Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 162

Văn bản gốc(Tây Tạng)

Trang 19 / 26 (50.000 ký tự/trang)
འོ་ཞེས་བྱ་བ་ནི། ས་བོན་གྱི་ཁམས་བཏབ་པ་ལ་ད་དུང་རྩ་བ་མ་སྐྱེས་པ་ལྷག་ལྷོག་ཙམ་དུ་རྩ་བས་སུ་གྱུར་པ་ནི་ཕྱེད་སྐྱེས་པ་ཉིད་དུ་རྗེས་སུ་ཐ་སྙད་གདགས་ཏེ། དེ་ལ་ནི་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ས་འབུས་པ་དང་། ཤ་
མོ་དང་། ཤ་བལ་དང་། སྣོད་དང་གོས་ལ་སོགས་པའི་རླམ་རྣམས་ནི་ཕྱེད་སྐྱེས་པ་ཉིད་དུའོ་ཞེས་བྱ་བ་ནི། རྗེས་སུ་ཐ་སྙད་གདགས་སོ་ཞེས་བྱ་བར་སྦྱར་རོ། །ས་འབུས་པ་དང་། ཤ་མོ་དང་། ཤ་བལ་དང་། སྣོད་ཀྱི་རླམ་དང་། གོས་ཀྱི་རླམ་དང་། སོགས་པའི་སྒྲས་ཁུར་བ་ལ་སོགས་པའི་
རླམ་བསྡུས་ཏེ། དེ་རྣམས་ནི་ཕྱེད་སྐྱེས་པ་ཉིད་དུ་རྗེས་སུ་ཐ་སྙད་གདགས་ཏེ། དེ་དག་བཤིག་ཅིང་ཉམས་པར་བྱས་ན་ཉེས་བྱས་སོ། །འུ་ཤའི་ཁུ་ཚན་ལ་སོགས་པ་དབོ་བ་དང་། འཆག་པ་དང་། ཡལ་ག་ལ་སོགས་པ་འདྲེས་པ་དང་། དཀྱིལ་འཁོར་དང་། སྐྱང་ནུལ་དང་། དེ་དག་གི་བསམ་པ་ཉིད་

ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། འུ་ཤའི་ཁུ་ཚན་ལ་སོགས་པའི་སྔོའི་སྟེང་དུ་འབོ་ན་དབོ་བ་ལ་སོགས་པའི་བསམ་པ་ཉིད་ལ་ནི་ལྟུང་བ་མེད་དོ། །དེ་བཞིན་དུ་འཆག་པ་ལ་སོགས་པ་དག་ལ་ཡང་འཆག་པ་ལ་སོགས་པའི་བསམ་པ་ཉིད་ལ་ནི་ལྟུང་བ་མེད་དོ། །སྔོ་ལ་སོགས་པ་གཞིག་ཅིང་ཉམས་
པར་བྱ་བའི་བསམ་པ་མེད་པའི་ཕྱིར་རོ། །ཕོངས་པའི་ཚེ་རྩྭ་ཀུ་ཤ་ལ་སོགས་པས་བཅིངས་པ་དེས་མི་ཐར་ན་བཅད་ན་ཡང་ངོ་ཞེས་བྱ་བ་ནི། རྩྭ་ཀུ་ཤ་ལ་སོགས་པ་བཅད་ན་ཡང་ལྟུང་བ་མེད་དོ། །གང་གི་ཚེ་ཞེ་ན། དེའི་ཕྱིར་ཕོངས་པའི་ཚེ་ཞེས་བྱ་བ་སྨྲས་ཏེ། ཕོངས་པའི་དུས་ཀྱི་
ཚེའོ། །ཕོངས་པ་བསྟན་པའི་ཕྱིར། རྩྭ་ཀུ་ཤ་ལ་སོགས་པས་བཅིངས་པ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་རྩྭ་ཀུ་ཤ་ལ་སོགས་པ་དེས་བཅིངས་པའོ། །དགེ་སློང་གང་གིས་བཅད་ན་ལྟུང་བ་མེད་ཅེ་ན། དེའི་ཕྱིར་དེས་ཞེས་བྱ་བ་སྨྲས་ཏེ། རྩྭ་ཀུ་ཤ་ལ་སོགས་པས་བདག་ཉིད་བཅིངས་
པའི་དགེ་སློང་དེས་སོ། །ཅི་གནས་སྐབས་ཐམས་ཅད་དུ་ལྟུང་བ་མེད་དམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་མི་ཐར་ན་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཐབས་གཞན་གང་གིས་ཀྱང་མི་ཐར་ནའོ། །དེ་ལྟར་ཇི་སྐད་དུ་བསྟན་པའི་རྣམ་པ་དེ་ལྟ་བུས་ཕོངས་པའི་ཚེ་དགེ་སློང་གིས་རྩྭ་ཀུ་ཤ་ལ་
སོགས་པ་བཅད་ན་ཡང་ལྟུང་བ་མེད་དོ། །འདི་སྐད་བསྟན་ཏེ། གལ་ཏེ་ཆོམ་རྐུན་པ་དག་གིས་རྩྭ་ཀུ་ཤ་ལ་སོགས་པ་དྲུང་མ་ཕྱུང་བ་དགེ་སློང་བཅིངས་པར་གྱུར་ལ། ཐར་པའི་ཐབས་གཞན་འགའ་ཡང་མེད་ན། དགེ་སློང་བཅིངས་པ་དེས་རྩྭ་ཀུ་ཤ་ལ་སོགས་པ་བཅད་ན་ཡང་ལྟུང་བ་
མེད་དོ། །གལ་ཏེ་རྩྭ་ཀུ་ཤ་དག་གིས་དགེ་སློང་མང་པོ་དག་བཅིངས་པར་གྱུར་ན་ཅི་དེའི་ཚེ་ཐམས་ཅད་ཀྱིས་གཅད་པར་བྱའམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར་དུ་མ་ཉིད་ཡིན་ན་དེ་ལས་གཞན་གཅིག་གིས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་བཅིངས་པ་དུ་མ་ཉིད་ཡིན་ན་མི་ཐར་པ་དེ་ལས་དགེ་སློང་
གཅིག་གིས་གཅད་པར་བྱ་ཞིང་དེས་གཞན་ཡང་དགྲོལ་བར་བྱའི། ཐམས་ཅད་ཀྱིས་གཅད་པར་མི་བྱའོ། །ས་བོན་གྱི་ཆོས་མེད་པ་ནི་ཉེས་པ་མེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རུང་བ་ལྔ་པོ་ཕྱུང་བ་དང་། དཀྲུམ་པ་དང་། བཀས་པ་དང་། གཅད་པ་དང་། ས་བོན་གྱི་ཆོས་ཉིད་མེད་པ་

ནི་ལྔ་པ་ཡིན་ཏེ། རུང་བ་ལྔ་པོ་དེ་བསྡུ་བའི་ཕྱིར་མདོ་འདི་བྱས་སོ། །གང་ལ་ས་བོན་གྱི་ཆོས་ཉིད་མེད་པ་དེ་ནི་ཉམས་པར་བྱས་ཀྱང་ཉེས་པར་བྱེད་པ་ཉིད་མ་ཡིན་ཏེ། དཔེར་ན་ག་གོན་ལ་སོགས་པ་ས་བོན་དུ་མ་རེད་པ་ཉིད་དག་ལྟ་བུའོ། །མེས་རེག་པ་དང་མཚོན་དང་སེན་མོ་དང་ནེ་ཙོ་དག་གིས་
རྨ་ཕྱུང་བ་དང་། རྙིང་པ་དང་། ཕྱུར་བ་དང་། དཀྲུམ་པ་དང་། བཀས་པ་དང་། བཅད་པ་ལྟ་བུ་དག་ནི་རུང་བའོ་ཞེས་བྱ་བ་ནི་དགུ་པོ་དེ་དག་ནི་རུང་བ་སྟེ། མེས་རེག་པ་ཞེས་བྱ་བ་ནི་ཤིང་ཏོག་ལ་སོགས་པ་མེས་རེག་པར་བྱས་པའོ། །མཚོན་གྱིས་རྨ་ཕྱུང་བ་དང་། སེན་མོས་རྨ་ཕྱུང་བ་དང་། ནེ་ཙོ་དག་གིས་རྨ་
ཕྱུང་བ་ཞེས་བྱ་བ་ནི། ཤིང་ཏོག་ལ་སོགས་པ་དེ་དག་གིས་རྨ་ཕྱུང་བ་གང་ཡིན་པའོ། །འདིར་མཚོན་ལ་སོགས་པ་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་དེ། ཤིང་ལ་སོགས་པས་རྨ་ཕྱུང་བ་གང་ཡིན་པ་ཡང་རུང་བ་ཁོ་ན་ཡིན་ནོ། །རྙིང་པ་ཞེས་བྱ་བ་ནི། རྒུན་སྐམ་ལ་སོགས་པ་དག་གོ། །ཕྱུང་བ་ཞེས་བྱ་བ་ནི། དྲུང་
ནས་ཕྱུང་བ་སྟེ། དཔེར་ན་ལ་ཕུག་ལ་སོགས་པ་རྩ་ཐོན་དུ་ཕྱུང་བ་ལྟ་བུ་དག་སྟེ། དེ་ནི་བརྟག་པ་གཞན་གྱིས་རུང་བར་བྱ་བ་ལ་ལྟོས་མི་དགོས་སོ། །དཀྲུམ་པ་ཞེས་བྱ་བ་ནི་བརྡུངས་པ་སྟེ། མཆིག་ལ་སོགས་པས་སྲན་མ་ལ་སོགས་པ་ཕྱེད་ཚལ་དུ་དཀྲུམ་པ་ལྟ་བུའོ། །བཀས་པ་ཞེས་བྱ་བ་ནི་གས་པར་གྱུར་པ་སྟེ།
དེ་ཡང་བལ་པོ་སེའུ་ལ་སོགས་པ་ལྟ་བུ་རང་གས་པ་ཉིད་གང་ཡིན་པ་དེ་ནི་རུང་བ་ཉིད་མ་ཡིན་གྱི། གཞན་དག་གིས་བྱས་པ་ནི་རུང་བ་ཉིད་ཡིན་ནོ། །གཅད་པ་ཞེས་བྱ་བ་ནི་བརྔས་པ་སྟེ། དཔེར་ན་ལྕང་མ་ལ་སོགས་པའི་ཡལ་ག་བཅད་ཟིན་པ་དེ་ལ་སོ་ཤིང་ལ་སོགས་པ་བྱ་བ་ལ་བརྟག་པ་གཞན་གྱིས་རུང་
བར་བྱ་མི་དགོས་པ་ལྟ་བུའོ། །རུང་བ་བྱེད་པ་ནི་ས་བོན་མ་ཡིན་པ་ཉིད་དུ་གྱུར་གྱི་བར་དུ་ལྟོས་པར་བྱ་མི་དགོས་པ་ཉིད་དོ་ཞེས་བྱ་བ་ནི། བརྟག་པས་རུང་བར་བྱེད་པ་ནི་ཇི་སྲིད་དུ་ས་བོན་མ་ཡིན་པ་ཉིད་དུ་གྱུར་གྱི་བར་དེ་སྲིད་དུ་དེ་ལ་བསྡད་པར་མི་བྱ་བའོ། །འདི་སྐད་བསྟན་ཏེ། མོན་སྲན་སྡེའུ་ལ་
སོགས་པ་དག་མེ་ལ་སོགས་པའི་བརྟག་པས་རུང་བར་བྱའོ་ཞེས་བསྟན་པ་ནི། ཇི་སྲིད་དུ་མོན་སྲན་སྡེའུ་ལ་སོགས་པ་དེ་དག་ས་བོན་མ་ཡིན་པ་ཉིད་དུ་གྱུར་གྱི་བར་དེ་སྲིད་དུ་བརྟག་པར་མི་བྱ་སྟེ། འདི་ལྟར་དགེ་སློང་གིས་བརྟག་པ་ཡིན་པའི་ཕྱིར་མེ་ལ་སོགས་པས་རེག་པ་ཙམ་ཁོ་ནས་བརྟགས་ཤིང་རུང་བ་ཡིན་

པར་རིག་པར་བྱའོ། །འདི་ལ་རླངས་པ་ནི་མེ་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བརྟག་པས་རུང་བར་བྱ་བ་འདི་ལ་རླངས་པ་ནི་མེ་མ་ཡིན་པ་ཉིད་མ་ཡིན་ཏེ། འདི་ལྟར་མེ་ཉིད་དང་འདྲའོ། །འདི་སྐད་བསྟན་ཏེ། བརྟག་པས་རུང་བར་བྱ་བ་འདི་ལ་རླངས་པས་བདུགས་པ་ཉིད་ཀྱང་མེས་རེག་པ་ཉིད་དང་
འདྲ་སྟེ། འདི་ལྟར་མེ་དང་། རླངས་པས་རེག་ན་མོན་སྲན་སྡེའུ་ལ་སོགས་པ་དག་རུང་བ་ཉིད་དུ་གྱུར་པ་ཡིན་ནོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་དགེ་སློང་དག་ས་བོན་གྱི་རིགས་མི་ཚོས་པ་ཞེས་བྱ་བ་ཡོད་པས་དེའི་ཕྱིར་རླངས་པས་བརླན་ཏེ་བཟའ་བར་རྗེས་སུ་གནང་གིས་འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་
པ་ཡིན་ནོ། །འབྲས་བུ་དག་མེས་རུང་བར་བྱ་བ་ལ་སྤྱིའི་ཚོམས་ནི་གཙོ་ཆེར་བྱ་བ་ཡང་དག་པའི་གྲངས་ཉིད་དོ་ཞེས་བྱ་བ་ནི། རྒུན་འབྲུ་ལ་སོགས་པའི་འབྲས་བུ་དག་མེའི་བརྟག་པས་རུང་བར་བྱ་བ་ལ་སྤྱིའི་ཚོམས་སྤྱི་བུངས་སུ་བཅེར་བ་ནི་གཙོ་ཆེར་བྱ་བ་གཙོ་བོར་བསྟན་པ་ཡིན་ཏེ། དེ་ནི་ཡང་དག་པ་ཡིན་པའི་
གྲངས་ཉིད་དུ་འགྲོ་བར་རིག་པར་བྱའོ། །འདི་ལྟར་སྤྱི་ལ་རུང་བར་བྱས་ན། དེའི་ཡན་ལག་ཐམས་ཅད་དུ་རུང་བ་ཉིད་ཡིན་པར་ཡིད་ལ་སྣང་བའི་ཕྱིར་རོ། །འདིར་གཞུང་ནི་འདི་ལྟར་དགེ་སློང་དག་འབྲས་བུ་རྣམས་རེ་རེ་ནས་རུང་བར་བྱེད་པས་རིང་དུ་ཐོགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཕུང་པོར་བྱས་ནས་མེས་གནས་གཉིས་སམ་གསུམ་དག་ཏུ་རེག་པར་བྱས་ན་ཐམས་ཅད་དུ་རུང་བ་ཉིད་དོ་ཞེས་གསུངས་པ་ཡིན་ནོ། །ཕྱོགས་གཅིག་ནས་ནི་སྤྱིའི་རུང་བ་མི་འབྱུང་ངོ་ཞེས་བྱ་བ་ནི། མེས་ཕྱོགས་གཅིག་ནས་རེག་པ་ལ་ནི་ཕུང་པོ་ཐམས་ཅད་ཀྱི་སྤྱིའི་བརྟག་པར་བྱས་པ་ཞེས་བྱ་བའི་རུང་བ་མི་
འབྱུང་ངོ་། །འདིས་ནི་དེ་ལྟ་བས་ནས་སྤྱི་ངོས་ཐམས་ཅད་ལ་མེས་ཕྱོགས་གཉིས་སམ་གསུམ་དག་ཏུ་རེག་པར་བྱའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །དགེ་སློང་གིས་རུང་བ་དག་བྱས་པ་ཉིད་ནི་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་གིས་བརྟགས་པས་རུང་བ་དག་བྱས་པ་ནི། དགེ་སློང་
གིས་རུང་བ་དག་བྱས་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལ་ནི་མེས་རུང་བར་བྱས་པ་མ་གཏོགས་པ་གཞན་གྱིས་རུང་བར་བྱས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ཞུགས་ཀྱིས་སམ་སེན་མོས་སམ་མཚོན་གྱིས་ས་བོན་གྱི་རིགས་ལྔ་པོ་དག་རུང་བར་བགྱིས་པ་ཞེས་བགྱི་འམ་ཉེ་བ་

