Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 162

Văn bản gốc(Tây Tạng)

Trang 18 / 26 (50.000 ký tự/trang)
ི་རྫས་གནས་གཞན་དུ་གཡར་པོ་
ཉིད་དུ་ནི་སྦྱིན་པར་བྱའོ། །མཆོད་རྟེན་གཞན་ལ་བསྔོས་པའི་རྙེད་པ་མ་གྲུབ་པ་ལ་ནི་ཉེས་པ་མེད་དེ། བྱང་ཆུབ་ཆེན་པོ་དང་ཆོས་ཀྱི་འཁོར་ལོ་དང་། ཆོ་འཕྲུལ་ཆེན་པོ་དང་ལྷ་ལས་བབས་པ་རྣམས་ཀྱི་དེ་དག་ལས་གཞན་པ་ལ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། མཆོད་རྟེན་གཞན་གང་ལ་བསྔོས་པའི་རྙེད་པ་མཆོད་རྟེན་
དེ་ལ་དབུལ་བར་མ་གྲུབ་ཅིང་དེར་ཁྱེར་ཡང་མི་ནུས་ན་མཆོད་རྟེན་གཞན་ལ་བསྒྱུར་བ་ལ་ནི་ཉེས་པ་མེད་དོ། །ཧ་ཅང་ཐལ་བར་འགྱུར་བའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། བྱང་ཆུབ་ཆེན་པོ་དང་ཆོས་ཀྱི་འཁོར་ལོ་དང་ཆོ་འཕྲུལ་ཆེན་པོ་དང་ལྷ་ལས་བབས་པ་རྣམས་ཀྱི་རྒྱུད་དུ་མངའ་བའི་རྙེད་པ་མཆོད་རྟེན་

ཆེན་པོ་བཞི་པོ་དེ་དག་ལས་གཞན་པའི་མཆོད་རྟེན་གཞན་ལ་སྒྱུར་བར་བྱེད་པ་ནི་མ་གཏོགས་སོ། །དེ་ནི་ཉེས་པར་འགྱུར་བ་ཁོ་ན་ཡིན་ནོ། །མཆོད་རྟེན་ཆེན་པོ་བཞི་པོ་དེ་དག་གི་ནང་ནས་གཅིག་ལ་བསྔོས་པའི་རྙེད་པ་གཞན་གསུམ་པོ་གང་ཡང་རུང་བ་ལ་བསྒྱུར་བ་ལ་ནི་ཉེས་པ་མེད་དོ། །
འདི་སྐད་བསྟན་ཏེ། མཆོད་རྟེན་ཆེན་པོ་བཞི་པོ་དེ་དག་ལས་གཞན་པའི་མཆོད་རྟེན་ལ་བསྔོས་པའི་དངོས་པོ་གང་ཡིན་པ་ནི་གལ་ཏེ་དེར་བསྐུར་བ་མི་འགྲུབ་ན་དངོས་པོ་དེ་ཉིད་མཆོད་རྟེན་གཞན་ལ་བསྒྱུར་ཞིང་སྤྱད་པར་བྱའོ། །མཆོད་རྟེན་ཆེན་པོ་བཞི་པོ་དེ་དག་ལ་བསྔོས་པའི་དངོས་པོ་གང་ཡིན་པ་དེ་ནི། དེ་དག་ལས་
གཞན་པའི་མཆོད་རྟེན་དག་ལས་བསྒྱུར་ཞིང་སྤྱད་པར་མི་བྱ་སྟེ། གང་ལ་བསྔོས་པ་དེ་ཉིད་ལ་དབུལ་བར་བྱ་བའམ། གལ་ཏེ་གང་ལ་བསྔོས་པ་དེ་ཉིད་ལ་དབུལ་བར་མ་གྲུབ་ན་བཞི་པོ་དེ་དག་ཉིད་ལས་གང་ཉེ་བར་གྱུར་པ་གཅིག་ལ་གཞན་གསུམ་ལ་བསྔོས་པ་ཡང་བསྒྱུར་ཅིང་སྤྱད་དུ་རུང་ངོ་། །བསྔོས་པ་ལས་
བསྒྱུར་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་སོག་འཇོག་གི་སྤང་བ་སྨྲ་བར་འདོད་ནས་དེའི་ཞར་ལ་འདི་བརྗོད་པར་བྱ་སྟེ། ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི། ཞག་བདུན་པར་བྱིན་གྱིས་བརླབས་པ་འབྲུ་མར་ལ་སོགས་པ་རྫས་
ཀྱི་ཉི་མ་འདས་ཤིང་ཐལ་ལོ་ཅོག་དགེ་སློང་ལ་འདི་སྐད་ཅེས་དེང་ཕན་ཆད་དུ་ཉི་མ་དང་པོ་འདས་ཏེ་དེང་ནི་ཉི་མ་གཉིས་པ་ལགས་སོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བའོ། །ཇི་ཞིག་བྱས་ན་སོག་འཇོག་གི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་བཟའ་བའི་ཕྱིར་འཆང་ནའོ་ཞེས་བྱ་བ་སྨྲས་ཏེ། ཞག་བདུན་པའི་
རྫས་ཞེས་བྱ་བར་སྦྱར་རོ། །འཆང་བ་ལ་ལྟུང་བ་འདི་རྣམ་པར་གཞག་པ་ཡིན་གྱི། ཟ་བ་ལ་ནི་མ་ཡིན་ཏེ། འདི་ལྟར་སོག་འཇོག་བྱས་པའི་ཟས་ཟ་བ་ལ་ལྟུང་བ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་འདིར་གཞུང་ནི། སོ་སོར་ཐར་པའི་མདོ་ལས། ཡང་དགེ་སློང་གང་བཟའ་བ་དང་བཅའ་བ་སོག་
འཇོག་བྱས་པ་འཆོས་སམ་ཟོས་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཟོས་ཟིན་པའི་དོན་ལ་སྤང་བར་བྱ་བ་མེད་པས་དེས་ན་ཟོས་པ་ནི་འདིའི་ཡུལ་མ་ཡིན་ནོ། །འོ་ན་སོ་སོར་ཐར་པའི་མདོ་ལས། དེ་ལས་འདས་པར་ཡོངས་སུ་ལོངས་སྤྱད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ་ཞེ་ན། བདེན་

མོད་ཀྱི་འོན་ཀྱང་འཆང་བ་དེ་ཉེ་བར་མཚོན་པའི་དོན་དུ་དེར་ཟ་ན་ཞེས་བྱ་བའི་སྒྲ་སྨོས་པ་ཡིན་ཏེ། འཆང་བ་མེད་པར་ཟ་བ་མི་སྲིད་པའི་ཕྱིར་རོ། །ལྟུང་བ་བསྟན་པར་ཡང་འཆང་བའི་རྒྱུ་ལས་ཁ་ན་མ་ཐོ་བར་གསུངས་ཀྱི་ཟ་བའི་རྒྱུ་ལས་ནི་མ་ཡིན་ཏེ། དགེ་སློང་གིས་ཚེས་ལ་སྨན་ཞིག་རྙེད་ཅིང་དེས་ཚེས་གཉིས་ལ་
ཡང་གཞན་ཞིག་རྙེད་ན་དགེ་སློང་དེས་ཉི་མ་བདུན་པོ་དེ་ཉིད་ཀྱི་ནང་དུ་སྨན་སྔ་མ་ཤོས་ཡོངས་སུ་ལོངས་སྤྱད་པར་བྱ་ཞིང་ཕྱི་མ་ཤོས་གཏང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་ཤོས་ཡོངས་སུ་ལོངས་སྤྱད་པར་བྱ་ཞིང་སྔ་མ་ཤོས་གཏང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱ་བའོ། །ཡོངས་
སུ་སྤྱོད་པར་མི་བྱེད་དམ་གཏོང་བར་མི་བྱེད་དམ་གཞན་ལ་སྦྱིན་པར་མི་བྱེད་ན། ཉི་མ་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །ཇི་ཞིག་འཆང་ན་ཞེ་ན། དེའི་ཕྱིར་དེའོ་ཞེས་བྱ་བ་སྨྲས་ཏེ། ཞག་བདུན་པར་བྱིན་གྱིས་བརླབས་པ་དེའོ། །བྱིན་གྱིས་མ་བརླབས་པ་ནི་ཞག་བདུན་
ལས་འདས་པར་འཆང་དུ་ཟིན་ཀྱང་ཉེས་པ་མེད་དེ། རུང་བའི་ཕྱིར་གསེར་ལ་སོགས་པ་དང་འདྲའོ། །ནམ་གྱི་ཚེ་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་བྱ་བ་སྨྲས་ཏེ། ཞག་བདུན་པར་བྱིན་གྱིས་བརླབས་པའི་རྫས་སྐྱ་རེངས་བརྒྱད་པ་ཤར་བར་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་
རོ། །ཞག་བདུན་པར་བྱིན་གྱིས་བརླབས་པའི་རྫས་བཟའ་བའི་ཕྱིར་འཆང་བ་ལས་ཁ་ན་མ་ཐོ་བ་འདིར་འགྱུར་བ་འབའ་ཞིག་ཏུ་ཡང་མ་ཟད་དེ། འདི་ལྟར་བྱིན་ལེན་མ་བྱས་པ་དང་། རུང་བ་མ་ཡིན་པ་མི་ཤ་ལ་སོགས་པ་དང་། རུང་བ་མ་ཡིན་པ་དང་འདྲེས་པ་དང་། བརྟག་པ་གཞན་དང་འདྲེས་པ་འཆང་བ་ལ་
ཡང་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་དུས་སུ་རུང་བའི་རྫས་དང་འདྲེས་པའི་ཐུན་ཚོད་དུ་རུང་བ་བཟར་མི་རུང་བར་གཏོགས་པའི་ཉི་མ་ཕྱེད་ཡོལ་ཕན་ཆད་དུ་བཟའ་བའི་ཕྱིར་འཆང་ན་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་ནང་དུ་བཙོས་པ་ཉིད་ལ་སོགས་པའི་སྐྱོན་
གྱིས་རུང་བ་མ་ཡིན་པ་ཉིད་དུ་གྱུར་པ་བཟའ་བའི་འཆང་བ་དང་། དེ་བཞིན་དུ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། འཚོ་བའི་བར་དུ་བཅང་བ་མི་རུང་བ་ཉིད་དུ་གྱུར་པ་དག་བཟའ་བའི་ཕྱིར་འཆང་བ་ལ་ཡང་བྱེ་བྲག་འགའ་ཡང་མེད་དེ། དེ་ལྟ་བས་ན་འདིར་ཞག་བདུན་པ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་པར་

