་པར་གྱུར་ལ་གལ་ཏེ་དགེ་སློང་གིས་རྐུ་སེམས་ཀྱིས་རྫས་དེ་དག་གནས་ནས་གནས་གཞན་དུ་སྤོ་བར་བྱེད་ཅིང་གནས་དེ་གཉིས་ན་སྡེ་པ་ཐ་དད་པ་ལ་སོགས་པས་བདག་པོ་ཐ་དད་པ་མེད་ན། དེའི་ཚེ་བརྐུས་པ་དེ་རང་གི་དང་འདྲ་བར་རིག་པར་བྱ་སྟེ།
ཇི་ལྟར་རང་གི་རྫས་རྐུ་སེམས་ཀྱིས་བླངས་ན་སྦོམ་པོར་འགྱུར་བ་བཞིན་དུ། འདིར་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དགེ་སློང་དེ་གནས་གང་ནས་དགེ་འདུན་གྱི་རྫས་ལེན་པར་བྱེད་པ་དེ་ལ་བདག་པོ་ཉིད་མ་ཡིན་ལ། དགེ་སློང་དེ་གནས་གང་དུ་དགེ་འདུན་གྱི་དོན་
དུ་སྦྱིན་པར་བྱེད་པ་དེ་ན་བདག་པོ་ཉིད་ཡིན་ན་ནི། དེའི་ཚེ་དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །གལ་ཏེ་མ་ཚང་ན་ནི་སྦོམ་པོར་འགྱུར་ཏེ། དེ་ཡང་བདག་པོ་ཐ་དད་པ་ལས་འགྱུར་རོ། །འདིར་གཞུང་ནི་དགེ་སློང་གཉུག་མར་གནས་པས་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་རྐུ་

སེམས་ཀྱིས་གནས་ནས་གནས་གཞན་དུ་སྤོས་པ་དང་། དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་ནི་མི་འགྱུར་རོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཕྱིར་ལོག་གམ་མི་བླང་བར་ངེས་པ་ནི་ལྷག་མ་རྣམས་ཀྱིས་བརྐུས་
པ་ནི་དེའི་ཡན་ལག་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གང་གི་ཚེ་རྐུན་པོ་མང་པོའི་ཚོགས་རྐུ་བའི་ཆེད་དུ་ཞུགས་པ་ན་གལ་ཏེ་དགེ་སློང་དེ་དེའི་ནང་ནས་ཕྱིར་ལོག་སྟེ། ལམ་གཞན་དུ་འགྲོ་འམ་ཡང་ན་དེར་འགྲོར་ཟིན་ཀྱང་གལ་ཏེ་མི་བླང་བར་ངེས་པ་མ་བྱིན་པར་བླང་བར་མི་བྱའོ་ཞེས་ངེས་པར་
བྱེད་ན་དེར་རྐུན་པོ་ལྷག་མ་རྣམས་ཀྱིས་བརྐུས་པ་ནི་དགེ་སློང་དེ་ཕྱིར་ལྡོག་གམ་མི་བླང་བར་ངེས་པ་ན་རྐུ་བ་དེའི་ཡན་ལག་ཉིད་མ་ཡིན་ཏེ། རྐུན་པོ་རྣམས་དང་ལྷན་ཅིག་བྱ་བ་མེད་པའི་ཕྱིར་རོ། །དང་པོ་ཞུགས་པའི་དུས་ན་སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་སུ་རིག་པར་བྱའོ། །
ཆ་བདག་གིར་བྱ་བར་འདོད་པ་ནི་མི་བླང་བའི་བསམ་པ་མ་ཡིན་ནོ་ཞེས་བྱ་བ་ནི་མ་བྱིན་པར་ནི་མི་བླང་ངོ་། །བགོ་སྐལ་གྱི་ཆ་ནི་བདག་གིར་བྱའོ། །ཆ་བདག་གིར་བྱ་བར་འདོད་པ་དེ་ལྟ་བུའི་བདག་གིར་བྱ་བར་འདོད་པ་གང་ཡིན་པས་དེའི་གྲོགས་སུ་འགྲོ་བའི་དགེ་སློང་དེའི་བསམ་པ་
དེ་ནི་མི་བླང་བའི་བསམ་པ་མ་ཡིན་ཏེ། འདི་ལྟར་བླང་བའི་བསམ་པ་ཁོ་ན་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་ཆ་ལེན་ཅིང་དངོས་པོ་ཡང་ཚང་ན་ཕམ་པ་ཁོ་ནར་འགྱུར་རོ། །དེར་གཏོགས་པའི་ལས་རྗེས་སུ་སྒྲུབ་པ་ནི་དེའི་མ་ཡིན་ནོ་ཞེས་བྱ་བ་ནི། རྐུན་པོ་བྱ་བ་དེར་
གཏོགས་པའི་ལས་ལ་སྲུང་བ་ལ་སོགས་པ་དག་རྗེས་སུ་སྒྲུབ་པ་ནི་རྐུ་བ་དེའི་རྗེས་སུ་སྒྲུབ་པ་མ་ཡིན་པ་མ་ཡིན་ཏེ་ཡིན་པ་ཁོ་ནའོ། །ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་ཀྱང་བརྐུས་པར་མི་འགྱུར་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི། ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་བརྐུས་