འཁོར་རུང་བར་བྱས་པ་ཞེས་བྱ་སྟེ། ཉེ་བ་འཁོར་མེས་རུང་བར་བྱས་པ་མ་གཏོགས་པ་ལྷག་མ་རྣམས་བཟར་རུང་སྟེ། བཟའ་བར་བྱ་བ་དག་ཡིན་ནོ། །གང་རུང་བར་བྱེད་ན་ས་བོན་གྱི་ཚོགས་འཇིག་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་རུང་བར་བྱེད་ན་ཞེས་བྱ་བའི་
ཚིག་གིས་ནི་འདིར་རུང་བར་བྱེད་པ་ནི་འབྱུང་པོའི་ཚོགས་འཇིག་པར་བྱེད་པ་ཡིན་པར་རིག་པར་བྱའོ། །དེ་ལྟ་མ་ཡིན་དུ་ཟིན་ན་ས་བོན་གྱི་ཚོགས་འཇིག་པ་ལས་ལྟུང་བྱེད་ཀྱི་ཚིག་ཏུ་མི་གསུང་བར་ཉེས་བྱས་སུ་གསུངས་པའི་རིགས་ན་དེ་སྐད་མ་གསུངས་སོ། །འདིར་ཉེ་བ་འཁོར་མེས་རུང་བར་བྱས་པ་མ་
གཏོགས་པ་ཞེས་གསུངས་པ་དེས་ནི་མེས་རུང་བར་བྱའོ། །དེ་ལྟ་མ་ཡིན་ཏེ། དེའི་ཕྱིར་མདོ་དེ་ནི་དགེ་སློང་གིས་བཙོས་པའི་དབང་དུ་བྱས་ནས། དེ་མི་བཟའ་བ་ཉིད་བསྟན་པ་ཡིན་པར་རིག་པར་བྱའོ། །ས་རུང་བ་མ་ཡིན་པར་ཡང་ངོ་ཞེས་བྱ་བ་ནི། རུང་བའི་ཁང་པ་མ་ཡིན་པའི་ས་རུང་བ་མ་ཡིན་པར་འབྲུ་
ལ་སོགས་པ་གཞག་སྟེ། མེས་རུང་བར་བྱས་པ་གང་ཡིན་པ་དེ་ཡང་རུང་བར་བྱས་པ་ཉིད་ཡིན་ནོ། །ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་ཆུ་གྲང་མོས་མ་གཏོར་བར་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། དེ་རུང་བར་བྱ་བ་དང་འབྲེལ་བ་ཡིན་པས་འདིར་མདོར་བྲིས་ཏེ། སྨན་ཞག་བདུན་པ་དང་། འཚོ་
བའི་བར་དུ་བཅང་བ་དག་ཆུ་གྲང་མོས་མ་བཏབ་མ་གཏོར་བར་བཟའ་བར་མི་བྱའོ། །རུང་བར་བྱ་བ་ནི་གང་གིས་དུས་སུ་བྱས་ཀྱང་རུང་བ་ཉིད་ཡིན་གྱི། བཟའ་བའི་དུས་ཁོ་ནར་བྱ་བ་ནི་མ་ངེས་སོ། །འདིར་གཞུང་ནི་བཙུན་པ་བཏུང་བ་བརྒྱད་པོ་ཙོ་ཙའི་འབྲས་བུ་ལས་བྱུང་བ་དང་། ཆུ་ཤིང་གི་འབྲས་བུ་ལས་བྱུང་བ་དང་། རྒྱ་
ཤུག་ལས་བྱུང་བ་དང་། འབྲ་གོ་ལས་བྱུང་བ་དང་། རྩུབ་འགྱུར་ལས་བྱུང་བ་དང་། རྒུན་དང་ཨུ་དུམ་བཱ་ར་ལས་བྱུང་བ་དང་། ནྱ་གྲོ་དྷ་ལས་བྱུང་བ་དང་། ཁྱབ་གནས་ལས་བྱུང་བ་གང་དག་ལགས་པ་དེ་དག་རྩ་བའི་ཁུ་བའམ། སྡོང་བུའི་ཁུ་བའམ། འདབ་མའི་ཁུ་བའམ། མེ་ཏོག་གི་ཁུ་བ་དང་བསྲེས་ཤིང་སྦྱར་ན་
འཚལ་དུ་རུང་ངམ། གལ་ཏེ་མི་སྐྱུར་བ་དང་མྱོས་པར་མི་འགྱུར་བ་དང་། མི་བསྐ་བ་དག་ཡིན་ན་བཏུང་དུ་རུང་ངོ་། །དེ་ལས་ལྷག་པ་ཆུས་བཏབ་པ་དག་ནི་ཞག་བདུན་པའམ། འཚོ་བའི་བར་དུ་བཅང་བ་དག་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཐུན་ཚོད་དུ་རུང་བ་ཡང་དེས་མ་གཏོར་བར་བྱའོ་ཞེས་བྱ་བ་ནི། ཐུན་ཚོད་དུ་རུང་བའི་རྫས་

གྲོ་འཇའ་ལ་སོགས་པ་ཡང་ཆུ་གྲང་མོ་དེས་མ་གཏོར་མ་བཏབ་པར་བཏུང་བར་མི་བྱའོ། །མར་སྲུབ་པའི་ཚེ་དང་འབྲུ་མར་འཚིར་བའི་ཚེ་ན་ཡང་ཆུ་གྲང་མོས་གདབ་དགོས་མོད་ཀྱི། འོན་ཀྱང་དེའི་ཚེ་ན་བཏབ་པ་ནི་རུང་མ་བྱས་པ་ཉིད་མ་ཡིན་ཏེ། སྦྱོར་བ་དེ་ནི་མ་གྲུབ་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །མར་དང་འབྲུ་མར་དག་ནི་
གྲུབ་པ་ལ་རུང་བར་བྱ་བར་བཞེད་དོ། །བུ་རམ་ཡང་མེས་བསྐོལ་བ་ན་ཆུ་གྲང་མོས་གདབ་པར་བྱ་བ་ཡིན་མོད་ཀྱི། དེའི་ཚེ་ཆུས་བཏབ་པ་དེས་རུང་བར་བྱས་པ་ཉིད་དུ་མི་ཆུད་དོ། །ཞག་བདུན་པ་ལ་ནི་མེས་རུང་བར་བྱ་བ་མི་སྲིད་དེ། འདིར་གཞུང་ནི། དེ་ནས་སྤྲེའུ་དེ་ཕྱོགས་གཅིག་ཏུ་སོང་སྟེ། སྦྲང་རྩིའི་ལྷུང་བཟེད་དེ་ཆུ་གྲང་
མོས་གཏོར་ནས་བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་དེ་བཞེས་ཏེ་རུང་བར་བྱས་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཐམས་ཅད་དུ་ཡང་ཆུ་ནི་གྲང་མོ་ཉིད་ཡིན་པར་ཁས་བླང་ངོ་། །ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འཕྱ་བའི་ལྟུང་བྱེད་སྨྲ་བར་
འདོད་ནས། གང་ཟག་བཅུ་གཉིས་པོ་དག་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འཕྱ་བའི་ལྟུང་བྱེད་འདི་ལ་གནས་ཁང་བསྐོ་བ་ལ་སོགས་པ་གང་ཟག་བཅུ་གཉིས་པོ་དག་བྱེད་པ་པོ་དག་ཡིན་ཏེ། དེ་དག་གི་ཡུལ་ལ་འཕྱ་ན་ལྟུང་བྱེད་འབྱུང་བའི་ཕྱིར་རོ། །གང་ཟག་བཅུ་གཉིས་པོ་དག་གང་ཞེ་ན། གནས་ཁང་ཟས་ལ་
བསྐོ་བ་གཉིས། །ཐུག་པ་བག་ཆོས་འབྲིམ་པ་གཉིས། །ཕྲན་ཚེགས་འབྲིམ་པར་བྱེད་པ་དང་། །སྣོད་སྤྱད་འབྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགེད། །མངག་གཞུག་པ་དང་མཛེས་ཆོས་ཏེ། །གང་ཟག་བཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ཞེས་གསུངས་པ་ཡིན་ཏེ། དེ་དག་
ནི་དགེ་འདུན་གྱི་ལས་བྱེད་པ་བསྙེན་པར་རྫོགས་པའི་དཔེ་ཙམ་དུ་ཟད་ཀྱི། འདིར་ཤིང་ཏོག་འབྲིམ་པ་ལ་སོགས་པ་དག་ཀྱང་བསྡུའོ། །མ་བསྐོས་པ་དག་ཀྱང་ངོ་ཞེས་བྱ་བ་ཡང་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི། བསྐོས་པས་དག་ཀྱང་བྱེད་པ་པོ་ཉིད་ཡིན་པར་བསྡུའོ། །འདི་སྐད་བསྟན་
ཏེ། གལ་ཏེ་དགེ་འདུན་གྱི་ལས་བྱེད་པའི་དགེ་སློང་བསྐོས་ཀྱང་རུང་མ་བསྐོས་ཀྱང་རུང་བ་སྟེ། དེ་ལ་འཕྱའམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །སྦྱོར་བ་དག་བག་ཡངས་སུ་བྱས་པ་ཡང་ངོ་ཞེས་བྱ་བ་ཡང་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་སྔར་ཀྱང་ངོ་ཞེས་སྨོས་པའི་རྗེས་

བསྙགས་པའི་ཕྱིར་ཏེ། སྦྱོར་བ་དག་བག་ཡངས་སུ་མ་བྱས་པ་ཡང་བྱེད་པ་པོ་ཉིད་ཡིན་པར་བསྡུའོ། །འདི་སྐད་བསྟན་ཏེ། དགེ་འདུན་གྱིས་ལས་ཀྱི་སྦྱོར་བ་བཏང་བ་ཡང་རུང་སྟེ། མ་བཏང་བ་ཡང་རུང་སྟེ། དེ་ལ་འཕྱ་འམ་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །འདིར་མདོ་དེ་གཉིས་ཀྱི་གཞུང་
ནི་མདོ་སྔ་མ་ནི་གང་ཟག་བཅུ་གཉིས་སུ་མ་བསྐོས་པ་སྦྱོར་བ་མ་བཏང་བ་དག་ལ་འཕྱ་བ་དང་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །མདོ་འོག་མ་ཤོས་ཀྱི་ནི་བསྐོས་པ་སྦྱོར་བ་བཏང་བ་དག་ལ་འཕྱ་བ་དང་། གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་ཞིག་
རྗེས་སུ་སྒྲུབ་ན་དེ་དག་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་བདག་དང་འབྲེལ་བའི་དོན་གྱིས་ཐོས་པར་འཕྱ་འང་རུང་ཟུར་གྱིས་གཞོགས་འཕྱས་བྱེད་ཀྱང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། རུང་ངོ་ཞེས་བྱ་བའི་སྒྲས་ཁ་གཉིས་སུ་སྨོས་པ་ནི་ཕྱོགས་དེ་གཉིས་གང་བྱས་ཀྱང་རུང་ངོ་ཞེས་བསྟན་པའི་ཕྱིར་རོ། །བདག་དང་འབྲེལ་བའི་དོན་གྱིས་
ཞེས་བྱ་བ་ནི། བདག་ཉིད་ཀྱི་དགོས་པས་འཕྱ་འམ་གཞོགས་འཕྱས་བྱེད་པའོ། །འདིར་གཞུང་ནི་གཞན་གྱི་དོན་དུ་འཕྱ་འམ། གཞོགས་འཕྱས་བྱེད་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཐོས་པར་ཞེས་བྱ་བ་ནི། ཅི་ནས་ཀྱང་དབྱས་བྱ་བའི་དགེ་སློང་གིས་མངོན་སུམ་དུ་ཐོས་པར་འགྱུར་བ་དེ་ལྟར་འཕྱ་འམ་གཞོགས་
འཕྱས་བྱེད་པའོ། །འཕྱ་ཞེས་བྱ་བ་ནི། མིང་ནས་འབྱིན་ཅིང་ཐོས་པར་ངོར་འཕྱ་བའི་རང་བཞིན་གོ་བར་བྱེད་པའོ། །ཟུར་གྱིས་ཞེས་བྱ་བ་ནི། གང་ལ་དཔྱས་བྱ་བ་དེའི་མིང་ནས་མི་འབྱིན་པར་འཕྱ་བ་སྟེ། ཁ་ཅིག་འདི་ལྟར་བྱེད་དོ་ཞེས་ཟེར་བའོ། །གཞོགས་འཕྱས་ཞེས་བྱ་བ་ནི་མིང་ནས་མི་འབྱིན་པར་གཞན་ལ་བརྗོད་པའི་ཚུལ་
གྱིས་ཐོས་པར་འཕྱ་བའི་རང་བཞིན་གོ་བར་བྱེད་པའོ། །འཕྱ་བ་དང་གཞོགས་འཕྱས་བྱེད་པ་དེ་གཉིས་ཀྱང་གལ་ཏེ་བསྐུར་བར་གྱུར་པ་ཡིན་ན། དེའི་ཚེ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་བདེན་པ་ཡིན་ན་ནི་མི་འགྱུར་རོ། །བདག་དང་འབྲེལ་པའི་དོན་གྱིས་ཞེས་བྱ་བ་དང་། ཐོས་པར་ཞེས་བྱ་བའི་ཚིག་ནི་འཕྱ་བ་དང་།
གཞོགས་འཕྱས་བྱེད་པའི་ཕྱོགས་གཉི་ག་དང་སྦྱར་བར་རིག་པར་བྱའོ། །འདིར་གཞུང་ནི་མཛའ་བོ་དང་ས་ལས་སྐྱེས་གཉིས་ཚེ་དང་ལྡན་པ་ཉེ་དགའ་དང་ལྷན་ཅིག་འདུ་འཛིའི་གཏམ་གྱི་ཕྱིར་འཁོད་པ་དང་། ཚེ་དང་ལྡན་པ་གྱད་བུ་ནོར་ཕྱོགས་དེར་འོངས་པ་དང་ཞེས་གསུངས་པ་ཡིན་ནོ། །བགྲངས་པ་ལ་ནི་

དངོས་གཞིའོ་ཞེས་བྱ་བ་ལ། བགྲངས་པ་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པ་དེ་དགེ་འདུན་གྱིས་གསོལ་བའི་ལས་ཀྱིས་འཕྱ་བ་དང་། གཞོགས་འཕྱས་བྱེད་པའི་གྲངས་སུ་བགྲངས་པ་སྟེ། གལ་ཏེ་དེ་ལྟར་བགྲངས་ཀྱང་ཡང་འཕྱ་བ་དང་། གཞོགས་འཕྱས་བྱེད་ན་གང་ཟག་རྣམ་པ་དེ་ལྟ་བུ་ལ་གང་ཟག་
བཅུ་གཉིས་པོ་དེ་དག་དངོས་གཞིའི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ། །མ་བགྲངས་པ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པ་ལ་ནི་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི། ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པའི་གང་ཟག་ལ་བསྐུལ་བ་དང་དྲན་པར་
བྱ་བ་ལ་སོགས་པ་མངོན་སུམ་དུ་བརྗོད་པར་མི་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པ་ལས་བསྐུལ་བ་དང་། དྲན་པ་བྱ་བ་ལ་སོགས་པ་མངོན་སུམ་དུ་ཅུང་ཟད་ཀྱང་བརྗོད་པར་མི་བྱའོ། །ངོར་འཕྱ་བ་དང་གཞོགས་འཕྱས་བྱེད་པ་གཉིས་ལས་གཞན་པའི་བརྗོད་
པ་གང་ཡིན་པ་དེ་འདིར་བསྡུས་པ་ཡིན་ནོ། །ཞེ་སྡང་བར་གྱུར་པ་དེ་རང་གིས་ལས་སུ་བསྐོ་བར་མི་བྱའོ་ཞེས་བྱ་བ་ནི། ཅུང་ཟད་ཙམ་ཡང་དང་དུ་ལེན་པར་མི་ནུས་པའི་གང་ཟག་གང་ཡིན་པ་དེ། ཞེ་སྡང་བར་གྱུར་ཅིང་མི་དགའ་བར་གྱུར་ན། ཞེ་སྡང་བར་གྱུར་པ་དེ་དགེ་འདུན་གྱི་ལས་བྱེད་པའི་དགེ་སློང་རང་གིས་
དགེ་འདུན་གྱི་ལས་སུ་བསྐོ་བར་མི་བྱ་སྟེ། བརྒྱུད་པས་ནི་བསྐོ་བར་བྱའོ། །འཕྱ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་ཉི་ཤུ་རྩ་བཞི་པ། བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཞར་ལ་འདི་བརྗོད་པར་བྱ་སྟེ། གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་
གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་དང་། གང་ཟག་བསྟན་པ་རྣམས་ལ་ངོར་འཕྱ་བ་དང་ཟུར་གྱིས་གཞོགས་འཕྱས་བྱེད་པ་གསོལ་བས་མི་བགྲང་བར་མི་བྱའོ་ཞེས་བྱ་བ་ནི། གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་དང་། གང་ཟག་བསྟན་པ་རྣམས་
ལ་ངོར་འཕྱ་བ་དང་། ཟུར་གྱིས་གཞོགས་འཕྱས་བྱེད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། དེ་དག་ལ་གསོལ་བའི་ལས་ཀྱིས་མི་བགྲང་བར་མི་བྱ་ཞིང་བགྲང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་གཟོན་པ་ཞེས་བྱ་བ་ལ་སོགས་པ་བཞིའི་ཚིག་གི་དོན་བཤད་པ་བརྗོད་