རིག་པར་བྱའོ། །འོ་ན་འདིར་ལྟུང་བ་རྣམ་པར་གཞག་པ་གང་ཞེ་ན། དེའི་ཕྱིར་བཟའ་བར་བྱ་བ་རུང་བ་མ་ཡིན་པ་ཉིན་མཚན་འདས་པ་ནི་འདིར་ཟོས་པ་དང་འདྲ་བར་རྣམ་པར་གཞག་གོ་ཞེས་བྱ་བ་སྨྲས་ཏེ། བཟའ་བར་བྱ་བ་རུང་བ་མ་ཡིན་པ་ཉིན་མཚན་འདས་པ་ནི་ཟོས་པ་དང་འདྲའོ་ཞེས་བྱ་
བ་ནི། ཟོས་ན་ཁ་ན་མ་ཐོ་བ་ཅི་འདྲ་བ་དེ་བཞིན་དུ་འཆང་བ་ལ་ཡང་དེ་དང་འདྲ་བ་སྟེ། གལ་ཏེ་ཟོས་ན་ལྟུང་བྱེད་དུ་འགྱུར་བ་ནི་འཆང་ན་ཡང་སྤང་བར་འགྱུར་བ་དང་། འོན་ཏེ་ཟོས་ན་ཉེས་བྱས་སུ་འགྱུར་བ་ནི་འཆང་ན་ཡང་ཉེས་བྱས་སུ་འགྱུར་བའོ། །འདི་སྐད་བསྟན་ཏེ། དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་
ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་ལ་སོགས་པ་སོག་འཇོག་བྱས་པ་དེ་དག་ཐམས་ཅད་ནི་ཇི་ལྟར་ཟོས་ན་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་འཆང་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། ཉིན་མཚན་འདས་པ་ནི་སྤང་བའི་ལྟུང་བྱེད་དང་ལྟུང་བྱེད་འབའ་ཞིག་དང་འདྲ་བའི་ཕྱིར་རོ། །ནང་དུ་ཞག་ལོན་པ་དང་།
ནང་དུ་བཙོས་པ་དང་། བྱིན་ལེན་མ་བྱས་པ་ལ་སོགས་པ་ནི་ཇི་ལྟར་ཟོས་ན་ཉེས་བྱས་སུ་འགྱུར་བ་བཞིན་དུ་འཆང་ན་ཡང་ཉེས་བྱས་ཁོ་ནར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དོན་གང་གི་ཕྱིར་བརྟགས་པ་དེའི་ཕྱིར་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི། ཞག་བདུན་པའི་འབྲུ་མར་ལ་སོགས་
པའོ། །དོན་གང་གི་ཕྱིར་ཞེས་བྱ་བ་ནི། རྐང་པ་བསྐུ་བ་ལ་སོགས་པའི་དགོས་པའི་ཕྱིར་རོ། །བརྟག་པ་ཞེས་བྱ་བ་ནི། རུང་བར་བྱས་པ་དེ་ཉིད་དེ། དེའི་ཕྱིར་འཆང་བ་ལ་ནི་ལྟུང་བ་མེད་དོ། །བློས་ཡོངས་སུ་མ་བཅད་པར་འཆང་བ་ལ་ཡང་ཁ་ན་མ་ཐོ་བ་འདྲ་སྟེ། བྱེ་བྲག་ནི་སྤྱིའི་ཁོངས་སུ་གཏོགས་པའི་
ཕྱིར། བཟའ་བའི་ཕྱིར་ཡང་དེའི་ཁོངས་སུ་གཏོགས་པ་ཡིན་ནོ། །དེ་ལྟ་བས་ན་བག་མེད་པ་དང་དྲན་པ་ཉམས་པས་འཆང་བ་ནི་བཟའ་བའི་ཕྱིར་ཡིད་ཀྱིས་མ་བསྡུས་པའི་ཕྱིར་ཁ་ན་མ་ཐོ་བ་འདྲའོ། །སྣར་བླུགས་པ་དང་བསྐུ་མཉེ་བྱ་བ་དག་ནི་སོག་འཇོག་བྱས་ཀྱང་རུང་ངོ་ཞེས་བྱ་བ་ནི། སྣར་བླུགས་པ་དང་ལུས་ཀྱི་
བསྐུ་མཉེ་བྱ་བའི་འབྲུ་མར་ལ་སོགས་པ་དག་ནི་སོག་འཇོག་བྱར་རུང་བའོ། །སོག་འཇོག་གི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །སྤང་བ་རྣམས་རྫོགས་སོ་ཞེས་བྱ་བ་སྤང་བའི་ལྟུང་བྱེད་སུམ་ཅུ་པོ་དག་བཤད་ཟིན་ཏོ།། །།སྤང་བའི་ལྟུང་བྱེད་རྣམས་ཀྱི་འོག་ཏུ་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་རྣམས་