པ་ཡང་བརྐུས་པའི་ཉེས་པར་མི་འགྱུར་བའི་རྒྱུ་མ་ཡིན་ཏེ། འདིར་བརྐུས་པ་ཁོ་ནར་འགྱུར་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་རྐུན་པོ་རྣམས་ཀྱིས་ལ་ལའི་ལྷན་ཅིག་གནས་པ་ཉིད་དང་། ཉེ་གནས་ཉིད་བརྐུས་ཏེ་བདག་གིར་བྱས་ཤིང་དབང་བའི་དངོས་པོ་བསྒྲུབས་པར་གྱུར་པ་

ལས་ཕྱིས་མཁན་པོའམ་སློབ་དཔོན་དེས་ལྷན་ཅིག་གནས་པ་དང་། ཉེ་གནས་དེ་དབང་དུ་བྱས་ཤིང་རྐུན་པོ་དག་ལས་རྐུ་ཐབས་སམ་ནན་ཁུགས་ཀྱིས་ཕྱིར་འཕྲོག་པར་བྱེད་ན་དེའི་ཚེ་ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་ཀྱང་བརྐུས་པར་འགྱུར་བའི་རྒྱུ་
ཡིན་ནོ། །ཡོངས་སུ་བསྐོར་བ་ལ་མཚམས་ཉིད་གཙོ་བོའོ་ཞེས་བྱ་བ་ནི། སྔར་ཡོངས་སུ་བསྐོར་བས་རྐུ་བ་ལས་མཚམས་འབྱོར་ན་བརྐུས་པའོ་ཞེས་གང་སྨྲས་པ་ལ། འདིར་ནི་ཡོངས་སུ་བསྐོར་བ་ཞེས་བྱ་བ་སྨོས་པ་མཚམས་གཙོ་བོར་རིག་པར་བྱའོ། །རིབ་མས་བཅད་
པ་ལ་སོགས་པའི་ཡོངས་སུ་བསྐོར་བ་ལ་ནི་མི་བྱའོ། །མཚམས་ན་གནས་པ་སྤོས་པ་ཡང་འདིས་མ་བསྡུས་པ་མ་ཡིན་ནོ་ཞེས་བྱ་བ་ནི། གང་གི་ཕྱིར་ཡོངས་སུ་བསྐོར་བ་ལ་མཚམས་གཙོ་བོ་ཉིད་ཡིན་པ་དེའི་ཕྱིར། ཟླ་དང་བདག་གིས་ས་མཚམས་སུ་ས་བརྐོས་ཏེ། ཕུར་བ་བཏབ་པ་
ལ་སོགས་པ་མཚམས་གནས་པ་སྤོས་པ་དེ་ཡང་ཡོངས་སུ་བསྐོར་བ་ཞེས་བྱ་བ་འདིས་མ་བསྡུས་པ་མ་ཡིན་ཏེ། འདི་ལྟར་བསྡུས་པ་ཁོ་ནའོ། །འདི་སྐད་བསྟན་ཏེ། མཚམས་གནས་པ་སྤོས་པ་ཡང་འདིར་ཡོངས་སུ་བསྐོར་བ་རྐུ་བའི་རྐུ་བ་ཉིད་ཀྱིས་བསྡུས་པར་ཤེས་པར་བྱའོ། །མངོན་
སུམ་དུ་བླངས་པ་ཡང་མི་སྣང་བ་ཉིད་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ལ། མངོན་སུམ་ཞེས་བྱ་བ་ནི། མངོན་དུ་གྱུར་པ་སྟེ། མིག་ལ་སོགས་པའི་དབང་པོ་དག་ལ་གང་གི་ཚེ་སྣང་བར་གྱུར་པ་ནི་མངོན་སུམ་ཉིད་ཅེས་བྱའོ། །དེས་བླངས་པ་ནི་ཁྱེར་བ་སྟེ། དེ་ནི་མངོན་སུམ་དུ་བླངས་པ་སྟེ།
མངོན་སུམ་དུ་བརྐུས་ཞེས་བྱ་བར་བསམ་པའོ། འདིར་ནི་རྫས་དེ་ཉིད་བདག་པོའི་མིག་སྔ་ནས་མི་སྣང་བ་ཉིད་ན་བརྐུས་པ་ཡིན་གྱི་ཕྱི་བཞིན་འབྲང་བ་དང་། སྒྲུབ་པར་བྱེད་པ་གཉིས་མི་སྣང་བར་འགྱུར་བ་འབའ་ཞིག་ན་བརྐུས་པར་འགྱུར་བ་ནི་མ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་
གིས་བེའུ་རས་འཚོང་བ་བག་མེད་པར་འགྱུར་བ་ལས་བེའུ་རས་བརྐུས་ཏེ། དེས་དེ་ཁྱེར་ཏེ་འགྲོ་བ་ན་བེའུ་རས་འཚོང་བ་དེས་མཐོང་ནས་དེས་དགེ་སློང་དེ་ལ་སྨྲས་པ། བེའུ་རས་མ་དབྲོག་ཤིག །དགེ་སློང་གིས་སྨྲས་པ། བསྟན་ལ་ཁྱེར་ཏེ་འོང་བར་བྱའོ། །དེ་འགྱོད་པ་

སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བར་ནི་མི་འགྱུར་རོ། །ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མི་མཐུས་བརྐུས་པ་ནི་དབང་དུ་བྱས་པ་ཉིད་ནའོ་ཞེས་བྱ་བ་ནི། མི་མཐུས་བཟུང་སྟེ་བརྐུས་པ་ནི་ནམ་བག་ཕེབས་ཤིང་
དབང་དུ་བྱས་པ་ཉིད་ན་བརྐུས་པ་ཡིན་ནོ། །འདིར་མི་ཞེས་སྨོས་པའི་སྒྲ་འདི་ནི་རིགས་ལ་བསྙེགས་པས་དེ་ན་སྐྱེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། བུད་མེད་ལ་སོགས་པ་མཐུས་བརྐུས་པ་ཡང་ཉེས་པ་འདྲའོ། །དབང་དུ་བྱས་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་མཐུན་པར་གྱུར་པའི་