པར་བྱ་སྟེ། གླེང་བར་གཏོགས་པའི་བསྒོ་བ་ཚིག་གིས་རྣ་ལ་གཟོན་པ་ཞེས་བྱ་བ་ལ། གླེང་བར་གཏོགས་པའི་ཞེས་བྱ་བ་ནི་གླེང་བ་དང་འབྲེལ་བ་གླིང་བའི་རྣམ་པའོ། །དེའི་བསྒོ་བ་ཞེས་བྱ་བ་ནི་གླེང་བར་གཏོགས་པ་བསྒོ་བའི་ཚིག་སྟེ། གླེང་བ་པོས་དྲིས་པའི་ཚིག་གང་ཡིན་པའོ། །བསྒོ་
བ་དེ་རྣ་ལ་གཟོན་པ་རྣམ་པ་གཉིས་ཏེ། ཚིག་གིས་རྣ་ལ་གཟོན་པ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པའོ། །དེ་ལ་ཚིག་གིས་རྣ་ལ་གཟོན་པ་ནི་ཚིག་མི་མཐུན་པས་རྣ་ལ་གཟོན་པ་སྟེ། གླེང་བ་པོས་གླེང་བར་བྱ་བའི་གང་ཟག་གིས་གླེང་བར་གཏོགས་པའི་བསྒོ་བ་རྣ་ལ་གཟོན་པའི་ཚིག་གང་ཡིན་པའོ། །ཅང་མི་
སྨྲ་བས་རྣ་ལ་གཟོན་པ་ནི། ཅང་མི་སྨྲ་བས་རྣ་ལ་གཟོན་པ་ཞེས་བྱ་བས་བསྟན་ཏོ། །གང་ཟག་བསྟན་པ་རྣམས་ལ་ངོར་འཕྱ་བ་ཞེས་བྱ་བ་ནི། གང་ཟག་བཅུ་གཉིས་སྔར་བསྟན་པ་རྣམས་ལ་ངོར་འཕྱ་བའོ། །ཟུར་གྱིས་གཞོགས་འཕྱས་བྱེད་པ་ཞེས་བྱ་བ་ནི། གང་ཟག་བཅུ་གཉིས་པོ་དེ་དག་ཉིད་ལ་ཟུར་གྱིས་གཞོགས་
འཕྱས་བྱེད་པའོ། །གསོལ་བས་མི་བགྲང་བར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་བཞི་པོ་དེ་དག་གསོལ་བ་སྔོན་དུ་བཏང་བའི་ལས་ཀྱིས་བསྒོ་བ་ཚིག་གིས་རྣ་ལ་གཟོན་པ་ཉིད་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པ་ཉིད་དང་། ངོར་འཕྱ་བ་ཉིད་དང་། ཟུར་གྱིས་གཞོགས་འཕྱས་བྱེད་པ་ཉིད་དུ་གོ་རིམས་བཞིན་དུ་བགྲང་
བར་བྱ་སྟེ། བགྲང་བ་ཞེས་བྱ་བ་ནི། ངེད་ཀྱིས་ཁྱོད་ཀྱི་སྤྱོད་པ་དམ་པ་མ་ཡིན་པ་འདི་འདྲ་བ་ཤེས་ཏེ། ཁྱོད་གང་ཟག་སྤྱོད་པ་དམ་པ་མ་ཡིན་པ་དང་ལྡན་པ་དེ་ལྟ་བུ་དག་གི་ནང་དུ་བཅུག་གོ་ཞེས་ཁྲེལ་མེད་པ་རྣམ་པ་དེ་ལྟ་བུ་ཉིད་ཀྱི་གྲངས་སུ་དེ་དག་བགྲང་བའོ། །ཇི་ཞིག་བྱས་ན་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དུ་
འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རྣམས་ཀྱིས་བསྒོ་བ་དེ་རྣ་ལ་གཟོན་ནའོ། །བསམ་པ་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་དེར་འདུན་པས་སོ་ཞེས་བྱ་བ་སྨྲས་ཏེ། རྣ་ལ་གཟོན་པར་འདུན་པས་སོ། །ཇི་ལྟར་ཞེ་ན། དེའི་ཕྱིར་གཞན་བརྗོད་པས་སོ་ཞེས་བྱ་བ་སྨྲས་
ཏེ། དགེ་སློང་གིས་བསྒོ་བ་ནི། དགེ་སློང་གིས་དྲི་བ་ལས་གཞན་པ་མི་མཐུན་པ་ལོག་པ་བརྗོད་པ་གང་ཡིན་པ་དེས་རྣ་ལ་གཟོན་ནའོ། །དེ་ལྟར་ཡང་འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་ཇི་ཙམ་དུ་གཞན་འདྲི་བ་ལ་ལན་གཞན་འདེབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་

ནོ། །འདིས་ལོག་པར་སྨྲས་སོ་ཞེས་གོ་ན་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ་དེ་ལྟར་ཡང་གཞུང་ནི་ཞུ་བ་ལས་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་འམ། མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་གཞན་དང་གཞན་དུ་བརྗོད་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཅང་མི་སྨྲ་བས་ན་ཉེས་བྱས་སོ་ཞེས་བྱ་བ་
ནི། ཅང་མི་སྨྲ་བས་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ན་ནི་ཉེས་བྱས་སོ། །མི་དྲན་ནོ་ཞེ་ན། ཡང་ངོ་ཞེས་བྱ་བ་ནི། དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་ན་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་མི་དྲན་ནོ་ཞེས་ཟེར་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་བརྗོད་པར་བྱ་བ་སྡུག་བསྔལ་བར་
འགྱུར་བ་ཡིན་ན་མེད་དོ་ཞེས་བྱ་བ་ནི། གལ་ཏེ་བརྗོད་པར་བྱ་བ་སྨྲ་བར་བྱ་བའི་གཞན་ལ་སྡུག་བསྔལ་བར་འགྱུར་བའི་རྒྱུ་ཡིན་ན་གཞན་བརྗོད་ཀྱང་ལྟུང་བ་མེད་དོ། །དེའི་ཕྱིར་གསད་པར་བྱ་བ་མཐོང་ངམ་ཞེས་འདྲི་བ་ལ་རེ་ཞིག་མེ་འདེ་ཤིག །རེ་ཞིག་སྐོམ་འཐུང་ཤིག །རེ་ཞིག་ངལ་སོ་ཤིག་ནམ་མཁའ་མཐོང་ངོ་། །
སེན་མོ་མཐོང་ངོ་། །དོན་དམ་པར་ན་སེམས་ཅན་ནམ་གསད་པར་བྱ་བ་མ་མཐོང་ངོ་ཞེས་སྨྲས་ན་ལྟུང་བ་མེད་དོ་ཞེས་བྱ་བ་འདིས་ནི་བརྗོད་པར་བྱ་བ་སྡུག་བསྔལ་བར་འགྱུར་བ་སྟོན་ཏོ། །གསད་པར་བྱ་བ་མཐོང་བ་ནི་གསད་པར་བྱ་བ་མཐོང་བ་སྟེ། དེ་མཐོང་ངམ་ཞེས་འདྲི་བའམ་ཞེས་བྱ་བ་ནི། གལ་ཏེ་གསད་པར་བྱ་
བའི་གཤེད་མ་དག་དགེ་སློང་ལ་འདི་སྐད་ཅེས་ཁྱོད་ཀྱིས་གསད་པར་བྱ་བ་མཐོང་ངམ་ཞེས་འདྲི་བའོ། །དེ་ལ་དགེ་སློང་གིས་མཐོང་བཞིན་དུ་འདི་སྐད་ཅེས། རེ་ཞིག་མེ་འདེ་ཤིག་ཅེས་བྱ་བ་ལ་སོགས་པ་གཞན་བརྗོད་པར་བྱའོ། །དོན་དམ་པར་ན་སེམས་ཅན་ནམ་གསད་པར་བྱ་བ་མ་མཐོང་ངོ་ཞེས་བྱ་བ་ནི། མུ་སྟེགས་
ཅན་གྱིས་ཀུན་བརྟགས་པའི་སེམས་ཅན་མ་མཐོང་བ་སྟེ། བསམ་པ་དེ་ལྟར་བྱས་ནས་རྣམ་པ་དེ་ལྟ་བུ་མ་མཐོང་ངོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །གང་དུ་ཆེ་བཞི་ཉིད་བྱ་དགོས་པར་འགྱུར་བའི་གནས་དེར་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། ཕྱོགས་གང་དུ་ཆེ་བཞི་ཉིད་བྱ་དགོས་པར་འགྱུར་བ་ཞལ་ཆེ་དཔང་དུ་
གསོལ་ལོ་ཞེས་ཟེར་བར་འགྱུར་བའམ། རྣ་ལ་འཛིན་པར་འགྱུར་བའི་གནས་དེར་བསྟེན་པར་མི་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་འཐབ་མོའི་ནང་དུ་གནས་པར་མི་བྱ་ཞིང་ཆེ་བཞི་དབྱེ་བར་མི་བྱ་སྟེ། ཐག་རིང་པོ་ཁོ་ནར་བྱོལ་བར་བྱའོ། །དགེ་སློང་འཐབ་མོའི་ནང་དུ་གནས་སམ་ཆེ་བཞི་

འབྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གནོད་པའི་སྒོ་མ་བཅད་པས་ཆེ་བཞི་དབྱེ་བར་མི་བྱའོ་ཞེས་བྱ་བ་ནི། གང་གིས་ཆད་པ་ལ་སོགས་པ་གནོད་པའི་སྒོ་མ་བཅད་པ་དེ་ནི་གནོད་པའི་སྒོ་མ་བཅད་པའི་དགེ་སློང་སྟེ། དེས་ཆེ་བཞི་དབྱེ་བར་མི་བྱའོ། །འདི་
སྐད་བསྟན་ཏེ། ཆེ་བཞི་ཕྱེ་བ་ལས་གཞན་གསད་པ་དང་བཅིང་བ་ལ་སོགས་པའི་གནོད་པ་འབྱུང་དུ་དོགས་པ་གང་ཡིན་པའི་གནོད་པ་དེའི་སྒོ་དང་སྲང་དང་རྒྱུར་གྱུར་པ་སྒོ་གང་ནས་གནོད་པ་དེ་འབྱུང་བར་འགྱུར་བའི་སྒོ་དེ་གཅད་པ་མ་བྱས་པར་ཆེ་བཞི་དབྱེ་བར་མི་བྱའོ། །བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དོ་ཞེས་བྱ་
བ་དེ་བཤད་ཟིན་ཏོ།། །།གནས་མལ་གྱི་ལྟུང་བྱེད་སྨྲ་བར་འདོད་ནས། ཁྲི་དང་ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་། སྔས་དང་། གོར་བུ་ཞེས་བྱ་བ་ནི་གནས་མལ་ལོ་ཞེས་བྱ་བ་སྨྲས་ཏེ། ཁྲི་ཞེས་བྱ་བ་ནི་མལ་ཁྲི་ལ་སོགས་པའོ། །ཁྲིའུ་ཞེས་བྱ་བ་ནི་རྐང་རྟེན་གྱི་ཁྲིའུ་ལ་སོགས་པའོ། །སྟན་
ནང་ཚངས་ཅན་ཞེས་བྱ་བ་ནི་རས་བལ་ལ་སོགས་པས་བརྫངས་པའོ། །ལ་བ་ཞེས་བྱ་བ་ནི་བལ་ལས་བྱས་པའི་གོས་སྤུ་དང་བཅས་པའོ། །སྔས་ཞེས་བྱ་བ་ནི་སྔས་ནང་ཚངས་ཅན་ལ་སོགས་པའོ། །གོར་བུ་ཞེས་བྱ་བ་ནི་སྟན་ཟླུམ་པོ་ལ་སོགས་པའོ། །ཁྲི་ལ་སོགས་པ་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་དེ།
དྲེའུ་རྔོག་དང་། དབྱམ་པོ་དང་། བེའུ་རས་ལ་སོགས་པ་གནས་མལ་གྱི་ཡན་ལག་ཏུ་གཏོགས་པ་ཐམས་ཅད་ཀྱང་བསྡུ་སྟེ། དེ་དག་ནི་གནས་མལ་ལོ། །འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་དེའི་ཉེན་ཀོར་རོ་ཞེས་བྱ་བ་ནི། གནས་མལ་འདུག་པའི་ཕྱོགས་ནས་བརྩམས་ཏེ། འདོམ་བཞི་བཅུ་རྩ་དགུ་ཚུན་
ཆད་ནི་དེའི་གནས་མལ་ཉེན་ཀོར་ཡིན་ནོ། །བསྐོར་བ་ལ་ནི་སྒོ་ཁང་ནས་སོ་ཞེས་བྱ་བ་ནི། གཙུག་ལག་ཁང་དང་ཁང་ཁྱིམ་རྩིག་པ་ལ་སོགས་པས་བསྐོར་བ་ལ་ནི་སྒོ་ཁང་ནས་བརྩམས་ནས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དེའི་ཉེན་ཀོར་ཡིན་ནོ། །འདིར་གཞུང་ནི་མ་མོ་ལས་དགེ་སློང་ཕྱི་རོལ་བླ་གབ་མེད་པར་གནས་
མལ་བཤམས་ནས་སྒོ་ཁང་གི་ཕྱི་རོལ་ནས་འདོམ་བཞི་བཅུ་རྩ་དགུ་ཕན་ཆད་དུ་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་འདའ་བའི་ཕྱིར་བརྗེད་པས་ཀྱང་འགྲོ་བ་དང་ནང་དུ་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་ལ་སོགས་པས་ནི་ལྐོག་ཏུ་