བརྗོད་པར་བྱ་སྟེ། སྤང་བར་བྱ་བའི་དངོས་པོ་མེད་པའི་ཕྱིར་དེས་ན་འབའ་ཞིག་ཅེས་བྱ་བའི་མིང་འཐོབ་སྟེ། དེ་དག་ནི་གྲངས་དགུ་བཅུར་ཆད་པ་ཡིན་ནོ། །སོ་སོར་ཐར་པའི་མདོ་ལས་བརྫུན་དུ་སྨྲ་བའི་ལྟུང་བྱེད་དང་པོ་ཁོ་ནར་གསུངས་པ་ལ་འདུལ་བ་ལས་བརྫུན་དུ་སྨྲ་བ་ནི་རྣམ་པ་ལྔ་གསུངས་ཏེ། ཕམ་
པར་འགྱུར་བ་དང་། དགེ་འདུན་ལྷག་མར་འགྱུར་བ་དང་། ཉེས་པ་སྦོམ་པོར་འགྱུར་བ་དང་། ཉེས་བྱས་སུ་འགྱུར་བ་དང་། ལྟུང་བྱེད་དུ་འགྱུར་བའོ། །དེ་ལ་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མར་འགྱུར་བའི་བརྫུན་དུ་སྨྲ་བ་གཉིས་ཀྱི་མཚན་ཉིད་ནི་དེ་དག་ཉིད་ཀྱི་སྐབས་སུ་བཤད་ཟིན་ཏོ།། །།
ད་ནི་གསུམ་པོ་དག་གི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་ཉེས་པ་སྦོམ་པོར་འགྱུར་བ་དང་། ཉེས་བྱས་སུ་འགྱུར་བའི་བརྫུན་དུ་སྨྲ་བ་གཉིས་ཀྱི་མཚན་ཉིད་ནི་བརྫུན་དུ་སྨྲ་བའི་སྐབས་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཉུང་བའི་ཕྱིར་འདིར་དང་པོར་བརྗོད་པར་བྱ་སྟེ། དགེ་འདུན་འདུས་པ་ལ་ཤེས་བཞིན་
དུ་ཆོས་མ་ཡིན་པ་ཆོས་སུ་དང་ཆོས་ཆོས་མ་ཡིན་པར་སྟོན་པ་ནི་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ། དགེ་འདུན་འདུས་པ་ལ་ཞེས་བྱ་བ་ནི། དགེ་འདུན་གྱི་སྤྱན་སྔར་དགེ་འདུན་གྱི་དབྱེན་གྱི་སྦྱོར་བས་དབྱེ་བར་རུང་གི་གཞན་དུ་མ་ཡིན་པས། དེའི་ཕྱིར་དགེ་འདུན་འདུས་པ་ལ་དགེ་འདུན་དབྱེ་བའི་ཕྱིར། ཆོས་མ་ཡིན་པ་ཆོས་སུ་སྟོན་པ་ལ་སོགས་པའི་བརྫུན་
སྨྲས་པ་ནི་ཉེས་པ་སྦོམ་པོར་འགྱུར་བ་ཡིན་གྱི། གཞན་དུ་བརྫུན་སྨྲས་པ་ནི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་ཁོ་ན་ཡིན་ནོ། །ཤེས་བཞིན་དུ་ཞེས་བྱ་བ་ནི། ཆོས་དང་ཆོས་མ་ཡིན་པ་གཉིས་ཀྱི་རང་གི་ངོ་བོ་ཤེས་བཞིན་དུ་ལོག་པར་སྟོན་པས། དེའི་ཕྱིར་དེ་ནི་ཉེས་པ་སྦོམ་པོ་ཡིན་པར་གཞག་གོ། །ཆོས་མ་ཡིན་པ་ཞེས་
བྱ་བ་ནི། རིགས་པ་མ་ཡིན་པ་བྱ་བ་མ་ཡིན་པའོ། །ཆོས་སུ་སྟོན་པ་ཞེས་བྱ་བ་ནི། ཆོས་ཉིད་དང་བྱ་བ་ཉིད་དུ་སྟོན་པའོ། །ཆོས་དང་ཆོས་མ་ཡིན་པར་སྟོན་པ་ཞེས་བྱ་བ་ཡང་དེ་ལས་བཟློག་པའི་ཚུལ་གྱིས་དེ་བཞིན་དུ་སྦྱར་ཏེ། དེ་ནི་ཉེས་པ་སྦོམ་པོའོ། །འདི་སྐད་བསྟན་ཏེ། གང་ལ་ལ་ཞིག་དགེ་འདུན་གྱི་དབུས་
སུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བྱ་བ་མ་ཡིན་པ་ནི་བྱ་བ་ཉིད་དུ་སྟོན་པར་བྱེད། བྱ་བ་ནི་བྱ་བ་མ་ཡིན་པ་ཉིད་དུ་སྟོན་པར་བྱེད་ན། དེའི་ཚེ་དེ་ལ་ཉེས་པ་སྦོམ་པོ་ཞེས་བྱ་བའི་ལྟུང་བར་འགྱུར་རོ། །ཉེས་བྱས་སུ་འགྱུར་བའི་བརྫུན་དུ་སྨྲ་བའི་མཚན་ཉིད་བརྗོད་པར་འདོད་ནས། གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་

ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལས་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། གསོ་སྦྱོང་ལ་ཞེས་བྱ་བ་ནི། དགེ་འདུན་གསོ་སྦྱོང་མཛད་པའི་ནང་དུའོ། །ཅི་ཞེས་བྱ་བ་ནི་ཡོངས་སུ་དྲི་བའོ། །འདི་ལ་ཞེས་
བྱ་བ་ནི། གསོ་སྦྱོང་ལའོ། །ཁྱེད་ཅེས་བྱ་བ་ནི། ཁྱེད་ཅག་གོ། །ཡོངས་སུ་དག་གམ་ཞེས་བྱ་བ་ནི། ལྟུང་བ་མ་བྱུང་ངམ་ཞེས་བྱ་བའོ། །ཞེས་ཞེས་བྱ་བ་ནི་དྲི་བ་སྤྱི་ལ་སྙེགས་སོ། །ལན་གསུམ་གྱི་བར་དུ་དྲིས་པ་ལས་ཞེས་བྱ་བ་ནི། ལན་གསུམ་ཁོ་ན་དྲི་བར་བྱ་དགོས་པ་ལན་གསུམ་པ་རྫོགས་ཀྱི་བར་དུ་
དྲིས་པ་ལས་སོ། །འདི་སྐད་བསྟན་ཏེ། དགེ་འདུན་གསོ་སྦྱོང་ལ་ཚོགས་པ་ན་སོ་སོར་ཐར་པའི་མདོ་གདོན་པས་དགེ་འདུན་ལ་ལན་གསུམ་ཁོ་ནར་འདི་སྐད་ཅེས་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲི་བར་བྱ་སྟེ། བཤགས་པ་དང་བྱིན་གྱིས་བརླབས་པ་གཉིས་ཀྱིས་ལྟུང་བ་མ་བཅབས་པ་ཤ་སྟག་
ཚོགས་པ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོར་ཐར་པའི་མདོ་གདོན་པས་དེ་སྐད་དྲིས་པ་ན་གང་ལ་ལ་ཞིག་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་བདག་ཉིད་ཡོངས་སུ་དག་པར་སྟོན་ཅིང་དྲི་བ་གསུམ་པའི་དུས་འདའ་བར་བྱེད་ན་དེ་ལ་ཉེས་བྱས་ཀྱི་ལྟུང་བ་འདི་འབྱུང་བར་འགྱུར་ཏེ། དེ་ནི་ཉེས་བྱས་
ཡོངས་སུ་རྫོགས་པ་ཡིན་གྱི་ཡིད་ཀྱིས་ནི་མ་ཡིན་ཏེ། ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་ལ་ཡོད་པའི་ཕྱིར་རོ། །ད་ནི་ལྟུང་བྱེད་དུ་གྱུར་པའི་བརྫུན་དུ་སྨྲ་བའི་མཚན་ཉིད་སྨྲ་བར་འདོད་ནས། དེ་གཉིས་དང་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མར་གྱུར་པ་གཉིས་ལས་གཞན་པའི་
བརྫུན་དུ་སྨྲ་བའོ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་དང་ཞེས་བྱ་བ་ནི། བསྟན་མ་ཐག་པའི་ཉེས་པ་སྦོམ་པོར་འགྱུར་བ་དང་། ཉེས་བྱས་སུ་འགྱུར་བའི་བརྫུན་དུ་སྨྲ་བ་གཉིས་སོ། །ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མར་གྱུར་པ་གཉིས་ལས་ཞེས་བྱ་བ་ནི། དེ་གཉིས་སྔར་བསྟན་པ་ལས་ཏེ། བརྫུན་དུ་སྨྲ་བ་རྣམ་
པ་བཞི་པོ་དེ་དག་ལས་གཞན་པའི་བརྫུན་དུ་སྨྲ་བ་འདུ་ཤེས་བསྒྱུར་བ་ནི། ལྟུང་བྱེད་དུ་གྱུར་པའི་བརྫུན་དུ་སྨྲ་བ་ཞེས་བྱ་སྟེ། དེ་ལས་ལྟུང་བ་འདིར་འགྱུར་རོ། །འདི་སྐད་བསྟན་ཏེ། བརྫུན་དུ་སྨྲ་བ་བསྟན་མ་ཐག་པ་གཉིས་དང་། སྔར་བསྟན་པ་གཉིས་ཏེ། རྣམ་པ་བཞི་པོ་དེ་དག་ལས་གཞན་པའི་བརྫུན་

