Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 162
Văn bản gốc(Tây Tạng)
Trang 21 / 26 (50.000 ký tự/trang)
ིས་པའི་བར་དུ་གནས་པའི་དགེ་སློང་ལའོ། །ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི། ཉེས་བྱས་ཀྱི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་པའོ། །ཉི་མ་དང་པོ་ལ་ནི་གནས་པ་དང་ཟོས་པ་ལ་ལྟུང་བ་མེད་དོ། །ཉི་མ་གཉིས་པ་ལ་ གནས་པ་དང་ཟ་བའི་དབང་དུ་མཛད་ནས་འདི་སྐད་གསུངས་ཏེ། དེར་གནས་ཤིང་དེར་ཟ་ན་གནས་པ་དེ་ལ་ནི་ཉེས་བྱས་སོ། །ཟ་བ་ལ་ནི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ཉི་མ་གཉིས་པའི་དབང་དུ་བྱས་ཏེ་གསུངས་པ། ཅི་མངོན་ཞེ་ན། སོ་སོར་ཐར་པའི་མདོ་ལས་འདུག་གནས་གཅིག་ཏུ་ ཞག་ལོན་པའི་དགེ་སློང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །ཡན་ལག་གཅིག་མ་ཚང་ན་ཡང་འདུག་གནས་དེར་དེའི་ཟོས་ན་ཟོས་པ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །བདག་པོ་མེད་པ་ཡང་ངོ་ཞེས་བྱ་བ་ནི་ཆོས་འདི་པའི་ མ་ཡིན་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་བདག་པོ་མེད་པ་ཡིན་ན་ཡང་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །འདི་ལ་རབ་ཏུ་བྱུང་བ་འདི་པ་ནི་མུ་སྟེགས་ཅན་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། བསླབ་པའི་གཞི་འདི་ལ་རབ་ཏུ་བྱུང་བ་འདི་པ་འདུག་གནས་ཀྱི་བདག་པོ་ཡིན་པ་ནི་མུ་སྟེགས་ཅན་འདུག་གནས་ཀྱི་ བདག་པོ་ཡིན་པ་དང་འདྲ་བ་ཉིད་དོ། །དེ་གཉིས་གང་ཡང་རུང་བ་བདག་པོ་ཡིན་ན་ཡང་། འདུག་གནས་དེ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། ཇི་ལྟར་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་བདག་པོ་ཡིན་པའི་འདུག་གནས་དེ་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་པ་དེ་བཞིན་དུ་རབ་ཏུ་བྱུང་བ་ འདི་པ་བདག་པོ་ཡིན་ལ། ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་ཀྱང་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་རབ་ཏུ་བྱུང་བས་འདུག་གནས་བགྱིད་དུ་སྩལ་བ་དེར་དགེ་སློང་གིས་དགུང་གཅིག་ལས་ལྷག་པར་གནས་ཤིང་བསོད་སྙོམས་གཅིག་ལས་ལྷག་ པར་འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཉེ་དུས་ཀྱང་ངོ་ཞེས་བྱ་བ་ཡང་མུ་སྟེགས་ཅན་དང་འདྲ་བ་ཉིད་དོ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་དེའི་ཉེ་དུས་བྱེད་དུ་བཅུག་པའི་འདུག་གནས་ཉེ་དུ་བདག་པོ་ཡིན་ལ། ཡ་མཚན་ཅན་ཐམས་ཅད་ཀྱི་མ་ཡིན་པ་དེར་ཞག་གཅིག་ལས་ལྷག་ པར་གནས་ཤིང་བསོད་སྙོམས་གཅིག་ལས་ལྷག་པར་ཟོས་ན་ཉེས་བྱས་སོ། །འདིར་གཞུང་ནི་བདག་པོ་ཉེ་དུས་བགྱིད་དུ་སྩལ་བ་ལགས་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་གཞན་ནས་བསོད་སྙོམས་བླངས་ནས་འདུག་གནས་སུ་མཆིས་ཏེ་འཚལ་ན་ལྟུང་བ་ཅི་འགྱུར། ཉེས་བྱས་ སོ། །བཙུན་པ་རེ་ཞིག་དགེ་སློང་གིས་བཟའ་བར་བགྱི་བ་མ་གཏོགས་པ་དེ་ལས་གཞན་པའི་བཅའ་བ་དང་བཏུང་བ་དང་གཞིབ་པ་དང་བལྡགས་པ་དག་འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །བཟའ་བར་བྱ་བ་ཞེས་བྱ་བ་ནི་འབྲས་ཆན་ལ་སོགས་པ་རྣམ་པ་ལྔའོ། །འདུག་གནས་སུ་ཟ་བའི་ ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་སྨྲ་བར་འདོད་ནས། སྟོབས་པའི་འོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་སྟོབས་པའི་བསོད་སྙོམས་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཁྱིམ་པའི་བསོད་སྙོམས་ཁྱད་པར་ཇི་ལྟ་བུ་ཅན་ ཞིག་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་སྟོབས་པའི་འོ་ཞེས་བྱ་བ་ཡིན་ཏེ། གལ་ཏེ་ཁྱིམ་པ་དེ་དགེ་སློང་དེ་ལ་བསོད་སྙོམས་ཀྱིས་སྟོབས་པར་བྱེད་ན་ཁྱིམ་པ་སྟོབས་པར་བྱེད་པ་དེའི་བསོད་སྙོམས་བྱེད་པ་པོ་ཡིན་ནོ། །ཇི་ལྟར་སྟོབས་པའི་ཞེ་ན་དེའི་ཕྱིར། ཡོངས་སུ་མ་དཔགས་པའོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་ འདི་སྙེད་ཅིག་བཞེས་ཤིག་ཅེས་ཚད་ཡོངས་སུ་མ་བཅད་པར་སྟོབས་པར་བྱེད་པའི་སྟེ། གལ་ཏེ་ཡོངས་སུ་བཅད་དེ་སྟོབས་ན་ནི་ཆོས་དང་ལྡན་པའི་དགོས་པ་ཡོད་ན་ལྷུང་བཟེད་བརྒྱ་བླངས་ཀྱང་ཉེས་པ་མེད་དོ། །ཅི་ཁྱིམ་པ་སྟོབས་པའི་བསོད་སྙོམས་ཡོངས་སུ་མ་དཔགས་པ་ཐམས་ཅད་བྱེད་པ་པོ་ཡིན་ནམ་ཞེ་ ན་དེའི་ཕྱིར། ཅི་བདེར་མ་བྱས་པའོ་ཞེས་བྱ་བ་སྨྲས་ཏེ། གང་གིས་ཅི་བདེར་མ་བྱས་པ་དེ་ནི་ཅི་བདེར་མ་བྱས་པ་སྟེ། དེ་བྱེད་པ་པོ་ཡིན་ནོ། །ཅི་བདེར་བྱས་པ་ནི་ཉེས་པ་མེད་དོ། །ཅི་རབ་ཏུ་བྱུང་བ་སྟོབས་པའི་བསོད་སྙོམས་ཀྱང་བྱེད་པ་པོ་ཡིན་ནམ་ཞེ་ན་དེའི་ཕྱིར། །ཁྱིམ་པའི་འོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་ སྟོབས་པའི་བསོད་སྙོམས་སོ། །བསོད་སྙོམས་ཅི་ཙམ་ཞིག་བྱེད་པ་པོ་ཡིན་ཞེ་ན་དེའི་ཕྱིར། བྲེའུ་ཆུང་དག་གི་ཚད་ནི་འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པ་ཚོད་མ་མ་གཏོགས་པ་ལས་ལྷག་པའི་བསོད་སྙོམས་ཏེ། གྲོགས་ཀྱི་སྐལ་བ་དང་ཡང་བཅས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འབྲས་ཐུག་པོ་ཆེ་སྐམ་ཡུལ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པའི་ཆན་ཚོད་མ་མ་གཏོགས་པ་ལས་ལྷག་པའི་བསོད་སྙོམས་ནི་བྱེད་པ་པོའོ་ཞེས་བྱ་བར་སྦྱར་རོ། །བསོད་སྙོམས་ལྷག་པ་དེའི་བྲེའུ་ཆུང་གང་གི་ཚད་ཇི་ཙམ་ཞེ་ན། དེའི་ཕྱིར་འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པ་ཞེས་བྱ་ བ་སྨྲས་ཏེ། འབྲས་ཐུག་པོ་ཆེ་སྐམ་ཡུལ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པའི་ཆན་ནོ། །མ་ག་དྷཱའི་བྲེའུ་ཆུང་གང་ལ་ནི་འབྲས་ཐུག་པོ་ཆེ་དྲུས་པ་སྐམ་ཡུལ་མ་ག་དྷ་པའི་སྲང་བཅུ་དྲུག་སྟེ། ཡུལ་མ་ག་དྷཱ་བའི་སྲང་གཅིག་ལ་བོད་ཀྱི་སྲང་གཉིས་ཡོད་དེ། འབྲས་སྐམ་བྲེའུ་ཆུང་གང་ལ་བོད་ཀྱི་སྲང་ནི་སུམ་ཅུ་ རྩ་གཉིས་ཡོད། ཕུལ་ཚད་དུ་བརྩིས་ན་ནི་བདུན་ཕུལ་དོ་དང་ཁྱོར་གང་ཡོད་དོ། །ཚོད་མ་མ་གཏོགས་པ་ཞེས་བྱ་བ་ནི། དེར་ཚོད་མ་བརྩི་བར་མི་བྱ་སྟེ། དགེ་སློང་ཇི་སྙེད་ཡོད་ཀྱང་རུང་སྟེ། འབྲས་ཐུག་པོ་ཆེ་སྐམ་ཡུལ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པའི་ཆན་ཚོད་མ་མ་གཏོགས་པ་དེ་ལས་ལྷག་ པའི་བསོད་སྙོམས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དོ། །འདིར་གཞུང་ནི་དགེ་སློང་ཇི་ཙམ་དུ་བྲེའུ་ཆུང་ཕྱེད་དང་ལྔ་ལས་ལྷག་པའི་བསོད་སྙོམས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དགེ་སློང་དེ་ལ་གྲོགས་དག་ཡོད་ན་གྲོགས་དེ་དག་རེ་རེས་ཀྱང་ཚད་དེ་ཙམ་རེ་རེས་བླང་བར་ བྱའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་གྲོགས་ཀྱི་སྐལ་བ་དང་ཡང་བཅས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གྲོགས་ཇི་སྙེད་ཡོད་ཀྱང་རུང་སྟེ། དེ་དག་གི་སྐལ་བ་དང་བཅས་པར་ཚད་དེ་ཙམ་ཞིག་བླང་བར་བྱའི། དེ་ལས་ལྷག་པར་མི་བླང་ངོ་། །འདིར་གཞུང་ནི་སོ་སོར་ཐར་པ་ལས་འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་ གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །བསོད་སྙོམས་ཚད་ཇི་སྐད་བསྟན་པ་ལས་ལྷག་པ་དེ་གང་གི་ཚེ་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་ཟོས་པ་ནའོ་ཞེས་བྱ་བ་སྨྲས་ཏེ། མགུལ་དུ་མིད་པ་ནའོ་ཅི་ཟོས་སོ་ ཅོག་ཐམས་ཅད་ན་འམ་ཞེ་ན། དེའི་ཕྱིར་མནོས་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ནས་མནོས་ཏེ་གཞན་དུ་ཁྱེར་བ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་དེ་ཉིད་དུ་འདུག་སྟེ། ཇི་སྙེད་ཟོས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི། མནོས་པ་དེ་ལ་ བསོད་སྙོམས་ལྷག་པར་ནོད་ན་སྦྱོར་བའི་ཚེ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །གཞན་གྱིས་མནོས་པ་ཡང་ངོ་ཞེས་བྱ་བ་ནི། གཞན་ནོད་དུ་བཅུག་པ་ཟོས་ན་ཡང་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ཏེ། འདིར་གཞུང་ནི་ཞུ་བ་ལས་འདག་གུ་དག་དང་། སྣུམ་ཁུར་དག་བསྟབས་པ་དེ་ལ་ལྷུང་བཟེད་གཉིས་སམ་ གསུམ་ལས་ལྷག་པར་གཞན་ནོད་དུ་བཅུག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གཞན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཟན་མནོས་པ་ལས་གཞན་པ་མ་མནོས་པ་ལ་ནི་ལྟུང་བ་མེད་པའོ། །འདིར་གཞུང་ནི་དེ་ཉིད་དུ་འདུག་སྟེ་ཇི་སྙེད་ཟོས་ཀྱང་ལྟུང་བ་མེད་དོ་ཞེས་སྔར་བསྟན་པ་དེ་ཉིད་ཡིན་ནོ། །མདོ་འདི་ནི་ ཉེས་བྱས་སུ་དོགས་པ་བསལ་བའི་ཕྱིར་བྱས་སོ། །ལས་སུ་མ་བྱས་པ་ཡང་ངོ་ཞེས་བྱ་བ་ནི། འབྲས་ལ་སོགས་པ་རྔོ་བཏག་མ་བྱས་པ་མནོས་ཏེ་ཟ་བ་ལ་ཡང་ལྟུང་བ་མེད་པ་སྟེ། དེ་ལ་སྐབས་འདིའི་ཉེས་པ་མེད་པ་ལས་དགོངས་པ་ཡིན་གྱི། འབྲུ་ཙམ་པ་ལེན་པའི་ཉེས་བྱས་གཞན་ནི་ཡོད་དོ། །བླང་བར་བྱ་བ་ གལ་ཏེ་མང་བ་ཉིད་ན་དགེ་སློང་དག་ལ་བགོ་བཤའ་བྱའོ་ཞེས་བྱ་བ་ལ། བླང་བར་བྱ་བ་ཞེས་བྱ་བ་ནི། བླང་བར་འོས་པ་སྟེ། འབྲས་ཐུག་པོ་ཆེའམ་མ་ག་དྷཱའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པ་དེའི་རྐྱེན་གྱི་ཚོད་མ་དང་བཅས་པའོ། །གལ་ཏེ་མང་བ་ཉིད་ན་ཞེས་བྱ་བ་ལ། མང་བའི་དངོས་པོ་ནི་མང་བ་ཉིད་དེ་བླང་བར་ བྱ་བ་དེ་གལ་ཏེ་རང་བཟའ་བ་ལས་ལྷག་ཅིང་མང་བ་ཉིད་ཡིན་ནའོ། །དགེ་སློང་དག་ལ་བགོ་བཤའ་བྱའོ་ཞེས་བྱ་བ་ནི། དེ་ལྟར་མང་བ་དག་ཡིན་ན་དེའི་ཚེ་དགེ་སློང་དག་ལ་ཡང་བགོ་བཤའ་བྱ་བའོ། །དེ་ལྟ་བས་ན་མང་བ་ཉིད་ཅེས་སྨོས་པ་ནི་རང་བཟའ་བ་ལས་ལྷག་ན་གདོན་མི་ཟ་བར་བཟའ་བར་བྱའོ་ཞེས་བསྟན་པའི་ ཕྱིར་རོ། གལ་ཏེ་རང་བཟའ་བ་ལས་མི་ལྷག་ན་ནི་དེས་གདོན་མི་ཟ་བར་དགེ་སློང་དག་ལ་བགོ་བཤའ་བྱ་བ་མ་ཡིན་ནོ། །དེའི་ཕྱིར་སོ་སོར་ཐར་པའི་མདོ་ལས་ཀྱང་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་འདོང་ལ་དགེ་སློང་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ། བདག་ཀྱང་ བཟའ་བར་བྱ་སྟེ་ཞེས་གསུངས་པ་ཡིན་ཏེ། གལ་ཏེ་བླང་བར་བྱ་བ་དེ་ལས་ལྷག་པར་ཡོད་ན་ཞེས་བྱ་བའི་ཚིག་གི་ལྷག་མ་ཡིན་ནོ། །ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྤངས་ནས་ཟ་བའི་ལྟུང་བྱེད་སྨྲ་བར་འདོད་ནས། ཇི་ཙམ་གྱིས་ཆོག་ པ་བཟའ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཇི་ཙམ་གྱིས་བཀྲེས་པའི་སྡུག་བསྔལ་དང་བྲལ་བར་གྱུར་པ་དེ་ཙམ་བཟའ་བར་བྱའོ། །ཟས་བརྩམས་པས་ལྡང་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ཟས་བཟའ་བར་བརྩམས་པས་ཇི་སྲིད་དུ་ཆོག་པར་མ་ཟོས་པ་དེ་སྲིད་དུ་ལྡང་བར་མི་བྱ་སྟེ། སྟན་སྤང་བར་མི་བྱའོ་ ཞེས་བྱ་བའི་ཐ་ཚིག་གོ། །གཞན་དུ་བཟའ་བར་བྱ་བ་གང་ཡིན་པ་དེ་ནི་བྱིན་ལེན་བྱེད་པ་ཡིན་གྱི། ཟས་བརྩམས་པ་ཉིད་ནི་མ་ཡིན་ཏེ། བརྩམས་པ་ཞེས་སྨོས་པའི་ཕྱིར་དང་འོག་ནས་ཀྱང་གནས་བཏང་བ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་བཟའ་བའི་ཕྱིར་ཞེས་བྱ་བ་ནི་མ་སྨོས་ཀྱང་གྲུབ་པས་ལོགས་ཤིག་ཏུ་ བྱ་མི་དགོས་སོ། །ད་ནི་ཟས་བརྩམས་པའི་མཚན་ཉིད་བསྟན་པའི་ཕྱིར། ཐ་ན་ལན་ཚྭ་ཡན་ཆད་བཟའ་བར་བྱ་བ་གང་ཡང་རུང་བ་ཅུང་ཟད་ཅིག་བླངས་ན་རྣམ་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཐ་ན་ལན་ཚྭ་ཡན་ཆད་ཅེས་བྱ་བ་ནི། ཆུང་ངུ་ན་ལན་ཚྭ་ཡན་ཆད་ཙམ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །བཟའ་བར་བྱ་ བ་གང་ཡང་རུང་བ་ཞེས་བྱ་བ་ནི། བཟའ་བ་དང་བཅའ་བའི་ཟས་གང་ཡང་རུང་བའོ། །ཅུང་ཟད་ཅིག་ཅེས་བྱ་བ་ནི་ཆུང་ངུ་ཞིག་ཀྱང་ངོ་། །བླངས་ན་ཞེས་བྱ་བ་ནི་བྱིན་ལེན་བྱས་ནའོ། །རྣམ་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཟས་བརྩམས་པ་དེ་ཉིད་ཡིན་ཏེ། ཟས་བརྩམས་པ་ནི་དེ་ཉིད་དུ་བཟའ་བའི་ཕྱིར་བྱིན་ལེན་བྱས་ པའོ། །འོག་ནས་ཤེས་གཙོ་བོ་ཞེས་བྱ་བ་ནི་འདིར་ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར་སྤངས་པ་ཉིད་དང་ལྷག་པོར་མ་བྱས་པ་ཉིད་ལའོ་ཞེས་འབྱུང་བ་དེ་ལ་སྤངས་པ་ཉིད་ ནི་གང་ཡིན། ལྷག་པོར་ནི་གང་ཡིན་པར་བརྗོད་པར་བྱ་ཞེ་ན། ཇེ་སྤངས་པ་ཉིད་བསྟན་པའི་ཕྱིར། སྤངས་པའི་ནི་གནས་བཏང་བའོ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་གང་དུ་འདུག་པར་གྱུར་པ་དེ་བཏང་བ་ནི་སྤངས་པ་ཞེས་བྱའོ། །གང་གིས་བཏང་བ་ཞེ་ན། དེའི་ཕྱིར་འདུག་པའི་འོ་ ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིའོ། །འདུག་པ་ཇི་ལྟ་བུ་ཞིག་གིས་ཤེ་ན་དེའི་ཕྱིར། རྩ་བ་ལ་སོགས་པ་བཅའ་བར་བྱ་བ་ལ་སོགས་པའི་ཟས་བརྩམས་པའིའོ་ཞེས་བྱ་བ་སྨྲས་ཏེ། གང་གིས་རྩ་བ་ལ་སོགས་པ་བཅའ་བར་བྱ་བ་ལ་སོགས་པའི་ཟས་བརྩམས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྩ་བ་ལ་སོགས་པ་ ཞེས་བྱ་བ་ལ་སོགས་པ་སྔ་མའི་སྒྲས་ནི་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་བཅའ་བར་གྱུར་པ་དག་བསྡུའོ། །བཅའ་བ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་འོག་མའི་སྒྲས་ནི་འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་སྣུམ་ཁུར་དང་འདག་གུ་བཟའ་བར་བྱ་བ་དག་བསྡུའོ། །ཅི་ཅུང་ཟད་ཀྱང་མ་བྱས་ པར་བཏང་ནའམ་ཞེ་ན་དེའི་ཕྱིར། རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་བཅའ་བར་བྱ་བ་དག་དང་། ཐུག་པ་ལས་གཞན་པ་བཟའ་བར་བྱ་བར་རུང་བ་དང་མི་རུང་བ་དང་། མ་འདྲེས་པའི་བྱིན་ལེན་སྟོབས་པ་འཐོབ་པའི་ཕྱོགས་ན་འགྲེང་བ་སྤངས་པ་བྱས་ནས་སོ་ཞེས་བྱ་བ་སྨྲས་ཏེ། རྩ་བ་ལ་སོགས་ པ་བཅའ་བར་བྱ་བ་དག་ལས་གཞན་པ་དང་ཐུག་པ་ལས་ཀྱང་གཞན་པ་བཟའ་བར་བྱ་བ་རུང་བ། མི་རུང་བ་དང་མ་འདྲེས་པའི་བྱིན་ལེན་སྟོབས་པའི་འདྲིམ་མཁན་དེ་སྤངས་ཏེ་གནས་བཏང་ན་སྤངས་པ་ཉིད་ཡིན་ནོ། །བྱིན་ལེན་སྟོབས་པའི་འདྲིམ་མཁན་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་དེའི་ཕྱིར། འཐོབ་པའི་ ཕྱོགས་ན་འགྲེང་བ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་བྱིན་ལེན་བྱ་བའི་ཕྱིར་ཟས་འཐོབ་པའི་ཕྱོགས་ན་འགྲེང་བ་དེའོ། །འདི་སྐད་བསྟན་ཏེ། བཟའ་བར་བྱ་བ་རྣམ་པ་དེ་ལྟ་བུ་འདྲིམ་པར་བྱེད་པའི་ཕྱག་ཚང་བྱིན་ལེན་སྟོབས་པ་དེ་སྤངས་པར་བྱས་ནས་ཟས་བརྩམས་པའི་འདུག་པའི་གནས་དེ་ནས་དགེ་ སློང་གིས་གནས་བཏང་ན་སྤངས་པ་ཉིད་ཡིན་ནོ། །རྩ་བ་ལ་སོགས་པ་བཏང་བས་ནི་སྤངས་པར་མི་འགྱུར་ཏེ་ཤ་ཁ་ར་ལ་སོགས་པ་ཡང་དེ་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་བཟའ་བ་ལྔ་པོ་དག་མ་གཏོགས་པ་དེ་ལས་གཞན་པའི་དངོས་པོ་ དག་སྤངས་པར་གྱུར་ནས། དེས་སླད་ཀྱི་བཟའ་བ་ལྔ་པོ་དག་འཚལ་ན་ལྟུང་བ་ཅིར་འགྱུར། ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །བཟའ་བར་བྱ་བ་ལྔ་ནི་འདག་གུ་དང་ཤ་དང་འབྲས་ཆན་དང་ཟན་དྲོན་དང་སྣུམ་ཁུར་དག་སྟེ། བཟའ་བར་བྱ་བ་དེ་དག་ལས་བྱིན་ལེན་སྤངས་ན་ཟས་ཐམས་ཅད་ སྤངས་པར་འགྱུར་རོ། རྩ་བ་ལ་སོགས་པ་སྤངས་པས་ནི་བཟའ་བར་བྱ་བ་དག་སྤངས་པར་མི་འགྱུར་རོ། །གསོལ་ཅིག་ཅེས་བྱ་བ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གསོལ་ཅིག་ཅེས་སྨྲས་ན་དེས་ཀྱང་སྤངས་པ་ཡིན་པར་ཤེས་པར་བྱའི། སྔར་བསྟན་པ་འབའ་ཞིག་སྤངས་པར་མ་ཟད་དོ། །གསོལ་ཅིག་ ཅེས་བྱ་བའི་སྒྲ་འདི་ནི་ཁ་ཅིག་ཏུ་གཞན་ཡུལ་ལ་བྱ་བའི་ཡུལ་གྱིས་འཇུག་པ་ཡང་ཡིན་པས། འདིས་ནི་གཞན་དག་ལ་བྱིན་ཅིག་ཅེས་བྱ་བར་སྟོན་ཏོ། །གལ་ཏེ་རང་ཉིད་མི་ལེན་ནའོ་ན་རང་གི་ཡུལ་ལ་བཀག་པའི་འབྲས་བུར་མི་འགྱུར་རམ་ཞེ་ན། འདྲིམ་པ་གང་ཡིན་པ་དེ་ཉི་ཚེ་རང་གི་ཡུལ་ལས་ཕྱིར་ བཀག་པར་ཟད་ཀྱི། ཟན་ཐམས་ཅད་བཀག་པ་ནི་མ་ཡིན་ནོ། །སོང་ཤིག་ཅེས་བྱ་བ་ཡང་ངོ་ཞེས་བྱ་བ་ནི། སྔར་བསྟན་པ་འབའ་ཞིག་གིས་སྤངས་པར་མ་ཟད་ཀྱི། ཕྱག་ཚང་འདྲིམ་མཁན་ལ་མར་སོང་ཤིག་ཅེས་སྨྲས་པ་འདིས་ཀྱང་སྤངས་པ་ཡིན་ནོ། །འཚལ་ལགས་སོ་ཞེས་བྱ་བས་ཀྱང་ངོ་ཞེས་ བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་སྔར་ཡང་ངོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཏེ། སྔར་བསྟན་པ་འབའ་ཞིག་གིས་སྤངས་པར་མ་ཟད་ཀྱི། ཟོས་ཟིན་ཏོ་ཞེས་བྱ་བ་འདི་སྨྲས་པས་ཀྱང་སྤངས་པ་ཡིན་ནོ། །རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་ནི་མ་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་སྔར་སྨོས་པ་ ཐམས་ཅད་ལ་རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱོར་བར་བྱེད་དེ། རེ་ཞིག་གསོལ་ཅིག་ཅེ་འམ་རེ་ཞིག་སོང་ཅིག་ཅེ་འམ་རེ་ཞིག་འཚལ་ལགས་ཞེས་ཟེར་ན་ནི་དེའི་ཚེ་དེ་གསུམ་སྨྲས་པས་སྤངས་པར་མི་འགྱུར་རོ། །ཆོག་གོ་ཞེས་བྱ་བ་ཡང་ངོ་ཞེས་བྱ་བ་ནི། དེ་ལ་ཡང་རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་སྤངས་པ་མ་ཡིན་ན་ གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས། ཐུག་པའི་མཚན་ཉིད་སྨྲ་བར་འདོད་ནས། ཁ་གཟར་གྱེན་དུ་འགྲེང་དུ་མི་བཏུབ་པ་ཉིད་ཀྱི་ཐུག་པ་དག་གི་ཐུག་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གང་དུ་ཁ་གཟར་བཙུགས་ན་ཁ་གཟར་གྱེན་དུ་འགྲེང་དུ་མི་བཏུབ་པ་ཉིད་ཀྱི་ཐུག་པ་ལ་སོགས་པ་དག་ནི་ཐུག་པ་ཉིད་ཡིན་ནོ། །འདི་ སྐད་བསྟན་ཏེ། གལ་ཏེ་ཐུག་པའི་ནང་དུ་ཁ་གཟར་བཙུགས་པ་དེ་གྱེན་དུ་འགྲེང་དུ་མི་བཏུབ་པ་ནི་ཐུག་པ་ཉིད་ཡིན་ནོ། །སོར་མོ་ལྔ་མི་མངོན་པ་ནི་སྐྱོ་མའོ་ཞེས་བྱ་བ་ནི། སྐྱོ་མ་གང་གི་སྟེང་དུ་སོར་མོ་ལྔ་བཞག་པའི་རྗེས་མི་མངོན་པ་སྟེ། དེ་ནི་སོར་མོ་མི་མངོན་པ་སྟེ། སོར་མོ་ལྔ་མི་མངོན་ པ་དེ་ནི་སྐྱོ་མའི་ཐུག་པ་ཉིད་ཡིན་ནོ། །བྱིན་ལེན་སྟོབས་པ་ཞེས་སྨོས་པ་དེའི་རྣམ་པ་བསྟན་པའི་ཕྱིར། ཐོ་འཚམས་པ་ནི་བྱིན་ལེན་སྟོབས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཐོ་འཚམས་པར་བྱེད་པ་ནི་བྱིན་ལེན་སྟོབས་པ་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་འགའ་ཞིག་ཐོ་འཚམས་པའི་ བསམ་པས་དགེ་སློང་ལ་བྱིན་ལེན་སྟོབས་པར་བྱེད་ལ། དགེ་སློང་གིས་ཀྱང་དེ་ཤེས་ནས། འདི་སྐད་ཅེས་ཁོ་བོ་ལ་འདི་མི་དགོས་ཀྱིས་སོང་ཤིག་ཅེས་སྨྲས་ན། དེ་ལྟ་ན་ཡང་སྤངས་པ་བྱས་པར་མི་འགྱུར་ཏེ། དེ་ལ་བྱིན་ལེན་མེད་པའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་སྔར་ཐོ་ འཚམས་པའི་རྟོག་པ་ཅན་གྱིས་བྱིན་ལེན་སྟོབས་པར་གྱུར་ལ། དེས་སླད་ཀྱིས་ཐ་མལ་པའི་གནས་སྐབས་སུ་གཞན་གྱིས་བྱིན་ལེན་སྟོབས་པ་དེ་ལ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཐོ་འཚམས་པའི་རྟོག་པ་ཅན་ཞེས་བྱ་བ་ནི། འདི་ལ་ཐོ་འཚམས་མོ་སྙམ་ པའི་རྟོག་པ་གང་ལ་ཡོད་པའོ། །སྤངས་པའི་མཚན་ཉིད་བསྟན་ཟིན་ཏོ།། །།བམ་པོ་ཉི་ཤུ་རྩ་བདུན་པ། སྤངས་པ་བསྟན་ནས། ད་ནི་ལྷག་བོར་བྱ་བ་བསྟན་པར་བྱ་སྟེ། མཚམས་ཀྱི་ཕྱི་རོལ་དང་མི་འཐོབ་པའི་ཕྱོགས་དང་མདུན་མ་ཡིན་པ་ན་འདུག་པ་ལས་ལྷག་བོར་བྱ་བ་མི་འབྱུང་ངོ་ཞེས་ བྱ་བ་ནི། མཚམས་ཀྱི་ཕྱི་རོལ་ན་འདུག་པ་དང་། མི་འཐོབ་པའི་ཕྱོགས་ན་འདུག་པ་དང་། མདུན་མ་ཡིན་པ་ན་འདུག་པའི་གང་ཟག་རྣམ་པ་དེ་ལྟ་བུ་ལས་དགེ་སློང་གིས་ལྷག་བོར་བྱ་བ་མི་འབྱུང་ངོ་། །ལྷག་བོར་ཞེས་བྱ་བ་ནི་ལྷག་མར་བྱས་ཤིང་བོར་བ་སྟེ། ལྷག་བོར་བྱེད་པའི་དགེ་སློང་གིས་ཟོས་པའི་ ལྷག་མ་བོར་བ་ནི་ལྷག་བོར་ཞེས་བྱའོ། །ལྷག་བོར་བྱེད་པའི་དགེ་སློང་གིས་ལྷག་མར་མ་བྱས་ཤིང་མ་བོར་བ་ནི་ལྷག་བོར་མ་བྱས་པ་སྟེ། འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། ལྷག་བོར་མ་བྱས་པར་ཞེས་བྱ་བ་ནི། ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་བར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་ བས་ན་སྔ་མ་ལས་བཟློག་པ་མཚམས་ཀྱི་ནང་དང་འཐོབ་པའི་ཕྱོགས་དང་། མདུན་ན་འདུག་པ་ལས་དགེ་སློང་གིས་ལྷག་བོར་བྱ་བ་འབྱུང་སྟེ། དེ་ནི་རེ་ཞིག་ཕྱིར་བཏང་བའི་མཚན་ཉིད་ཡིན་ནོ། །བྱ་བ་ལག་ཏུ་མ་བླངས་པ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་ལས་ནི། ལྷག་བོར་བྱ་བའི་དངོས་པོ་གང་ཡིན་པ་དེ་ལག་ ཏུ་མ་བླངས་པ་ལ་ཡང་ལྷག་བོར་བྱ་བ་མི་འབྱུང་སྟེ། ཐུ་བར་བཞག་པ་ལ་ཡང་མི་འབྱུང་ལ་བྱུག་རིས་སུ་བཞག་པ་ལ་ཡང་མི་འབྱུང་ངོ་། །འདིར་གཞུང་ནི་དགེ་སློང་དེས་ལག་པ་བསྙལ་ཏེ་བྱིན་ལེན་བྱས་ལ་ཞེས་གསུངས་པ་ཡིན་ནོ། །ནམ་མཁའ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་དེ་ནི་མཚམས་ཀྱི་ཕྱི་རོལ་ ཞེས་བྱ་བ་འདིའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །རུང་བ་མ་ཡིན་པ་དང་འདྲེས་པ་ལ་ནི་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཟས་རུང་བ་མ་ཡིན་པ་དང་། འདྲེས་པ་ལ་ནི་ལྷག་བོར་གྱི་དངོས་པོ་མི་བྱ་བ་ཉིད་ཡིན་ནོ། །ལྷག་བོར་བྱ་བ་དེ་སུས་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར། གནས་མ་བཏང་བས་བྱ་བ་ཉིད་དོ་ཞེས་བྱ་བ་ སྨྲས་ཏེ། དགེ་སློང་གིས་ཟན་ཟ་བའི་གནས་མ་བཏང་བ་དེ་ནི་གནས་མ་བཏང་བ་སྟེ། དེས་ལྷག་བོར་གྱི་དངོས་པོ་དེ་བྱ་བ་ཉིད་ཡིན་ནོ། །ཅི་ཆོག་པར་མ་བྱས་པའི་དགེ་སློང་འབའ་ཞིག་གིས་ལྷག་བོར་བྱ་བ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར། མི་བཟའ་བར་བརྟག་པ་བྱས་པས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། མི་ཟ་བར་ བརྟག་པ་བྱས་པ་ཞེས་བྱ་བ་ནི། གང་བདག་གིས་དེང་འདི་ལ་ཟས་གཞན་མི་བཟའོ་ཞེས་དེ་ལྟར་བརྟག་པ་བྱས་པ་སྟེ། དེས་ཀྱང་ལྷག་བོར་བྱ་བ་ཉིད་ཡིན་ནོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་མི་བཟའ་བར་བརྟག་པ་མ་བྱས་པས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏོ། །ཅི་མ་གསོལ་བས་ཀྱང་བྱའམ་ཞེ་ན། དེའི་ཕྱིར། གསོལ་བས་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཤིང་སྤངས་ཏེ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བགྱིད་པ་ལས་བཅའ་བ་དང་བཟའ་བ་རྙེད་ཅིང་འཚལ་བར་འཚལ་ན། ལྷག་བོར་བགྱིས་ ཏེ། བདག་ལ་སྩལ་དུ་གསོལ་ཞེས་གང་ལ་གསོལ་བ་བཏབ་པ་དེས། ལྷག་བོར་བྱ་བ་ཉིད་ཡིན་ནོ། །ལྷག་བོར་བྱེད་པས་ལྷག་བོར་བྱ་བ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར། ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བྱ་བའི་ཚིག་གིས་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བྱ་བའི་ཚིག་བརྗོད་པར་བྱ་ བའོ། །ཁ་ཅིག་ནི་ཅི་བདེར་གསོལ་ཅིག་ཅེས་ཀྱང་ངོ་ཞེས་བྱ་བ་ནི། སློབ་དཔོན་ཁ་ཅིག་ན་རེ་ཅི་བདེར་གསོལ་ཅིག་ཅེས་བྱ་བའི་ཚིག་བརྗོད་པར་བྱའོ་ཞེས་ཀྱང་ཟེར་ཏེ། འདིར་དོན་གཙོ་ཆེ་བ་ཡིན་གྱིས། ཚིག་ནི་ངེས་པ་མེད་པས། དེས་ན་ལྷག་བོར་བྱ་བའི་ཚིག་ནི་མདོ་ ལས་སྨོས་པ་འདི་གཉིས་སམ། དེ་དང་མཐུན་པ་གཞན་དག་གིས་ཀྱང་བྱར་རུང་ངོ་། །ཇི་ཚིག་ཙམ་ཁོ་ནས་ལྷག་བོར་བྱ་བར་ཟད་དམ་ཞེ་ན། དེའི་ཕྱིར། ཁམ་གཉིས་སམ་གསུམ་ཟོས་ནས་སོ་ཞེས་བྱ་བ་སྨྲས་ཏེ། ཇེ་དང་པོར་ཁམ་གཉིས་སམ་གསུམ་ཟོས་ཏེ་ལྷག་མར་བྱས་ཤིང་དེའི་འོག་ཏུ་སྔར་ བཤད་པའི་ཚིག་བརྗོད་པས་དོར་བར་བྱ་སྟེ། དེ་ཙམ་གྱིས་ན་ལྷག་མར་བྱས་པ་ཡང་ཡིན་ལ། བོར་བ་ཡང་ཡིན་པས་ལྷག་བོར་བྱས་པ་ཞེས་བྱའོ། །ཅི་གང་གིས་མི་བཟའ་བར་བརྟག་པ་བྱས་པས་ལྷག་བོར་བྱེད་ན་དེས་ཀྱང་ཁམ་གཉིས་སམ་གསུམ་ཟོས་ནས་བྱ་འམ་ཞེ་ན། དེའི་ཕྱིར་བྱ་བ་བཏང་ བས་ནི་བཟའ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གང་གིས་ཟས་ཀྱི་བྱ་བ་སྤང་བ་དེ་ནི་བྱ་བ་བཏང་བ་སྟེ། དེས་ནི་བཟའ་བར་མི་བྱ་བར་ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བྱ་བ་ལ་སོགས་པའི་ཚིག་གང་ཡང་རུང་བས་ལྷག་བོར་བྱའོ། །ལྷག་བོར་བྱས་པ་གཞན་གྱིས་བཟའ་བར་བྱའོ་ཞེས་བྱ་བ་ནི། ལྷག་བོར་བྱས་པའི་ཟས་དགེ་སློང་གཅིག་གིས་མནོས་པ་དེ་དགེ་སློང་གཞན་དག་གིས་ཀྱང་བཟར་རུང་ངོ་། །འདིར་གཞུང་ནི་དགེ་སློང་གཅིག་ལ་རུང་བ་གང་ཡིན་པ་དེ་གཞན་ལ་ཡང་རུང་ངོ་ཞེས་གསུངས་པ་ཡིན་ནོ། །ཤེས་གཙོ་བོ་ཞེས་བྱ་བ་ནི། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་ འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། སྤངས་པ་ཉིད་དང་ལྷག་བོར་མ་བྱས་པ་ཉིད་དག་ལའོ་ཞེས་བྱ་བ་སྨྲས་ཏེ། བདག་ཉིད་ཀྱིས་སྤངས་པ་ཉིད་གང་ཡིན་པ་དང་། བཟའ་བར་བྱ་བ་གཞན་གྱིས་ ལྷག་བོར་མ་བྱས་པ་ཉིད་གང་ཡིན་པ་དེ་ལ་དགེ་སློང་གིས་ཀྱང་དེ་ལྟར་ཤེས་པར་གྱུར་ན་ཡུལ་དེ་ལ་དེའི་འདུ་ཤེས་དེ་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཏེ། གལ་ཏེ་བདག་ཉིད་ཀྱིས་ཀྱང་སྤངས་པ་ཉིད་ཡིན་ལ་བཟའ་བར་བྱ་བ་དེ་ཡང་ལྷག་བོར་མ་བྱས་པ་ཉིད་ཡིན་པར་ཤེས་ན་ཞེས་བྱ་བའི་ཐ་ཚིག་གོ། ཇི་ཞིག་ རྗེས་སུ་བསྒྲུབ་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། མགུལ་དུ་མིད་པར་གྱུར་ནའོ། །ཇི་ཞིག་ཟོས་ན་ཞེ་ན། དེའི་ཕྱིར་ཟས་ཙམ་མོ་ཞེས་བྱ་བ་སྨྲས་ཏེ། བཅའ་བར་བྱ་བ་ཙམ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །ཟས་ཙམ་མོ་ཞེས་བྱ་བ་སྨོས་པས་ཤ་ཁ་ར་ལ་སོགས་པ་དག་ ལ་ཐར་བར་མི་འགྱུར་ཏེ། སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བའི་ཚུལ་གྱིས་དུས་མ་ཡིན་པར་ཟ་བ་ལ་སོགས་པ་བཞིན་ནོ། །འདིར་སྟན་གཅིག་པའི་ཟས་དང་པོར་བཅས་པས་དེའི་ཕྱིར་དེ་དག་ཐམས་ཅད་ནི་དེའི་རྣམ་པར་ངེས་པ་ཡིན་པར་རིག་པར་བྱའོ། །སྟན་གཅིག་པའི་སྦྱངས་པའི་ཡོན་ ཏན་ཡང་དག་པར་བླངས་པའི་དགེ་སློང་གིས་ནི་སྤངས་པ་ཉིད་ཡིན་ཡང་རུང་སྤངས་པ་ཉིད་མ་ཡིན་ཡང་རུང་སྟེ། ཟོས་ཟིན་ཕན་ཆད་ལྷག་བོར་བྱས་ཀྱང་རུང་། ལྷག་བོར་མ་བྱས་ཀྱང་རུང་བའི་བཅའ་བར་བྱ་བ་དང་། བཟའ་བར་བྱ་བ་དག་བཟའ་བར་མི་བྱ་སྟེ། ཟོས་ན་ཡི་དམ་རལ་བར་འགྱུར་རོ། ། དམ་བཅས་པའི་སྐྱོན་དེ་ནི་དགེ་སློང་ཕལ་པ་དག་ལས་གཞན་པ་སྦྱངས་པའི་ཡོན་ཏན་ཅན་དག་གི་བྱེ་བྲག་ཡིན་པར་རིག་པར་བྱའོ། །སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྤངས་པ་ལ་སྟོབས་པའི་ལྟུང་བྱེད་སྨྲ་བར་འདོད་ནས། སྟོབས་ནའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་བོ་སྤངས་པ་ཉིད་དང་། ལྷག་བོར་མ་བྱས་པ་ཉིད་དག་ལའོ་ཞེས་སྔར་བསྟན་པའི་ཡན་ལག་དེ་དག་ཁས་བླངས་ནས་འདི་སྐད་བརྗོད་པར་བྱ་སྟེ། ཟོས་ཤིང་སྤངས་པ་དེ་ལ་ཟས་ཙམ་སྟོབས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་སྟོབས་ན་ཞེ་ན། དེའི་ཕྱིར། དགེ་སློང་ལའོ་ཞེས་བྱ་ བ་སྨྲས་ཏེ། རུང་བའི་དངོས་པོ་དགེ་སློང་ལ་སྟོབས་ནའོ། །རུང་བ་མ་ཡིན་པའི་དངོས་པོ་དགེ་སློང་ལ་སྟོབས་པ་ཐམས་ཅད་ལ་ནི་ཉེས་བྱས་སོ། །སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འདུས་ཤིང་ཟ་བའི་ལྟུང་བྱེད་སྨྲ་བར་འདོད་ནས། ཤེས་གཙོ་བོ་ཞེས་བྱ་བ་ སྨྲས་ཏེ། འདིར་ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པའི་དགེ་སློང་དགེ་འདུན་དུ་གྱུར་པ་ མཚམས་ཀྱི་ནང་ན་གནས་པ་དག་གིས་ཟན་ལྷན་ཅིག་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། གནས་གང་ན་ཟས་ཐ་དད་པ་ཉིད་དུ་ངེས་པ་དེ་ནི་སོ་སོར་ངེས་པའི་ཟས་སོ། །དགེ་སློང་གང་དག་ལ་གནས་དེ་ཡོད་པ་དག་ནི་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་གོ། །དགེ་ སློང་དེ་དག་ལས་གཞན་པའི་དགེ་སློང་གི་དགེ་འདུན་དུ་གྱུར་པ་བཞི་ཡན་ཆད་མཚམས་ཀྱི་ནང་ན་གནས་པ་དག་གི་ཟན་ལྷན་ཅིག་འདུས་ཤིང་ཟ་བ་ལྷན་ཅིག་མ་ཡིན་པ་ཉིད་ཀྱི་ཡུལ་དེ་ལ་དེ་ལྟར་ཤེས་པའི་འདུ་ཤེས་གང་ཡིན་པ་དེ་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཚོགས་དང་དགེ་འདུན་ལོགས་ཤིག་ཏུ་ འདུས་ཤིང་ཞེས་བྱ་བ་ལ་སོགས་པ་ཡང་དོན་འདི་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཅི་དགེ་སློང་གཅིག་པུ་ཞིག་གི་ཟན་ལྷན་ཅིག་མ་ཡིན་པ་ཉིད་ལ་ཡང་ལྟུང་བ་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར། ལྷན་ཅིག་པའོ་ཞེས་བྱ་བ་སྨྲས་ཏེ། གཅིག་པུའི་མ་ཡིན་ནོ། །རྣམ་པ་གང་དང་ལྷན་ཅིག་པའི་ཞེ་ ན། དེའི་ཕྱིར། ཅིག་ཅར་ཟ་བ་དང་ངོ་ཞེས་བྱ་བ་སྨྲས་ཏེ། དུས་གཅིག་ཏུ་ཟ་བ་དང་ལྷན་ཅིག་པ་ཡིན་གྱི་རིམ་གྱིས་ཟ་བ་དང་ལྷན་ཅིག་པ་ནི་མ་ཡིན་ཏེ། མགོ་མཉམ་དུ་ཟ་བ་དང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །སུ་དང་ལྷན་ཅིག་པའི་ཞེ་ན། དེའི་ཕྱིར། གསུམ་ལ་སོགས་པ་དང་ངོ་ཞེས་བྱ་བ་སྨྲས་ཏེ། གསུམ་མམ་བཞི་ལ་སོགས་པའི་ཚོགས་དང་ངོ་། །འདིར་གཞུང་ནི་བཞི་པོ་དག་ལས་གཅིག་ཞལ་ཏ་བྱེད་ཅིང་གསུམ་ཟ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གསུམ་ལ་སོགས་པ་དང་ངོ་ཞེས་སྨྲས་ན་ཇི་བསྙེན་པར་རྫོགས་པའམ་འོན་ཏེ་བསྙེན་པར་མ་རྫོགས་པའམ། གང་ གིས་གསུམ་ལ་སོགས་པ་དང་ཞེ་ན། དེའི་ཕྱིར། དགེ་སློང་རྣམས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་ཞེས་སྨོས་པས་བསྙེན་པར་རྫོགས་པ་རྣམས་ཀྱི་ཡིན་པར་ཤེས་པར་བྱའོ། འདིར་གཞུང་ནི་ལྟུང་བ་བསྟན་པ་ལས་གསུམ་བསྙེན་པར་རྫོགས་པ་ཡིན་ལ་གཅིག་བསྙེན་པར་མ་རྫོགས་པ་ ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་དུས་ལ་ལྷན་ཅིག་བབ་པ་ཐམས་ཅད་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར། དགེ་སློང་རྣམ་པ་ཇི་ལྟ་བུས་གོས་མེད་པའི་ཟས་གཉིས་པ་རྙེད་པ་བྱེད་པ་པོ་ཉིད་ཡིན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་དགེ་སློང་དུས་ལ་མ་བབ་པས་གོས་ མེད་པའི་ཟས་གཉིས་པ་རྙེད་པ་ཡང་ཡང་ཟ་བའི་བྱེད་པ་པོ་ཉིད་ཡིན་པ་དེ་བཞིན་དུ་འདིར་ཡང་དགེ་སློང་མི་ན་བ་དང་ལས་མ་བྱས་པ་དང་ལམ་དུ་མ་ཞུགས་པ་དང་། གྲུར་མ་ཞུགས་པ་དང་། སྐམ་སའི་ལམ་དང་ཆུའི་ལམ་དུ་དཔག་ཚད་ཕྱེད་དུ་མ་སོང་བ་དག་གིས་འདུས་པ་ཡིན་པར་རིག་པར་ བྱའོ། །དཔག་ཚད་ཕྱེད་ཅེས་གསུངས་པའི་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་དཔག་ཚད་ཕྱེད་འདས་པར་བགྱིས་ནས་འདུས་པ་དང་ལྷན་ཅིག་འཚལ་མ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་དབྲི་བཀོལ་མེད་པར་ཟན་ལྷན་ ཅིག་མ་ཡིན་པ་ཉིད་ཐམས་ཅད་ལའམ་ཞེ་ན། དེའི་ཕྱིར། དུས་སྟོན་ཆེན་པོ་ལས་གཞན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འདིར་དུས་སྟོན་ཆེན་པོ་ཞེས་བྱ་བའི་གཞུང་ནི་ཟན་སྤགས་པ་ཞེས་གསུངས་པ་ཡིན་ནོ། །ཟན་སྤགས་པ་ཞེས་བྱ་བ་ནི། ཟན་སྤགས་ཤིང་སྐྱེད་མོས་ཚལ་ལ་སོགས་ པ་དག་ཏུ་ཁྱེར་བ་ཚོམས་སོ་སོ་ཐ་དད་པར་ཟ་བ་སྟེ། དཔེར་ན་དོང་ཀའི་མེ་ཏོག་བརྔ་བ་ལ་སོགས་པའི་དུས་སྟོན་བཞིན་ཏེ། དེ་ལ་ནི་ལྟུང་བ་མེད་དོ། །དེ་ལས་གཞན་པ་ལ་ནི་ལྟུང་བར་འགྱུར་རོ། །ཟོས་ནའོ་ཞེས་འོག་ནས་འབྱུང་ན་ཅི་དུས་ལ་མ་བབ་པའི་དགེ་སློང་གིས་བཟའ་བར་བྱ་བ་གང་ ཡང་རུང་བ་ཐམས་ཅད་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་རྟགས་འདི་མེད་པའི་རབ་ཏུ་བྱུང་བའི་ཟས་ལས་གཞན་པའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་བྱུང་བ་གང་ལ་རྟགས་འདི་མེད་པ་དེ་ནི་རྟགས་འདི་མེད་པའི་རབ་ཏུ་བྱུང་བ་སྟེ། ཕྱི་རོལ་པའི་རབ་ཏུ་བྱུང་བའོ། །དེའི་ཟས་ལས་གཞན་པ་ ཞེས་བྱ་བ་ནི། ཕྱི་རོལ་པའི་རབ་ཏུ་བྱུང་བའི་ཟས་མ་གཏོགས་པ་གཞན་དག་གི་ཟས་ཏེ། ཟས་དེ་དུས་ལ་མ་བབ་པའི་དགེ་སློང་གིས་ཟོས་ན་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་པའི་མདོ་དེ་གསུམ་གྱི་གཞུང་ནི་སོ་སོར་ཐར་པའི་མདོ་ལས་འདུས་ཤིང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་ དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ་དེ་ལ་དེ་ནི་དུས་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཇི་ཞིག་རྗེས་སུ་བསྒྲུབ་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། ཟས་ཟོས་ ནའོ་ཞེས་བྱ་བ་སྨྲས་ཏེ། མགུལ་དུ་མིད་ནའོ། །དེར་འོང་བར་བྱ་བ་ཉིད་དུ་གནས་པ་མཚམས་ཀྱི་ནང་ན་འཁོད་པ་དག་གིས་འོང་བ་ཉིད་མ་དྲིས་པར་ཟ་ན་འདའ་བའི་ཕྱེད་ཡིན་ནོ་ཞེས་བྱ་བ་ལ། དེར་འོང་བར་བྱ་བ་ཉིད་དུ་གནས་པ་ཞེས་བྱ་བ་ནི། གཞིའི་འདུག་ གནས་དང་ཁང་ཁྱིམ་ན་གནས་པ་གང་དག་མཚམས་ཀྱི་ནང་ན་བཀད་ས་འདུག་པ་དེར་འོང་བར་བྱ་བ་ཉིད་དུ་གནས་པའི་དགེ་སློང་དེ་དག་གོ། །དེར་འོང་བར་བྱ་བ་ཉིད་དུ་གནས་པའི་དགེ་སློང་མཚམས་ཀྱི་ནང་ན་འཁོད་པ་དེ་དག་གིས་འོང་བ་ཉིད་མ་དྲིས་པར་ཟ་ན་འདའ་བའི་ཕྱེད་ཡིན་ཏེ་ཉེས་ བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་དེར་འོང་བར་བྱ་བ་ཉིད་དུ་གནས་པ་མ་ཡིན་པ་དག་གིས་འོང་བ་ཉིད་མ་དྲིས་པར་ཟ་ན་ནི་ལྟུང་བྱེད་ཁོ་ན་སྟེ་མདོ་ལས་གནས་པ་ཞེས་སྨོས་པས་གནས་མ་ཡིན་པ་རྣམས་ཀྱི་དམིགས་ཀྱིས་བསལ་བ་དེ་མ་བྱས་པའི་ཕྱིར་རོ། །འདིར་གཞུང་ནི་ གཞིའི་འདུག་གནས་ཀྱི་ཉེན་ཀོར་ན་ཁང་ཁྱིམ་དག་ཡོད་ལ་གཞིའི་འདུག་གནས་སུ་དགེ་སློང་དག་ཟན་ཟ་ན་དེ་དག་གིས་ཁང་ཁྱིམ་གྱི་འདུག་གནས་ནས་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་གཞིའི་འདུག་གནས་པ་དག་ལ་ནི་ཉེས་བྱས་སུ་འགྱུར་ལ། ཁང་ ཁྱིམ་གྱི་འདུག་གནས་པ་དག་ལ་ནི་ལྟུང་བྱེད་དོ། །དགེ་སློང་དག་ཁང་ཁྱིམ་གྱི་འདུག་གནས་སུ་ཟན་ཟ་ན་དེ་དག་གིས་གཞིའི་འདུག་གནས་ནས་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ཁང་ཁྱིམ་གྱི་འདུག་གནས་པ་དག་ལ་ནི་ཉེས་བྱས་སུ་འགྱུར་ལ། གཞིའི་ འདུག་གནས་པ་དག་ལ་ནི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། མཚམས་གཅིག་གི་ནང་ན་གཞིའི་འདུག་གནས་ལོགས་ཤིག་ན་ཡོད་ལ་གཞིའི་འདུག་གནས་དེའི་ཕྱི་རོལ་ན་ཁང་ཁྱིམ་དག་ཡོད་ཅིང་བཀད་ས་ལན་འགའ་ནི་གཞིའི་འདུག་གནས་སུ་བྱེད། ལན་འགའ་ནི་ཁང་ཁྱིམ་དག་ཏུ་བྱེད་ལ། དེ་ན་གལ་ཏེ་གཞིའི་འདུག་གནས་སུ་བཀད་ས་བྱེད་ན་ཁང་ཁྱིམ་ན་གནས་པའི་དགེ་སློང་དག་ཀྱང་ཟན་གྱི་ཕྱིར་དེར་འོང་བས། དེའི་ཚེ་གཞིའི་འདུག་གནས་ན་གནས་པའི་དགེ་སློང་དག་གིས་ཁང་ཁྱིམ་ན་གནས་པའི་དགེ་སློང་དག་འོངས་ སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ཉེས་བྱས་སོ། །ཁང་ཁྱིམ་ན་གནས་པའི་དགེ་སློང་དེར་མ་ལྷགས་པ་དག་གིས་ཀྱང་གཞིའི་འདུག་གནས་ན་གནས་པའི་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། མ་དྲིས་པར་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །དེས་ན་གལ་ཏེ་ཁང་ཁྱིམ་ དུ་བཀད་ས་བྱེད་ན་གཞིའི་འདུག་གནས་ན་གནས་པའི་དགེ་སློང་དག་ཀྱང་ཟན་གྱི་ཕྱིར་དེར་འོང་བས་དེའི་ཚེ་ཁང་ཁྱིམ་ན་གནས་པའི་དགེ་སློང་དག་གིས་གཞིའི་འདུག་གནས་ན་གནས་པའི་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ཉེས་བྱས་སོ། །གཞིའི་འདུག་ གནས་ན་གནས་པའི་དགེ་སློང་དེར་མ་ལྷགས་པ་དག་གིས་ཀྱང་ཁང་ཁྱིམ་ན་གནས་པའི་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །འདིར་མི་འདྲི་བ་ནི་ཟན་ལྷན་ཅིག་མ་ཡིན་པ་ཉིད་ཀྱི་དཔེ་ཙམ་དུ་ཟད་ཀྱི། ལྟུང་བའི་རྒྱུ་ནི་ཟན་ལྷན་ཅིག་མ་ ཡིན་པ་ཉིད་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་ཟན་ལྷན་ཅིག་ཉིད་ཡིན་ན་ནི་མ་དྲིས་པར་ཟོས་ན་ཡང་ཉེས་པ་མེད་དོ། །དེ་ལྟར་ན་དགེ་སློང་ངེས་པ་རྣམས་ལ་ནི་ཉི་མ་གཅིག་གི་དོན་ལ་ཡང་དགེ་འདུན་གྱི་བཀད་ས་ན་སྨད་པ་ཉིད་དོ། །དགེ་སློང་མ་ངེས་པ་རྣམས་ལ་ནི་ཁ་ན་མ་ཐོ་བ་ཡོངས་སུ་ རྫོགས་པར་འགྱུར་རོ། །ད་ནི་དོན་གྱིས་བྱུང་བའི་གཞི་བརྗོད་པར་བྱ་སྟེ། གནས་ངེས་པ་གཅིག་ཡིན་ལ་དེ་ཉིད་ན་དགེ་སློང་གང་དག་སོ་སོ་ན་ཟན་ཟ་ཞིང་དེ་དག་གིས་ཀྱང་འདུས་ཤིང་ཟ་བར་མངོན་སུམ་དུ་ཤེས་སམ་དོགས་པ་དག་ཡོད་ན་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་དགེ་ སློང་དེ་དག་ཐམས་ཅད་ལ་ཉེས་བྱས་ཁོ་ནར་འགྱུར་ཏེ། འདུས་ཤིང་ཟ་བ་བཏང་སྙོམས་སུ་འཇོག་པའི་ཕྱིར་རོ། །གང་ཡང་རུང་བ་ཅུང་ཟད་ཅིག་བྲིམས་ན་ཡང་ཟན་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། བཟའ་བར་བྱ་བ་གང་ཡང་རུང་བ་ཆུང་ཟད་ཅིག་དགེ་འདུན་གྱིས་ཟན་ལོགས་ཤིག་ ན་ཟ་བ་ལ་བྲིམས་ཀྱང་རུང་། ཟན་ལོགས་ཤིག་ན་ཟ་བས་དགེ་འདུན་ལ་བྲིམས་ཀྱང་རུང་སྟེ། དེའི་ཚེ་ན་ཟན་གཅིག་པ་ཉིད་ཡིན་ཞིང་ཐ་དད་པ་ཉིད་མ་ཡིན་ཏེ། འདུས་ཤིང་ཟ་བའི་ལྟུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འགྲོ་བར་ཆས་པ་དང་གློ་བུར་དུ་འོངས་པ་དང་ནད་པ་ དང་ནད་གཡོག་དང་དགེ་སྐོས་ལས་གཞན་པ་ཐམས་ཅད་ཀྱིས་མ་ཟོས་པར་གཡོས་མལ་དང་སྤྱི་བུངས་ལས་མནོས་ཏེ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། འགྲོ་བར་ཆས་པ་ལ་སོགས་པའི་གང་ཟག་ལྔ་པོ་མ་གཏོགས་པ་དེ་ལས་གཞན་པའི་གང་ཟག་ གིས་ཇི་སྲིད་དུ་དགེ་སློང་ཐམས་ཅད་ཀྱིས་ཟན་མ་ཟོས་ཀྱི་བར་དུ་གཡོས་མལ་དང་སྤྱི་བུངས་ལས་རང་གི་སྐལ་བ་མནོས་ཏེ་བཟའ་མི་བྱའོ། །གཞན་པས་ཞེས་བྱ་བ་ནི། འགྲོ་བར་ཆས་པ་ལ་སོགས་པའི་གང་ཟག་ལྔ་པོ་མ་གཏོགས་པ་དེ་ལས་གཞན་པའི་གང་ཟག་གིས་སོ། ། ཐམས་ཅད་ཀྱིས་མ་ཟོས་པར་ཞེས་བྱ་བ་ནི། ཇི་སྲིད་དུ་དེར་གཏོགས་པའི་དགེ་སློང་ཐམས་ཅད་ཀྱིས་ཟན་མ་ཟོས་ཀྱི་བར་དུའོ། །གཡོས་མལ་ཞེས་བྱ་བ་ནི་ཟན་སྦྱོར་བའི་གནས་ཏེ་ཚང་མང་ལ་སོགས་པའོ། །སྤྱི་བུངས་ཞེས་བྱ་བ་ནི། དགེ་འདུན་གྱི་དབུས་ཀྱི་ཕྱོགས་གང་དུ་འབྲས་ ཆན་ལ་སོགས་པའོ། །དེ་ལྟར་ཡང་འདིར་གཞུང་ནི་སྨན་གྱི་གཞི་ལས། མཽད་གལ་གྱི་བུ་ལྔ་པོ་འདི་དག་ནི་བརྟད་པ་ལས་བྱུང་བའི་བསོད་སྙོམས་ཡིན་ཏེ། ལྔ་གང་ཞེ་ན། གློ་བུར་དུ་འོངས་པ་དང་། འགྲོ་བར་ཆས་པ་དང་། ནད་པ་དང་། ནད་གཡོག་དང་། དགེ་སྐོས་ ཀྱི་ཟན་དག་གོ་ཞེས་གསུངས་པ་ཡིན་ནོ། །ཕྲན་ཚེགས་དག་ལས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་བྲེལ་བ་དག་གིས་ཁྱིམ་གཞན་དུ་བཟའ་བར་མི་བྱའོ་ཞེས་གསུངས་སོ། །དགེ་སློང་ཁ་ཅིག་ན་བར་གྱུར་ནས་དེ་དག་གི་ནད་གཡོག་དག་ཟན་ལ་དོང་བ་འཕྱི་བ་ཞིག་ན་འོངས་ པས། དེ་དག་གི་བྱ་བ་དག་ཡོངས་སུ་ཉམས་པར་གྱུར་པའི་སྐབས་དེ་དག་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གང་ཟག་ལྔས་བསོད་སྙོམས་མནོས་ཏེ་བཟའ་བར་རྗེས་སུ་གནང་ངོ་། །ལྔ་གང་ ཞེ་ན། གློ་བུར་དུ་འོངས་པ་དང་། འགྲོ་བར་ཆས་པ་དང་། ནད་པ་དང་། ནད་གཡོག་དང་། ལས་སུ་བསྐོས་པ་དག་གོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་གང་ཟག་མགྲོན་དུ་བོས་པས་ཀྱང་རུང་། མགྲོན་དུ་མ་བོས་པས་ཀྱང་རུང་སྟེ། དགེ་སློང་གྲལ་དུ་ ཚོགས་པ་ཐམས་ཅད་ཀྱིས་ཟན་བཟའ་བ་མ་བརྩམས་ཀྱི་བར་དུ་རང་གི་སྐལ་བ་གཡོས་མལ་ལམ་སྤྱི་བུངས་ལས་མནོས་ཏེ་བཟའ་བར་མི་བྱའོ། །དགེ་སློང་གཉིས་སམ་གསུམ་ཞིག་མགྲོན་དུ་བོས་ན་དེར་ཡང་གཡོས་མལ་དང་སྤྱི་བུངས་ནས་མནོས་ཏེ་བཟའ་བར་མི་བྱའོ། ། གཙུག་ལག་ཁང་ན་དགེ་སློང་གཅིག་པུ་ཞིག་གནས་ན་ཡང་དེས་ཀྱང་བཀད་ས་ལས་གཞན་དུ་ཟན་བཟའ་བར་མི་བྱ་སྟེ། ཟོས་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གཅིག་པུ་ཞིག་མགྲོན་དུ་བོས་པར་གྱུར་ན་དེས་ཀྱང་སྦྱིན་བདག་གིས་བསྐོས་པ་མ་གཏོགས་པར་ གཡོས་མལ་ལམ་སྤྱི་བུངས་ལས་མནོས་ཏེ་བཟའ་བར་མི་བྱའོ། །ཚངས་པ་མཚུངས་པར་སྤྱོད་པ་དགེ་སློང་ངམ། དགེ་སློང་མ་ཐམས་ཅད་ཀྱིས་མ་ཟོས་ཀྱི་བར་དུ་གང་ཟག་གི་ཟན་མནོད་པར་མི་བྱའོ། །མགྲོན་དུ་བོས་པར་འགྲོ་མི་ནུས་པའི་རྐྱེན་བྱུང་ན་ཡོན་བདག་གིས་ སྤགས་པ་མ་གཏོགས་པར་ཚུས་ཟན་མནོད་པར་མི་བྱའོ། །འདི་ལྟར་དགེ་སློང་དང་དགེ་སློང་མ་ནི་ལྷན་ཅིག་བཀད་ས་གཅིག་ཏུ་ཟན་བཟར་ཡང་རུང་ངོ་། །དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་རྗེས་སུ་གནང་སྟེ། དགེ་སློང་འགའ་འོང་ཡང་སྲིད་པ་དེའི་ཆེད་དུ་གྲལ་གྱི་དང་ པོར་སྟན་ཅིག་བཞག་སྟེ། དགེ་སློང་མ་རྣམས་བཀད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདུས་ཤིང་ཟ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་སྨྲ་བར་འདོད་ནས། རང་གི་ཕྱེད་ཡོལ་ནས་སྐྱ་རེངས་ འཆར་བའི་བར་ནི་དུས་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འཛམ་བུའི་གླིང་ལ་སོགས་པ་གནས་གང་ན་དགེ་སློང་གནས་པ་དེ་ལས་དགོངས་ནས། འདིར་རང་གི་ཞེས་བྱ་བ་སྨོས་པར་རིག་པར་བྱའོ། །དེ་བས་ན་རང་གི་ཕྱེད་ཡོལ་ཕན་ཆད་ནས་ཕྱི་དེ་ཉིན་པར་གྱི་སྐྱ་རེངས་ འཆར་བའི་བར་ནི་དུས་མ་ཡིན་ཏེ། གུང་ཚིགས་ཀྱི་སྐད་ཅིག་ཕན་ཆད་སྐྱ་རེངས་ཤར་བའི་མདུན་རོལ་གྱི་བར་དེ་ནི་དུས་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་དུས་མ་ལགས་པར་བཅའ་བར་བགྱི་བ་དང་། བཟའ་བར་བགྱི་བ་འཚལ་ ལ་ལྟུང་བར་ཡང་མི་འགྱུར་བ་མཆིས་སམ། ཡོད་དེ་འཛམ་བུ་གླིང་པའི་དུས་ཀྱིས་གླིང་གསུམ་པོ་དག་ཏུ་ཟོས་ན་ལྟུང་བར་མི་འགྱུར་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཉིད་ལ་ཤེས་གཙོ་བོ་ཞེས་བྱ་བ་ནི། དུས་མ་ཡིན་པ་དེ་ ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཇི་ཞིག་ཀུན་ཏུ་སྤྱད་ན་ཞེ་ན། དེའི་ཕྱིར། བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། དུས་མ་ཡིན་པར་བཅའ་བར་བྱ་བ་འམ་བཟའ་བར་བྱ་བ་ཟོས་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ ཡིན་ནོ། །དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སོག་འཇོག་གི་ལྟུང་བྱེད་སྨྲ་བར་འདོད་ནས། ཇེ་དང་པོར་སོག་འཇོག་གི་མཚན་ཉིད་བསྟན་པར་བྱ་སྟེ། དེའི་ཕྱིར་སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་ཕྱི་དྲོ་བའི་ཟས་སུ་དང་དེ་ཐུན་ ཚོད་ལས་འདས་པ་ལྟ་བུ་ནི་སོག་འཇོག་བྱས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྔ་དྲོ་བའི་ཟས་བཅའ་བར་བྱ་བ་དང་། བཟའ་བར་བྱ་བའི་ཟས་ཀྱི་དུས་ནི་སྐྱ་རེངས་ཤར་ནས་བརྩམས་ནས་གུང་ཚིགས་ཀྱི་སྐད་ཅིག་མའི་བར་ཏེ། དུས་དེར་སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་ བྱིན་ལེན་དེ་ཉིད་མ་ཞིག་པར་ཕྱི་དྲོ་བའི་ཟས་ཀྱི་དུས་སུ་གུང་ཚིགས་ལས་ཡོལ་བར་ཐལ་བ་ནི་སོག་འཇོག་བྱས་པ་ཡིན་ཏེ། བྱིན་ལེན་དེ་ཞིག་ན་ནི་སོག་འཇོག་བྱས་པར་མི་འགྱུར་རོ། །དེ་ཞེས་བྱ་བ་ནི། ཕྱི་དྲོ་བའི་ཟས་ཏེ་ཐུན་ཚོད་དུ་རུང་བའི་ཟས་སོ། །དེ་ཡང་བྱིན་ལེན་ བྱས་ནས་བྱིན་ལེན་དེ་ཉིད་མ་ཞིག་པར་ཐུན་ཚོད་ལས་འདས་པའི་དུས་སུ་ཐལ་ན་སོག་འཇོག་བྱས་པ་ཡིན་ཏེ། དེ་ཡང་བྱིན་ལེན་དེ་ཞིག་ན་ནི་སོག་འཇོག་བྱས་པར་མི་འགྱུར་རོ། གཙུག་ལག་ལས་ཐུན་ཚོད་ཅེས་གསུངས་པ་ཉིད་ཐུན་ཚོད་འདི་ཡིན་པར་རིག་པར་བྱའོ། །དེ་ཉིད་ ལས་ཤེས་གཙོ་བོ་ཞེས་བྱ་བ་ནི། བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཟ་ན་ཞེས་བྱ་བར་སྦྱར་ཏེ། དེ་ཉིད་ལ་ཞེས་བྱ་བ་ནི། སོག་འཇོག་བྱས་པ་དེ་ཉིད་ལའོ། །ཤེས་གཙོ་བོ་ཞེས་བྱ་བ་ནི། འདིར་ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་ བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཡང་སོག་འཇོག་བྱས་པ་ཡིན་ལ། དགེ་སློང་གིས་ཀྱང་དེ་ལྟར་ཤེས་ན་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཏེ། དེ་ཟོས་ན་ལྟུང་བྱེད་དུ་འགྱུར་རོ། །ལག་ཉར་བླངས་པ་མིད་པར་མི་བྱའོ་ ཞེས་བྱ་བ་ལ། ལག་ཉར་བླངས་པ་ཞེས་བྱ་བ་ནི། བྱིན་ལེན་མ་བྱས་པར་དགེ་སློང་རང་གིས་བླངས་པའི་ཟས་ཏེ། དེ་མིད་པར་མི་བྱའོ་ཞེས་བྱ་བ་ནི། བཟའ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མཚམས་ཀྱི་ནང་དུ་བཙོས་པ་དང་ཞག་ལོན་པར་ཡང་མི་བྱའོ་ཞེས་བྱ་བ་ནི། མཚམས་ཀྱི་ནང་དུ་བཙོས་པ་དང་། མཚམས་ཀྱི་ནང་དུ་ཞག་ལོན་པའི་ཟས་ཀྱང་མིད་པར་མི་བྱའོ། །མཚམས་ཀྱི་ནང་དུ་ཞེས་བྱ་བ་ནི་མཚམས་ཀྱི་ནང་རོལ་ཞེས་བྱ་བའི་ཐ་ཚིག་གོ། །བཙོས་པ་ཞེས་བྱ་བ་ནི་བསྲེགས་པ་དང་བཙོས་པ་ལ་སོགས་པའི་གཡོས་སུ་བྱས་པའོ། ། ཞག་ལོན་པ་ཞེས་བྱ་བ་ནི། ཉིན་ཞག་ཕྱི་མའི་སྐད་ཅིག་མར་གཞག་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ནང་དུ་བཙོས་པ་གང་ཞེ་ན། །ཀུན་དགའ་ར་བའི་ནང་དུ་བློ་མཐུན་པར་མ་བྱས་ཤིང་རུང་བ་མ་ཡིན་པའི་ས་གཞིར་བཙོས་པ་གང་ཡིན་པའོ། །ནང་དུ་ཞག་ལོན་པ་ གང་ཞེ་ན། ཀུན་དགའ་ར་བའི་ནང་དུ་བློ་མཐུན་པར་མ་བྱས་ཤིང་རུང་བ་མ་ཡིན་པའི་ས་གཞིར་ཞག་ལོན་པ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ཏེ། དགེ་སློང་བསྙེན་པར་རྫོགས་པས་བཟའ་བར་མི་བྱའོ། །འདིར་ཀུན་དགའ་ར་བ་ཞེས་བྱ་བའི་སྒྲས་ནི་གནས་ཀྱི་གཞི་བརྗོད་ དེ། བཅོས་མ་མ་ཡིན་པའི་མཚམས་དང་བཅས་པ་བཟུང་གི །གསོལ་བ་ལ་སོགས་པའི་ལས་ཀྱིས་བཅད་པའི་མཚམས་ཉི་ཚེ་བཟུང་བར་བྱ་བ་ནི་མ་ཡིན་ནོ། །དགེ་སློང་གིས་བཙོས་པ་ཡང་ངོ་ཞེས་བྱ་བ་ཡང་། ཡང་ངོ་ཞེས་བྱ་བའི་སྒྲས་མིད་པར་མི་བྱའོ་ཞེས་བྱ་བར་ སྦྱར་ཏེ། དགེ་སློང་གིས་བཙོས་པ་ནི་མཚམས་ཀྱི་ནང་དུ་ཡང་རུང་། མཚམས་ཀྱི་ཕྱི་རོལ་དུ་ཡང་རུང་སྟེ། དགེ་སློང་བསྙེན་པར་རྫོགས་པས་བཟའ་བར་མི་བྱའོ། །དགེ་སློང་གིས་བཙོས་པ་དེ་ཡང་དགེ་སློང་ཁོ་ནས་བཟའ་བར་བྱ་བ་མ་ཡིན་གྱི། དགེ་སློང་མ་རྣམས་ཀྱིས་ བཟའ་བར་མི་བྱ་བ་ནི་མ་ཡིན་ནོ། །དགེ་སློང་མས་བཙོས་པ་ཡང་དགེ་སློང་མ་ཁོ་ནས་བཟའ་བར་བྱ་བ་མ་ཡིན་གྱི། དགེ་སློང་རྣམས་ཀྱིས་བཟའ་བར་མི་བྱ་བ་ནི་མ་ཡིན་ནོ། །སྦྱིན་བདག་གིས་རུང་བ་མ་ཡིན་པའི་གཞིར་བཙོས་པ་འམ་ཞག་ཏུ་བཞག་ པ་འབུལ་བར་བྱེད་པ་དེ་ལ་ནི་ཉེས་པ་མེད་དོ། །སྦྱིན་བདག་གིས་མར་དང་འབྲས་ལ་སོགས་པ་ཕུལ་ལ་རང་འོངས་ནས་བྲིམ་མོ་ཞེས་ཟེར་བ་དེ་ལ་ནི་ཉེས་པ་ཁོ་ནར་འགྱུར་ཏེ། དང་པོ་ཁོ་ནར་བདག་གིར་བྱས་པར་གྱུར་པའི་ཕྱིར་རོ། །དགེ་སློང་གིས་གྲོང་དག་ཏུ་དགེ་སློང་གི་ དོན་དུ་དགོས་པའི་མཛོད་དང་བང་བ་ལ་སོགས་པ་གང་དག་བྱེད་ཅིང་དེ་དག་གི་ནང་དུ་དགེ་སློང་གིས་ཉིན་མཚན་དུ་གནས་པས་གནས་པར་བྱེད་ན་དེ་ནི་དགེ་སློང་གི་གནས་ཉིད་ཡིན་པར་རིག་པར་བྱའོ། །དེར་གནས་པ་བཏང་ན་ནི་དགེ་སློང་གི་གནས་ཀྱི་གཞི་ཉིད་དང་ཡང་བྲལ་བ་ཉིད་ ཡིན་ནོ། །བདག་པོ་དག་གིས་གནས་འདིར་དགེ་སློང་སུ་ཡང་གནས་པར་མི་བྱའོ། །ཞེས་གཙུག་ལག་ཁང་གི་ཕྱོགས་ཀྱི་གནས་འགའ་ཞིག་ཏུ་དགེ་སློང་མི་འཇུག་པར་ངེས་པར་བྱས་པ་དེ་ནི་དགེ་སློང་གི་གནས་ཉིད་དང་བྲལ་བ་ཁོ་ན་ཡིན་ནོ། །དེ་བཞིན་དུ་གཙུག་ལག་ཁང་ སྟོང་པར་དགེ་སློང་ཞིག་ངལ་བསོ་བའི་ཕྱིར་ཞག་འགའ་ཙམ་གནས་འཆའ་བར་བྱེད་ན་ཡང་དེ་དགེ་སློང་གི་གནས་ཉིད་དུ་གྱུར་པ་ཡིན་ལ། དགེ་སློང་དེ་ནས་སོང་ན་ནི་དགེ་སློང་གི་གནས་ཉིད་དང་བྲལ་བ་ཡིན་ནོ། །ལག་ཉར་བླངས་པ་མིད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ མདོ་གསུམ་པོ་དེ་དག་ནི་སོག་འཇོག་བྱེད་པའི་ཆ་ལ་བརྟེན་པ་ཡིན་པས་ན། དེའི་ཕྱིར་འདིར་བསྡུས་སོ། །འདིར་རྗེན་པ་བཙོས་པ་གང་ཡིན་པ་ནི་དེའོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི། མཚམས་ཀྱི་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པའི་སྐབས་འདིར་རོ། །དེར་ ནི་རྗེན་པར་བཙོས་པ་གང་ཡིན་པ་ནི་མཚམས་ཀྱི་ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་དེ་ཡིན་པར་རིག་པར་བྱའོ། །བཙོས་པ་ནི་བྱིན་ལེན་བྱས་ན་ཡང་བཙོ་བར་བྱ་བ་ཉིད་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །མི་སྙི་བ་རྣམས་ཀྱི་ནི་སུམ་ཆ་བངས་པ་ཉིད་ཀྱི་མདུན་ རོལ་དུ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ལ། མི་སྙི་བ་རྣམས་ཀྱི་ཞེས་བྱ་བ་ནི། ཏིལ་དང་། འབྲས་དང་། ཤ་ལ་སོགས་པ་སྐམ་པོ་རྣམས་ཀྱིའོ། །དེ་དག་གི་རྗེན་པ་ཉིད་ནི་སུམ་ཆ་བངས་པ་ཉིད་ཀྱི་མདུན་རོལ་དུ་དེ་ཉིད་ཡིན་ནོ། རྗེན་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཏིལ་ དང་། འབྲས་དང་། ཤ་སྐམ་ལ་སོགས་པ་སྲ་བ་རྣམས་ཀྱི་རྗེན་པ་ཉིད་ཅེས་བྱ་བ་ནི། བཤུར་བ་ལ་སོགས་པས་སུམ་ཆ་བངས་པ་ཉིད་ནི་མདུན་རོལ་དུ་ཡིན་ཏེ། སུམ་ཆ་བངས་པ་ཉིད་ཕྱིན་ཆད་ནི་རྗེན་པ་ཉིད་མ་ཡིན་ནོ། །རྫས་སྙི་བ་ནི་ཕྱེ་མར་བྱས་པ་ཉིད་ཡིན་ ན་ཡང་སྙི་བ་ཉིད་དང་བྲལ་བ་ཉིད་ནི་མ་ཡིན་ནོ། །རྫས་སྲ་བ་ཡང་ཕྱེ་མར་བྱས་པ་ཉིད་ན་སྲ་བ་ཉིད་དང་བྲལ་བ་ཉིད་མ་ཡིན་ཏེ། དཔེར་ན་གྲོ་ལ་སོགས་པ་ཧ་ཅང་ཞིབ་མོར་མ་བཏགས་པ་དག་ལྟ་བུའོ། །སྙི་བ་རྣམས་ཀྱི་ནི་ཁ་དོག་ཏུ་གྱུར་པའི་འོ་ཞེས་བྱ་བ་ནི། རྫས་ སྙི་བ་རྣམས་ཀྱི་རྗེན་པ་ཉིད་ནི་ཁ་དོག་ཏུ་གྱུར་པའི་མདུན་རོལ་དུ་དེ་ཉིད་ཡིན་ཏེ། རྗེན་པ་ཉིད་ཡིན་ནོ། །ཁུ་བ་རྣམས་ཀྱི་ནི་ལན་གཉིས་ཁོལ་བར་གྱུར་པ་ཉིད་ཀྱིའོ་ཞེས་བྱ་བ་ནི། འོ་མ་ལ་སོགས་པའི་རྫས་ཁུ་བ་རྣམས་ཀྱི་རྗེན་པ་ཉིད་ནི་ལན་གཉིས་ཁོལ་བར་གྱུར་པ་ཉིད་ཀྱི་མདུན་རོལ་ ཉིད་དུ་དེ་ཉིད་ཡིན་ཏེ། རྗེན་པ་ཉིད་ཡིན་ནོ། །གོང་མ་ཐམས་ཅད་ལ་ཡང་མཚམས་དེ་དག་ཕྱིན་ཆད་ནི་ཚོས་པ་ཉིད་ཡིན་པར་རིག་པར་བྱའོ། །མེས་རུང་བར་བྱས་པ་ནི་མ་བཙོས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགུན་ལ་སོགས་པ་མེས་རུང་བར་བྱས་པ་ནི་མ་བཙོས་པ་མ་ཡིན་ ཏེ། བཙོས་པ་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་མཚམས་ཀྱི་ནང་དུ་མེས་རུང་བར་མི་བྱའོ། །འདུག་པའི་འགྲུབ་པ་ཉིད་སྐྱེ་བ་ལ་རག་ལས་པ་ནི་མ་ལོན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། འདུག་པ་གང་གི་འགྲུབ་པ་ཉིད་སྐྱེ་བ་ལ་རག་ལས་པ་དེ་ནི་ནང་དུ་ཞག་མ་ལོན་པ་ཉིད་མ་ཡིན་ནོ་ཞེས་ བྱ་བར་སྦྱར་རོ། །འདུག་པའི་ཞེས་བྱ་བ་ནི། ཤིང་ཏོག་ལ་སོགས་པ་རུང་བའི་ས་ན་འདུག་པའི་འོ། །དེའི་གྲུབ་པ་ཉིད་ཅེས་བྱ་བ་ནི། འདུག་པ་དེ་རུང་བའི་སར་འགྲུབ་པ་ཉིད་དོ། །འགྲུབ་པ་ཉིད་གང་ཡིན་པ་དེ་སྐྱེ་བ་ལ་རག་ལས་པ་ཞེས་བྱ་བ་ནི། སྐྱེ་བ་ལ་ལྟོས་པ་སྟེ། ཤིང་ ཏོག་ལ་སོགས་པ་རུང་བའི་སར་འགྲུབ་པ་ཉིད་གང་ཡིན་པ་དེ་རང་གི་སྐྱེ་བའི་རྒྱུན་རྩ་བ་དང་སྡོང་བུ་ལ་སོགས་པ་རུང་བ་མ་ཡིན་པའི་ས་ན་འདུག་པ་དང་འབྲེལ་བ་འམ། རང་གི་སྐྱེ་བའི་རྒྱུན་རྩ་བ་དང་སྡོང་བུ་ལ་སོགས་པ་རུང་བ་མ་ཡིན་པའི་ས་ན་འདུག་པ་དེ་ལས་ མིས་མ་བརྩལ་བར་རང་བྲུལ་བ་སྐྱེ་བའི་རྒྱུན་དང་འབྲེལ་བ་རུང་བའི་ས་ན་འདུག་པ་རྣམ་པ་དེ་གཉི་ག་ཡང་སྐྱེ་བ་ལ་རག་ལས་པ་ཞེས་བྱའོ། །མ་ལོན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ་ལྟར་ཤིང་ཏོག་ལ་སོགས་པ་རུང་བ་མ་ཡིན་པའི་ས་ན་འདུག་པའི་འགྲུབ་པ་སྐྱེ་བ་ལ་ རག་ལས་པ་རྣམ་པ་གཉིས་པོ་དེ་ནི་སྐྱེ་བའི་རྒྱུན་རུང་བ་མ་ཡིན་པའི་ས་ནས་བྱུང་བའི་དབང་གིས་གྲུབ་པ་ཡིན་པས་ནང་དུ་ཞག་མ་ལོན་པ་ཉིད་མ་ཡིན་ཏེ། ཞག་ལོན་པ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་འདུག་པའི་འགྲུབ་པ་ཉིད་སྐྱེ་བ་ལ་རག་ལས་པ་གང་ ཡིན་པ་དེ་ནི་ནང་དུ་ཞག་མ་ལོན་པ་ཉིད་མ་ཡིན་ཏེ་ལོན་པ་ཁོ་ན་ཉིད་ཡིན་པས་སྐྱེ་བའི་དབང་གིས་ན་དངོས་པོ་རུང་བའི་ས་ན་འདུག་པ་དེའི་འགྲུབ་པ་རུང་བ་མ་ཡིན་པའི་ས་ནས་བྱུང་ལ། སྐྱེ་བའི་རྒྱུན་དང་མ་བྲལ་བ་དཔེར་ན་བལ་པོ་སེའུའི་ཤིང་དང་། མ་དུ་ལུང་ག་ལ་ སོགས་པའི་ཤིང་རུང་བ་མ་ཡིན་པའི་ས་ནས་སྐྱེས་པའི་འབྲས་བུ་ཡལ་ག་དང་འབྲེལ་བ་རུང་བའི་སར་འཕྱང་བ་ལྟ་བུ་དང་། དངོས་པོ་རུང་བའི་ས་ན་འདུག་པ་དེའི་འགྲུབ་པ་རུང་བ་མ་ཡིན་པའི་ས་ནས་བྱུང་ལ། སྐྱེ་བའི་རྒྱུན་དང་བྲལ་བ་དཔེར་ན་ཤིང་ཏ་ལ་ལ་སོགས་པ་རུང་བ་མ་ཡིན་ པའི་ས་ལས་སྐྱེས་པའི་འབྲས་བུ་མིས་མ་བརྩལ་བར་རང་བྲུལ་བ་ཡལ་ག་དང་མ་འབྲེལ་བ་རུང་བའི་ས་ནས་འདུག་པ་ལྟ་བུ་དག་ནི་སྐྱེ་བ་ལ་རག་ལས་པའི་དབང་གིས་ན་ནང་དུ་ཞག་ལོན་པ་ཁོ་ན་ཡིན་ནོ། །ས་བོན་མཚམས་ཀྱི་ནང་དུ་ཞག་ལོན་པ་མཚམས་ཀྱི་ཕྱི་རོལ་དུ་བཏབ་པ་ལས་ རྩ་བ་དང་མྱུ་གུ་ལ་སོགས་པ་སྐྱེས་པ་གང་ཡིན་པ་དེ་ནི་མཚམས་ཀྱི་ནང་དུ་ཞག་ལོན་པ་ཉིད་མ་ཡིན་ཏེ། སྐྱེ་བ་གཞན་ཡིན་པའི་ཕྱིར་རོ། །མཚམས་ཀྱི་ནང་དུ་སྐྱེས་པའི་དངོས་པོ་མཚམས་ཀྱི་ཕྱི་རོལ་དུ་འཕེལ་བར་གྱུར་པ། དཔེར་ན་ཀུ་སྨན་ལ་སོགས་པ་ལྟ་བུ་དང་། དེ་བཞིན་དུ་ ནང་དུ་ཞག་ལོན་པའི་འོ་མ་གནས་སྐབས་གཞན་དུ་འཕོས་པ་ཞོར་གྱུར་པ་ལྟ་བུ་ནི་ནང་དུ་ཞག་ལོན་པ་ཉིད་ཡིན་ནོ། །མཚམས་ཀྱི་ནང་དུ་ཞག་ལོན་པའི་བ་ལས་འོ་མ་བྱུང་བ་གང་ཡིན་པ་དེ་ཡང་ནང་དུ་ཞག་ལོན་པ་ཁོ་ན་ཡིན་ཏེ། འོ་མ་དེ་མཚམས་ཀྱི་ནང་ནས་བྱུང་བ་ཡིན་པའི་ཕྱིར་རོ། ། སྣོད་ཕྱོགས་ན་འདུག་ན་དེས་ཀྱང་ས་དེར་བཙོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། བཙོ་བར་བྱ་བའི་རྫས་ཀྱི་གཞིར་གྱུར་པ་སྣོད་རུང་བ་མ་ཡིན་པའི་ཕྱོགས་ན་འདུག་ན་རྒྱུ་དེས་ཀྱང་བཙོ་བར་བྱ་བའི་རྫས་དེ་ཡང་རུང་བ་མ་ཡིན་པའི་ས་དེར་བཙོས་པ་ཉིད་ཡིན་པར་རིག་པར་བྱའོ། །བཙོ་བར་བྱ་ བའི་རྫས་ཉི་ཚེ་རུང་བ་མ་ཡིན་པའི་སར་བཞག་པ་རུང་བ་མ་ཡིན་པའི་སར་བཙོས་པར་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི། བརྒྱུད་པའི་ཚུལ་གྱིས་ཀྱང་རུང་བ་མ་ཡིན་པའི་སར་བཙོས་པར་གྱུར་པ་ཡོད་དེ། དཔེར་ན་རུང་བ་མ་ཡིན་པའི་སར་མདག་མ་དག་གི་སྟེང་དུ་སྒྱེད་པོ་ལ་སོགས་ པའམ། ལྕགས་སྒྱེད་རྐང་གསུམ་པ་ལ་སོགས་པ་བཙུགས་པའི་སྟེང་དུ། ཕྲུ་བ་ལ་སོགས་པའི་སྣོད་བཞག་པའི་ནང་དུ་ཤ་ལ་སོགས་པ་བཙོས་ན། །དེ་ཡང་རུང་བ་མ་ཡིན་པའི་སར་བཙོས་པ་ཉིད་ཡིན་པར་འགྱུར་བ་ལྟ་བུའོ། །འཚོད་པར་བྱེད་པ་དེ་ན་འདུག་པ་ཉིད་ཀྱིས་ནི་མི་འགྱུར་རོ། ། ཞེས་བྱ་བ་ནི། བཙོ་བར་བྱ་བའི་རྫས་འཚོད་པར་བྱེད་པའི་མི་རུང་བ་མ་ཡིན་པའི་ས་དེ་ན་འདུག་པ་ཉིད་ཀྱིས་བཙོ་བར་བྱ་བའི་རྫས་རུང་བའི་སར་བཙོས་པས་ནི་རུང་བ་མ་ཡིན་པའི་སར་བཙོས་པར་མི་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་འཚོད་པར་བྱེད་པའི་མི་མཚམས་ཀྱི་ནང་རོལ་ན་ འདུག་ཅིང་། བཙོ་བར་བྱ་བའི་རྫས་མཚམས་ཀྱི་ཕྱི་རོལ་ལག་པས་སླེབས་ཙམ་དུ་འཚོད་པར་བྱེད་ན་བཙོ་བར་བྱ་བའི་རྫས་དེ་མཚམས་ཀྱི་ནང་དུ་བཙོས་པར་མི་འགྱུར་རོ། །མི་ནི་སྣོད་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། མེ་མདག་ནི་སྣོད་དང་འདྲ་བ་ཉིད་མ་ཡིན་པ་མ་ ཡིན་ཏེ། སྣོད་དང་འདྲ་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། མཚམས་ཀྱི་ནང་ན་འདུག་པའི་མེ་མདག་དག་གི་སྟེང་དུ་བསྲེག་པར་བྱ་བའི་རྫས་གང་ཡིན་པ་དེ་བསྲེགས་པ་ནི་མཚམས་ཀྱི་ནང་དུ་བཙོས་པ་ཉིད་ཡིན་ནོ། །མེ་ལྕེའི་སྟེང་དུ་བསྲེགས་པ་ནི་མ་ཡིན་ཏེ། མེ་ལྕེ་ནི་ནམ་ མཁའ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་ཕྱུང་བ་དང་བྱུང་བ་དག་ནི་དེ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། མཚམས་ཀྱི་ནང་ན་འདུག་པའི་མེ་དེ་ལས་འགའ་ཞིག་གིས་བོང་བ་ལ་སོགས་པ་དག་གིས་མེ་ཕྱིར་ཕྱུང་བ་དང་རླུང་ལ་སོགས་པའི་དབང་གིས་མེ་རང་བྱུང་བ་ དག་ནི་དེ་ཉིད་མ་ཡིན་ཏེ། ས་དེའི་ངོ་བོ་ཉིད་ཀྱང་མ་ཡིན་ལ་ས་དེར་གཏོགས་པ་ཉིད་ཀྱང་མ་ཡིན་ནོ། །ཉེན་ཀོར་ནི་གནས་ཉིད་ཡིན་ནོ་ཞེས་བྱ་བ་ལ། གནས་ཞེས་བྱ་བ་ནི། དེར་གནས་པར་བྱ་བ་ཡིན་པས་གནས་ཏེ། གནས་དེའི་ཉེན་ཀོར་ནི་གནས་ཉིད་ཡིན་ནོ། །ཉེན་ཀོར་གྱི་ལམ་ཇི་སྲིད་ཚུན་ ཆད་གནས་ཉིད་ཡིན་ཞེ་ན། དེའི་ཕྱིར་འདོམ་གང་ངོ་ཞེས་བྱ་བ་སྨྲས་ཏེ། ཕྱི་རོལ་གྱི་རྩིག་པ་ལ་སོགས་པའི་ངོས་ནས་བརྩམས་ཏེ་འདོམ་གང་ཚུད་ཆད་ནི་གནས་དེའི་ཉེན་ཀོར་ཡིན་པས་དེ་ནི་གནས་ཉིད་དང་འདྲའོ། །གནས་ནི་རྣམ་པ་གཉིས་ཏེ། གཡོགས་པ་དང་མ་གཡོགས་པའོ། ། དེ་ལ་རེ་ཞིག་མ་གཡོགས་པའི་དབང་དུ་བྱས་ནས། སྟེང་དུ་ནམ་མཁའ་ལ་སླེབས་པ་མན་ཆད་དོ་ཞེས་བྱ་བ་སྨྲས་ཏེ། གནས་སྟེང་མ་གཡོགས་པ་ལ་ནི་སྟེང་དུ་ནམ་མཁའ་ལ་མགོ་བོ་རྒྱུ་བ་དག་གིས་སླེབས་པར་ནུས་པ་མན་ཆད་ཀྱང་གནས་ཉིད་ཡིན་ནོ། །གཡོགས་པའི་དབང་དུ་བྱས་ ནས་ནང་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། གནས་སྟེང་གཡོགས་པ་ལ་ནི་ནང་གི་ནམ་མཁའ་གང་ཡིན་པ་དེ་ཡང་གནས་ཉིད་ཡིན་ནོ། །སྟེང་གི་ཡང་ཏོག་གཞན་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། །འོག་ཁང་གི་སྟེང་གི་ཡང་ཐོག་གི་ཁ་ཁྱེར་གཞན་ཡང་འོག་ཁང་དེ་ཁོ་ན་ཉིད་ཡིན་ཏེ། ནམ་ མཁའི་དཀྱིལ་ནི་སྟེང་གི་ཡང་ཏོག་ཐམས་ཅད་ལ་མངོན་སུམ་དུ་འཇུག་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་རྣམས་འོག་ཁང་ན་གནས་པར་གྱུར་ན་སྟེང་གི་ཡང་ཏོག་དག་ཏུ་རུང་བའི་ཁང་པ་བསྐོ་བར་མི་བྱ་སྟེ། མི་འཆགས་པའི་ཕྱིར་རོ། །འདིར་གཞུང་ནི་སིལ་བུ་དག་ ལས་བཙུན་པ་འོག་ཁང་གི་རུང་བའི་ཁང་པ་ལགས་བ་དེའི་ཡང་ཏོག་ཀྱང་རུང་བའི་ཁང་པ་ལགས་སམ། ཉེ་བ་འཁོར་ཡང་ཏོག་ཀྱང་ཡིན་ཏེ། ངོས་དག་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །གཞན་གནས་པ་ཉིད་ནི་གཞན་གྱི་གནས་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བདག་པོ་རིགས་མི་ མཐུན་པ་གཞན་གནས་པར་གྱུར་པ་ཉིད་ཡིན་ན་བདག་པོ་སྔ་མ་གཞན་གྱི་གནས་ཉིད་མ་ཡིན་ཏེ། དཔེར་ན་དགེ་སློང་གི་གནས་སམ་དགེ་འདུན་གྱི་གནས་སུ་ཁྱིམ་པ་གནས་པར་གྱུར་ན། འདི་ལྟར་དགེ་སློང་དག་དེ་ཉིད་ན་གནས་སུ་ཟིན་ཀྱང་དེ་དགེ་སློང་གི་གནས་ཉིད་མ་ཡིན་པ་ལྟ་བུའོ། །འདིར་ གཞུང་ནི་ཞུ་བ་ལས་བཙུན་པ་དེ་ཉིད་ན་དགེ་སློང་དང་བཅས་ཤིང་དེ་ཉིད་ན་ཁྱིམ་པ་དང་བཅས་ན། དེར་དགུང་ལགས་པ་དང་དེར་བསྒྲལ་བ་འཚལ་བར་བགྱིའམ་འཚལ་བར་མི་བགྱི། ཉེ་བ་འཁོར་བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་སྟོང་པར་བྱས་པ་ཞིག་ཏུ་གལ་ཏེ་དགེ་སློང་རེ་ ཞིག་གནས་པར་གྱུར་ན་དེ་ཡང་དགེ་སློང་གི་གནས་ཉིད་ཡིན་ནོ། །ཁྱིམ་པའི་རྫས་མ་སྟོན་ན་ནི་སྟོང་པར་བྱས་པ་ཉིད་མ་ཡིན་ནོ། །དགེ་ཚུལ་རྣམས་ཀྱི་གང་ཟག་གི་གནས་དང་དགེ་ཚུལ་གྱི་ཚོགས་སྤྱིར་དབང་བའི་གནས་དེ་ནི་དགེ་སློང་གི་གནས་ཉིད་མ་ཡིན་ནོ། །དགེ་སློང་གི་གནས་སམ་དགེ་སློང་གི་ དགེ་འདུན་གྱི་གནས་ན་དགེ་ཚུལ་ཙམ་གནས་སུ་ཟིན་ཀྱང་དེ་ལྟ་མོད་ཀྱི། དེ་དགེ་སློང་གི་གནས་ཉིད་ཡིན་ཏེ། དགེ་ཚུལ་རྣམས་ནི་དགེ་སློང་གི་འཁོར་ཡིན་པའི་ཕྱིར་རོ། །ལག་ཉར་བླངས་པ་དང་ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་དེ་དག་དུས་ཀྱི་ཕྱིར་དགག་པ་མཛད་པར་འཚོ་ བའི་བར་དུ་བཅང་བ་དག་ནི་མ་བསྡུས་པ་ཉིད་ཡིན་ནོ་ཞེས་བྱ་བའི་མདོ་འདི་ནི་སྨན་གྱི་ཕྱིར་བྱས་པ་ཡིན་ཏེ། ལག་ཉར་བླངས་པ་དང་། ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་དེ་དག་དུས་ཀྱི་ཕྱིར་དགག་པ་མཛད་པར་ཞེས་བྱ་བ་ནི། ལག་ཉར་བླངས་པ་ལ་སོགས་པ་དེ་དག་མུ་གེ་བྱུང་ བ་ལ་སོགས་པའི་དུས་ཁ་ཅིག་ཏུ་ནི་བཟའ་བར་བྱའོ་ཞེས་གནང་བ་མཛད་ལ། མུ་གེ་བྱུང་བ་མ་ཡིན་པ་ལ་སོགས་པའི་དུས་ཁ་ཅིག་ཏུ་ནི་དེ་དག་བཟའ་བར་མི་བྱའོ་ཞེས་དགག་པ་མཛད་པ་དེར་རོ། །དེར་འཚོ་བའི་བར་དུ་བཅང་བ་དག་ནི་མ་བསྡུས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་འཚོ་བའི་ བར་དུ་བཅང་བ་དེ་དག་བཟའ་བའི་ཕྱིར་ནི་དུས་ཀྱི་བྱེ་བྲག་མེད་དེ། དེ་ནི་འདིར་སྤྱིའི་དོན་ཡིན་ནོ། །དུས་ཀྱི་ཕྱིར་ཞེས་བྱ་བ་ནི། གུང་ཚིགས་ཚུན་ཆད་ཀྱི་སྔ་དྲོ་དང་། དེ་ཕྱིན་ཆད་ཐུན་ཚོད་ཀྱི་བར་གྱི་དུས་དེ་གཉིས་སུ་ལག་ཉར་བླངས་པ་ལ་སོགས་པ་བྱས་ན་མུ་གེ་ལ་སོགས་པའི་དུས་ཀྱི་ཚེ་ ན། དུས་དེ་ཉིད་དུ་ལག་ཉར་བླངས་པ་ལ་སོགས་པ་དག་བཟའ་བར་བྱའི། དུས་གཞན་དུ་མ་ཡིན་པ་སྟེ། སྔ་དྲོ་དེ་ལ་སྨན་ལག་ཉར་བླངས་པ་ལ་སོགས་པ་བྱས་པ་ནི་སྔ་དྲོ་དེ་ཉིད་ལ་བཟའ་བར་བྱའི། ཕྱེད་ཡོལ་ཕན་ཆད་བཟའ་བར་མི་བྱའོ། །དེ་བཞིན་དུ་ཕྱི་དྲོ་བའི་ ཟས་ལག་ཉར་བླངས་པ་ལ་སོགས་པ་བྱས་པ་ཡང་མུ་གེ་ལ་སོགས་པའི་དུས་ཀྱི་ཚེ་ཐུན་ཚོད་ཀྱི་མཐའ་ཚུན་ཆད་དུ་བཟའ་བར་བྱའི་ཐུན་ཚོད་ལས་ཡོལ་བ་ཕན་ཆད་དུ་བཟའ་བར་མི་བྱ་བའོ། །འཚོ་བའི་བར་དུ་བཅང་བ་བྱིན་གྱིས་བརླབས་པ་རྣམས་ལ་ནི་ཆོ་ག་འདི་མེད་དེ། དེ་དག་ལ་དུས་ ཡོངས་སུ་ཆད་པ་མེད་པས་དུས་ཐམས་ཅད་དུ་བཟའ་བར་བྱ་བ་ཡིན་ནོ། །འཚོ་བའི་བར་དུ་བཅང་བ་བྱིན་གྱིས་མ་བརླབས་པ་རྣམས་ནི་དུས་ཀྱི་ཕྱིར་བསྡུས་པ་ཡིན་ནོ། །འབགས་པ་ནི་ཟས་ཕྱེད་ཉིད་དོ་ཞེས་བྱ་བ་ནི། ལྷུང་བཟེད་ལ་སོགས་པ་ལ་ཟས་ལ་སོགས་པས་འབགས་པ་ གང་ཡིན་པ་དེ་ནི་ཟས་ཕྱེད་ཉིད་ཡིན་གྱི། ཟས་རྫོགས་པ་ཉིད་ནི་མ་ཡིན་ཏེ། ལྷུང་བཟེད་ལ་སོགས་པ་ནི་བཟའ་བ་མ་ཡིན་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་གིས་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། ཁ་གཟར་དང་། ཚྭ་ཁུག་དང་། ལྷུང་བཟེད་ཀྱི་སྣོད་དང་། གོས་དང་། མན་ཤེལ་དང་། ཁྲི་དང་། ཁྲིའུ་དང་། ཕྲུ་བ་དང་། བུམ་པ་དང་། རིལ་བ་དང་། ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་གསོག་འཇོག་བྱས་པས་འབགས་པ་ཟ་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཟ་ན་ཞེས་བྱ་བ་ནི། དེ་དག་ལ་ཟས་ཀྱིས་འབགས་པ་ དེ་ཟ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་དྲི་མ་ཅན་གྱིས་བཟའ་བ་དང་བཏུང་བ་དག་ཀྱང་ངོ་ཞེས་བྱ་བ་ནི། ཁའི་ནང་མ་དག་པས་བཟའ་བ་དང་། བཏུང་བ་དག་ཟོས་སམ་འཐུངས་ན་ཡང་ཟས་ཀྱི་ཕྱེད་ཉིད་དོ། །ཁ་བཀྲུས་ཏེ་ཟོས་པ་དང་འཐུངས་པ་ལ་ནི་ལྟུང་བ་མེད་དོ། །འདིར་གཞུང་ནི་དགེ་ སློང་གིས་ཁ་མ་བཀྲུས་པར་སྐོམ་འཐུངས་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། ཁ་དྲི་མ་ཅན་དུ་གྱུར་པས་ཟོས་སམ་འཐུངས་ན་ཟས་ཀྱི་ཕྱེད་ཉིད་དེ་ཉེས་བྱས་སོ། །ཇི་ཙམ་གྱིས་ན་ཁ་དག་པ་ཡིན་ཞེ་ན། དེའི་ཕྱིར། དེའི་ཕྱི་རོལ་ན་ལྕི་བའམ་སས་ཀུན་ནས་ དྲུད་དེ་ཆུས་བཤལ་ན་དག་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁ་དེའི་ཕྱི་རོལ་མཆུ་གཉིས་ནི་ལྕི་བ་འམ་སས་ཀུན་ནས་དྲུད་དེ་ཆུས་བཤལ་ཞིང་བཀྲུས་ན་དག་པ་ཡིན་ནོ། །ནང་ནི་ཆུ་མཁུར་བ་དོའམ་གསུམ་གྱིས་བཤལ་ནའོ་ཞེས་བྱ་བ་ནི། ཁའི་ནང་ནི་ཆུ་མཁུར་བ་དོའམ་གསུམ་གྱིས་བཤལ་ ཏེ་བོར་ན་དག་པ་ཡིན་ནོ།། །།བམ་པོ་ཉི་ཤུ་རྩ་བརྒྱད་པ། ལྷུང་བཟེད་ཇི་ཙམ་གྱིས་དག་པ་ཡིན་ཞེ་ན། དེའི་ཕྱིར། ལྷུང་བཟེད་ནི་བསམ་པ་ཐག་པས་ལན་གཉིས་སམ་གསུམ་བཀྲུ་བཤལ་བྱས་ན་སྒྲ་མི་སྙན་ཀྱང་དག་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་ནི་བསམ་པ་ ཐག་པས་གུས་པར་བྱས་ཏེ། ལན་གཉིས་སམ་གསུམ་བསྒྱུར་ལོག་བྱ་ཞིང་བཀྲུ་བཤལ་བྱས་ན་སྒྲ་མི་སྙན་ཅིང་སྒྲ་སང་སང་པོར་མ་བྱུང་དུ་ཟིན་ཀྱང་དག་པ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གཅིག་གིས་ལྷུང་བཟེད་བཀྲུས་ཏེ་སོར་མོས་སྒྲ་འབྱིན་པར་བྱེད་པ་ན་སྒྲ་མི་སྙན་ནས་དེ་འགྱོད་པ་ སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསམ་པ་ཐག་པས་ལན་གཉིས་སམ་གསུམ་བཀྲུ་བཤལ་བྱ་ཞིང་གལ་ཏེ་སྒྲ་མི་སྙན་ན་ཡང་ཡོངས་སུ་ལོངས་སྤྱད་པ་ཁོ་ནར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །རྩི་ལངས་པ་ལ་ནི་ཉེས་པ་མེད་དོ་ཞེས་ བྱ་བ་ནི། ལྷུང་བཟེད་དག་པར་བྱས་པ་ལ་ཁ་དོག་གི་དྲེག་པ་ལངས་པ་ནི་རྩི་ལངས་པ་ཞེས་བྱ་སྟེ། དེ་ལ་ནི་ཉེས་པ་མེད་དོ། །འབགས་པ་མེད་པར་རེག་པ་ལ་ཡང་ངོ་ཞེས་བྱ་བ་ནི། ལྷུང་བཟེད་བཟའ་བར་བྱ་བ་ལ་རེག་ཀྱང་འབགས་པ་མེད་ན་དེ་ལ་ཡང་ཉེས་པ་མེད་དོ། །འདག་རྫས་སམ་ ལྕི་བའམ་ས་གང་ཡང་རུང་བས་ལན་གསུམ་བཀྲུས་པ་ལ་སྣུམ་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི། ལྷུང་བཟེད་འདག་རྫས་སམ་ལྕི་བས་སམ་ས་དག་ལས་གང་ཡང་རུང་བས་ལན་གསུམ་བཀྲུས་པ་ལ་སྣུམ་པ་ཉིད་ཡོད་པ་ལ་ཡང་ཉེས་པ་མེད་དོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་ ལྷུང་བཟེད་འདག་རྫས་སམ་ལྕི་བ་འམ་དོག་སས་ལན་གསུམ་འཁྲུ་བར་བགྱིད་ཅིང་དེ་ཡང་སྣུམ་ཞིང་སྣུམ་བག་ཆགས་པར་གྱུར་ན་ཡོངས་སུ་ལོངས་སྤྱད་པར་བགྱི་འམ། ཉེ་བ་འཁོར་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐ་སྙད་དུ་བྱ་བའི་ཕྱིར་མི་ཆོག་པའི་ཕྱིར་ རོ། །འདིར་འདག་རྫས་ལ་སོགས་པ་སྨོས་པ་ནི་དཔེ་ཙམ་དུ་ཟད་ཀྱི། གཞན་དག་ཀྱང་རུང་བར་རིག་པར་བྱའོ། །ལངས་པ་བསལ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དེ་ལྟར་ལྷུང་བཟེད་དག་པར་བྱས་པ་ལ་སྣུམ་བག་གམ་ཚོན་རྩིའི་བག་སྐོམ་ལ་སོགས་པ་དང་ ཕྲད་པས་ལངས་པར་གྱུར་ན་བསལ་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་ཞིག་ལ་ལྷུང་བཟེད་འཕན་ཅན་ཞིག་ཡོད་ནས་དེས་དེར་ཁུ་བ་བྱིན་ལེན་བྱས་པ་ན་སྣུམ་བག་འཐོན་ཅིང་སྟེང་དུ་ཞག་གི་ཉ་མིག་ཆགས་ཤིང་འདུག་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། སྟེང་གི་སྣུམ་བསལ་ཏེ་བཏུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འབགས་པའི་ཕྱོགས་དེ་ཉི་ཚེ་བཀྲུ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་ཕྱོགས་གང་དུ་ཟས་ལ་སོགས་པས་འབགས་པར་གྱུར་ན། ལྷུང་བཟེད་ཀྱི་ཕྱོགས་གང་དུ་འབགས་པར་གྱུར་པའི་ ཕྱོགས་དེ་ཉི་ཚེ་བཀྲུ་བར་བྱ་བ་ཉིད་ཡིན་གྱི། རིལ་གྱིས་བཀྲུ་བར་ནི་བྱ་མི་དགོས་སོ། །འདིར་གཞུང་ནི་དགེ་སློང་གི་ལྷུང་བཟེད་འཕན་ཅན་ཞིག་དེས་འཁྲུ་བར་བྱེད་པ་ན། འཕན་དེར་འབྲས་ཆན་གྱི་དུམ་བུ་སོང་བ་ཞིག་མཐོང་ནས་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། ཤིང་བུས་བྲུས་ཏེ་ཆུས་ལན་གཉིས་སམ་གསུམ་བཤལ་ནས་ཡོངས་སུ་ལོངས་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བུམ་པ་ལ་སོགས་པ་སྣུམ་བག་ཅན་དག་སྣུམ་མེད་པར་བྱ་བའི་ཕྱིར་ཆུའི་རྫིང་བུ་ཟབ་མོའི་ནང་དུ་གཞུག་གོ་ཞེས་བྱ་བ་ནི། བུམ་པ་ལ་སོགས་པ་སྣུམ་ཅན་དག་སྣུམ་མེད་པར་བྱ་བའི་ཕྱིར་ཆུའི་རྫིང་བུ་ཟབ་མོའི་ནང་དུ་དཔྱངས་ཏེ་གཞུག་པར་བྱའོ། །དུས་ཇི་སྲིད་ཀྱི་བར་དུ་གཞུག་པར་བྱ་ཞེ་ན། དེའི་ཕྱིར། ཉའམ་རུས་སྦལ་ལམ་སྦལ་པ་འམ་ཆུ་སྲིན་བྱིས་པ་གསོད་དམ་ཉ་ཁྲི་པ་དག་གིས་མ་ལུས་པར་ལྡོགས་ ཀྱི་བར་དུ་བཞག་གོ་ཞེས་བྱ་བ་སྨྲས་ཏེ། ཇི་སྲིད་དུ་ཉ་ལ་སོགས་པ་དག་གིས་སྣུམ་བག་མ་ལུས་པར་ལྡོགས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་གཞག་པར་བྱའོ། །བསྲེགས་པས་ཀྱང་སྣུམ་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི། བུམ་པ་ལ་སོགས་པ་སྣུམ་ཅན་དག་ཡང་ན་མེར་བསྲེགས་པས་ ཀྱང་སྣུམ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་མ་ལུས་པར་ལྡོགས་པ་དང་བསྲེགས་པ་དག་གིས་སྣུམ་མེད་པར་གྱུར་པའི་བུམ་པ་ལ་སོགས་པ་དག་ཇི་ལྟར་དག་ཅིང་གཙང་བ་ཉིད་དུ་བྱ་ཞེ་ན། དེའི་ཕྱིར། སྣུམ་མེད་པར་གྱུར་པ་ནི། བཀྲུ་བས་སོ་ཞེས་བྱ་བ་སྨྲས་ཏེ། བུམ་པ་ལ་སོགས་པ་སྣུམ་ མེད་པར་གྱུར་པ་ནི་བཀྲུ་བས་དག་ཅིང་གཙང་བ་ཉིད་དུ་འགྱུར་རོ། །གང་གིས་བཀྲུ་ཞེ་ན། དེའི་ཕྱིར། འདག་རྫས་སམ་ལྕི་བས་འདག་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བུམ་པ་ལ་སོགས་པ་སྣུམ་མེད་པར་གྱུར་པ་ནི། འདག་རྫས་ལ་སོགས་པས་བཀྲུས་ན་དག་པ་ཉིད་དུ་འགྱུར་རོ། །ལན་ཚྭ་ལ་ སོགས་པ་ཚྭ་ཆུ་དང་འགྱུར་བྱེད་ཀྱི་ཆུ་དང་རྙོག་ཆུར་གྱུར་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། ལན་ཚྭ་དང་འགྱུར་བྱེད་དང་རྙོག་པ་དག་ལས། ལན་ཚྭ་ཚྭ་ཆུར་གྱུར་པ་དང་། འགྱུར་བྱེད་འགྱུར་བྱེད་ཀྱི་ཆུར་གྱུར་པ་དང་། རྙོག་པ་རྙོག་ཆུར་གྱུར་པ་གསོག་འཇོག་བྱས་པའམ་བྱིན་ལེན་མ་བྱས་པར་འཐུང་བ་ནི་ ཕྱེད་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཐམས་ཅད་ལ་དུས་མ་ཡིན་པར་ཡང་རུང་བ་ཉིད་དོ་ཞེས་བྱ་བ་ནི། ལན་ཚྭ་ལ་སོགས་པ་ཚྭ་ཆུ་ལ་སོགས་པར་གྱུར་པ་དེ་ནི་ནད་པ་དང་ནད་པ་མ་ཡིན་པ་ཐམས་ཅད་ལ་དུས་མ་ཡིན་པར་བྱིན་ལེན་བྱས་ན་མ་བཙགས་པར་ཡང་རུང་བ་ཉིད་དེ་ཉེས་ པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་ཚྭ་དང་། འགྱུར་བྱེད་རང་གི་བྱ་བ་མི་བྱེད་པ་དག་ལ་ནི་མེད་པ་ཉིད་དོ་ཞེས་བྱ་བ་ནི། དེ་གཉིས་ལན་ཚྭའི་བྱ་བ་མི་བྱེད་པ་དང་། འགྱུར་བྱེད་ཀྱི་བྱ་བ་མི་བྱེད་པ་དག་ལ་ནི་ཕྱེད་ཉིད་ཀྱང་མེད་པ་ཉིད་དེ་དེ་ལ་ནི་ཉེས་བྱས་ཀྱི་ལྟུང་བ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་ གོ། །འདིར་མདོ་སྔ་མ་གསུམ་ལ་ལན་ཚྭ་དང་འགྱུར་བྱེད་ཅེས་སྨོས་པ་ནི་ལྷན་ཅིག་སྐྱེས་པ་ཡིན་པར་རིག་པར་བྱའི། ཉེ་བར་བསྒྲུབས་པ་ནི་མ་ཡིན་ནོ། །ཉེ་བར་བསྒྲུབས་པ་ནི་རྣམ་པ་གཉིས་ཏེ། འབྱུང་ཁུངས་གྱི་དབང་གིས་དང་བཏབ་པའི་དབང་གིས་སོ། །དེ་ལ་འབྱུང་ཁུངས་ཀྱི་དབང་གིས་ ཉེ་བར་བསྒྲུབས་པ་ནི་འོག་ནས་འབྱུང་ཁུངས་དག་ཏུ་བཏབ་པ་མི་མངོན་པ་ནི་ཡོད་པའི་གྲངས་ཉིད་མ་ཡིན་ནོ་ཞེས་བྱ་བས་བྱེ་བྲག་ཏུ་སྟོན་པར་བྱེད་དོ། །བཏབ་པའི་དབང་གིས་ཉེ་བར་བསྒྲུབས་པ་དེ་ལ་ནི་མི་མངོན་ཡང་ལྟུང་བྱེད་རྫོགས་པའི་བྱེད་པ་པོ་ཉིད་ཡིན་པར་རིག་པར་བྱའོ། །ལྷན་ཅིག་ སྐྱེས་པ་མ་ཡིན་པ་ལ་ཡང་གནས་སྐབས་ཀྱི་བྱེ་བྲག་གིས་ལྷན་ཅིག་སྐྱེས་པ་ཉིད་དུ་འགྱུར་བ་ཡོད་དེ། དཔེར་ན་ཆུའི་ནང་དུ་ལན་ཚྭ་འམ་འགྱུར་བྱེད་བཏབ་པ་ནམ་ཞུ་བར་གྱུར་གྱི་བར་དུ་དུས་ཅུང་ཞིག་བསྡད་ན་ནི་ལན་ཚྭ་ལ་སོགས་པའི་བྱ་བ་མི་བྱེད་པ་དེའི་ཚེ་ན་ལྷན་ཅིག་སྐྱེས་ པ་མ་ཡིན་ཡང་། ལྷན་ཅིག་སྐྱེས་པ་ཉིད་དང་འདྲ་བར་རིག་པར་བྱའོ། །འདིར་ཕྱེད་ཉིད་ཀྱི་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་ཆབ་དཔོན་ཚྭ་ཅན་དུ་བགྱིས་པ་གསོག་འཇོག་བགྱིས་ཏེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཆབ་དཔོན་ཚྭ་ཅན་ དུ་བགྱིས་པ་བྱིན་ལེན་མ་བགྱིས་པར་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། བཙུན་པ་རེ་ཞིག་དགེ་སློང་གིས་ཆབ་འགྱུར་བྱེད་ཅན་དུ་བགྱིས་པ་བྱིན་ལེན་མ་བགྱིས་པར་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཆབ་རྙོག་པ་ཅན་བྱིན་ལེན་མ་བགྱིས་པར་ འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཐ་མ་ལ་ནི་གཟུགས་བརྙན་བྱུང་ནའོ་ཞེས་བྱ་བ་སྨྲས་ཏེ། ཐ་མ་ལ་ཞེས་བྱ་བ་ནི། ཆུ་རྙོག་པ་ཅན་ཏེ་ཞུ་བའི་གཞུང་དང་། མདོ་འདི་ཉིད་ལས་ཆབ་རྙོག་པ་ཅན་ཞེས་བྱ་བའི་ཚིག་དེ་ཐམས་ཅད་ཀྱི་ཐ་མར་བསྟན་པའི་ཕྱིར་རོ། ། ཆུ་རྙོག་པ་ཅན་དེ་ལ་ནི་གང་གི་ཚེ་བཞིན་གྱི་གཟུགས་བརྙན་འབྱུང་བ་དེའི་ཚེ་ན་རྙོག་པ་མེད་པ་ཉིད་ཡིན་པར་རིག་པར་བྱའོ། །ཀ་ཏ་ཀའི་འབྲས་བུས་ཆུ་ཤིན་ཏུ་དངས་པར་འགྱུར་རོ་ཞེས་བྱ་བ་ནི། ཆུ་རྙོག་པ་ཅན་ནི་ཀ་ཏ་ཀའི་འབྲས་བུས་ཤིན་ཏུ་དངས་པར་འགྱུར་ཏེ། ཆུ་རྙོག་པ་ཅན་དེའི་ནང་དུ་ ཀ་ཏ་ཀའི་འབྲས་བུ་བཅུག་ན་ཆུ་དེ་ཤིན་ཏུ་དངས་པར་འགྱུར་རོ། །འགྱུར་བྱེད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི། འགྱུར་བྱེད་ཀྱིས་ཀྱང་ཆུ་དེ་ཤིན་ཏུ་དངས་པར་འགྱུར་རོ། །ཟན་གྱིས་ཀྱང་ངོ་ཞེས་བྱ་བ་ནི། ཟན་གྱིས་ཀྱང་ཆུ་དེ་ཤིན་ཏུ་དངས་པར་འགྱུར་རོ། །དེ་མི་འཇིག་པར་བྱ་བའི་ཕྱིར་སྣུམ་གྱིས་ བསྐུའོ་ཞེས་བྱ་བ་ནི། ཆུ་ཤིན་ཏུ་དངས་པར་བྱ་བའི་ཕྱིར་གཞུག་པར་བྱ་བའི་ཟན་དེ་མི་འཇིག་པར་བྱ་བའི་ཕྱིར་སྣུམ་གྱིས་བསྐུ་བར་བྱའོ། །འབྱུང་ཁུངས་དག་ཏུ་བཏབ་པ་མི་མངོན་པ་ནི་ཡོད་པའི་གྲངས་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། འབྱུང་ཁུངས་ཞེས་བྱ་བ་འབྱུང་བའི་གནས་དག་ཏུ་ཟས་བཏབ་ པ་མི་མངོན་པ་ནི་ཡོད་པའི་གྲངས་ཉིད་མ་ཡིན་ཏེ། འདི་ལྟར་མེད་པའི་གྲངས་ཉིད་ཁོ་ན་ཡིན་པས་དེ་ལ་ནི་མེད་པའི་ཐ་སྙད་ཁོ་ནར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་གཞུང་ལས་དུས་སྟོན་ལ་དགེ་སློང་མང་པོ་འདུས་པ་དག་ཁྲོན་པ་དག་ཏུ་ལྷུང་བཟེད་དག་འཁྲུ་བར་བྱེད་པ་ན། ཀུན་དགའ་ར་བ་པ་དང་ དགེ་བསྙེན་དག་གིས་དེ་དག་ཏུ་ཞུན་མར་དང་འབྲུ་མར་དང་ཞོ་དང་སྦྲང་རྩིའི་བུམ་པ་དག་འཁྲུ་བར་བྱེད་པའི་སྟེང་དུ་སྣུམ་གྱི་ཉ་མིག་ཆིལ་ཆིལ་པོ་དག་ཆགས་པར་གྱུར་ནས་དགེ་སློང་དག་འགྱོད་པ་སྐྱེས་ནས་མི་འཐུང་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་འབགས་པ་དེས་ཟས་ཀྱི་བྱ་བ་བྱར་མི་རུང་གིས། བསལ་ལ་བཏུང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །དེ་ལྟ་བས་ན་ཆུ་དག་གི་ནང་དུ་ཟན་ལ་སོགས་པ་བཅུག་པ་མི་མངོན་པ་ཉིད་ནི་འབྱུང་ ཁུངས་སུ་བཏབ་པ་ཉིད་ཡིན་ནོ། །ཕྱོགས་གཅིག་ཏུ་འདྲེས་པར་གྱུར་ན་དེ་ཉི་ཚེ་བ་བསལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཟས་ཀྱི་ཕྱོགས་གཅིག་ཏུ་རུང་བ་མ་ཡིན་ནམ་བྱིན་ལེན་མ་བྱས་པར་འདྲེས་པར་གྱུར་ན་ཕྱོགས་དེ་ཉི་ཚེ་བསལ་བར་བྱ་བ་ཉིད་ཡིན་གྱི། ལྷག་མ་གཞན་ནི་བཟའ་བར་བྱའོ། །ཁའི་མཆུས་རེག་པ་ཉིད་ ལ་ནི་ཐན་ཀོར་ཡང་ངོ་ཞེས་བྱ་བ་ནི། ཟས་ཁའི་མཆུས་རེག་པར་གྱུར་པ་ཉིད་ལ་ནི་གང་དུ་རེག་པའི་ཕྱོགས་དེ་ཉིད་དང་དེའི་ཐན་ཀོར་ཡང་བསལ་བར་བྱ་བ་ཉིད་ཡིན་ནོ། །མདོ་སྔ་མ་ཤོས་ཀྱིས་ནི་ལག་ཉར་བླངས་པ་ལ་སོགས་པའི་ཉེས་པ་བསལ་ཏོ། །ཕྱི་མ་ཤོས་ཀྱིས་ནི་བཙོག་པ་ཉིད་ཀྱི་ ཉེས་པ་བསལ་ཏོ། །དེ་དང་འབྲེལ་བའི་རྒྱུན་གྱིས་རེག་པ་ནི་དེ་ལ་རེག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རིལ་བ་ལ་སོགས་པ་དང་འབྲེལ་བའི་འོ་མ་ལ་སོགས་པའི་རྒྱུན་གྱིས་ལྷུང་བཟེད་ལ་རེག་པ་ནི་རིལ་བ་ལ་སོགས་པ་དེ་ལ་རེག་པ་ཉིད་ཀྱང་མ་ཡིན་ལ་རིལ་བ་ལ་སོགས་པ་དང་འབྲེལ་བའི་འོ་ མ་ལ་སོགས་པ་དག་བཙོག་པ་ཉིད་དུ་གྱུར་པ་ཡང་མ་ཡིན་ནོ། །མདོ་འདི་ནི་བཙོག་པ་ཉིད་སྤང་བའི་ཕྱིར་བྱས་སོ། །ནོར་བ་དང་བརྗེད་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། ནོར་བས་བཟའ་བར་བྱ་བ་ལ་སོགས་པ་ལ་རེག་པ་དང་བརྗེད་པས་རེག་པ་ནི་བཟའ་བར་བྱ་བ་ལ་སོགས་པ་ལ་རེག་པ་ མ་ཡིན་ནོ། །དེ་གཉིས་ཀྱིས་སྦོས་པ་གཞག་པའི་ཕྱིར་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། ནོར་བ་དང་བརྗེད་པ་དེ་གཉིས་ཀྱིས་བཟའ་བར་བྱ་བ་ལ་སོགས་པ་གནས་ནས་སྤོས་པ་ཕྱིར་གཞག་པར་བྱ་བའི་དོན་དུ་རེག་པ་ཡང་རེག་པ་ཉིད་མ་ཡིན་ནོ། །མདོ་འདི་ནི་ལག་ཉར་ བླངས་པ་ཉིད་སྤང་བའི་ཕྱིར་བྱས་སོ། །གནས་ཀྱི་ཐག་ཤིན་ཏུ་ཉེ་བར་བསྐུར་རོ་ཞེས་བྱ་བ་ནི། ནོར་བ་དང་བརྗེད་པ་དག་གིས་བཟའ་བར་བ