གནས་སྐབས་ལ་བྱའོ། །དེ་བདག་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་བདག་ཉིད་རྐུན་པོ་གཞན་དག་གིས་བརྐུས་པ་ན་དགེ་སློང་གིས་འཇིགས་པ་ལ་སོགས་པས་བདག་ཉིད་དབང་དུ་བྱས་ཏེ། རྐུ་ཐབས་ཀྱིས་ཐར་པར་བྱས་པ་དེ་ལ་ནི་བརྐུས་པ་མེད་པར་ཤེས་པར་བྱའོ། །
འདིར་གཞུང་ནི་བདག་ཉིད་ལ་བརྐུས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གང་བསམས་པ་དེ་དང་འབྲེལ་པས་མ་བསམས་པ་བླངས་པ་ནི་བརྐུས་པ་མ་ཡིན་ནོ་ཞེས་བྱ་བ་ནི། གང་རྐུ་བ་ལ་གང་བསམས་པའི་དངོས་པོ་རྐུ་བར་འདོད་པ་དེ་དང་། འབྲེལ་པ་ཞེས་བྱ་བ་མ་བསམས་
པའི་དངོས་པོ་དང་འབྲེལ་པས་མ་བསམས་པའི་དངོས་པོ་རྐུ་བར་མི་འདོད་པ་བླངས་པ་ནི་དེ་བརྐུས་པ་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་རས་སྦྱར་མ་མ་བྱིན་པར་བླངས་ནས་དེས་དེ་བརྐུས་ཏེ་བར་ཕྱེ་བ་དང་། དེའི་བར་ནས་དར་རིན་ཐང་ཆེན་པོ་བྱུང་
ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་སྦྱར་མའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་དར་རིན་ཐང་ཆེན་པོ་ནི་རྐུ་བར་མ་བསམས་པས་དེ་ལས་ལྟུང་བར་མི་འགྱུར་རོ། །སྦོམ་པོ་ནི་གང་གིས་གང་ལེན་པ་དེ་དེའི་རྣམ་
པར་གཞག་པ་ལ་གཞན་གྱིར་རྐུ་བའོ་ཞེས་བྱ་བ་ལ། སྦོམ་པོ་ནི་ཞེས་བྱ་བའི་ཚིག་དེ་དང་པོར་སྨོས་པ་ནི་དབང་དུ་བྱ་བ་ཉིད་བསྟན་པའི་ཕྱིར་རོ། །གང་ཟག་གང་གིས་དངོས་པོ་གང་ལེན་པའི་དངོས་པོ་དེ་གང་ཟག་དེ་ཡིར་གྱུར་ཅིག །ཅེས་རྐུན་པོ་རྣམས་ཀྱིས་རྣམ་པར་གཞག་

པའི་ཁྲིམས་སུ་བྱས་པ་ལ་དགེ་སློང་གིས་གཞན་གྱིར་རྐུ་བ་ཞེས་བྱ་བ་གཞན་གྱི་ཆེད་དུ་རྐུ་བ་ན་དེ་ལྟ་ན་སྦོམ་པོའོ། །འདི་སྐད་བསྟན་ཏེ། གལ་ཏེ་རྐུན་པོ་མང་པོ་དག་སྔར་བསྟན་པའི་རྣམ་པར་གཞག་པས་གཞན་གྱི་རྫས་རྐུ་བ་ན་དགེ་སློང་ཡང་དེར་
འགྲོ་ཞིང་གཞན་གྱི་གྲོགས་ཀྱི་ཆེད་དུ་ཡིན་གྱི། བདག་གི་ཆེད་དུ་ནི་མ་ཡིན་པར་གཞན་གྱི་ཆེད་དུ་རྫས་རྐུ་བར་བྱེད་ཅིང་བདག་ཉིད་ཀྱིས་བདག་གིར་བྱ་བའི་བསམ་པས་ནི་མ་ཡིན་ལ། དེའི་ཚེ་སྦོམ་པོ་སྟེ། འདི་ནི་སྔར་གཞན་གྱི་དོན་ཉིད་དུ་ཡང་དངོས་གཞིའི་རྣམ་པའོ་ཞེས་སྨོས་པ་དེའི་
སྤྲོས་པའི་ཡུལ་བསྟན་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་ལེན་པའོ་ཞེས་བྱ་བ་ནི། ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་རྐུ་སེམས་ཀྱིས་གོས་ལ་སོགས་པ་རྐུ་ན་སྦོམ་པོར་འགྱུར་བའོ། །དུར་ཁྲོད་ཀྱིས་ཡོངས་སུ་འཛིན་པ་དང་བཅས་པ་ནི་རྣམ་པ་
གཉིས་ཏེ། བདག་ཉིད་ཀྱིས་བདག་གིར་བྱས་པ་དུར་ཁྲོད་འདི་ཐམས་ཅད་བདག་གིའོ་ཞེས་བདག་པོས་བདག་གིར་བྱས་པ་གང་ཡིན་པ་དེ་བརྐུས་ན་ནི་ཕམ་པར་འགྱུར་རོ། །གཞན་ཡང་བསད་པའི་གཤེད་མ་ལ་སོགས་པས་འཐོབ་པ་ཉིད་ཀྱིས་བདག་གིར་བྱས་པ་གང་ཡིན་པ་དེ་བརྐུས་ན་
སྦོམ་པོར་འགྱུར་རོ། །འདི་ལྟར་དུར་ཁྲོད་ཀྱི་རྫས་དེ་དག་ལ་བདག་པོ་ནི་མེད་མོད་ཀྱི། འོན་ཀྱང་བཀྲེན་པ་ལ་སོགས་པས་འདི་བདག་གིས་འཐོབ་པོ་སྙམ་དུ་དེ་ལ་བདག་གིར་བྱ་བའི་བློ་སྐྱེ་བ་དེ་གལ་ཏེ་དགེ་སློང་གིས་རྐུ་སེམས་ཀྱིས་ལེན་ན་དེའི་ཚེ་སྦོམ་པོར་འགྱུར་རོ། །རྩ་བའི་ལྡུམ་ཞིང་
དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་ཀུན་དགའ་ར་བ་ལ་སོགས་པ་གསང་སྔགས་དག་གིས་སྐམས་པར་བྱེད་པའོ་ཞེས་བྱ་བའི་རྩ་བ་ལ་ཕུག་ལ་སོགས་པའི་ལྡུམ་ཞིང་དང་སྡོང་བུ་ལ་སོགས་པའི་ཀུན་དགའ་ར་བ་གསང་སྔགས་དག་གིས་སྐམས་པར་བྱེད་ན་སྦོམ་པོར་འགྱུར་བའོ། །
སྔར་ཡང་སྦེད་པ་དང་ཆུད་གསོན་པ་ཞེས་སྨོས་པའི་ཆུད་གསོན་པ་ཞེས་བྱ་བས་ཆུད་གཟོན་པ་བསྟན་མོད་ཀྱི། འོན་ཀྱང་འདིར་གསང་སྔགས་དག་གིས་ཆུད་གཟོན་པས་ཆུད་གཟོན་པ་དེ་བསྟན་པའི་ཕྱིར་ཡང་རྣམ་པ་གཞན་བསྟན་པ་ཡིན་ནོ། །ཆས་ཀྱིས་བརྔོད་པས་རྟ་བཀྲི་བ་དང་ཞོན་ཏེ་

འདི་བརྐུ་བར་བྱའོ་སྙམ་ནས་ལུས་འགྱུར་བའོ་ཞེས་བྱ་བ་ནི་དགེ་སློང་གིས་རྩྭ་ལ་སོགས་པའི་ཆས་ཀྱིས་བརྔོད་པས་རྟ་འདི་བཀྲི་ཞིང་བརྐུ་བར་བྱའོ་སྙམ་ནས་དེ་ལྟར་རྣམ་པ་དེས་རྟ་འདི་བརྐུ་བར་བྱའོ་སྙམ་དུ་སེམས་ཤིང་མྱུར་དུ་གོམ་པ་འདོར་བ་ལ་སོགས་པའི་ལུས་འགྱུར་བར་བྱེད་ན་སྦོམ་པོའོ། །
དེ་བཞིན་དུ་ཞོན་ཏེ་རྟ་འདི་བརྐུ་བར་བྱའོ་སྙམ་ནས་དེ་ལྟར་སེམས་ཤིང་ལུས་གཡོ་བ་ལ་སོགས་པས་ལུས་འགྱུར་བ་ཡང་སྦོམ་པོར་འགྱུར་བའོ། །གྲུ་ཡང་ངོ་ཞེས་བྱ་བ་ཡང་དགེ་སློང་གིས་གྲུ་འདིར་ཞུགས་ཏེ་འདི་བརྐུ་བར་བྱའོ་སྙམ་དུ་སེམས་ཤིང་ལུས་འགྱུར་བར་བྱེད་ན་སྦོམ་པོར་འགྱུར་
བའོ། །འདི་ལས་འདི་ལྟར་བྱའོ་སྙམ་པ་ཡང་ངོ་ཞེས་བྱ་བ་ནི། སྔར་འདི་ཞེས་སྨོས་པའི་ཚིག་གི་གནས་སུ་འདིར་འདི་ལས་ཞེས་བྱ་བའི་ཚིག་བཅུག་པའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རྟ་འདི་ལས་སམ་གྲུ་འདི་ལས་འདི་ལྟར་རྐུའོ་སྙམ་ནས་ལུས་འགྱུར་བ་
ཡང་སྦོམ་པོའོ། །འདིར་གཞུང་ནི་དགེ་སློང་གྲུ་རིན་པོ་ཆེས་བཀང་བ་རྒལ་བར་བྱེད་པ་དེས་འདི་ལས་འདི་ལྟར་བརྐུ་བར་བྱའོ་སྙམ་ནས་དེར་ལུས་འགྱུར་བ་བྱས་ནས། དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་ནི་མི་འགྱུར་ཏེ། ཉེས་
པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཚིག་དེ་ནི་འཐོབ་པར་ངེས་པའི་མངོན་པར་སྤྲོ་བས་ལུས་འགྱུར་བར་བྱེད་པའོ། །ཕ་མ་དང་ཕུ་ནུ་དང་བུ་སྲིང་དང་མཁན་པོ་དང་སློབ་དཔོན་དང་མཆོད་རྟེན་དང་དགེ་འདུན་ལ་སོགས་པ་ལ་བསྔོས་པ་ཤོ་གམ་གཞལ་
དགོས་པ་བཟླས་པའོ་ཞེས་བྱ་བ་ནི། ཕ་མ་ལ་སོགས་པ་དེ་དག་ལ་བདག་གི་དར་ལ་སོགས་པ་ཤོ་གམ་གཞལ་དགོས་པ་འདི་དབུལ་ལོ་ཞེས་བསྔོས་པའི་བརྣག་པ་བསྐྱེད་ནས་ཤོ་གམ་གྱི་གནས་ནས་ཤོ་གམ་གཞལ་དགོས་པའི་ཤོ་གམ་མ་བྱིན་པར་འདའ་བར་བྱེད་ན་སྦོམ་པོར་འགྱུར་བ་
སྟེ། འདི་ཡང་སྔར་གཞན་གྱི་དོན་ཉིད་དུ་ཡང་དངོས་གཞིའི་རྣམ་པའོ་ཞེས་སྨོས་པ་དེའི་སྤྲོས་པའི་ཡུལ་བསྟན་པའི་ཕྱིར་རོ། །བརྙས་པ་དང་བསྐྱིས་པ་དག་མི་སྦྱིན་པར་སེམས་པའོ་ཞེས་བྱ་བ་ནི། བརྙས་པའི་ཡུལ་དང་བསྐྱིས་པའི་ཡུལ་ལ་གལ་ཏེ་དགེ་སློང་གིས་ཕྱིར་མི་སྦྱིན་ནོ་སྙམ་

དུ་སེམས་པར་བྱེད་ཅིང་བརྙས་པ་དང་བསྐྱིས་པའི་དངོས་པོ་འདི་མི་སྦྱིན་ནོ་སྙམ་དུ་དེ་གཉིས་བརྣོགས་པའི་སེམས་བསྐྱེད་ན་སྦོམ་པོར་འགྱུར་བའོ། །བརྙས་པ་དང་བསྐྱིས་པ་བརྣོགས་པ་དང་བསྙོན་པ་གཉིས་ཀྱང་སྦོམ་པོ་ཡིན་ཏེ། མི་སྦྱིན་པར་སེམས་པ་