དུ་སྨྲ་བ་དོན་ཤེས་པའི་ཡུལ་ལ་འདུ་ཤེས་གཞན་དུ་བསྒྱུར་བ་ལས་ལྟུང་བྱེད་འདི་རྣམ་པར་གཞག་སྟེ། བརྫུན་དུ་སྨྲ་བ་ནི་འདུ་ཤེས་ཀྱི་དབང་གིས་རྣམ་པར་གཞག་པ་ཡིན་གྱི། དངོས་པོའི་དབང་གིས་ནི་མ་ཡིན་ནོ། །སྨྲ་བར་འདོད་པ་ལ་འདུ་ཤེས་གཞན་འབྱུང་བ་བརྫུན་དུ་སྨྲ་བ་ཡིན་པ་དེ་ལ་ནི་ཐེ་ཚོམ་མེད་ཀྱི་སྨྲ་བའི་
ཚེ་ན་འདུ་ཤེས་གཞན་འབྱུང་བ་ནི་བརྫུན་དུ་སྨྲ་བར་མི་འགྱུར་ཏེ། དང་པོའི་འདུ་ཤེས་ཉིད་ཀྱིས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། སྨྲ་བའི་ཚེ་ཉིད་ན་ཡང་འདུ་ཤེས་བྱུང་ན་དེ་ཀུན་ནས་སློང་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྨྲ་བར་བྱེད་པ་དེ་ནི་སྨྲ་བའི་ཚེ་སྟེ། སྨྲ་བའི་ཚེ་དེའི་དོན་
གང་ཡིན་པའི་དོན་དེ་ལ་འདུ་ཤེས་གཞན་བྱུང་ན་བརྫུན་དུ་སྨྲ་བ་དེ་ཀུན་ནས་སློང་བ་ཡིན་ནོ། །འདི་སྐད་བསྟན་ཏེ། ཚིག་བརྗོད་པའི་གནས་སྐབས་ན་ཡང་འདི་ལྟ་བུའི་འདུ་ཤེས་འབྱུང་སྟེ། དོན་གང་སྨྲ་བ་དེ་གཞན་དུ་རྣམ་པར་གནས་ལ་བདག་གིས་ནི་གཞན་དུ་སྨྲ་བར་བྱའོ་སྙམ་ན་དེ་ལ་ཡང་བརྫུན་དུ་སྨྲ་བར་
འགྱུར་བ་ཁོ་ན་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ལས་ནི་དང་པོ་ཁོ་ན་རྣམ་པར་དཔྱོད་པའི་གནས་སྐབས་ན་འདུ་ཤེས་གཞན་དུ་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པ་ཡིན་ནོ། །འདིར་གཞུང་ནི། བརྫུན་དུ་སྨྲ་བ་རྣམ་པ་གཉིས་གང་ཞེ་ན། ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བ་ནི་འདི་སྙམ་དུ་བརྫུན་གྱི་ཚིག་
སྨྲའོ་སྙམ་པ་དང་། དེ་ནས་སྨྲས་པའི་འོག་ཏུ་འདི་སྙམ་དུ་བདག་གིས་བརྫུན་གྱི་ཚིག་སྨྲས་སོ་སྙམ་པ་སྟེ། དེའི་ཕྱིར་བརྫུན་དུ་སྨྲ་བ་རྣམ་པ་གཅིག་ནི་མེད་དོ་ཞེས་གསུངས་པ་ཡིན་ནོ། །ལན་འགའ་ནི་སྦྱོར་བ་དང་བཅས་པའི་དངོས་གཞི་ཡིན་ལ། ལན་འགའ་ནི་དངོས་གཞི་མཇུག་དང་བཅས་པ་ཡིན་ནོ། །བརྫུན་
དུ་སྨྲ་བ་མཇུག་ཉི་ཚེ་ལ་ནི་མེད་དེ་ཚིག་ཐལ་ཟིན་པའི་ཕྱིར་རོ། །མནའ་འདོར་བར་མི་བྱའོ་ཞེས་བྱ་བ་ནི། ཕྲན་ཚེགས་དག་ལས་བཏུས་པ་ཡིན་ཏེ། དྲུག་སྡེ་དག་སངས་རྒྱས་ཀྱིས་མནའ་འདོར་བར་བྱེད་པའི་གླེང་གཞི་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་གིས་མནའ་
འདོར་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་མནའ་འདོར་བར་བྱེད་པ་ལས་ནི་འདི་ལྟར་བསྒྲགས་པར་འགྱུར་ཏེ། ཁོ་བོ་དོན་ཐམས་ཅད་ལ་བདེན་པས་ཞུགས་པ་མ་ཡིན་ཏེ། གང་ལ་མནའ་འདོར་བ་དེ་ལ་མནའི་དབང་གིས་ཁོ་བོ་བདེན་པར་ཞུགས་པ་ཡིན་ནོ་ཞེས་བསྒྲགས་པའི་སྐྱོན་དུ་འགྱུར་

བས་དེའི་ཕྱིར་དགེ་སློང་གིས་མནའ་འདོར་བར་མི་བྱའོ། །བརྫུན་དུ་སྨྲ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྐྱོན་ནས་སྨྲ་བའི་ལྟུང་བྱེད་སྨྲ་བར་འདོད་ནས་དགེ་སློང་གིའོ་ཞེས་བྱ་བ་སྨྲས་ཏེ། མདོ་འདི་དང་འོག་གི་མདོ་ལས་རུང་བ་མ་ཡིན་པར་བསམ་པ་གང་ཡང་རུང་བ་སྨྲས་ནའོ་
ཞེས་འབྱུང་བ་དང་སྦྱར་བར་བྱའོ། །འདི་སྐད་བསྟན་ཏེ། རུང་བ་མ་ཡིན་པར་བསམ་པ་གང་ཡང་རུང་བ་སྨྲས་ན་སྐྱོན་ནས་སྨྲ་བའི་ལྟུང་བྱེད་དོ། །དེ་ཉིད་དགེ་སློང་གི་ཡུལ་ཁོ་ན་ལ་ཡིན་པར་རིག་པར་བྱ་སྟེ། དགེ་སློང་གིས་དགེ་སློང་ལ་སྨྲ་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། དགེ་ཚུལ་ལ་སོགས་པ་གཞན་ལ་ནི་མ་ཡིན་ཏེ། དེ་
ལ་ནི་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །འོག་མ་ལ་ཡང་ངོ་ཞེས་བྱ་བ་ནི། བསླབ་པའི་གཞི་འདིའི་འོག་མ་དགེ་སློང་ལ་ཕྲ་མ་བྱེད་པ་ཞེས་བྱ་བ་ལ་ཡང་དགེ་སློང་ཁོ་ན་ལ་སྨྲས་ན་སྟེ། དེ་ལ་ཡང་དགེ་སློང་གི་ཡུལ་ཁོ་ན་ལ་ཁ་ན་མ་ཐོ་བར་འགྱུར་བ་ཡིན་གྱི། དགེ་ཚུལ་ལ་སོགས་པ་གཞན་དག་ལ་ནི་ཉེས་བྱས་
ཁོ་ནའོ། །དེ་ལྟ་བས་ན་སྐྱོན་ནས་སྨྲ་བ་དང་། དགེ་སློང་ལ་ཕྲ་མ་བྱེད་པ་ཞེས་བྱ་བའི་བསླབ་པའི་གཞི་གཉི་ག་ཡང་དགེ་སློང་གི་ཡུལ་ཁོ་ན་ལ་རིག་པར་བྱའོ། །ཕྲ་མ་ལ་སོགས་པ་མེད་པར་ཚིག་ཀྱལ་པ་འབའ་ཞིག་སྨྲ་བ་ལ་ནི་ཉེས་བྱས་ཁོ་ནའོ། །སེམས་ཡོངས་སུ་དག་པས་ཀྱང་རུང་བ་མ་ཡིན་པར་བསམ་
པ་གང་ཡང་རུང་བ་སྨྲ་བ་སྲིད་པས་དེ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར། སྐྱོན་ཉིད་བརྗོད་པར་འདོད་པས་སོ་ཞེས་བྱ་བ་སྨྲས་ཏེ། འདིའི་སྐྱོན་ཉིད་བརྗོད་པར་བྱའོ་སྙམ་པའི་བསམ་པས་དགེ་སློང་གི་སྐྱོན་ནས་སྨྲས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཚིག་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་འཇམ་པོས་ཀྱང་རུང་རྩུབ་
མོས་ཀྱང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། ཚིག་འཇམ་པོས་ཀྱང་རུང་ཚིག་རྩུབ་མོས་ཀྱང་རུང་སྟེ། དགེ་སློང་གི་སྐྱོན་ཉིད་བརྗོད་པར་འདོད་པས། རུང་བ་མ་ཡིན་པར་བསམ་པས་བརྗོད་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་གི་ཕྱིར་སྐྱོན་ནས་སྨྲ་བ་དང་བཅས་པའི་ཚིག་རྩུབ་པོ་སྨྲས་ན། དངོས་གཞིར་
འགྱུར་བ་དེའི་ཕྱིར་ཚིག་རྩུབ་པོ་སྨྲ་བ་ཡང་བསླབ་པའི་གཞི་འདི་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ནོ། །རུང་བ་མ་ཡིན་པར་བསམ་པ་གང་ཡང་རུང་བས་སྨྲ་ནའོ་ཞེས་བྱ་བ་ནི། རུང་བ་མ་ཡིན་པར་བསམ་པ་ཞེས་བྱ་བ་དམན་པར་བསམ་པ་གང་ཡང་རུང་བ་ཞེས་བྱ་བ་ལུས་ཀྱི་འམ་སེམས་ཀྱི་གང་ཡང་རུང་