གྱུར་པ་ཡིན་ནོ་ཞེས་བྱ་བ་ནི། ལྟུང་པའི་རྒྱུར་གྱུར་པ་གནས་མལ་དེ་ལས་འདའ་བའི་ཕྱིར་ཞེས་བྱ་བ་ཡོངས་སུ་བཏང་བའི་ཕྱིར། བརྗེད་པས་ཀྱང་རུང་མ་བརྗེད་པར་བློ་སྔོན་དུ་བཏང་བས་ཀྱང་རུང་སྟེ། གནས་གཞན་དུ་འཕགས་ཤིང་འགྲོ་བ་གང་ཡིན་པ་དང་། ནང་དུ་ཞེས་བྱ་བ་གནས་མལ་གྱི་གནས་དེའི་ནང་
ཉིད་དུ་གཉིད་ལོག་པ་དང་། སྙོམས་པར་ཞུགས་པ་ལ་སོགས་པས་ནི་ལྐོག་ཏུ་གྱུར་པ་ཡིན་ནོ། །ཁ་ན་མ་ཐོ་བ་འདིའི་རྒྱུར་གྱུར་པ་ལྐོག་ཏུ་གྱུར་པ་ནི་རྣམ་པ་གཉིས་ཏེ། ལྐོག་ཏུ་གྱུར་པ་རྣམ་པ་གཉིས་དང་། གོ་རིམས་བཞིན་དུ་འདིར་གཞུང་ནི་གལ་ཏེ་ལམ་ཁར་བདག་གིས་དགེ་འདུན་གྱི་གནས་མལ་
ཕྱོགས་འདི་ལྟ་བུ་ཞིག་ཏུ་གཞག་གོ་སྙམ་དུ་དྲན་ཞིང་ཞེས་བྱ་བ་ནས་ལྟུང་བ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་དང་། བླ་གབ་མེད་པར་བཏིང་ངམ་འདིང་དུ་བཅུག་པ་ལས་མ་བརྟུལ་ལམ་བརྟུལ་དུ་མ་བཅུག་པར་གཙུག་ལག་ཁང་དུ་ཞུགས་ཏེ། གཉིད་ལོག་གམ་སྙོམས་པར་
ཞུགས་ན་ཞེས་གསུངས་པ་ཡིན་ནོ། །སྤྱིའི་ཚིག་ཀྱང་ཡོད་དེ་བླ་གབ་མེད་པར་གནས་མལ་བཞག་སྟེ་ཞེས་བྱ་བ་ནས་གཙུག་ལག་ཁང་དུ་འཇུག་ཅིང་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཕན་ཕུན་གཞན་ཡང་བསྡུ་བར་རིག་པར་བྱའོ། །
གནས་སྐབས་གང་ལ་ཁ་ན་མ་ཐོ་བ་གང་དུ་འགྱུར་ཞེ་ན། དེའི་ཕྱིར་ཕན་ཕུན་གྱི་མདུན་རོལ་དུ་ནི་སྦྱོར་བའོ་ཞེས་བྱ་བ་སྨྲས་ཏེ། གནས་མལ་དེ་ཕན་ཕུན་དུ་གྱུར་པའི་མདུན་རོལ་དུ་ཕན་ཕུན་དུ་མ་གྱུར་པའི་གནས་སྐབས་སུ་སྦྱོར་བའི་ཁ་ན་མ་ཐོ་བར་འགྱུར་རོ། །ཕན་ཕུན་དུ་གྱུར་པ་དང་འདས་པ་དེ་ལ་
ནི་མཐའོ་ཞེས་བྱ་བ་ནི། གནས་མལ་ཕན་ཕུན་དུ་གྱུར་པ་དང་། མཚམས་ལས་འདས་པ་ལ་ནི་མཐའ་སྟེ། དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལྐོག་ཏུ་གྱུར་པ་ཞེས་བྱ་བའི་འགྲོ་བ་དང་། མཚམས་མ་འདས་སུ་ཟིན་ཀྱང་གནས་མལ་ཕན་ཕུན་དུ་གྱུར་པ་དེ་ལྟ་ན་ཡང་དངོས་
གཞིའི་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་ཏེ། གནས་མལ་གྱི་མཚམས་ལས་འདས་ན་ཕན་ཕུན་དུ་མ་གྱུར་ཀྱང་མཚམས་ལས་འདས་པ་ཁོ་ན་དངོས་གཞིའི་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་རོ། །མཚམས་ལས་མ་འདས་ཀྱང་ཕན་ཕུན་དུ་གྱུར་ན་ཡང་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །མཚམས་ལས་

ཀྱང་འདས་པ་ལ་ཕན་ཕུན་དུ་གྱུར་ན་ཡང་དངོས་གཞི་ཁོ་ནའོ། །མཚམས་ཀྱི་ནང་དུ་ཞུགས་ལ་ཕན་ཕུན་དུ་མ་གྱུར་ན་ནི་ཉེས་བྱས་སུ་འགྱུར་རོ། །བརྟུལ་བ་བྱས་སམ་བྱེད་དུ་བཅུག་པ་ལ་དེ་དག་མི་འབྱུང་ངོ་ཞེས་བྱ་བ་ནི། གནས་མལ་བརྟུལ་བ་རང་གིས་བྱས་སམ་གཞན་བྱེད་དུ་
བཅུག་པ་ལ་ནི་སྦྱོར་བ་དང་མཐའ་དེ་དག་མི་འབྱུང་ངོ་། །བཅོལ་བའི་དགེ་སློང་ཡོད་པ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི། གང་གིས་བླ་གབ་མེད་པར་གནས་མལ་བཏིང་ངམ་འདིང་དུ་བཅུག་པའི་མཚན་ཉིད་ཀྱི་ཕྱིར་དགེ་སློང་ལ་བཅོལ་བ་ཡོད་པ་དེ་ནི་བཅོལ་བའི་དགེ་སློང་ཡོད་པ་སྟེ། བཅོལ་བའི་དགེ་སློང་ཡོད་
པའི་དགེ་སློང་དེ་ལ་ཡང་སྦྱོར་བ་དང་མཐའ་དེ་དག་མི་འབྱུང་ངོ་། །ཉམ་ང་བ་དང་ཕྲད་པ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་སྲོག་གི་བར་ཆད་ལ་སོགས་པའི་ཉམ་ང་བ་དང་ཕྲད་པ་ལ་ཡང་སྦྱོར་བ་དང་མཐའ་དེ་དག་མི་འབྱུང་ངོ་། །སྤྱོད་པ་ནི་བྱེད་པ་དང་འདྲའོ་ཞེས་བྱ་བ་ནི། གཞན་གྱི་གནས་
མལ་བླ་གབ་མེད་པར་བཏིང་བ་ལ་སྤྱོད་པ་གང་ཡིན་པ་དེ་འགྲོ་བ་ནི་རང་གིས་གདིང་བར་བྱེད་པ་དང་འདྲའོ། །འདི་སྐད་བསྟན་ཏེ། ཇི་ལྟར་རང་གིས་བླ་གབ་མེད་པར་གནས་མལ་བཏིང་བ་བཅོལ་བའི་དགེ་སློང་མེད་པར་འགྲོ་བ་ལ་ཁ་ན་མ་ཐོ་བར་འདིར་འགྱུར་བ་དེ་བཞིན་དུ་གཞན་གྱིས་བཏིང་བ་ལ་ལོངས་སྤྱོད་
སྤྱོད་པ། བཅོལ་བའི་དགེ་སློང་མེད་པར་འགྲོ་བ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། དེ་ལྟ་བས་ན་གཞན་གྱིས་བྱེད་དུ་བཅུག་པ་ལ་ལོངས་སྤྱོད་པ་ཡང་རང་གིས་བྱས་པ་དང་། ཁ་ན་མ་ཐོ་བ་འདྲའོ། །གཉི་ག་ཅིག་ཅར་སྤྱོད་སྤྱོད་པ་ལ་ནི་ཕྱིས་ལངས་པར་བྱ་བ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི། གནས་མལ་
བརྟུལ་བའོ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་གཉིས་ཁྲི་ལ་སོགས་པ་གནས་མལ་ལ་ཅིག་ཅར་སྤྱོད་སྤྱོད་པ་ལ་ནི་གང་ཕྱིས་ལངས་པའི་ངང་ཚུལ་ཅན་དེ་ནི་ཕྱིས་ལངས་པ་སྟེ། དགེ་སློང་གང་ཕྱིས་ལངས་པ་དེས་གནས་མལ་དེ་བརྟུལ་བར་བྱ་བ་དང་ལྡན་པ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་
གཉིས་ཅིག་ཅར་གནས་མལ་གཅིག་ལ་འཁོད་འཁོད་པར་གྱུར་ན། གང་ཕྱིས་ལངས་པ་ཤོས་དེས་གནས་མལ་དེ་བླ་གབ་མེད་པ་ནས་བརྟུལ་བར་བྱ་བ་ཡིན་ནོ། །གལ་ཏེ་མཉམ་དུ་ན་གཞོན་པས་སོ་ཞེས་བྱ་བས་ནི། གལ་ཏེ་གཉི་ག་མཉམ་དུ་ལངས་པར་གྱུར་ན་གཞོན་པ་ཤོས་ཀྱིས་གནས་མལ་

བརྟུལ་བར་བྱའོ། །མཉམ་པ་ཉིད་ཡིན་ན་གཉི་གས་སོ་ཞེས་བྱ་བ་ནི། ལོ་གྲངས་མཉམ་པ་ཉིད་ཡིན་ན་གཉི་གས་གནས་མལ་བརྟུལ་བར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་གཉི་ག་ལོའི་མགོ་མཉམ་པ་ཉིད་ཡིན་ན། གཉི་ག་ཁོ་ནས་གནས་མལ་བརྟུལ་བར་བྱའོ། །བཅོལ་ཏེ་འགྲོ་བར་བྱའོ་
ཞེས་བྱ་བ་སྨྲས་ན་བཅོལ་བའི་ཡུལ་གྱི་རང་གི་ངོ་བོ་ཉིད་བསྟན་པའི་ཕྱིར། ངོ་ཚ་མེད་པ་དང་ནང་དང་བཅས་པ་དང་རྒས་པ་དང་ན་བ་དང་། བསྙེན་པར་མ་རྫོགས་པ་རྣམས་ལ་ནི་འདི་བཅོལ་བར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ངོ་ཚ་མེད་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་གཡེམ་པ་ཡིན་པར་རིག་
པར་བྱའོ། །ནང་དང་བཅས་པ་ཞེས་བྱ་བ་ནི་ཞེ་འགྲས་པའོ། །རྒས་པ་ཞེས་བྱ་བ་ནི་རྒས་པས་ཉམ་ཆུང་བའོ། །ན་བ་ཞེས་བྱ་བ་ནི། སྦྱོར་མི་བཟོད་པའོ། །བསྙེན་པར་མ་རྫོགས་པ་རྣམས་ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་ཐམས་ཅད་དོ། །འདི་ཞེས་བྱ་བ་ནི་གནས་མལ་ལོ། །བཅོལ་བར་བྱ་
བ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི། གནས་མལ་བརྟུལ་དུ་གཞུག་པར་བྱ་བ་མ་ཡིན་པ་ཉིད་དོ། །འདི་སྐད་བསྟན་ཏེ། ངོ་ཚ་མེད་པ་ལ་སོགས་པ་དེ་དག་ལ་གནས་མལ་བརྟུལ་བ་རྣམ་པ་ཐམས་ཅད་དུ་བཅོལ་བར་མི་བྱ་བ་ཉིད་ཡིན་ནོ། །ད་ནི་བཅོལ་བའི་རང་གི་ངོ་བོ་བསྟན་པའི་ཕྱིར། གཙུག་ལག་
ཁང་འདི་རེ་ཞེ་འམ་ལྟོས་ཤིག་ཅེ་འམ། གནས་མལ་འདེ་རེ་ཞེ་འམ། བསྡུས་ཤིག་ཅེའམ། སྒོ་ལྕགས་ཆུགས་ཤིག་ཅེས་བྱ་བ་ལྟ་བུ་ནི་བཅོལ་བ་དག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བཅོལ་བ་ནི་རྣམ་པ་ལྔ་སྟེ། གཙུག་ལག་ཁང་འདེ་རེ་ཞེའམ། གཙུག་ལག་ཁང་འདི་ལྟོས་ཤིག་ཅེའམ། གནས་
མལ་འདེ་རེ་ཞེ་འམ། གནས་མལ་བསྡུས་ཤིག་ཅེ་འམ། སྒོ་ལྕགས་ཆུགས་ཤིག་ཅེས་བྱ་བ་དག་གོ། །ལྟ་བུ་ཞེས་བྱ་བའི་སྒྲ་ནི་རྣམ་པ་ཞེས་བྱ་བའི་དོན་ཏེ། བཅོལ་བ་རྣམ་པ་ལྔ་པོ་དེ་ལྟ་བུ་དག་གོ། །བཅོལ་བ་དག་ཡིན་ནོ་ཞེས་བྱ་བ་ནི། བཅོལ་བ་རྣམ་པ་ལྔ་པོ་དེ་དག་ནི་བཅོལ་བ་དག་ཡིན་ཏེ། དེ་དག་
གི་ནང་ནས་གང་ཡང་རུང་བ་ཅིག་བསྒོ་ན་ཡང་བཅོལ་བ་ཉིད་ཡིན་ནོ། །སྔར་ཕན་ཕུན་ཞེས་སྨོས་པ་དེའི་རང་གི་ངོ་བོ་བསྟན་པའི་ཕྱིར། ཕན་ཕུན་ནི་གསུམ་སྟེ་རླུང་གིས་བཟློག་པ་དང་། ཆར་པས་རིམ་པ་གཞན་སླེབས་པ་དང་། སྲིལ་ལ་སོགས་པས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། ཕན་ཕུན་ནི་

གསུམ་སྟེ། རླུང་གིས་གནས་མལ་བཟློག་པ་དང་། ཆར་པས་གནས་མལ་གྱི་རིམ་པ་གཞན་ལ་སླེབས་པ་དང་། སྲིལ་དང་གྲོག་མཁར་བྱེད་པ་ལ་སོགས་པས་གནས་མལ་གྱི་རིམ་པ་གཞན་སླེབས་པ་སྟེ། རིམ་པ་གཞན་སླེབས་པ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར། ཀྱང་
ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཕན་ཕུན་རྣམ་པ་དེ་གསུམ་ལས་གང་བྱུང་བ་ཡང་རུང་སྟེ། གནས་མལ་ཕན་ཕུན་དུ་གྱུར་ཅེས་བྱའོ། །སྦྱོར་བ་དང་མཐའ་གཉིས་ཀྱི་ངོ་བོ་ཉིད་བསྟན་ནས། འདིར་ཁ་ན་མ་ཐོ་བ་ཇི་ལྟ་བུ་དང་གང་གི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དེ་ལ་དགེ་འདུན་གྱི་གནས་མལ་
ཉིད་རང་ངམ་བསྐོས་པས་བླ་གབ་མེད་པར་གཞག་པར་བྱས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་ཞེས་བྱ་བ་ནི། གནས་མལ་བླ་གབ་མེད་པར་འཇོག་པ་ལ་སྟེ། དེ་ལ་བྱེད་པ་པོ་ནི་དགེ་འདུན་གྱི་གནས་མལ་ཉིད་ཅེས་བྱ་བ་ལ་སོགས་པ་ཚིག་ལྷག་མ་རྣམས་ཡིན་པར་རིག་པར་
བྱའོ། །དེ་ལ་བླ་གབ་མེད་པར་གཞག་པར་བྱ་བ་ནི། དགེ་འདུན་གྱི་གནས་མལ་ཉིད་དེ། དེ་གང་ཟག་གི་མ་ཡིན་ནོ། །འཇོག་པར་བྱེད་པ་ནི་དགེ་སློང་རང་ངམ། རང་གིས་བསྐོས་པའི་དགེ་སློང་དག་གིས་སོ། །དགེ་འདུན་གྱི་གནས་མལ་དེ་རང་ངམ་བསྐོས་པས་ཅི་ཞིག་བྱས་ན་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་
དག་ཡིན་ཞེ་ན། བླ་གབ་མེད་པར་གཞག་པར་བྱས་པ་ནའོ། །ཡན་ལག་དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་དག་ཡིན་ནོ། །གནས་སྐབས་གང་ལ་ཁ་ན་མ་ཐོ་བ་ཇི་ལྟ་བུའི་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་མཐར་ཐུག་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། ཕན་ཕུན་དུ་གྱུར་པའི་མཐར་ཐུག་པའི་གནས་
སྐབས་ན་དངོས་གཞིའི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ། །སྦྱོར་བ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི། སྦྱོར་བའི་གནས་སྐབས་ན་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །རེ་ཞིག་གི་དུས་སུ་གཞན་འདུག་པའི་བར་དུ་ཡང་དེའོ་ཞེས་བྱ་བ་ལ། རེ་ཞིག་གི་དུས་སུ་ཞེས་བྱ་བ་ནི། དུས་ཡུན་ཅུང་ཟད་ཅིག་
གོ། །གཞན་ཞེས་བྱ་བ་ནི། གང་ཟག་གཞན་ནོ། །འདུག་པའི་ཞེས་བྱ་བ་ནི། གནས་མལ་དེ་ལ་འདུག་པའིའོ། །བར་དུ་ཞེས་བྱ་བ་ནི། བར་སྐབས་དེར་རོ། །ཡང་ཞེས་བྱ་བ་ནི། གནས་མལ་དེ་ཕན་ཕུན་དུ་གྱུར་ན་ཡང་ངོ་། །དེའོ་ཞེས་བྱ་བ་ནི་ཉེས་བྱས་སོ། །འདི་སྐད་བསྟན་ཏེ། གནས་མལ་བླ་གབ་