འབའ་ཞིག་ཏུ་མ་ཟད་དོ། །གཞན་གྱི་དོན་དུ་བྱིན་པ་འགོད་པ་ཡང་ངོ་ཞེས་བྱ་བ་ནི། ཡོན་བདག་གིས་དགེ་འདུན་ལ་ཆོས་སྟོན་ལ་སོགས་པའི་དོན་དུ་རྫས་དགེ་སློང་དག་གི་ལག་ཏུ་སྦྱིན་པ་གལ་ཏེ་དགེ་སློང་དེ་དག་གིས་རྫས་དེ་དགེ་འདུན་གྱི་མཆོད་སྟོན་ལ་སོགས་པར་མ་སྤྱད་པར་
དགེ་འདུན་ལ་བཅབས་ཏེ་བགོས་ན་དེའི་ཚེ་དགེ་སློང་དེ་དག་ལ་སྦོམ་པོར་འགྱུར་ཏེ། དགེ་འདུན་གྱིས་མ་ཚོར་བས་དེ་ལ་བདག་གིར་བྱ་བའི་སེམས་མ་སྐྱེས་པའི་ཕྱིར་དེ་ལ་སྦོམ་པོར་གཞག་གོ། །ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་བཟུང་བར་འདུ་ཤེས་པའོ་ཞེས་བྱ་བ་ནི། དངོས་པོ་
གང་སུས་ཀྱང་ཡོངས་སུ་མ་བཟུང་བ་ལ། གལ་ཏེ་དགེ་སློང་གིས་གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པས་རྐུ་ན་དེའི་ཚེ་ཉེས་པ་སྦོམ་པོར་འགྱུར་བའོ། །ཡན་ལག་གཅིག་མ་ཚང་བའི་ཕྱིར་སྦོམ་པོ་སྟེ། འདི་ལྟར་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཉིད་ཅེས་བྱ་བའི་ཡན་ལག་དེ་
འདི་ལ་མེད་པའི་ཕྱིར་རོ། །ཟན་དྲོན་དང་འབྲས་ཆན་དང་ཕྱེ་དང་ཉ་ཤ་དང་ཤ་དང་ཁུར་བ་ལ་སོགས་པའི་བསོད་སྙོམས་གཞི་མེད་པ་ནོད་པའོ་ཞེས་བྱ་བ་ནི། ཟན་དྲོན་ལ་སོགས་པའི་བསོད་སྙོམས་གཞི་མེད་པ་མི་དབང་བ་ནོད་ན་སྦོམ་པོར་འགྱུར་བའོ། །གཞི་མེད་པ་ཞེས་བྱ་བ་ནི་མི་དབང་
བའོ། །འདིར་གཞུང་ནི་དགེ་སློང་གིས་བསོད་སྙོམས་འབྲས་ཆན་གཞི་མེད་པ་བླངས་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་མི་འགྱུར་ཏེ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བསོད་སྙོམས་འབྲས་ཆན་ལ་ཇི་ལྟ་
བ་བཞིན་དུ། བསོད་སྙོམས་ཕྱེ་ལ་སོགས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཞན་གྱིས་བླངས་པར་མི་ཤེས་པ་ནི་གཞི་མེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ་གཞན་གྱི་བླངས་པར་མི་ཤེས་པ་ན་རང་གི་དོན་ཏམ་གཞན་གྱི་དོན་གྱིས་བསོད་སྙོམས་ལ་སོགས་པ་མི་དབང་བ་

ལེན་ན་བསོད་སྙོམས་དེ་གཞི་མེད་པ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གང་དུ་དགེ་སློང་གི་སྐལ་བ་དགེ་སློང་གཞན་གྱིས་བླངས་ལ་དེས་ཀྱང་མི་ཤེས་ནས། གལ་ཏེ་ཡང་རང་གི་དོན་དུ་ལེན་ན་དེ་གཞི་མེད་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་སྐལ་བ་དགེ་སློང་གཞན་
གྱིས་བླངས་པ་ལ་ཡང་དེ་ཉིད་ཀྱི་སྐལ་བ་གཞན་གྱིས་ལེན་ན་དེ་ལ་ཡང་ཉེས་པ་མེད་དོ། །མ་བཅོལ་བས་མ་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་གིས་བདག་ལ་དགེ་སློང་འགས་ཀྱང་སྐལ་བ་མནོད་པའི་ཕྱིར་ཁོ་བོའི་སྐལ་བ་ཁྱོད་ཀྱིས་ལོང་ཤིག་ཅེས་མ་བཅོལ་ལ་འོན་ཀྱང་
མ་བཅོལ་བའི་དགེ་སློང་དེས་བདག་པོར་གྱུར་པའི་དགེ་སློང་དེའི་མི་དབང་བའི་སྐལ་བ་མནོས་ན་བདག་པོར་གྱུར་པ་དེ་ལ་ནི་གཞི་ཉིད་མེད་པ་མ་ཡིན་ཏེ། རང་གིས་མ་བླངས་པའི་ཕྱིར་དང་། གཞན་ལ་ཡང་མ་བཅོལ་བའི་ཕྱིར་རོ། །གཞན་དག་ནི་མདོ་འདིའི་དོན་འདི་སྐད་