བ་སྨྲས་ན། སྐྱོན་ནས་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན། ཁྱོད་ནི་མཛེ་ཅན་ནོ་ཞེ་འམ། ཞར་བའོ་ཞེས་བྱ་བ་ལྟ་བུ་དང་། ཁྱོད་ནི་ཁྲོ་བའོ་ཞེ་འམ། འཁྲུག་པ་ཅན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །མི་དགའ་བ་ཉིད་དུ་མ་གྱུར་ན་ཡང་ངོ་ཞེས་བྱ་བ་ལ། མི་དགའ་བ་ཉིད་ཅེས་བྱ་བ་ནི།
ཁྲོས་པ་དང་། འཁྲུགས་པ་དང་། ཡི་ཆད་པ་དང་། སྐྱེས་པ་དང་། ཡུལ་ཡུལ་པོར་གྱུར་པ་ཞེས་བྱ་བ་དག་དང་དོན་གཅིག་གོ། །མ་གྱུར་ན་ཞེས་བྱ་བ་ནི། ཉན་པ་པོ་མི་དགའ་བ་ཉིད་དེ་དག་ཏུ་མ་གྱུར་ནའོ། །ཡང་ངོ་ཞེས་བྱ་བ་ནི། འོན་ཀྱང་སྐྱོན་ནས་སྨྲ་བའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་བའོ། །དེ་ལྟར་ཡང་འདིར་
གཞུང་ནི། དགེ་སློང་མི་དགའ་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཞེས་གསུངས་པ་ཡིན་ནོ། །གཞན་རྒྱལ་རིགས་ཉིད་དང་བྲམ་ཟེ་ཉིད་ལ་སོགས་པ་ནི་ཉེས་བྱས་སོ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི། རུང་བ་མ་ཡིན་པར་བསམ་པ་ལས་གཞན་པ་སྟེ། དགེ་སློང་ལ་རྒྱལ་རིགས་ཉིད་དང་། བྲམ་
ཟེ་ཉིད་ལ་སོགས་པའི་སྐྱེས་བུའི་ཚིག་སྨྲས་ན་ཉེས་བྱས་སོ། །དགེ་འདུན་ལ་སོགས་པ་ལ་སྨྲས་ན་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །སྐྱོན་ནས་སྨྲ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཕྲ་མ་བྱེད་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཕྲ་མ་བྱེད་འདོད་པས་ཆེ་གེ་མོ་ཞིག་ཟེར་རོ་ཞེས་སྨྲས་ནའོ་ཞེས་བྱ་བ་
སྨྲས་ཏེ། ཕྲ་མ་བྱེད་འདོད་པས་ཞེས་བྱ་བ་ནི། གཞན་དབྱེ་བའི་བསམ་པ་སྟེ། དགེ་སློང་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཟེར་རོ་ཞེས་དགེ་སློང་གཞན་ལ་སྨྲས་ན་དངོས་གཞིའོ། །འདིར་སྐྱོན་ཉིད་ཀྱང་ཡན་ལག་མ་ཡིན་ལ། རུང་བ་མ་ཡིན་པར་བསམ་པ་ཉིད་ཀྱང་ཡན་ལག་མ་ཡིན་ཏེ། དབྱེ་བའི་བསམ་པ་བྱེད་པ་པོ་ཉིད་
ཡིན་པའི་ཕྱིར་རོ། །ཅི་སྤྱིས་སམ་ཞེ་ན། དེའི་ཕྱིར་གལ་ཏེ་མིང་ནས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མིང་འདི་ཞེས་བྱ་བ་འདི་སྐད་ཅེས་ཟེར་རོ་ཞེས་གལ་ཏེ་ཕྱིར་སྨྲ་བ་དེའི་མིང་ནས་སྨོས་པར་བྱེད་ནའོ། །དེ་ཡང་དགེ་སློང་དེ་ཉིད་ཡིན་ནའོ་ཞེས་བྱ་བ་ནི། གང་གི་མིང་ནས་སྨོས་པར་བྱེད་པ་དེ་གལ་ཏེ་དགེ་སློང་ཉིད་ཡིན་
ནའོ། །ཡང་ཞེས་བྱ་བའི་སྒྲས་ནི་གང་ལ་བསླབ་པར་བྱ་བ་དེ་ཡང་གལ་ཏེ་དགེ་སློང་ཉིད་ཡིན་ནའོ་ཞེས་བྱ་བ་བསྡུའོ། །འདི་སྐད་བསྟན་ཏེ། དབྱེ་བར་བྱ་བ་གཉི་ག་དགེ་སློང་ཡིན་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འབྱེད་པར་བྱེད་པ་ནི་དགེ་སློང་ཉིད་ཡིན་པར་མ་སྨོས་ཀྱང་གྲུབ་བ་ཁོ་ན་ཡིན་ཏེ། དགེ་སློང་

ཁོ་ན་ལ་ལྟུང་བྱེད་སྲིད་པའི་ཕྱིར་རོ། །དེ་ལྟར་ན་གལ་ཏེ་དབྱེ་བར་བྱ་བ་གཉིས་དགེ་སློང་ཉིད་མ་ཡིན་ན་ནི་དེའི་ཚེ་འབྱེད་པར་བྱེད་པ་ཉེས་བྱས་སོ། །གཞན་དུ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། གལ་ཏེ་སྔར་བསྟན་པའི་མཚན་ཉིད་རྣམ་པར་གཞག་པ་ལས་ཡན་ལག་གཅིག་གིས་ཉུང་བར་
གྱུར་ན་ཡང་ཉེས་བྱས་ཏེ། དཔེར་ན་རྒྱལ་རིགས་སམ་བྲམ་ཟེ་འམ། འོད་སྲུངས་ཀྱི་རིགས་ཤིག་འདི་སྐད་ཟེར་རོ་ཞེས་སྨྲས་པ་ལྟ་བུའོ། །ཕྲ་མ་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་སྨྲ་བར་འདོད་ནས། འདུ་ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདུ་ཤེས་
གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བས་མིང་དང་མིང་ཅན་གོ་བར་བྱེད་དོ། །མིང་གི་ཡུལ་བསྟན་པའི་ཕྱིར། དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱ་བ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གཉིས་འཐབ་པའི་ཕྱིར་རྩོད་པར་གྱུར་པའི་རྩོད་པ་དེ་ཉིད་དགེ་འདུན་གྱིས་ལེགས་པར་
ཞི་བར་བྱས་པ་ཉིད་ལ་སྟེ། ཡུལ་རྣམ་པ་དེ་ལྟ་བུ་ལ་འདུ་ཤེས་པ་ནི་ཡོངས་སུ་ཤེས་པ་གང་ཡིན་པ་སྟེ། འདུ་ཤེས་དེ་ནི་གཙོ་ཆེར་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ། །འདིར་གཞུང་ནི། འཐབ་པའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ན་ཞེས་གསུངས་པ་ཡིན་ནོ། །འདིར་རྒོལ་བ་དང་
ཕྱིར་རྒོལ་བ་གཉི་ག་དགེ་སློང་ཉིད་ཡིན་ན་སྐྱོ་སྔོགས་བྱེད་པའི་དངོས་གཞིའོ། །གཅིག་གམ་གཉི་ག་དགེ་སློང་མ་ལ་སོགས་པ་ཉིད་ཡིན་ན་ནི་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་དགེ་སློང་མ་དང་རྩོད་པ་ལས་སྐྱོ་སྔོགས་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ཉེས་བྱས་
སུ་འགྱུར་རོ། །དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་རྩོད་པ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་ཞིག་བྱས་ན་ཁ་ན་མ་ཐོ་བ་འདིར་འགྱུར་ཞེ་ན། དེའི་ཕྱིར་སྐྱོ་སྔོགས་སོ་ཞེས་བྱ་བ་སྨྲས་ཏེ། སྐྱོ་སྔོགས་བྱེད་པ་ཞེས་བྱ་བ་ནི། འཁྲུག་ལོང་བྱེད་པ་
སྟེ། ལེགས་པར་བྱས་པ་ཉིད་མ་ཡིན་ཞིང་ཆོས་ཀྱིས་ཉེ་བར་ཞི་བར་བྱས་པ་ཉིད་མ་ཡིན་ནོ་ཞེས་སྐྱོ་སྔོགས་བྱེད་པའོ། །དེའི་ཕྱིར་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ཞེས་གསུངས་ཏེ། ཡང་བྱ་བ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་ན། གང་དག་ལ་