མེད་པར་གཞག་པ་ལ་དུས་ཡུན་ཅུང་ཟད་ཅིག་གང་ཟག་གཞན་འདུག་པའི་བར་སྐབས་སུ་གལ་ཏེ་རླུང་ལ་སོགས་པས་ཕན་ཕུན་དུ་གྱུར་ན་དེ་ལྟ་ན་ཡང་དང་པོ་འཇོག་པའི་དགེ་སློང་དེ་ལ་ཉེས་བྱས་སུ་འགྱུར་ཏེ། ལྟུང་བྱེད་དུ་ནི་མི་འགྱུར་རོ། །འདིར་གཞུང་ནི་ཞུ་བ་ལས་འཆག་པའི་གནས་མལ་མནོས་པ་དགེ་སློང་
གིས་དུས་ཅུང་ཟད་ཅིག་བླངས་ནས། དགེ་སློང་གིས་བཏིང་བ་དེ་ཡང་མི་བརྟུལ་ལམ། བརྟུལ་དུ་མི་འཇུག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གང་ཟག་ཡང་ངོ་ཞེས་བྱ་བ་ཡང་ཉེས་བྱས་ཏེ། གང་ཟག་གིས་གནས་མལ་བླ་གབ་མེད་པར་གཞག་པ་ཆར་པ་ལ་སོགས་པས་ཕན་ཕུན་དུ་གྱུར་ན་དེ་ལྟར་ན་
ཡང་ཉེས་བྱས་ཁོ་ནའོ། །འདིར་གཞུང་ནི་ཞུ་བ་ལས་གང་ཟག་གི་གནས་མལ་ཡིན་ལ། དེ་དགེ་སློང་གིས་འདིང་དུ་བཅུག་ནས་དགེ་སློང་འདུག་པ་ལ་མ་བཅོལ་བར་དེ་ནས་འགྲོ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་བསླབ་པའི་གཞི་འོག་མ་བཞི་ལ་ཡང་འདྲ་བར་བསྟན་པའི་ཕྱིར། འོག་
མ་བཞི་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་གཞི་འདིའི་འོག་མ་བསླབ་པའི་གཞི་བཞི་པོ་འདིང་བ་དང་། སྐྲོད་པ་དང་། ཕྱིས་གནོན་འབྱུང་བ་དང་། རྩ་བ་འབྱུང་བ་ལ་འདུག་པ་ཞེས་བྱ་བ་དག་ལ་ཡང་གང་ཟག་གི་གནས་སུ་ནི་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ལས་གང་ཟག་གིས་གཙུག་
ལག་ཁང་དུ་འདིང་ན་ཉེས་བྱས་སོ། །གང་ཟག་གི་གནས་མལ་ནས་སྐྲོད་ན་ཉེས་བྱས་སོ། །གང་ཟག་གི་གཙུག་ལག་ཁང་ཡིན་ལ། དེར་དགེ་སློང་གིས་ཕྱིས་གནོན་བྱས་ཏེ། གནས་མལ་བཅའ་ན་ཉེས་བྱས་སོ། །གང་ཟག་གི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཡང་ཏོག་བྱས་པ་
ལྗིད་ཀྱིས་ཕབ་སྟེ། འདུག་གམ་ཉལ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །རེག་པར་བྱ་བ་མ་ཡིན་པ་ཉིད་ལ་ནི་མི་འགྱུར་རོ་ཞེས་བྱ་བ་ནི། གསེར་ལ་སོགས་པ་ལས་བྱས་པའི་ཁྲི་ལ་སོགས་པ་དགེ་སློང་གིས་རེག་པར་བྱ་བ་མ་ཡིན་པ་ཉིད་ནི་བླ་གབ་མེད་པར་བཞག་སྟེ། མ་བརྟུལ་ལམ། བརྟུལ་
དུ་མ་བཅུག་པར་དེ་ནས་སོང་ན་ཉེས་བྱས་སུ་ཡང་མི་འགྱུར་ཏེ། དེ་དག་བརླིང་བས་རླུང་ལ་སོགས་པས་ཕན་ཕུན་དུ་མི་འགྱུར་བའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས་དགེ་སློང་གིས་ཁྲི་འམ་ཁྲིའུ་བླ་གབ་མ་མཆིས་པར་བཞག་སྟེ། མ་བརྟུལ་ལམ་བརྟུལ་དུ་མ་སྩལ་བར་དེ་ནས་གཞན་དུ་

མཆིས་ན་ལྟུང་བར་མི་འགྱུར་བ་འགའ་མཆིས་སམ། ཡོད་དེ་རིན་པོ་ཆེ་ལས་བྱས་པ་ཡིན་ནའོ་ཞེས་གསུངས་པ་ཡིན་ནོ། །བསྡུ་བར་བྱ་བ་བཏིང་སྟེ་བསོད་སྙོམས་ལ་ཞུགས་པ་ན་གལ་ཏེ་རླུང་དང་ཆར་པ་འོང་ན་གཙུག་ལག་ཁང་ན་འཁོད་པ་རྣམས་ཀྱིས་བསྡུ་བར་བྱའོ་ཞེས་
བྱ་བ་ནི། བསྡུ་བར་བྱ་བ་གནས་མལ་ཏེ་དགེ་སློང་གིས་བླ་གབ་མེད་པར་བཏིང་སྟེ་བསོད་སྙོམས་ལ་ཞུགས་པ་ན་དེའི་ཚེ་གལ་ཏེ་རླུང་དང་ཆར་པ་འོང་ན་དགེ་སློང་གཙུག་ལག་ཁང་ན་འཁོད་པ་རྣམས་ཀྱིས་གནས་མལ་དེ་དག་བསྡུ་བར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་བླ་གབ་མེད་པར་
གནས་མལ་འཇོག་ཅིང་རང་ཡང་བསོད་སྙོམས་ལ་འགྲོ་བ་ལ། དེའི་ཚེ་རླུང་དང་ཆར་བ་འོང་ན་གཙུག་ལག་ཁང་ན་འཁོད་པའི་དགེ་སློང་རྣམས་ཀྱིས་གནས་མལ་དེ་དག་བརྟུལ་བར་བྱའོ། །བསོད་སྙོམས་ལ་ཞུགས་པའི་དགེ་སློང་དེ་ཉིད་ཀྱིས་ཀྱང་། རླུང་དང་ཆར་པ་མཐོང་ནས་གུས་པར་བྱས་ཏེ།
མྱུར་དུ་ཕྱིར་འོང་བར་བྱའོ། །དེའི་དོན་ཉིད་ལ་ངེས་པ་མེད་པ་དང་ན་སྨད་པ་མ་ཡིན་ནོ་ཞེས་བྱ་བ་ནི། བསོད་སྙོམས་ཀྱི་དོན་ཉིད་དུ་བསོད་སྙོམས་ཀྱི་དགོས་པའི་དབང་གིས་སོང་བ་ལ་ནི་ཉེས་པ་མེད་པ་ཡང་མ་ཡིན་ལ། ན་སྨད་པ་ཡང་མ་ཡིན་ཏེ། འདི་ལྟར་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་
རོ། །འདིར་གཞུང་ནི་བརྟུལ་བར་བྱ་བ་བཏིང་སྟེ་བསོད་སྙོམས་ལ་འཇུག་པར་མི་བྱའོ། །འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་བརྗེད་པས་ལམ་རིང་དུ་འདས་སམ་ཕྱིས་དྲན་པ་རྙེད་ན་ཕྱིན་ཆད་འདི་ལྟར་མི་བྱའོ་ཞེས་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་
པར་ཡང་བྱའོ་ཞེས་བྱ་བ་ནི། གལ་ཏེ་བརྗེད་པས་ཡུལ་གཞན་དུ་འགྲོ་ཞིང་ལམ་རིང་དུ་འདས་པར་གྱུར་ཏམ། གནས་སུ་ཕྱིན་ནས་བདག་གིས་བླ་གབ་མེད་པར་གནས་མལ་བཞག་པར་གྱུར་ཏོ་སྙམ་དུ་དྲན་པ་རྙེད་ན་ཕྱིན་ཆད་འདི་ལྟར་མི་བྱའོ་ཞེས་བྱ་བ་ཡང་དང་ཡང་དུ་འདི་ལྟར་མི་བྱའོ་ཞེས་སེམས་བསྐྱེད་པར་
བྱ་ཞིང་ཚིག་ཏུ་བརྗོད་པར་ཡང་བྱའོ། །གལ་ཏེ་ལམ་རིང་པོར་མ་ཕྱིན་པར་དྲན་པ་རྙེད་ན་ནི་དགེ་སློང་དེས་ཕྱིར་ལྡོག་པར་བྱའོ། །གལ་ཏེ་དགེ་སློང་ལམ་ནས་ཚུར་འོང་བ་ཞིག་དང་ཕྲད་པར་གྱུར་ན་བསྡུ་བའི་ཕྱིར་དེ་ལ་བཅོལ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དེ་ཕར་འགྲོ་བ་ན་དགེ་སློང་ལམ་ནས་ཚུར་འོང་

བ་ཞིག་དང་མངོན་སུམ་དུ་ཕྲད་པར་གྱུར་ན། གནས་མལ་བརྗེད་དེ་བླ་གབ་མེད་པ་ནས་མ་བསྡུས་པ་དེ་བསྡུ་བའི་ཕྱིར་ཚུར་འོང་བ་དེ་ལ་བཅོལ་བར་བྱའོ། །ཁས་བླངས་པས་སོན་པ་ཉིད་ན་དེ་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཚུར་འོང་བའི་དགེ་སློང་གང་གིས་འདི་སྐད་ཅེས་ཁོ་བོ་དེར་ཕྱིན་ནས་བསྡུ་བར་བྱའོ་ཞེས་ཁས་
བླངས་པ་དེས་གནས་མལ་གྱི་གནས་སུ་སོན་པ་ཉིད་ན་གནས་མལ་བསྡུ་བ་དེ་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་དེས་ཀྱང་དགེ་སློང་དེ་ལ་ཁས་བླངས་ནས་གུས་པར་བྱས་ཏེ་བསྡུ་བར་བྱའོ། །གལ་ཏེ་སྡུད་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ལམ་ནས་ཚུར་འོངས་
པ་ཞེས་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་དེ། གཞན་ལ་ཡང་རུང་བའི་ཕྱིར་རོ། །གནས་ནས་འཕགས་པར་འགྱུར་བ་ན་ཉམ་ང་བ་དང་ཕྲད་པར་མི་འགྱུར་བ་ལྟ་ན་གནས་མལ་བསྡུ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གནས་ནས་འཕགས་པར་འགྱུར་བ་ན་ཉམ་ང་བ་དང་ཕྲད་པ་ཚུལ་ཁྲིམས་དང་སྲོག་ལ་སོགས་
པའི་བར་ཆད་དུ་འགྱུར་བ་མེད་པ་ལྟ་ན། གནས་མལ་སྐྱབས་ཡོད་པ་ན་འདུག་ཀྱང་རུང་ངོ་། །བླ་གབ་མེད་པ་ན་འདུག་ཀྱང་རུང་སྟེ་བསྡུ་བར་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་གིས་གནས་མལ་བསྡུས་ནས་འགྲོ་བར་བྱའོ། །མི་སྡུད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་
ཡིན་ནོ། །ཉམ་ང་བ་དང་ཕྲད་པར་མི་འགྱུར་བ་ལྟ་ན་ཞེས་སྨོས་པ་ནི། གནས་མལ་སྡུད་པར་བྱེད་པ་ན་འཕྱིས་པའི་དབང་གིས་གལ་ཏེ་ན་སྲོག་གི་བར་ཆད་ལ་སོགས་པ་འབྱུང་བར་འགྱུར་དུ་དོགས་པ་བསལ་བའི་ཕྱིར་རོ། །གལ་ཏེ་དྲི་མ་ཅན་དུ་གྱུར་ན་སྤྲུག་པར་བྱའོ་ཞེས་བྱ་བ་ནི། འགྲོ་བས་གལ་ཏེ་
གནས་མལ་ས་རྡུལ་ལ་སོགས་པས་དྲི་མ་ཅན་དུ་གྱུར་ན་ཕྱི་རོལ་རླུང་ཁ་ལ་སོགས་པར་སྤྲུག་པར་བྱའོ། །འདིར་གཞུང་ནི་མ་མོ་ལས་དགེ་སློང་འགྲོ་བར་ཆས་པ་ཞེས་བྱ་བ་ནས་གནས་མལ་དྲི་མ་ཅན་དུ་གྱུར་ན་སྤྲུག་པར་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་འབུལ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་
འགྲོ་བར་ཆས་པས་དགེ་འདུན་ནམ་གང་ཟག་གཞན་གྱི་གནས་མལ་བདག་སྤྱོད་སྤྱོད་པ་དེ་གལ་ཏེ་དུས་ཀྱིས་ཐུབ་ཅིང་ཉམ་ང་བ་དང་ཕྲད་པར་མི་འགྱུར་བ་ལྟ་ན་ཁུངས་སུ་ཕྱིར་དབུལ་བར་བྱའོ། །ཡང་ན་བཅོལ་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དུས་ཀྱིས་མི་ཐུབ་ཅིང་ཉམ་ང་བ་དང་ཕྲད་པར་འགྱུར་བ་

ལྟ་ན་གནས་མལ་གཞན་ལ་བཅོལ་བར་བྱའོ། །སུ་ལ་ཞེ་ན། དེའི་ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨྲས་སོ། །དེ་མེད་ན་དགེ་ཚུལ་ལའོ་ཞེས་བྱ་བ་ནི། དགེ་སློང་མེད་ན་དགེ་ཚུལ་ལ་དེ་བཅོལ་བར་བྱའོ། །དེ་ཡང་མེད་ན་ཁྱིམ་བདག་ལའོ་ཞེས་བྱ་བ་དང་དགེ་ཚུལ་དེ་ཡང་མེད་ན་ཁྱིམ་
བདག་དེ་ལ་བཅོལ་བར་བྱའོ། །ཐམས་ཅད་མེད་ན་ཕྱོགས་བཞིར་རྣམ་པར་བལྟས་ཏེ་ལྡེ་མིག་སྦས་ནས་འགྲོ་བར་བྱའོ་ཞེས་བྱ་བ་ནི། བཅོལ་བར་བྱ་བ་ཐམས་ཅད་མེད་ན་འགྲོ་བའི་ཕྱིར་ཕྱོགས་བཞིར་བལྟས་ཏེ། ལྡེ་མིག་ཀྱོག་པོ་ལ་སོགས་པ་གཞན་གྱིས་མ་མཐོང་བར་སྦས་ཏེ་འགྲོ་བར་བྱའོ། །
གལ་ཏེ་ལམ་ཁར་དགེ་སློང་མཐོང་ན་ཕྱོགས་དེ་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ལམ་ཁར་བདག་གིས་གནས་དེར་གཏོགས་པའི་དགེ་སློང་ཚུར་འོང་བ་མཐོང་ན་ཕྱོགས་གང་དུ་ལྡེ་མིག་སྦས་པའི་ཕྱོགས་དེ་ལམ་ཁར་ཕྲད་པའི་དགེ་སློང་དེ་ལ་བརྗོད་པར་བྱའོ། །གལ་ཏེ་འོངས་པ་ན་ཁྱིམ་གཞན་
དུ་མགྲོན་དུ་བོས་ཤིང་སྒོ་བཅད་པར་གྱུར་ན་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་སྟན་བཞག་སྟེ་འཇུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་སོང་བ་དེའི་ཕྱིར་འོངས་པ་ན་དགེ་སློང་རྣམས་ཡོན་བདག་གི་ཁྱིམ་གཞན་དུ་མགྲོན་དུ་བོས་ཤིང་གཙུག་ལག་ཁང་གི་སྒོ་བཅད་པར་གྱུར་ན་དགེ་སློང་དེས་གཙུག་
ལག་ཁང་གི་ཉེན་ཀོར་གྱི་རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་དུ་རང་གི་སྟན་བཞག་སྟེ། དགེ་སློང་རྣམས་གང་མགྲོན་དུ་བོས་པའི་ཁྱིམ་གཞན་དེར་ཟན་གྱི་ཕྱིར་འཇུག་པར་བྱའོ། །རྩིག་དྲུང་ངམ་ཤིང་ལྗོན་པའི་དྲུང་ཞེས་སྨོས་པ་ནི། ཉིན་མཚན་བསྐྱབ་པའི་དཔེ་དེ་ཙམ་དུ་ཟད་དེ། གར་འོས་པའི་ཕྱོགས་
གཞན་དུ་ཡང་བཞག་ཏུ་རུང་ངོ་། །དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ལས་རྩིག་དྲུང་ངམ། གང་དུ་ཉི་མས་ཆུད་ཟོས་པར་མི་འགྱུར་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེར་སྟན་དག་གཡར་པོར་སྦྱིན་ནོ་ཞེས་བྱ་བ་ནི། དགེ་སློང་དག་མགྲོན་དུ་འབོད་པའི་ཁྱིམ་གཞན་དེར་གཙུག་ལག་ཁང་
དང་འབྲེལ་བའི་སྟན་དག་གཡར་པོར་སྦྱིན་ནོ། །རང་གིས་བསྐུར་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་དག་རང་གི་ཁྱིམ་གཞན་དེ་ནས་སྟན་དེ་དག་ཕྱིར་བསྐུར་བར་མི་བྱའོ། །དེ་ནི་ཁྱིམ་པ་དང་དགེ་ཚུལ་དག་གིའོ་ཞེས་བྱ་བ་ནི། སྟན་བསྐུར་བ་དེ་ནི་ཁྱིམ་པ་དང་དགེ་ཚུལ་དག་གི་ལས་ཁོ་ན་ཡིན་ནོ། །འདི་