གཞན་དུ་བརྗོད་དེ། མ་བཅོལ་བར་དགེ་སློང་གིས་གཞན་གྱི་དོན་དུ་མི་དབང་བ་གང་ཡིན་པ་དེ་ལ་དབང་བའི་བློས་བླངས་ན་དེ་ལ་གཞི་མེད་པ་ཉིད་མ་ཡིན་པར་ཤེས་པར་བྱའོ་ཞེས་ཟེར་རོ། །དེ་ལྟར་ཡང་གཞུང་སྣང་སྟེ། ཀོ་ས་ལའི་ལྗོངས་དག་ན་དགེ་འདུན་གྱི་ཟན་འགོད་པ་ན་དགེ་སློང་
གཉུག་མར་གནས་པ་ཞིག་གྲོང་གཞན་དུ་སོང་ནས་དེའི་སྨོས་འདྲིན་གྱི་དགེ་སློང་དེས་དེའི་ཟན་མནོས་ནས་དེ་འོངས་པ་ན་ཁྱོད་ཀྱི་ཟན་ཁོ་བོས་མནོས་སོ་ཞེས་བརྗོད་པ་དང་། དགེ་སློང་དེས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་ཁོ་བོའི་ཟན་མ་བཅོལ་བར་མནོས། དགེ་སློང་དེ་འགྱོད་པ་སྐྱེས་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ་འོན་ཀྱང་མ་བཅོལ་བར་བླང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མགྲོན་དུ་མ་བོས་པར་ཟན་ཟ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། དགེ་སློང་མགྲོན་དུ་མ་བོས་པར་སྦྱིན་བདག་གི་ཟན་ཟ་ན་ཉེས་བྱས་སོ། །མགྲོན་དུ་མ་བོས་པའི་
རྙེད་པ་ནི་རྣམ་པ་གཉིས་ཏེ། བརྒྱ་ལ་བདག་པོས་ཤེས་ཏེ་འདི་བདག་གིས་མགྲོན་དུ་ནི་མ་བོས་མོད་ཀྱི། འོན་ཀྱང་སྦྱིན་ནོ་སྙམ་པ་དང་མི་ཤེས་པར་སྦྱིན་པར་བྱེད་པ་སྟེ། འདི་ལྟར་ཕྱོགས་དེ་གཉི་ག་ལ་ཉེས་བྱས་ཉིད་དེ། དེ་ཡང་རབས་ཀྱི་ཚུལ་མ་ཡིན་པའི་ཕྱིར་རོ། །མ་བྱིན་པ་མ་ཡིན་

པའི་ཕྱིར་དང་། རྐུ་སེམས་ཉིད་མེད་པའི་ཕྱིར་ཕམ་པར་ཡང་མི་འགྱུར་ལ་སྦོམ་པོར་ཡང་མི་འགྱུར་རོ། །འདི་ལ་ཁ་ཅིག་ཕམ་པར་འགྱུར་བ་སྨྲས་ཏེ། དེ་དག་གིས་ནི་ལེགས་པར་མ་བརྟགས་སོ། །དེ་ལྟར་ཡང་གཞུང་འདི་ཡིན་ཏེ། དགེ་སློང་གིས་
མགྲོན་དུ་མ་བོས་པར་ཟན་ཟོས་ནས་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་མི་འགྱུར་ཏེ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་ནི་གདོན་མི་ཟ་བར་རྐུ་སེམས་མེད་པ་ཁོ་ནར་ཁས་བླང་བར་བྱ་སྟེ། སྦྱིན་པ་པོ་རང་ཁོ་ནས་སྦྱིན་པར་བྱེད་
པས་དེ་ལ་རྐུ་སེམས་གང་ལས་འབྱུང་། གལ་ཏེ་ཡོན་ཟོང་ལ་སོགས་པ་ཐོབ་ཏུ་ཟིན་ཀྱང་ཉེས་བྱས་ཁོ་ན་སྟེ། དམ་པའི་སྤྱོད་པ་མ་ཡིན་པའི་ཕྱིར་རོ། །རྐུ་བའི་ཆེད་དུ་འགྲོ་བ་ཡང་ངོ་ཞེས་བྱ་བ་ནི། རྐུན་པོ་བྱ་བའི་ཕྱིར་འགྲོ་བ་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །
འོ་ན་མདོ་འདི་བརྩམ་པར་བྱ་མི་དགོས་ཏེ། སྦྱོར་བའི་སྦྱོར་བ་ཉིད་དོ་ཞེས་བྱ་བས་འདི་རྟོགས་པའི་ཕྱིར་རོ་ཞེ་ན། བདེན་མོད་འོན་ཀྱང་མདོ་འོག་མའི་ཡུལ་བསྟན་པའི་ཕྱིར་འདི་བརྩམས་ཏེ། གལ་ཏེ་མདོ་འདི་མ་བྱས་སུ་ཟིན་ན་དེའི་ཚེ་མདོ་འོག་མ་ཉིད་གང་ལས་ཐ་དད་པ་ཉིད་མ་ཡིན་པ་
མི་ཤེས་པར་འགྱུར་རོ། །དེ་ལས་གྲོས་བྱེད་པ་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རྐུ་བའི་ཆེད་དུ་འགྲོ་བ་ཞེས་བྱ་བ་དེ་ལས་གྲོས་བྱེད་པ་ཞེས་བྱ་བ་འདི་ཐ་དད་པ་ཉིད་མ་ཡིན་ཏེ། དེ་ཉིད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། འགྲོ་བའི་སྔོན་རོལ་
དུ་གྲོས་བྱེད་པ་གང་ཡིན་པ་ཅི་དེར་འདོང་ངམ་འོན་ཏེ་མི་འདོང་ཞེས་ངག་གི་ལས་བྱེད་པ་དང་། ལག་པ་རྐྱོང་བ་དང་། མགོ་བསྒྱུར་བ་ལ་སོགས་པ་ཐམས་ཅད་དེའི་ཁོངས་སུ་གཏོགས་པས་དེ་ལ་ཉེས་བྱས་ཐ་དད་པར་མི་འགྱུར་ཏེ། འདི་ལྟར་གྲོས་བྱེད་པ་ནས་བརྩམས་ཏེ། ནོམ་པར་