འདུ་ཤེས་དེ་ཁ་ན་མ་ཐོ་བ་ཇི་ལྟ་བུའི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་གཉུག་མར་གནས་པ་དང་ལས་བྱེད་པ་དང་འདུན་པ་འབུལ་བ་དག་ཁོ་ན་ལ་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། འདུ་ཤེས་གང་ཡིན་པ་དེ་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཉུག་མར་གནས་པ་ཞེས་བྱ་བ་ནི། གང་གིས་
རྩོད་པ་དེའི་ཐོག་མ་དང་། དབུས་དང་། ཐ་མ་དག་ཤེས་པའོ། །ལས་བྱེད་པ་ཞེས་བྱ་བ་ནི། གང་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་ལས་བྱས་པའོ། །དད་པ་འབུལ་བ་ཞེས་བྱ་བ་ནི། གང་གིས་ལས་དེ་བྱ་བའི་ཕྱིར་དད་པ་ཕུལ་བར་གྱུར་པའོ། །དེའི་ཕྱིར་བཏུབ་པར་གྱུར་ནས་ཕྱིས་སྐྱོ་སྔོགས་བྱེད་ན་
ཞེས་གསུངས་ཏེ། སྔར་རྗེས་སུ་གནང་བ་བྱིན་ནས་ཕྱིས་སྐྱོ་སྔོགས་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་སྨྲ་བ་དང་གློ་བུར་དུ་འོངས་པ་དག་ལ་ནི་ཉེས་བྱས་ཁོ་ནའོ་ཞེས་བྱ་བ་ནི། ལྟ་བ་སྨྲ་བ་དང་། གློ་བུར་དུ་འོངས་པ་དག་ལ་འདུ་ཤེས་གང་ཡིན་པ་དེ་ནི་ཉེས་བྱས་ཁོ་ནའི་བྱེད་པ་པོ་ཉིད་ཡིན་ཏེ། ལྟ་བ་སྨྲ་བ་
ཉིད་ཡིན་པས་རྣལ་དུ་མ་ཕེབས་པའི་ཕྱིར་དང་། གློ་བུར་དུ་འོངས་པ་ཉིད་ཡིན་པས་རྒྱུས་མི་ཤེས་པའི་ཕྱིར་རོ། །རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་དུ་འདུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འཐབ་པའི་ཕྱིར་རྩོད་པ་ལ་ལྟུང་བ་འདིར་རྩོད་པ་ཉིད་དུ་འདུ་ཤེས་པ་ལ་ནི་ན་སྨད་པ་མེད་དེ་དེ་
དང་འདྲ་བ་ཉིད་དོ། །དེ་ཡང་འཐབ་པའི་ཕྱིར་རྩོད་པ་ཉིད་དང་འདྲ་བ་ཉིད་དེ། དངོས་གཞིའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་རྩོད་པ་ཙམ་ཉིད་ཚད་མ་ཡིན་གྱི། རྩོད་པའི་བྱེ་བྲག་ནི་ཚད་མ་མ་ཡིན་ནོ། །ལས་ཀྱི་འབྲས་བུ་ལ་གནས་པ་ལ་དེ་མ་ཡིན་པ་ཉིད་ཀྱིས་ཀུན་དུ་སྤྱོད་པ་ལ་ནི་
ཕྱེད་ཉིད་དོ་ཞེས་བྱ་བ་ལ། ལས་ཀྱི་འབྲས་བུ་ཞེས་བྱ་བ་ནི། གསོལ་བ་ལ་སོགས་པའི་རང་བཞིན་གྱི་ལས་ཀྱི་འབྲས་བུར་བརྗོད་པ་བསླབ་པ་བྱིན་པ་ཉིད་ལ་སོགས་པ་གང་ཡིན་པའོ། །འབྲས་བུ་དེ་ལ་གནས་པ་ལ་ཞེས་བྱ་བ་ནི། འབྲས་བུ་དེ་ཐོབ་ཅིང་འབྲས་བུ་དེ་ལ་རྣམ་པར་གནས་པ་ལའོ། །དེ་མ་ཡིན་
པ་ཉིད་ཀྱིས་ཞེས་བྱ་བ་ནི། དེ་ལ་གནས་པ་མ་ཡིན་པ་ཉིད་ཀྱིས་སོ། །ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་སྐྱོ་སྔོགས་བྱེད་པའོ། །ཕྱེད་ཉིད་དོ་ཞེས་བྱ་བ་ནི། དེ་ལ་ཉེས་བྱས་ཉིད་དུ་འགྱུར་བའོ། །འདིར་གཞུང་ནི། ཞུ་བ་ལས་བཙུན་པ་དགེ་སློང་གིས་བསླབ་པ་ལ་འདི་སྐད་ཅེས་ཁྱོད་བསླབ་པ་བྱིན་པ་མ་ཡིན་ནོ། །

ཞེས་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྟོན་པའི་ལྟུང་བྱེད་སྨྲ་བར་འདོད་ནས། སྔར་དེ་དང་འབྲེལ་པར་བསྟན་པ་དག་ཇེ་དྲན་པར་བྱ་སྟེ། འདི་ལ་བྱེད་པ་
པོ་ཉིད་ནི་བུད་མེད་དོ། །ཁྱིམ་པ་མོ་ལ་སྟོན་པ་ལའོ། །སྐྱེས་པ་མེད་པར་རོ། །རིག་པའོ་ཞེས་སྔར་བསྟན་པ་དག་དྲན་པར་བྱས་ནས་འདིར་ལྷག་མ་རྣམས་བརྗོད་པར་བྱ་སྟེ། གང་ལ་བྱེད་པ་པོ་ཉིད་བུད་མེད་ཡིན་ཞེ་ན། དེའི་ཕྱིར་སྟོན་པ་ལའོ་ཞེས་བྱ་བ་སྨྲས་སོ། །ཇི་ཞིག་སྟོན་པ་ལ་ཞེ་ན། དེའི་ཕྱིར་ཆོས་སོ་ཞེས་བྱ་བ་སྨྲས་
ཏེ། །དེ་བཞིན་གཤེགས་པས་གསུངས་པའི་ཆོས་སྟོན་པ་ལ་ཡིན་གྱི། ལམ་འདྲི་བ་ལ་སོགས་པ་ལ་ལམ་རྒྱུས་ལ་སོགས་པ་སྟོན་པ་ལ་ནི་མ་ཡིན་ནོ། །སྟོན་པའི་ཚིག་བསྟན་པའི་ཕྱིར། ཚིག་དྲུག་ལས་ལྷག་པར་རོ་ཞེས་བྱ་བ་སྨྲས་ཏེ། སྟོན་པ་ལའོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་ཚིག་དྲུག་པ་ལས་ལྷག་
པར་ཆོས་སྟོན་ན། དེའི་ཚེ་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །གང་ཟག་ཇི་ལྟ་བུ་ལ་ཞེ་ན། དེའི་ཕྱིར་ལྷག་པ་ཉིད་དང་ཤེས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཚིག་དྲུག་པ་ལས་ལྷག་པ་ཉིད་དུ་ཤེས་ན་དེའི་ཚེ། ཤེས་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཤེས་པ་ཞེས་སྨོས་པས་ནི། འདུ་ཤེས་གཙོ་ཆེར་
བྱེད་པ་པོ་ཉིད་དོ་ཞེས་བྱ་བ་ནི། རྣམ་པ་དེ་ཉིད་འདི་ལ་ཡང་ཡོད་པར་སྟོན་ཏོ། །འདི་སྐད་བསྟན་ཏེ། ཚིག་དྲུག་པ་ལས་ལྷག་པ་ཉིད་ཀྱང་ཡིན་ལ། ལྷག་པ་ཉིད་དུ་འདུ་ཤེས་པ་ཡང་ཡོད་ན་དངོས་གཞིའོ། །མ་ལྷག་པ་ཉིད་ལ་ལྷག་པར་འདུ་ཤེས་ཤིང་སྟོན་ན་ཉེས་བྱས་སོ། །ཡིད་གཉིས་ཟ་ན་ནི་ཡིད་གཉིས་ནི་འདུ་
ཤེས་དང་འདྲའོ་ཞེས་བྱ་བས་ལྟུང་བ་རྣམ་པར་གཞག་པར་རིག་པར་བྱའོ། །ཚིག་ལྔ་པ་ནི་རྩོམ་པ་ལྔ་པ་ལས་སོ་ཞེས་བྱ་བ་ལ། སྟོན་པ་གང་ལ་ཚིག་ལྔ་ཡོད་པ་དེ་ནི་ཚིག་ལྔ་པའོ། །དེ་རྩོམ་པ་ནི་བརྩམ་པ་སྟེ། ཚིག་ལྔ་པ་ལས་ལྷག་པར་སྟོན་ན་དངོས་གཞིའོ། །ཚིག་གཅིག་པ་ལ་སོགས་པ་གཞན་ཐམས་ཅད་
ཀྱི་རྩོམ་པ་ལ་ནི་ཚིག་དྲུག་པ་ལས་ལྷག་པར་སྟོན་ན་དངོས་གཞིའོ། །འདིར་ཚིག་ཅེས་བྱ་བ་ནི། སྨྲ་བར་འདོད་པའི་དོན་གཅིག་གོ་བར་བྱེད་པའི་ཚིག་ལ་བྱ་སྟེ། དཔེར་ན་སྨྲ་བར་འདོད་པའི་དབང་གིས་གཟུགས་མི་རྟག་པ་བྱེ་བྲག་དང་བཅས་པ་ནི་ཚིག་གཅིག་ཅེས་བྱ་བ་ལྟ་བུའོ། །གཟུགས་ཙམ་རྗེས་སུ་བཤད་