སྐད་བསྟན་ཏེ། ཁྱིམ་པ་དང་དགེ་ཚུལ་དག་གིས་གཙུག་ལག་ཁང་དུ་སྟན་དེ་དག་བསྐུར་བར་བྱའོ། །མེད་ན་བསྐྱལ་བའི་ཕྱིར་ཁྱིམ་པ་ལ་བཅོལ་ཏེ་འདོང་བར་བྱའོ་ཞེས་བྱ་བ་ནི། ཁྱིམ་པ་དང་དགེ་ཚུལ་དག་མེད་ན་སྟན་དག་བསྐྱལ་བའི་ཕྱིར་ཁྱིམ་བདག་ལ་བཅོལ་ཏེ། དགེ་སློང་རྣམས་གཙུག་ལག་
ཁང་དུ་འདོང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་དག་ཟན་ཟོས་ནས་སྟན་རང་ཉིད་ཀྱི་མཆན་ཁུང་ནས་བླངས་ཏེ། འགྲོ་བ་ན་བྲམ་ཟེ་དང་ཁྱིམ་བདག་དག་ཅི་འཕགས་པ་དག་རོལ་མོ་དག་འདོང་ངམ་ཞེས་ཅོ་འདྲི་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་
གིས་སྟན་བསྐུར་བར་མི་བྱ་བར་ཁྱིམ་པ་དང་། དགེ་ཚུལ་དག་གིས་བསྐུར་བར་བྱའོ། །གལ་ཏེ་ཁྱིམ་པ་དང་དགེ་ཚུལ་མེད་ན་ཁྱིམ་བདག་དེ་ཉིད་ལ་བཅོལ་ཏེ་འདོང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བདག་ཅག་གིས་བསྐྱལ་ལོ་ཞེས་ཟེར་ན་བཞག་སྟེ་འདོང་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཁྱིམ་
བདག་དག་འདི་སྐད་ཅེས་བདག་ཅག་གིས་བསྐྱལ་བར་བྱའོ་ཞེས་ཟེར་ན་དགེ་སློང་རྣམས་ཀྱིས་སྟན་དག་བཞག་སྟེ་འདོང་བར་བྱའོ། །དེ་དག་གིས་མ་བསྐྱལ་ན་གནས་པར་བྱེད་པ་དག་གིས་བླང་བར་བྱའོ་ཞེས་བྱ་བ་ནི། ཁྱིམ་པ་དེ་དག་གིས་བསྐྱལ་བར་ཁས་བླངས་སུ་ཟིན་ཀྱང་མ་བསྐྱལ་ན་གནས་
པར་བྱེད་པ་ཉེ་གནས་དག་གིས་སྟན་དེ་དག་བླང་བར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་ཁྱིམ་བདག་གིས་སྟན་དེ་དག་མ་བསྐྱལ་ན་གནས་པར་བྱེད་པ་དག་གིས་བླང་བར་བྱའོ། །མེད་ན་རང་གིས་བྱའོ་ཞེས་བྱ་བ་ནི། གནས་པར་བྱེད་པ་དག་ཀྱང་མེད་ན་རང་གིས་བླང་བར་བྱ་སྟེ། གནས་བརྟན་དེ་
དག་དང་དགེ་སློང་རྣམས་ཀྱིས་རང་གིས་བླང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཀྱིས་ན་གཎྜཱི་བརྡུང་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་ཐམས་ཅད་ཀྱིས་བླང་བར་བྱ་དགོས་པ་ཞིག་ཡིན་ན། དེའི་ཚེ་ཐམས་ཅད་འདུས་ཏེ་ལེན་དུ་འདོང་བའི་ཕྱིར་གཎྜཱི་བརྡུང་བར་བྱའོ། །འདི་སྐད་བསྟན་ཏེ།
གལ་ཏེ་དགེ་སློང་ཐམས་ཅད་ཀྱིས་བྲི་བཀོལ་མེད་པར་སྟན་དེ་དག་བླང་དགོས་ན་དེའི་ཚེ། ཐམས་ཅད་ཀྱིས་སྟན་བླང་བའི་ཕྱིར་གཎྜཱི་བརྡུང་བར་བྱའོ། །ཡོན་བདག་གིས་གཙུག་ལག་ཁང་དུ་རང་གི་དོན་དུ་སྟན་དག་གཡར་པོ་བྱེད་ན་སྦྱིན་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཡོན་བདག་དག་གཙུག་ལག་ཁང་དུ་

ལྷགས་ཏེ། གཙུག་ལག་ཁང་དུ་ཡོན་བདག་དག་རང་གི་དོན་དུ་དགེ་འདུན་གྱི་གདན་ཆ་དག་གཡར་པོ་བྱེད་ན་དགེ་འདུན་གྱིས་དེ་དག་ལ་གཡར་པོར་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་བསྲུང་བའི་ཕྱིར་དགེ་སློང་ཡང་གཞག་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་དུ་ཡོན་
བདག་ལ་གཡར་བའི་གདན་ཆ་དེ་དག་བསྲུང་བའི་ཕྱིར་དགེ་སློང་རྣམས་ཀྱིས་དགེ་སློང་ཅིག་གཞག་པར་བྱའོ། །དེས་ཕྱོགས་གཅིག་ཏུ་བསྡད་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་སྲུང་མར་གཞག་པ་དེས་ཁྱིམ་བདག་བཟའ་བཏུང་བྱེད་ཅིང་གཏམ་ཟེར་བའི་ནང་དུ་མི་འཇུག་པར་ཕ་ཟད་ཙམ་དུ་ཕྱོགས་གཅིག་
ཏུ་ཡངས་ཀྱིས་བསྡད་པར་བྱའོ། །རང་གི་ལས་བྱའོ་ཞེས་བྱ་བ་ནི། དགེ་སློང་དེས་རང་གི་ལས་བསམ་གཏན་དང་། ཁ་དོན་དང་ཀློག་འདྲི་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་བྱའོ། །སེམས་གཏད་པ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་ཕྱོགས་གཅིག་ན་སྡོད་པ་དེས་གདན་ཆ་དེ་དག་ལ་སེམས་གཏད་ཅིང་ཡེ་
རིག་ཆེ་བར་བྱ་བའོ། །དོང་ན་བསྡུ་བར་བྱའོ་ཞེས་བྱ་བ་ནི། ཡོན་བདག་དོང་ན་གདན་ཆ་དེ་དག་བསྡུ་བར་བྱ་བའོ། །མ་རུང་བ་དག་བྱི་དོར་བྱའོ་ཞེས་བྱ་བ་ནི། གདན་ཆ་ཁྱིམ་པས་མ་རུང་བར་བྱས་པ་དག་དགེ་སྐོས་ལ་སོགས་པས་བྱི་དོར་བྱའོ། །ཆང་གིས་ན་ཆུ་དག་གིས་སོ་ཞེས་བྱ་བ་ནི། ཆང་གི་སྙིགས་མས་མ་
རུང་བར་གྱུར་ན་ཆུ་དག་གིས་བཀྲུ་ཞིང་བྱི་དོར་བྱའོ། །སྣུམ་གྱིས་ན་ཆལ་གྱིས་སོ་ཞེས་བྱ་བ་ནི། སྣུམ་གྱིས་མ་རུང་བར་གྱུར་ན་འདག་པའི་ཆལ་གྱིས་བྱི་དོར་བྱའོ། །མི་གཙང་བས་ན་སའམ་འདག་རྫས་སམ་ལྕི་བས་སོ་ཞེས་བྱ་བ་ནི། གདན་ཆ་དག་མི་གཙང་བས་མ་རུང་བར་གྱུར་ན་ས་འམ་འདག་རྫས་
སམ་ལྕི་བས་བྱི་དོར་བྱའོ། །གལ་ཏེ་ཐགས་མ་མི་གཙང་བར་གྱུར་པ་འདག་རྫས་ཀྱིས་དག་པར་མ་གྱུར་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ཐགས་མ་མ་དག་ན་གཅད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འབྲེང་བུ་ལ་སོགས་པ་ལས་བྱས་པའི་ཐགས་མ་མ་དག་ན་གཅད་པར་བྱའོ། །འདིར་གཞུང་ནི་གལ་
ཏེ་རེ་ཞིག་སྦྱང་བར་ནུས་ན་དེ་ལྟ་ན་ལེགས། གལ་ཏེ་མི་ནུས་ན་འབྲེང་བུ་བཅད་དེ་དོར་བར་བྱ་ཞིང་འབྲེང་བུ་སར་པ་དག་གིས་ཡང་བསླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་པ་འདུག་འདུག་པའི་སྟན་མ་བསྡུས་པ་མཐོང་ན་བསྡུ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཁྱིམ་པ་འདུག་འདུག་པ་ཞེས་བྱ་བ་

ཁྱིམ་པས་སྟན་དུ་བཏིང་བའི་གདན་ཆ་མ་བསྡུས་པ་མཐོང་ན་གང་སུས་མཐོང་ཡང་རུང་སྟེ། དེ་ཉིད་ཀྱིས་བསྡུ་བར་བྱ་བ་ཉིད་དོ། །འདི་སྐད་བསྟན་ཏེ། གདན་ཆ་གང་དག་ལ་ཁྱིམ་པ་དག་འཁོད་འཁོད་པའི་གདན་ཆ་དེ་དག་གལ་ཏེ་མ་བསྡུས་པར་གྱུར་ན་དགེ་སློང་གང་གིས་དེ་དག་མཐོང་བ་དེ་ཉིད་ཀྱིས་བསྡུ་
བར་བྱའོ། །གལ་ཏེ་རྒས་པ་དང་ན་བ་ཡིན་ན་དགེ་སྐོས་ཀྱིས་སོ་ཞེས་བྱ་བ་ནི། གལ་ཏེ་མཐོང་བ་རྒས་པའམ་ན་བ་ཡིན་ན་དགེ་སྐོས་ཀྱིས་བསྡུ་བར་བྱ་བ་ཉིད་ཡིན་ནོ། །དེས་སྦྲན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་རྒན་པོའམ། ནད་པ་དེས་གདན་ཆ་མ་བསྡུས་པ་མཐོང་བ་དེ་དགེ་སྐོས་ལ་སྦྲན་པར་བྱ་བ་ཉིད་ཡིན་ནོ། །ཐམས་
ཅད་ཀྱིས་ནད་པ་བལྟ་བར་བྱའོ་ཞེས་བྱ་བ་ནི། མཚམས་དེར་གཏོགས་པའི་དགེ་སློང་མི་ན་བ་ཐམས་ཅད་ཀྱིས་ནད་པ་བལྟ་བར་བྱའོ། །འདུག་སྟེའོ་ཞེས་བྱ་བ་ནི། འདུག་སྟེ་ནད་པར་བལྟ་བར་བྱའོ། །འགྲེང་སྟེ་ནི་མ་ཡིན་ནོ། །དེར་སྟན་ཐོགས་ཏེ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། ནད་པ་བལྟ་བ་དེར་རང་གི་
སྟན་ཐོགས་ཏེ་འགྲོ་བར་མི་བྱའོ། །ནད་པའི་ནད་གཡོག་གིས་དེར་སྟན་དག་བཤམ་པར་བྱའོ་ཞེས་བྱ་བ་ནི། ནད་པའི་ནད་གཡོག་གིས་གང་ན་ནད་པ་འདུག་པ་དེར་དགེ་སློང་དག་འཁོད་པའི་སྟན་བཤམ་པར་བྱའོ། །མཁན་པོ་འམ་སློབ་དཔོན་དགེ་བའི་ཕྱོགས་ལ་འགྲོ་ན། གལ་ཏེ་གཞན་གྱི་དགེ་བའི་ཕྱོགས་
མི་འཕེལ་ན་ཕྱི་བཞིན་འགྲོ་བར་བྱའོ་ཞེས་བྱ་བ་ནི། མཁན་པོ་འམ་སློབ་དཔོན་དགེ་བའི་ཕྱོགས་ལ་འགྲོ་ན། གལ་ཏེ་སློབ་མ་དང་ཉེ་གནས་དག་གིས་ཕྱི་བཞིན་འགྲོ་བ་མ་གཏོགས་པར་གཞན་གྱི་དགེ་བའི་ཕྱོགས་མི་འཕེལ་བ་ལྟ་ན་མཁན་པོའམ་སློབ་དཔོན་དེའི་ཕྱི་བཞིན་འགྲོ་བར་བྱ་བའོ། །དེའི་
ཕྱིར་རང་གིས་སྟན་བསྐུར་བར་བྱའོ་ཞེས་བྱ་བ་ནི་མཁན་པོའམ། སློབ་དཔོན་དེའི་འདུག་པར་བྱ་བའི་ཕྱིར་སློབ་མའམ་ཉེ་གནས་དག་གིས་རང་གི་སྟན་བསྐུར་བར་བྱ་བའོ། །འགྲོ་བ་མ་ཞུས་པར་མི་བསྐུར་རོ་ཞེས་བྱ་བ་ནི། སློབ་མའམ་ཉེ་གནས་དེས་བདག་ཉིད་ཕྱི་བཞིན་འགྲོ་བ་མ་ཞུས་པར་སྟན་མི་
བསྐུར་བའོ། །འདི་སྐད་བསྟན་ཏེ། བདག་ཀྱང་སླད་བཞིན་མཆིའོ་ཞེས་མ་ཞུས་པར་མཁན་པོའམ་སློབ་དཔོན་གྱི་སྟན་མི་བསྐུར་རོ། །དེ་རང་ཉིད་ཀྱིས་བསྐུར་རོ་ཞེས་བྱ་བ་ནི། སྟན་སློབ་མ་ལ་སོགས་པས་ཕར་ཁྱེར་བ་དེ་སློབ་དཔོན་ལ་སོགས་པ་རང་ཉིད་ཀྱིས་ཕྱིར་བསྐུར་བར་བྱ་བའོ། །བླ་