བྱེད་པའི་སྔ་རོལ་ཚུན་ཆད་ལ་ཉེས་བྱས་གཅིག་ཁོ་ནར་རིག་པར་བྱའོ། །ཀུན་དུ་བཟུང་བ་མ་ཡིན་ནམ་ཞེས་ལེགས་པར་སོ་སོར་བརྟག་པར་བྱ་སྟེ་བླང་བར་བྱའོ་ཞེས་བྱ་བ་ནི། ཕྱག་དར་ཁྲོད་ལ་སོགས་པ་དག་ཅི་ནས་ཀྱང་ཀུན་དུ་བཟུང་བ་མ་ཡིན་ནམ་ཞེས་འདི་གཞན་དག་

གིས་ཡོངས་སུ་བཟུང་བ་མ་ཡིན་ནམ་ཞེས་བྱ་བ་དེ་ལྟར་ལེགས་པར་སོ་སོར་བརྟག་པར་བྱ་སྟེ། སུས་ཀྱང་ཡོངས་སུ་བཟུང་བ་མ་ཡིན་པར་བསམ་པ་བརྟན་པར་གྱུར་ན་བླང་བར་བྱའོ། །དེ་ལྟར་བྱས་ན་རང་ཡང་འགྱོད་པ་མི་སྐྱེ་ལ། གཞན་གྱི་ཚིག་གི་སྐབས་ཀྱང་མེད་པར་འགྱུར་
རོ། །ལུས་བསྙལ་བར་མི་བྱའོ་ཞེས་བྱ་བ་ལ། ལུས་བསྒྱེལ་ཅིང་བསྙལ་བ་ནི་ལུས་བསྙལ་བ་སྟེ། རྣམ་པར་འཁྲུགས་པར་གྱུར་པས་ལུས་བསྙལ་བར་མི་བྱའོ། །འདི་ནི་དགེ་སློང་གིས་ཞིང་རྨེད་པའི་མདུན་དུ་བདག་ཉིད་འགྱེལ་ཏེ་ཉལ་བ་དང་། བཅོམ་ལྡན་འདས་ཀྱིས་
དགེ་སློང་གིས་ལུས་བསྒྱུར་བའི་རྣམ་པ་དེ་ལྟ་བུ་མི་བྱའོ་ཞེས་གསུངས་པ་གང་ཡིན་པ་དེ་བསྡུས་པ་ཡིན་ནོ། །ཚང་གཞིག་པར་མི་བྱའོ་ཞེས་བྱ་བ་ནི་བྱིའུ་དང་ཕུག་རོན་ལ་སོགས་པའི་ཚང་གནས་པ་དགེ་སློང་གིས་གཞིག་པར་མི་བྱའོ། །སྒོ་ང་མེད་པ་གང་དག་ཡིན་པ་དེ་དག་
གཞིག་པར་བྱའོ་ཞེས་གསུངས་པ་ནི་དགེ་སློང་གི་གནས་སུའོ། །མདོ་འདི་ནི་དམིགས་ཀྱིས་བསལ་བ་དང་བཅས་པ་ཡིན་ཏེ། དེས་ན་འདི་སྐད་བསྟན་ཏེ། དགེ་སློང་དག་གི་གནས་མ་གཏོགས་པ་གཞན་དུ་སྒོ་ང་མེད་པའི་ཚང་གཞིག་པར་མི་བྱའོ། །མི་གནས་པ་དེར་
ཆོས་གོས་ཀྱི་ཆ་མི་བླང་ངོ་ཞེས་བྱ་བ་ནི། དགེ་སློང་གཙུག་ལག་ཁང་དུ་དབྱར་མ་གནས་པའི་གཙུག་ལག་ཁང་དེར་དབྱར་གྱི་རྙེད་པའི་ཆོས་གོས་ཀྱི་ཆ་མི་བླང་བའོ། །འདི་སྐད་བསྟན་ཏེ། དགེ་སློང་གང་དུ་མ་གནས་པའི་གཙུག་ལག་ཁང་དེ་ནས་ཆོས་གོས་ཀྱི་རྙེད་པ་མི་བླང་ངོ་ཞེས་བྱ་
བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་གིས་དབྱར་གཞན་དུ་གནས་ལ་གཞན་དུ་དབྱར་གྱི་སོ་སོའི་ཆ་བླང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་དབྱར་གྱི་ཞེས་སྨོས་པ་ནི་མཚོན་པ་སྟེ། གཞན་དུ་ཡང་རྙེད་པ་མི་དབང་བ་བླང་བ་དགག་པ་དེ་བཞིན་ནོ། །ཆོམ་རྐུན་པ་
ལས་སྦྱིན་བདག་གི་སེམས་ཀྱིས་ལན་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ལ། ཆོམ་རྐུན་པ་ཞེས་བྱ་བ་ནི། རྐུ་འཕྲོག་བྱེད་པ་སྟེ། ཆོམ་རྐུན་པ་རྐུན་པོ་ལ་སོགས་པ་དེ་ལས་བྱིན་པ་བླང་བ་གང་ཡིན་པ་དེ་ལ་འདི་ནི་སྦྱིན་བདག་གོ་སྙམ་པའི་སེམས་ཀྱིས་ལེན་ན་དེ་ལ་ཉེས་པ་མེད་དེ། རྫས་འདིའི་

བདག་པོ་ནི་འདི་ཉིད་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིར་རོ། །འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པར་མ་གྲགས་པ་ལས་བླང་བར་མི་བྱའོ་ཞེས་བྱ་བ་ལ། དེ་འོང་བ་རྐུ་ཐབས་ཅན་ཡང་ཡིན་ལ་ཆོམ་རྐུན་པ་ཡང་ཡིན་པས། འོང་བ་རྐུ་ཐབས་ཅན་གྱི་