པ་སྨྲ་བར་འདོད་པ་ལ་ཕུང་པོ་ནི་ལྔ་སྟེ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པའོ་ཞེས་བྱ་བ་དག་ནི་ཐ་དད་པ་ཉིད་དོ། །མདོར་བསྟན་པ་ལ་ནི་རྒྱས་པར་བཤད་པ་གཙོ་བོ་ཡིན་པའི་ཕྱིར་རོ། །མདོར་བསྟན་པ་དེ་རྒྱས་པར་བཤད་པ་ལས་ཐ་མི་དད་དེ། དཔེར་ན་ཕུང་པོ་ནི་ལྔ་སྟེ་
ཞེས་བྱ་བ་དེ་རྒྱས་པར་བཤད་པ་ལས་ཐ་མི་དད་པ་ལྟ་བུའོ། །མཁས་པས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པ་བྱས་པ་དང་། སློབ་གཉེར་གསོད་པ་དང་། ཁ་དོན་ཞུ་བ་དང་། དམིགས་ཀྱིས་འདྲི་བ་དང་། དུས་ཁྲིམས་དབོག་པ་དང་། ཡོན་བཤད་པ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཚིག་དྲུག་པ་ལས་ལྷག་ན་
ཞེས་བྱ་བ་སྤྱིར་གཏང་བ་དེ་དམིགས་ཀྱིས་བསལ་བ་ཡིན་ཏེ། མཁས་པས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པར་བྱས་པ་ནི་ལྷག་པར་སྟོན་པའི་བྱེད་པ་པོ་ཉིད་མ་ཡིན་ནོ། །དེ་བཞིན་དུ་སློབ་གཉེར་གསོད་པ་དང་། ཁ་ཏོན་ཞུ་བ་དང་། དམིགས་ཀྱིས་འདྲི་བ་དང་། དུས་ཁྲིམས་དབོག་པ་དང་། ཡོན་བཤད་
པ་དག་ཀྱང་ལྷག་པར་སྟོན་པའི་བྱེད་པ་པོ་ཉིད་མ་ཡིན་ཏེ། དེ་ལ་ལྟུང་བ་མེད་དོ། །ཁ་ཏོན་ཞུ་བ་སྨོས་པས་ཀློག་པ་ཡང་བསྡུས་པ་ཡིན་ཏེ། བཙུན་མོ་ཕྲེང་ལྡན་མ་དང་དབྱར་ཚུལ་མ་གཉིས་ཀྱི་ཀློག་པའི་ཕྱིར་འཕགས་པ་ཤཱ་རིའི་བུ་དང་། འཆར་ཀ་གཉིས་ཀྱིས་བཅོམ་ལྡན་འདས་ལ་ཅི་ཀླག་ལགས་སོ་ཞེས་ཞུས་པ་དང་།
བཅོམ་ལྡན་འདས་ཀྱིས་ལྷོགས་ཤིག་ཅེས་གསུངས་པ་ཡིན་ནོ། །དུས་ཁྲིམས་དབོག་པ་དང་། ཡོན་བཤད་པ་གཉིས་ཀྱི་གཞུང་ནི། ཞུ་བའི་གཞུང་ལས་ཡོན་བཤད་པ་ལ་ལྟུང་བ་མེད་དོ། །བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པ་དབོག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གནས་གཞན་དུ་ནི་སྔ་མ་
མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། ཁྱམས་ལ་སོགས་པ་གནས་གཞན་དུ་བསྟན་པ་བྱས་པ་ནི་སྔ་མ་གནས་ཁང་ལ་སོགས་པར་བྱས་པ་དང་། ལྷན་ཅིག་མ་བྱས་པ་ཉིད་དེ། དེ་ལ་ལྟུང་བ་རྣམ་པར་གཞག་པར་མི་བྱའོ། །སྟོན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འདོན་པའི་ལྟུང་བྱེད་སྨྲ་བར་འདོད་
ནས་རྫོགས་པར་མ་བསྙེན་པ་དང་ཅིག་ཅར་རམ་མཇུག་ཐོགས་སུ་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་ཡང་འདོན་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་རྫོགས་པར་མ་བསྙེན་པ་དང་། ཅིག་ཅར་ཞེས་བྱ་བ་ནི་དུས་གཅིག་ཏུའོ། །མཇུག་ཐོགས་སུ་ཞེས་བྱ་བ་ནི། རྫོགས་པར་མ་བསྙེན་པས་བཏོན་པའི་མཇུག་ཐོགས་སུ་

འདོན་པའོ། །སྟོན་བྱེད་ཅེས་བྱ་བ་ནི། འདིར་མདོ་སྡེ་ལ་སོགས་པ་ལུང་ཡིན་པར་བསམས་ཏེ། འདི་ལྟར་ལུང་གི་དོན་ཉན་པ་པོའི་རྒྱུད་དག་ལ་སྟོན་པར་བྱེད་པ་གསལ་བར་བྱེད་པས་ན་དེའི་ཕྱིར་ལུང་ནི་སྟོན་བྱེད་ཅེས་བྱའོ། །དེར་གྱུར་པ་ཞེས་བྱ་བ་ནི་དེར་གཏོགས་པ་སྟེ། ལུང་དུ་གཏོགས་པ་ཞེས་བྱ་བའི་
ཐ་ཚིག་གོ། །ཆོས་དང་ཡི་གེ་ཡང་འདོན་ནའོ་ཞེས་བྱ་བ་ནི། ལུང་དུ་གཏོགས་པ་དྲང་སྲོང་གིས་གསུངས་པའི་ཆོས་དང་། ཡི་གེ་རྫོགས་པར་མ་བསྙེན་པ་དང་། ཅིག་ཅར་རམ་མཇུག་ཐོགས་སུ་འདོན་ན། འདོན་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཆོས་ཞེས་སྨོས་པ་ཉིད་ཀྱིས་སྟོན་བྱེད་ཀྱང་ཐོབ་པ་ཡིན་
ན་སྟོན་བྱེད་དང་ཆོས་ཞེས་བྱ་བའི་ཚིག་གཉི་ག་ཅིའི་ཕྱིར་སྨོས་ཤེ་ན། འདི་ལྟར་མུ་སྟེགས་ཅན་གྱི་བསྟན་བཅོས་ལ་ཡང་སྟོན་བྱེད་ཅེས་བྱ་བའི་ཚིག་དེ་ཡོད་པས་དེ་བསལ་བའི་ཕྱིར་ཆོས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ལུང་ལས་བཏུས་པའི་ཚིག་གཞན་དུ་སྦྱར་བ་ཡང་ཆོས་ཞེས་བྱ་བ་ཉིད་ཡིན་ཏེ། དཔེར་ན་ཆོས་ཐམས་ཅད་
བདག་མེད་དོ། །འདུས་བྱས་ཐམས་ཅད་སྐད་ཅིག་མའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་དང་། དེ་བཞིན་དུ་ལུང་གི་དོན་ལས་བཏུས་ཤིང་ལུང་གི་ཡི་གེ་མེད་པ་མིང་དང་ཚིག་དང་ཡི་གེ་གཞན་གྱི་བྱེ་བྲག་དང་ལྡན་པ་ཡང་ཆོས་ཞེས་བྱ་བ་ཉིད་ཡིན་མོད་ཀྱི་དེ་དག་ནི་སྟོན་བྱེད་དུ་འགྱུར་བ་ཉིད་མ་ཡིན་ཏེ། དཔེར་ན་སློབ་དཔོན་དཔའ་
བོས་བྱས་པའི་སྐྱེས་པའི་རབས་ཀྱི་རྒྱུད་ལ་སོགས་པ་དག་ལྟ་བུའོ། །དེའི་ཕྱིར་ལུང་ཉིད་དུ་གནས་པའི་ལུང་ཉིད་ཡིན་པར་བསྟན་པའི་ཕྱིར་ཚིག་གཉི་ག་སྨོས་སོ། །ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། དེའི་ཉན་ཐོས་ཀྱིས་བཤད་པ་མིང་དང་ཚིག་གི་བདག་ཉིད་དོ། །མིང་ཞེས་བྱ་བ་ནི། སངས་རྒྱས་
ཆོས་དགེ་འདུན་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཚིག་ཅེས་བྱ་བ་ནི། དཔེར་ན། བསོད་ནམས་དག་གི་རྣམ་སྨིན་བདེ། །ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྨྲ་བར་འདོད་པའི་དོན་ཤེས་པར་བྱེད་པའོ། །ཡི་གེ་ཡང་ཞེས་བྱ་བ་ནི་ཡིག་འབྲུ་ཙམ་ཡང་ངོ་། །དེ་ལྟར་ཡང་འདིར་གཞུང་ནི། ཚིག་མ་ཉམ་པས་ཆོས་འདོན་ན་
ལྟུང་བྱེད་དུ་འགྱུར་རོ། །ཚིག་སྔ་བས་ཆོས་འདོན་ན་ལྟུང་བྱེད་དུ་འགྱུར་རོ། །ཡི་གེ་མཉམ་པས་ཆོས་འདོན་ན་ལྟུང་བྱེད་དུ་འགྱུར་རོ། །ཡི་གེ་སྔ་བས་ཚིག་འདོན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཡི་གེ་དང་མིང་དང་ཚིག་ལས་ལྷག་པའི་ཚིག་རྗོད་པར་བྱེད་པ་དེ་ཡང་འདིའི་ཁོངས་སུ་འདུས་