གབ་མེད་པར་ཆོས་ཉན་པ་ན་རླུང་དང་ཆར་པ་བྱུང་ན་བསྡུ་བར་བྱའོ་ཞེས་བྱ་བ་ནི། བླ་གབ་མེད་པར་ཆོས་ཉན་དུ་བཅུག་པ་ན་རླུང་ངམ་ཆར་པ་འོང་ན་གང་གིས་སྟན་གང་ཡིན་པ་དེ་ཉིད་ཀྱིས་དེ་གནས་མལ་དུ་བསྐུར་བར་བྱ་བའོ། །རྒན་པོ་རྣམས་ཀྱི་ལྕི་བ་ཉིད་ཀྱི་ཕྱིར་རང་གིས་མི་
ནུས་ན་གཞོན་ནུ་རྣམས་དང་ལྷན་ཅིག་བརྗེ་བར་བྱའོ་ཞེས་བྱ་བ་ནི། རྒན་པོ་རྣམས་ཀྱི་གནས་མལ་ལྕི་བ་ཉིད་ཀྱི་ཕྱིར་རང་གིས་བརྟུལ་མི་ནུས་ན་གཞོན་ནུ་རྣམས་དང་། རྒན་པོ་རྣམས་ཕན་ཚུན་ལྕི་བ་ཡང་བརྗེས་ཏེ་བསྐུར་བར་བྱའོ། །འདི་སྐད་བསྟན་ཏེ། གཞོན་ནུ་རྣམས་ཀྱི་གནས་མལ་གང་ཡིན་པ་དེ་ནི་
ཡང་བའི་ཕྱིར་རྒན་པོ་རྣམས་ཀྱིས་བསྐུར་བར་བྱའོ། །རྒན་པོ་རྣམས་ཀྱི་ནི་ལྕི་བའི་ཕྱིར་གཞོན་ནུ་རྣམས་ཀྱིས་བསྐུར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མཐུན་པ་དང་མཐུན་པར་གཞག་པར་བྱའོ་ཞེས་བྱ་བ་ནི། གནས་མལ་མཐུན་པ་དང་། མཐུན་པར་ལྷན་ཅིག་གཞག་པར་བྱའི། མི་མཐུན་པ་
དང་ལྷན་ཅིག་གཞག་པར་མི་བྱ་བ་སྟེ། དཔེར་ན་གོར་བུ་ཡང་གོར་བུ་དག་དང་། དབྱམ་པོ་ཡང་དབྱམ་མོ་དག་དང་། ཁྲི་ལ་སོགས་པ་ཡང་ཁྲི་ལ་སོགས་པ་དག་དང་མཐུན་མཐུན་དུ་བཞག་པ་ལྟ་བུའོ། །གཙུག་ལག་ཁང་གཞན་དུ་གདན་ཆ་དང་རྫས་རྙེད་ན་བསྐུར་བར་བྱའོ་ཞེས་བྱ་བ་ནི། གཙུག་
ལག་ཁང་གཞན་དུ་དགེ་སློང་དག་གདན་ཆ་དང་། མཆོད་པའི་རྫས་དག་རྙེད་ན་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་གཡར་པོར་བསྐུར་བར་བྱའོ། །གལ་ཏེ་ཆར་འབབ་པ་དང་ཆར་འབབ་ཏུ་དོགས་པ་མེད་ནའོ་ཞེས་བྱ་བ་ནི། དེའི་ཚེ་ཆར་འབབ་པ་དང་དེའི་འོག་ཏུ་ཆར་
འབབ་ཏུ་དོགས་པ་མེད་ན་བསྐུར་བར་བྱའོ། །གལ་ཏེ་ལམ་ཀར་རླུང་དང་ཆར་པ་བྱུང་ན་ཤིང་ལྗོན་པའམ་རྩིག་དྲུང་དུ་བཅེར་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ལམ་ཁར་རླུང་ངམ་ཆར་པ་བྱུང་ན། དེའི་ཚེ་དགེ་སློང་སྲུང་བ་དག་གིས་ཤིང་ལྗོན་པའི་དྲུང་ངམ་རྩིག་དྲུང་དུ་གདན་
དང་མཆོད་པའི་རྫས་དེ་དག་ཕུང་པོར་བཅེར་བར་བྱའོ། །རྫས་ངན་པ་གཅིག་གིས་གཡོགས་པར་བྱའོ་ཞེས་བྱ་བ་ནི། སྲུང་བ་དག་གིས་དེ་དག་རྫས་ཐམས་ཅད་ཀྱི་ནང་ན་རྙིང་པ་དག་ངན་པ་གཅིག་གིས་གཡོགས་པར་བྱའོ། །གཙུག་ལག་ཁང་དུ་ཕྱིན་ནས་རྫས་

རྣམས་བསྐམ་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་དུ་ཕྱིན་ནས་རྫས་གཤེར་བ་རྣམས་བསྐམ་པར་བྱ་བའོ། །འདིར་གཞུང་ནི་ཁྱིམ་བདག་ཅིག་ལ་གཙུག་ལག་ཁང་གྲོང་མཐའ་པ་དང་དགོན་པ་པ་གཉིས་ཡོད་ནས་དགེ་སློང་དགོན་པ་པ་དག་གིས་དགེ་སློང་གྲོང་མཐའ་
རྣམས་ལས་རྫས་དང་གནས་མལ་དག་བརྙས་པ་དང་དེ་དག་གིས་མ་སྟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྙན་པར་བྱའོ། །དེ་དག་གིས་བསྐུར་བ་དང་ཆར་འབབ་པས་རྫས་ཁ་དོག་སྣ་ཚོགས་དག་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། གལ་ཏེ་ཆར་འབབ་བམ་ཆར་འབབ་ཏུ་དོགས་པ་ན་བསྐུར་བར་མི་བྱའོ། །གལ་ཏེ་ལམ་ཁར་ཆར་འབབ་ན་ཤིང་ལྗོན་པའི་དྲུང་དུ་གཞག་པར་བྱའོ། །གཙུག་ལག་ཁང་དུ་སོན་ནས་རྫས་རྣམས་བསྐམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མེ་ཤོར་ཏམ་ཆུ་
བྱུང་ན་དགེ་འདུན་གྱི་ཡང་གདོན་པར་བྱའོ་ཞེས་བྱ་བ་ནི། མེ་ཤོར་ཏམ་ཆུ་བྱུང་ན་དང་པོར་གང་ཟག་གི་རྫས་གདོན་པར་བྱ་ཞིང་། ཕྱིས་དགེ་འདུན་གྱི་ཡང་གདོན་པར་བྱ་བའོ། །གང་གི་ཚེ་ཞེ་ན། དེའི་ཕྱིར་རང་གི་ལྷུང་བཟེད་དང་ཆོས་གོས་ཐོན་ཟིན་ནའོ་ཞེས་བྱ་བ་
སྨྲས་ཏེ། རང་གི་ཆོས་གོས་དང་ལྷུང་བཟེད་དག་ཐོན་ཟིན་ན་དེའི་འོག་ཏུ་དགེ་འདུན་གྱི་ཡང་གདོན་པར་བྱའོ། །ཇེ་དང་པོར་རང་གི་ལྷུང་བཟེད་དང་། ཆོས་གོས་གདོན་པར་བྱ་ཞིང་དེའི་འོག་ཏུ་དགེ་འདུན་གྱི་ཡང་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། གང་
ཟག་ནི་ཕོངས་པར་འགྱུར་གྱི། དགེ་འདུན་ནི་ཕོངས་པར་མི་འགྱུར་བའི་ཕྱིར་རོ། །བཏོན་ཟིན་པ་བསྲུང་བའི་ཕྱིར་དགེ་སློང་ཆེན་པོ་མི་ནུས་པ་གཞག་པར་བྱའོ་ཞེས་བྱ་བ་ནི། མེ་དང་ཆུའི་ནང་ནས་རྫས་བཏོན་ཟིན་པ་བསྲུང་བའི་ཕྱིར་དགེ་སློང་ཆེན་པོ་མི་ནུས་པ་ཞེས་བྱ་བ་
གདོན་པའི་ལས་ཀྱི་འོས་སུ་རུང་བ་མ་ཡིན་པ་གཞག་པར་བྱ་བའོ། །མི་བཟོད་པ་ཉིད་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། མེ་དང་ཆུ་མི་བཟོད་པ་ཁྱད་དུ་བསད་དུ་མི་རུང་བའི་ནང་དུ་རྫས་གདོན་པའི་ཆེད་དུ་འཇུག་པར་མི་བྱའོ། །གནས་མལ་གྱི་ལྟུང་བྱེད་དོ་ཞེས་བྱ་བ་དེ་

བཤད་ཟིན་ཏོ།། །།འདིང་བའི་ལྟུང་བྱེད་སྨྲ་བར་འདོད་ནས། ཁྱིམ་གཞན་དུ་འདིང་བར་བྱས་པ་ཁྱིམ་བདག་ལ་དྲིས་ཏེ་དོར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པའི་ཁྱིམ་གཞན་དུ་རྩྭ་དང་ལོ་མ་ལ་སོགས་པའི་གདིང་བ་རང་གིས་བྱས་སམ། གཞན་འདིང་དུ་
བཅུག་པ་འགྲོ་ཁར་ཁྱིམ་བདག་ལ་དྲིས་ཏེ་དོར་བར་བྱའོ། །དགོན་པར་ནི་ཡང་ན་གློང་བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགོན་པར་གདིང་བ་བྱས་པར་གྱུར་ན་ཡང་གློང་བར་བྱའོ། །ཡང་ན་གནས་དེ་ནས་གཞན་དུ་དོར་བར་བྱ་སྟེ། ཡང་ན་ཞེས་བྱ་བའི་སྒྲ་ནི་ཐ་དད་པར་བརྟག་པའི་དོན་ཏོ། །དེ་ནི་
མགོ་འམ་མཇུག་བཟློག་པ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། སློང་བ་དེ་ནི་རྩྭ་ལ་སོགས་པའི་མགོ་འམ་མཇུག་བཟློག་པ་ཙམ་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་དེ་དག་ཇི་སྲིད་དུ་འདིང་བ་འདོར་བར་བྱེད་པ་དང་། ཆོམ་རྐུན་པ་དག་གིས་བཅོམ་མོ། །ཐམས་ཅད་གློང་
བར་བྱེད་པ་ན་དེ་དག་ལ་ཉེས་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་འམ་མཇུག་བཟློག་པས་གློང་བར་བྱ་སྟེ། འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གོས་དག་བསྐམ་པའི་ཕྱིར་རྩྭ་བཏིང་བ་ཡང་དོར་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གོས་དག་བསྐམ་པའི་ཕྱིར་
གོས་དག་བསྐམ་པའི་གཅལ་དུ་རྩྭ་བཏིང་བ་བྱས་པ་དེ་ཡང་དོར་བར་བྱ་བ་སྟེ། དེ་ཡང་དོར་བར་བྱ་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སློང་བ་ལ་དོར་བར་ཁས་ལེན་ན་སྦྱིན་ནོ་ཞེས་བྱ་བ་ནི། རྩྭ་དག་བཏིང་བ་གང་ཟག་འགའ་ཞིག་གལ་ཏེ་སློང་ན་དེ་ལ་སྦྱིན་པར་བྱའོ། །ཁྱད་པར་ཅི་ལྟ་བུ་ཅན་ཞིག་ལ་ཞེ་ན། དོར་བར་ཁས་
ལེན་པ་སྟེ། གང་གིས་རང་གི་དགོས་པ་བསྒྲུབས་ནས་དོར་བར་ཁས་ལེན་པ་དེ་ནི་དོར་བར་ཁས་ལེན་པ་སྟེ། དེ་ལའོ། །འཆག་ས་དག་ཏུ་རྐང་མཐིལ་གཉིས་ལ་རྩུབ་ན་རྩྭ་དག་གདིང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་ཡུན་རིང་དུ་འཆག་པས་དགེ་བའི་ཕྱོགས་རྒྱ་ཆེར་བྱེད་པ་དག་གིས་འཆག་ས་དག་ཏུ་རྐང་མཐིལ་
གཉིས་ལ་རྩུབ་ན་རྩྭ་དག་གདིང་བར་བྱ་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་འཆག་པའི་རྐང་མཐིལ་དག་ལ་རྩུབ་ན་དེའི་ཚེ་འཆག་ས་དག་ཏུ་རྩྭ་དག་གདིང་བར་བྱའོ། །དེ་དག་ཀྱང་དོར་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། འཆག་སར་བཏིང་བའི་རྩྭ་དེ་དག་ཀྱང་དོར་བར་བྱ་བ་ཉིད་དོ། །གཏོང་ན་དོར་བར་བྱ་བ་མ་ཡིན་

པ་ཉིད་དུ་མ་གྱུར་པ་དོར་བར་བྱ་བའོ་ཞེས་བྱ་བ་ལ། གཏོང་ན་ཞེས་བྱ་བ་ནི། འཆག་ས་བཏང་བའི་དུས་ལ་བབ་ཅིང་གུད་དུ་འགྲོ་བའི་དུས་ལ་ཉེ་བར་གནས་པར་གྱུར་ནའོ། །དོར་བར་བྱ་བ་ཞེས་བྱ་བ་ནི་འཆག་སར་རྩྭ་ལ་སོགས་པ་བཀྲམ་པའོ། །བྱ་བ་མ་ཡིན་པ་ཉིད་དུ་མ་གྱུར་པ་ཞེས་བྱ་བ་ལ་བྱ་བ་མ་ཡིན་པ་
ཉིད་ཅེས་བྱ་བ་ནི། ཡང་དགྲམ་དུ་རུང་བ་ཉིད་མ་ཡིན་པ་སྟེ། རྔོག་ཆགས་ལ་སོགས་པས་ཕྱེ་མར་གྱུར་པའོ། །གལ་ཏེ་དེ་ལྟར་གྱུར་ན་ནི་དེའི་ཚེ་ས་རྡུལ་དང་འདྲ་བར་གནས་པས། དེ་ལ་བརྟེན་ནས་སྲོག་ཆགས་དག་མི་སྐྱེ་བའི་ཕྱིར་དེ་ནི་དོར་བར་བྱ་མི་དགོས་པས་དེའི་ཕྱིར་བྱ་བ་མ་ཡིན་པ་ཉིད་དུ་མ་གྱུར་པ་ཞེས་སྨོས་
ཏེ། དེ་ལྟར་ས་རྡུལ་དང་འདྲ་བར་མ་གྱུར་ཅིང་དགྲམ་དུ་རུང་བ་ཉིད་ཡིན་པ་སྟེ། རྩྭ་ལ་སོགས་པ་དངོས་པོ་མ་ཉམས་པར་འདུག་པའོ། །དེ་ལས་ནི་སྲོག་ཆགས་དག་སྐྱེ་བའི་ཕྱིར་དེ་ནི་དོར་བར་བྱའོ་ཞེས་བྱ་བར་སྦྱར་རོ། །གཞན་གྱི་ཚེ་ན་དུས་དུས་སུ་སོ་སོར་བརྟག་པ་དང་བསྒྱུར་ལོག་བྱའོ་ཞེས་བྱ་བ་ནི།
གཏང་བའི་དུས་ལས་གཞན་པའི་ཚེ་མི་གཏོང་བའི་དུས་དག་ཏུ་ནི། རྩྭ་ལ་སོགས་པ་དེ་དག་ལ་སྲོག་ཆགས་ཡོད་དམ་མེད་པ་དུས་དུས་སུ་སོ་སོར་བརྟག་པ་དང་། སྲོག་ཆགས་མི་སྐྱེ་བར་བྱ་བའི་ཕྱིར་དུས་དུས་སུ་བསྒྱུར་ལོག་བྱའོ། །ས་སྣུམ་པ་དང་མངར་བ་ནི་ཉིན་རེ་ཞིང་ངོ་ཞེས་བྱ་བ་ལ་ཡུལ་གང་ན་ས་སྣུམ་པ་
དང་། མངར་བ་ལ་གཞན་པ་ཡོད་པ་དེ་ནི་ས་སྣུམ་པ་དང་མངར་བ་སྟེ། ཡུལ་དེར་ནི་ཉིན་རེ་ཞིང་ལན་རེ་བསྒྱུར་ལོག་བྱའོ་ཞེས་བྱ་བར་སྦྱར་ཏེ། སྲིན་བལ་ལ་སོགས་པ་སྲོག་ཆགས་འཕེལ་བའི་ཉེས་པ་སྤང་བའི་ཕྱིར་རོ། །གཞན་དུ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ངོ་ཞེས་བྱ་བ་ནི། ས་སྣུམ་པ་དང་མངར་བ་ལས་གཞན་པའི་ཡུལ་དུ་
ནི་ཟླ་བ་ཕྱེད་ཕྱེད་ཅིང་ལན་རེ་བསྒྱུར་ལོག་བྱའོ། །འདིར་གཞུང་ནི་གལ་ཏེ་ས་ཕྱོགས་སྣུམ་པ་དང་མངར་བ་ཡིན་ན་བཏིང་བ་ཉིན་རེ་ཞིང་བསྒྱུར་ལོག་བྱའོ། །འོན་ཏེ་ས་ཕྱོགས་སྣུམ་པ་དང་མངར་བ་མ་ཡིན་ན་ནི་ཟླ་བ་ཕྱེད་ཕྱེད་ཅིང་བསྒྱུར་ལོག་བྱའོ་ཞེས་གསུངས་པ་ཡིན་ནོ། །འཆག་ས་དག་ཏུ་རྩྭའི་ཆུན་པོ་དག་ཐག་
པས་བཅིངས་ཏེ་ཤིང་ལྗོན་པ་ལ་དཔྱངས་ཤིང་གཞག་པར་བྱའོ་ཞེས་བྱ་བ་ནི། འཆག་ས་དག་ཏུ་འཆག་སར་དགྲམ་པའི་ཐེབ་ཏུ་རྩྭའི་ཆུན་པོ་དག་ཐག་པས་བཅིངས་ཏེ་ཤིང་ལྗོན་པ་ལ་དཔྱངས་ཤིང་གཞག་པར་བྱའོ། །ལྕི་བ་གྱོ་མོར་གཞག་པར་བྱའོ་ཞེས་བྱ་བ་ནི། འདག་རྫས་ཀྱི་རྒྱུ་ལྕི་བ་བུམ་པ་ལ་སོགས་པ་