ཆོམ་རྐུན་པའོ། །འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པ་དེ་ནི་ཆོམ་རྐུན་པར་མ་གྲགས་པ་དེ་ལས་ཆོས་གོས་ལ་སོགས་པ་རྙེད་པ་དང་ལྷུང་བཟེད་ཀྱང་བླང་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ཆོམ་རྐུན་པར་མ་གྲགས་པའི་ཆོམ་རྐུན་པ་ནི་འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པ་ཡིན་
པར་ཤེས་པར་བྱ་སྟེ། འདི་ལྟར་ཆོམ་རྐུན་པར་མ་གྲགས་པ་དེ་ལས་ཆོས་གོས་ལ་སོགས་པའི་རྫས་འོང་བ་འབྱུང་བ་ནི་གང་ནས་ཀྱང་འོང་བ་མི་ཤེས་ཏེ། འོང་བ་དེ་རྐུ་ཐབས་ཅན་དུ་གྱུར་པའི་ཕྱིར་ཏེ། མི་ཚོར་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོམ་
རྐུན་པ་གུད་ལ་འོང་བ་རྐུ་ཐབས་ཅན་མཁྱུད་བུ་ཡོད་པ་དེ་ནི་འོང་བ་རྐུ་ཐབས་ཅན་ཏེ། འོང་བ་རྐུ་ཐབས་ཅན་དེ་ཡང་ཆོམ་རྐུན་པ་ཡིན་ནོ། །འདི་ལྟར་འདུལ་བྱེད་དག་ལ་བཅོམ་ལྡན་འདས་ཀྱིས་འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པ་ལས་ཆོས་གོས་བླང་བར་མི་བྱའོ་ཞེས་གསུངས་
པའི་ཚིག་དེ་ཉིད་རྣམ་པར་བཤད་པར་མི་བྱ་བའི་ཕྱིར་འདིར་མདོ་བྱེད་པས་མ་གྲགས་པ་ཞེས་བྱ་བ་སྨོས་ཏེ། དེ་བས་ན་ཟློས་པའི་ཉེས་པར་ཡང་མི་འགྱུར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་པ་ལས་ཆོས་གོས་ལ་སོགས་པ་བླང་
བར་མི་བྱ་བར་གང་ལས་ཆོས་གོས་ལ་སོགས་པ་འོང་བ་ནི་འཇིག་རྟེན་ན་གྲགས་པར་གྱུར་པ་དེ་ལས་བླང་བར་བྱ་སྟེ། གྲགས་པར་གྱུར་པ་ལས་ཆོས་གོས་ལ་སོགས་པ་འོང་བ་ནི་འཇིག་རྟེན་ན་གྲགས་པ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ། །དེ་ལས་བླངས་པ་མཚོན་གྱིས་བཅད་
པ་དང་། ཁ་དོག་ངན་པར་བྱས་ཏེ་བཅད་པར་བྱའོ་ཞེས་བྱ་བ་ནི། གྲགས་པ་དེ་ལས་ཆོས་གོས་ལ་སོགས་པ་གང་བླངས་པ་གྲི་ལ་སོགས་པའི་མཚོན་གྱིས་ཁ་ཚར་དང་ཕུན་ཚར་བཏོགས་པ་ལ་སོགས་པ་གཅད་པ་དང་། ཁ་བསྒྱུར་བ་ལ་སོགས་པས་ཁ་དོག་ངན་པར་བྱ་བ་དེ་

བྱས་ཏེ་བསྲེལ་ཞིང་བཅང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱས་ཀྱང་སློང་ན་སྦྱིན་ནོ་ཞེས་བྱ་བ་ནི་མཚོན་གྱིས་གཅད་པ་དང་། ཁ་དོག་ངན་པར་བྱས་པ་དེ་ལྟར་བྱས་ཀྱང་སྔོན་བདག་པོ་གཞན་ཞིག་ན་རེ་འདི་བདག་གི་རྫས་སྔོན་གྱི་ཆོམ་རྐུན་པར་གྲགས་པས་ཁྱེར་པ་ཡིན་
པས་བདག་ལ་བྱིན་ཅིག་ཅེས་སློང་ན་དགེ་སློང་གིས་སྦྱིན་ནོ། །འདི་སྐད་བསྟན་ཏེ། དེ་གང་ལས་ཕྲོགས་པའི་བདག་པོ་དེ་གལ་ཏེ་འདི་བདག་གི་ཡིན་ནོ་ཞེས་སློང་ན་དེ་དེ་ལ་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གནད་ལ་བསྒྲེ་བར་བྱའོ་ཞེས་བྱ་བ་ལ་འདིར་གནད་ལ་
བསྒྲེ་བར་ཞེས་བྱ་བ་ནི་ཡོན་པོ་དང་གྱ་གྱུའི་རྣམ་པས་གནོད་པར་བྱ་བ་ལ་བྱ་སྟེ། དེ་སུ་ལ་ཡང་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཚེ་དང་ལྡན་པ་སྤོང་བྱེད་ཀྱིས་བཟོད་པར་བྱ་བའི་ཕྱིར་ཁྱིམ་པ་རྣམས་ཀྱིས་འཕགས་པ་ཀུན་དགའ་བོ་ལ་ཁྱེའུ་དང་བུ་མོ་ངུ་བ་དག་སྡུད་དུ་བཅུག་སྟེ། གནོད་
པར་བྱེད་པ་གང་ཡིན་པ་ལྟ་བུ་སྟེ། དེ་ཐམས་ཅད་དུ་སྦྱར་བར་བྱ་བ་ཡིན་པར་སྣང་བས་ཐམས་ཅད་ཀྱི་དབང་དུ་བྱས་སོ། །མ་བྱིན་པར་ལེན་པ་ལ་ཡང་འདི་སྦྱར་བ་ཡོད་དེ། གནད་ལ་བསྒྲེ་བས་གཏོང་བ་དང་སྦྱིན་དུ་འཇུག་པ་ན་བརྐུས་པར་འགྱུར་བའོ། །གསང་ས