འཆག་པའི་གྱོ་མོའི་སྟེང་དུ་གཞག་པར་བྱའོ། །གནས་ནས་འཕགས་པར་འགྱུར་བ་ན་ཞེས་བྱ་བ་ཡན་ཆད་སྔར་ཐལ་བའོ་ཞེས་བྱ་བ་ནི། སྔར་མདོ་ལས་གནས་ནས་འཕགས་པར་འགྱུར་བ་ན་ཉམ་ང་བ་དང་ཕྲད་པར་མི་འགྱུར་བ་ལྟ་ན་གནས་མལ་བསྡུ་བར་བྱའོ་ཞེས་སྨོས་པ་དེ་ཡན་ཆད་དུ་
གནས་མལ་གྱི་བསླབ་པའི་གཞིར་གཏོགས་པ་བསླབ་པའི་གཞི་དེ་དང་འབྲེལ་པ་གང་ཇི་སྙེད་གོང་དུ་སྨོས་པ་དེ་དག་ཐམས་ཅད་འདིང་བའི་བསླབ་པའི་གཞི་འདིར་ཅི་འོས་སུ་སྦྱར་བར་རིག་པར་བྱ་སྟེ། དེ་ལས་ཁྲི་ལ་སོགས་པ་སྨོས་པ་ནི་འདིར་སྦྱར་བར་མི་བྱའི། འདི་ལྟར་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་
ནི་དེའི་ཉེན་ཀོར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་འདིར་ཡང་འདྲ་བར་སྦྱར་རོ། །ཇི་ལྟར་གནས་མལ་གྱི་བསླབ་པའི་གཞིར་དགེ་སློང་འཁོད་པ་ལ་ཡང་མ་བཅོལ་ན་དེ་དང་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གསུངས་པའི་ལྟུང་བ་བསྟན་པའི་གཞུང་རྒྱ་ཆེར་འབྱུང་བ་དེ་དག་འདིང་བའི་བསླབ་
པའི་གཞི་འདིར་ཡང་འདྲ་བར་སྦྱར་བར་རིག་པར་བྱའོ། །ཅིག་ཅར་སྤྱོད་སྤྱོད་པ་ནི་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་ཅིག་ཅར་སྤྱོད་ན་ཐམས་ཅད་ཀྱིས་དོར་བ་ལ་སོགས་པ་བྱ་བར་འདྲ་བ་ཉིད་ཡིན་ནོ། །ཇི་ལྟར་གནས་མལ་གྱི་སྐབས་སུ་གཉི་ག་ཅིག་ཅར་སྤྱོད་སྤྱོད་པ་ལ་ནི་ཕྱིས་ལངས་པས་བྱ་བ་དང་ལྡན་པ་ཡིན་ནོ་
ཞེས་སྨོས་པ་ལྟ་བུ་མ་ཡིན་ཏེ། འདིང་བ་ནི་སོ་སོར་ལོངས་སྤྱད་པའི་ཡན་ལག་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལ་ནི་ཆ་གང་ལ་ཆ་གང་གིས་ལོངས་སྤྱད་པ་དེ་དེ་ཉིད་ཀྱིས་དོར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་འདུན་གྱི་མ་ཡིན་པར་ནི་གནས་དེའི་བདག་པོ་རྣམས་ལ་འདྲི་བར་བྱ་བ་ཉིད་ཡིན་
ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་མ་ཡིན་པར་འདིང་བ་དོར་བ་ནི། གནས་དེའི་བདག་པོ་རྣམས་ལ་དྲི་བར་བྱ་ཞིང་དོར་བར་བྱ་བ་ཉིད་ཡིན་ནོ། །རྣམས་ལ་ཞེས་མང་པོའི་ཚིག་ཏུ་བསྟན་པ་ནི་བུ་དང་ཆུང་མ་ལ་སོགས་པ་དག་ཀྱང་དྲི་བའི་ཕྱིར་ནི་གནས་དེའི་བདག་པོ་དག་ཡིན་པར་ཤེས་པའི་ཕྱིར་རོ། །བསླབ་པའི་
གཞི་འདི་ལ་ཡན་ལག་གང་དག་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དང་། རྡོ་བ་དང་བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པ་ཉིད་དང་། དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱིས་གཞིར་རང་དང་བསྐོས་པས་གདིང་བ་བྱས་པ་ཉིད་ལྟ་བུ་

ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་གཙུག་ལག་ཁང་ཉིད་ཅེས་བྱ་བ་ལ། ས་གཞི་གང་དགེ་འདུན་གྱི་གཙུག་ལག་ཁང་ཡིན་པ་དེ་ནི་དགེ་འདུན་གྱི་གཙུག་ལག་ཁང་ངོ་། །དེའི་དངོས་པོ་ནི་དེ་ཉིད་དེ། དགེ་འདུན་གྱི་གཙུག་ལག་ཁང་ཉིད་དོ། །གལ་ཏེ་གཙུག་ལག་ཁང་དེ་
དགེ་འདུན་གྱི་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་བ་དང་བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པ་ཉིད་ཅེས་བྱ་བ་ལ། རྡོ་བ་ཞེས་བྱ་བ་ནི་རྡོ་ཐལ་རྒྱུ་ལ་སོགས་པའོ། །བྱེ་མའི་གཞི་ཞེས་བྱ་བ་ནི་བྱེ་མ་མང་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །སོགས་པའི་སྒྲས་ནི་རྡོ་བ་གཞན་དག་དང་། རྡོ་ལས་གཞན་
པ་ས་མ་ཡིན་པ་ཡང་བསྡུའོ། །བདག་ཉིད་མ་ཡིན་པ་ཞེས་བྱ་བ་ནི་ས་གཞི་གང་རྡོ་བ་དང་བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མེད་པ་དེ་ནི་དེ་དག་གི་བདག་ཉིད་མ་ཡིན་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱི་ཞེས་བྱ་བ་ལ། དེ་ལྟ་བུའི་ཉེས་དམིགས་ཞེས་
བྱ་བ་ནི། སྲིལ་ལ་སོགས་པ་སྲོག་ཆགས་སྐྱེ་བའི་ཉེས་དམིགས་སོ། །ཡོད་པ་ཉིད་ཀྱི་གཞི་ཞེས་བྱ་བ་ནི། ས་གཞི་གང་ན་དེ་ལྟ་བུའི་ཉེས་དམིགས་ཡོད་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །ས་གཞིར་ཞེས་བྱ་བ་ནི། གོང་དུ་སྨོས་པ་ཐམས་ཅད་དང་སྦྱར་བར་བྱ་སྟེ། ས་གཞི་རྣམ་པ་དེ་ལྟ་བུར་རོ། །ས་
གཞི་རྣམ་པ་དེ་ལྟ་བུ་གང་ཡང་རུང་བར་རང་གིས་རྩྭ་དང་ལོ་མ་ལ་སོགས་པའི་གདིང་བ་བཏིང་བ་བྱས་པ་ཉིད་དང་། རང་གིས་བསྐོས་པས་རྩྭ་དང་ལོ་མ་ལ་སོགས་པའི་གདིང་བ་བཏིང་བ་བྱས་པ་ཉིད་ལྟ་བུ་ནི་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་དག་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་ས་གཞི་དེ་དགེ་འདུན་གྱི་གཙུག་
ལག་ཁང་ཉིད་ཀྱང་ཡིན་ལ། རྡོ་བ་དང་བྱེ་མའི་གཞི་ཉིད་ལ་སོགས་པའི་བདག་ཉིད་མ་ཡིན་པ་ཡང་ཡིན། དེ་ལྟ་བུའི་ཉེས་དམིགས་ཡོད་པ་ཉིད་ཀྱང་ཡིན་ལ། ས་གཞི་དེར་དགེ་སློང་རང་ངམ་རང་གིས་བསྐོས་པས་རྩྭ་དང་ལོ་མ་ལ་སོགས་པའི་གདིང་བ་བཏིང་བ་ལ་མ་བསྡུས་སམ། སྡུད་དུ་མ་བཅུག་ཅིང་། དགེ་སློང་
འཁོད་པ་ལ་ཡང་མ་བཅོལ་བར་དེ་ནས་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་དུ་འགྲོ་བ་ལ་སོགས་པ་ཇི་སྐད་དུ་སྔར་བསྟན་པ་ཐམས་ཅད་འདིར་ཡང་སྦྱར་བར་བྱ་སྟེ། ཡན་ལག་དེ་དག་ནི་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་དག་ཡིན་ནོ། །གདིང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།

བམ་པོ་ཉི་ཤུ་རྩ་ལྔ་པ། སྐྲོད་པའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་གང་ཞེ་ན་དེའི་ཕྱིར། དགེ་སློང་ཉིད་དང་དགེ་འདུན་གྱི་གཙུག་ལག་ཁང་ཉིད་དག་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བསྐྲད་པར་བྱ་བ་ཡང་དགེ་སློང་ཉིད་ཡིན་ལ། གཙུག་ལག་ཁང་གང་ནས་བསྐྲད་པར་བྱ་བའི་
གཙུག་ལག་ཁང་དེ་ཡང་གལ་ཏེ་དགེ་འདུན་གྱི་གཙུག་ལག་ཁང་ཉིད་ཡིན་ན་དེ་གཉིས་ནི་ཁ་ན་མ་ཐོ་བ་འདིའི་བྱེད་པ་པོ་དག་ཡིན་ནོ། །ཅི་བསམ་པ་ཐམས་ཅད་ཀྱིས་དེ་གཉིས་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར། གལ་ཏེ་དེ་ལ་གནོད་པ་དང་། དགེ་འདུན་འཁྲུག་པ་སྐྱེ་བ་ཉེ་བར་ཞི་བར་མི་འགྱུར་བའི་
གཉེན་པོར་འདོད་པ་མ་ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་གནོད་པ་དང་དགེ་འདུན་འཁྲུག་པ་ནི་དེ་ལ་གནོད་པ་དང་། དགེ་འདུན་འཁྲུག་པ་གཉིས་སོ། །དེ་གཉིས་སྐྱེ་བ་དང་ཉེ་བར་ཞི་བར་མི་འགྱུར་བ་ནི། སྐྱེ་བ་དང་ཉེ་བར་ཞི་བར་མི་འགྱུར་བ་གཉིས་ཏེ། གལ་ཏེ་དེའི་གཉེན་པོར་འདོད་པ་མ་ཡིན་ན་དེའི་ཚེ་ཡན་
ལག་སྔར་བསྟན་པ་གཉིས་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། བསྐྲད་པར་བྱ་བའི་དགེ་སློང་དེ་ལ་གནོད་པ་སྲོག་གི་བར་ཆད་ལ་སོགས་པ་སྐྱེ་བར་དོགས་པ་ཡོད་དམ་སྐྱེས་པ་ཉེ་བར་ཞི་བར་མི་འགྱུར་བར་དོགས་པ་ཡོད་པ་དང་། དེ་བཞིན་དུ་དགེ་འདུན་འཁྲུག་པ་སྐྱེ་བར་དོགས་པ་ཡོད་དམ། སྐྱེས་པ་ཉེ་
བར་ཞི་བར་མི་འགྱུར་བར་དོགས་པ་ཡོད་ན། གལ་ཏེ་དེ་དག་གི་གཉེན་པོའི་བསམ་པས་དགེ་སློང་གིས་དགེ་སློང་དགེ་འདུན་གྱི་གཙུག་ལག་ཁང་ནས་སྐྲོད་པར་བྱེད་ན་ནི་དེའི་ཚེ་ཉེས་པ་མེད་དོ། །གལ་ཏེ་དེ་དག་གི་གཉེན་པོར་འདོད་པ་མ་ཡིན་ན་ནི་དེའི་ཚེ་ཡན་ལག་སྔར་བསྟན་པ་གཉིས་བྱེད་པ་པོ་ཉིད་ཡིན་ནོ། །དེ་
གཉིས་གང་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། སྐྲོད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་སྐྲོད་པ་ལའོ། །སུས་ཤེ་ན་དེའི་ཕྱིར་གཞན་གྱིས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གཞན་གྱིས་ཀྱང་ངོ་། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི། གཉི་ག་ཡང་དགེ་སློང་ཉིད་ཡིན་པར་སྟོན་པའོ། །གཞན་གྱི་རྗེས་སུ་
འཇུག་པས་ཀྱང་ངོ་ཞེས་བྱ་བ་ནི། གཞན་གྱི་དྲིང་འཇོག་པས་དགེ་སློང་གིས་དགེ་སློང་གཙུག་ལག་ཁང་ནས་སྐྲོད་པར་བྱེད་ན་ལྟུང་བྱེད་དོ། །འདིར་གཞུང་ནི་དགེ་སློང་སྐྲོད་པར་བྱེད་དམ་དགེ་སློང་གིས་སྐྲོད་པར་བྱེད་ན་གཉི་ག་ལ་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་སློབ་མ་དང་དགེ་ཚུལ་དང་། དགེ་

ཚུལ་མ་རྣམས་ཀྱི་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི། དགེ་སློང་གིས་དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལྟུང་བ་འབྱིན་པར་བྱེད་པ་རྣམས་དགེ་སློང་སྐྲོད་དུ་བཅུག་ན་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་དགེ་སློབ་མ་དང་། དགེ་ཚུལ་མས་
དགེ་སློང་སྐྲོད་པར་བྱེད་ན་ལྟུང་བྱེད་དོ། །དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་ལ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་ངོ་ཞེས་བྱ་བ་ནི་བསྐྲད་པར་བྱ་བ་དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དེ་དག་སྐྲོད་ན་ཡང་ཉེས་བྱས་སོ། །འདིར་གཞུང་ནི་དགེ་སློང་གིས་དགེ་ཚུལ་
སྐྲོད་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །བཞད་གད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི། སྐྲོད་ན་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ་ཞེས་བྱ་བ་ནི། སྐྲོད་པར་བྱེད་པའི་ཁྱིམ་པ་དག་ཡིན་ན་དེ་དག་ནི་བསོད་ནམས་མ་ཡིན་པ་མང་པོའི་བྱེད་པ་པོ་ཉིད་ཡིན་
ནོ། །འདིར་གཞུང་ནི་དགེ་སློང་གིས་ཁྱིམ་པ་དང་། ཁྱིམ་པ་མོས་དགེ་སློང་སྐྲོད་དུ་བཅུག་ན་ལྟུང་བྱེད་དོ། །ཁྱིམ་པ་དང་ཁྱིམ་པ་མོ་ལ་ནི་བསོད་ནམས་མ་ཡིན་པ་མང་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྐྲོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཕྱིས་གནོན་གྱི་ལྟུང་བྱེད་སྨྲ་
བར་འདོད་ནས། ཤེས་གཙོའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་དགེ་སློང་ཞུགས་པ་ཉིད་
ལའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་དགེ་འདུན་གྱི་ཡང་ཡིན་ལ་གཙུག་ལག་ཁང་ཡང་ཡིན་པས་ན། དགེ་འདུན་གྱི་གཙུག་ལག་ཁང་ངོ་། །དེའི་གནས་ནི་ཁྱམས་ལ་སོགས་པ་སྟེ། གནས་དེར་སྔར་འོངས་པའི་དགེ་སློང་གི་བཞུགས་པ་ཉིད་ཅེས་བྱ་བ་གནས་པར་གྱུར་ཟིན་པ་ཉིད་ལ་སྟེ། དེ་ལ་ལྟུང་བ་འབྱིན་
པར་བྱེད་པའི་འདུ་ཤེས་གནས་འདི་ན་དགེ་སློང་གཞན་གནས་སོ་སྙམ་དུ་ཤེས་པ་གང་ཡིན་པ་དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི་སོ་སོར་ཐར་པའི་མདོ་ལས་ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་

ཕྱིས་གནོན་བྱེད་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདུ་ཤེས་རྣམ་པ་འདི་ལྟ་བུ་དེ་གང་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། ན་བ་དང་འཇིགས་པའི་དབང་མ་གཏོགས་པར་ཕྱིས་གནོན་བྱེད་པ་ལ་ཞེས་བྱ་བ་སྨྲས་ཏེ། གཞན་གནས་པའི་གནས་སུ་གཞན་དེ་མ་དད་
བཞིན་དུ་འདུག་པ་ལའོ། །