སོ། །འདོན་པ་ཞེས་བྱ་བ་ནི། ཀླག་པའི་ཕྱིར་བརྗོད་པ་ཡིན་པར་བསམས་ཏེ། ཁ་དོན་ཞུ་བ་ལ་སོགས་པ་དག་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །མི་འདོད་བཞིན་དུ་གྲུབ་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། ཅིག་ཅར་འདོན་པར་མི་འདོད་བཞིན་དུ་གཡམ་ལ་གྲུབ་པ་ནི་མ་གཏོགས་སོ། །འདི་སྐད་བསྟན་ཏེ།
གལ་ཏེ་ཅིག་ཅར་འདོན་པར་མི་འདོད་བཞིན་དུ་བརྟད་པར་སྨྲ་བ་ཉིད་ཡིན་པའི་ཕྱིར། ཅིག་ཅར་བརྗོད་པར་གྱུར་ན་དེ་ལ་ནི་ལྟུང་བ་མེད་དོ། །དེ་ལྟར་ཡང་འདིར་གཞུང་ནི། ལྡབ་ལྡིབ་ཅན་བརྟད་པར་སྨྲ་བར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རྗེས་སུ་ཉན་དུ་གཞུག་པར་བྱ་བ་འདོན་པ་ཡང་ངོ་ཞེས་བྱ་བ་ནི་
མ་གཏོགས་སོ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་ཉན་དུ་གཞུག་པར་བྱ་བ་ཞེས་བྱ་བ་ནི། འདོན་པར་བྱེད་པའི་དགེ་སློང་གིས་གཞན་གང་རྗེས་སུ་ཉན་དུ་གཞུག་པར་བྱ་བ་སྟེ། ཁྱོད་ཀྱིས་ཁོ་བོ་དང་ལྷན་ཅིག་ཏུ་ཅིག་ཅར་རམ་སྔར་བརྗོད་པར་མི་བྱའོ་ཞེས་བསྒོ་བ་ལས་གལ་ཏེ་དེ་ལྟར་བྱའོ་ཞེས་ཟེར་བཞིན་དུ་འོན་ཀྱང་ཅིག་ཅར་
འདོན་པར་བྱེད་ན་དེ་ལྟ་ན་ཡང་ལྟུང་བ་མེད་དོ། །ཁ་ཏོན་ཞུ་བ་དང་སློབ་གཉེར་གསོད་པ་དང་། དམིགས་ཀྱིས་འདྲི་བ་ཡང་ངོ་ཞེས་བྱ་བ་ཡང་མ་གཏོགས་སོ་ཞེས་བྱ་བར་སྦྱར་རོ། །ཁ་ཏོན་ཞུ་བ་ཞེས་བྱ་བ་ནི། སྔར་བཏོན་པ་མི་བརྗེད་པར་བྱ་བའི་ཕྱིར་སྦྱོར་བའོ། །སློབ་གཉེར་གསོད་པ་ཞེས་བྱ་བ་ནི། བཏོན་པ་འདོན་དུ་
འཇུག་པའི་མདུན་དུ་ཕྱིར་ཟློས་ཤིང་སྟོན་པའོ། །དམིགས་ཀྱིས་འདྲི་བ་ཞེས་བྱ་བ་ནི། སྐབས་སྐབས་སུ་བརྗོད་པའམ་ཐེ་ཚོམ་ཟ་བ་དྲན་པར་བྱ་བའི་ཕྱིར་རམ། ཐེ་ཚོམ་བཅད་པའི་ཕྱིར་གཞན་ལས་གསལ་བར་བྱེད་པའོ། །ཅིའི་ཕྱིར་གནས་སྐབས་དེ་དག་ལ་ལྟུང་བར་མི་འགྱུར་ཞེ་ན། འདི་ལྟར་དང་པོ་ལེན་པ་
དང་འདོན་པའི་དུས་ན་རང་དབང་དུ་བརྗོད་པ་གང་ཡིན་པ་ནི་འདོན་དུ་འཇུག་པ་དེ་དང་ཆོས་ལ་ཡང་མ་གུས་པས་བསམ་པ་རྒུད་པར་གནས་པ་ཡིན་པས་དེའི་གནས་སྐབས་ལ་ལྟུང་བ་འདི་རྣམ་པར་གཞག་སྟེ། ལུང་དབོག་པ་ལ་མི་ལྟོས་པའི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གིས་དགེ་སློང་མ་
དང་ཚིག་རེ་རེ་ནས་ཆོས་འདོན་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ། །དགེ་སློང་མས་དགེ་སློང་དང་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དགེ་སློང་གིས་རྫོགས་པར་མ་བསྙེན་པ་ལས་ལུང་ནོད་པར་བྱེད་ན། རྫོགས་པར་མ་བསྙེན་པ་དང་ཅིག་ཅར་རམ་མཇུག་ཐོགས་སུ་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་

འདོན་ན་དེ་ལ་ནི། གཉི་ག་ལ་ཡང་ཉེས་བྱས་སུ་འགྱུར་རོ། །འདོན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་ཉི་ཤུ་རྩ་གསུམ་པ། གནས་ངན་ལེན་བརྗོད་པའི་ལྟུང་བྱེད་སྨྲ་བར་འདོད་ནས་དངོས་པོ་ཁོ་ནར་དེ་དང་འབྲེལ་པ་ཅུང་ཞིག་བརྗོད་པར་བྱ་སྟེ། དགེ་
སློང་དང་དགེ་སློང་མ་སྡིག་ཅན་དག་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་གིས་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་བསྐོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །གང་དག་ཁྱིམ་དུ་སོ་སོར་གོ་བར་བྱེད་པ་ཞེ་ན། དགེ་སློང་དང་དགེ་སློང་མ་སྡིག་ཅན་དག་སྟེ། སྡིག་ཅན་ཞེས་
བྱ་བ་ནི་ཚུལ་ཁྲིམས་འཆལ་བའོ། །དགེ་སློང་ཁྱིམ་དུ་སོ་སོར་གོ་བར་བྱེད་པས་ཁྱིམ་རྣམས་སུ་སོང་ནས་ཇི་སྐད་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་ཁྱིམ་པ་རྣམས་སུ་སོ་སོར་གོ་བར་བྱེད་པས་ཚེ་དང་ལྡན་པ་དག་ཁྱོད་ཉོན་ཅིག །ཁྱིམ་རྣམས་སུ་ཁྱིམ་སུན་པར་བྱེད་པ་དང་། གནས་རྣམས་སུ་གནས་སུན་པར་བྱེད་པ་
འདི་ལྟ་སྟེ། དཔེར་ན་འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བ་འཁོར་ལོ་མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་དང་། བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས་དམར་པོ་ཞེས་བྱ་བ་བྱུང་ན་འདི་
ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ལྟ་བུ་དག་ཡོད་ཀྱི། ཚེ་དང་ལྡན་པ་ཁྱེད་ཅག་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །འདི་ལྟར་དགེ་སློང་འདི་དང་དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་
སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱིས་བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་སྨྲ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། སེར་བ་འཁོར་ལོ་མི་བཟད་པ་ཞེས་བྱ་བ་ནི། འཁོར་ལོ་ལྟར་མི་བཟད་པ་སྟེ། ཤིན་ཏུ་མཐུ་ཆེར་འབབ་ཅིང་འབབ་པ་བཟོད་པར་དཀའ་བ་ཡིན་ནོ། །
སེར་བའི་བྱེ་བྲག་ནི་གནམ་ལྕགས་ལ་སོགས་པ་འབབ་པ་དང་བཅས་པ་དེ་ཡང་ཡིན་ནོ། །ནད་ཀྱི་རིགས་དམར་པོ་ཞེས་བྱ་བ་ནི། ར་རི་དམར་པོའི་རྣམ་པ་འབྱུང་བ་ལ་བྱའོ། །ཤིན་ཏེ་མ་ཞེས་བྱ་བ་ནི། མཐུ་ཆུང་བར་བྱེད་པའོ། །ཆུད་ཟ་བ་ཞེས་བྱ་བ་ནི་སྐམ་པའོ། །ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་

ཞེས་བྱ་བ་ལ་ཚུལ་མ་ཡིན་པས་ཞེས་བྱ་བ་ནི། རིགས་པ་མ་ཡིན་པ་སྟེ། དུས་མ་ཡིན་པའོ། །མ་རུང་བར་འགྱུར་བ་ཞེས་བྱ་བ་ནི། ཆག་གྲུགས་ལ་སོགས་པ་བྱེད་པ་སྟེ། མི་མཁོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡོས་ཚིག་པ་བཞིན་དུ་ཞེས་བྱ་བ་ནི། གང་གི་ཚེ་འབྲས་སཱ་ལུ་འབྲས་ཡོས་ཀྱི་གནས་
སྐབས་སུ་གྱུར་པ་དེའི་ཚེ་ན་ཡོས་ཞེས་བྱའོ། །སྐྱེར་མི་རུང་བའི་ཆོས་ཅན་ཞེས་བྱ་བ་ནི། མྱུ་གུ་བསྐྱེད་པའི་མཐུ་མེད་པའི་ཕྱིར་རོ། །མི་སྤྲོ་ན་གསོལ་བ་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པར་མི་སྤྲོ་ན་དེའི་ཚེ་དགེ་སློང་ཐམས་ཅད་ཀྱིས་དགེ་སློང་དང་དགེ་
སློང་མ་འདི་གཉིས་སྡིག་ཅན་ཡིན་ནོ་ཞེས་ཁྱིམ་དུ་སོ་སོར་གོ་བར་བྱ་བའི་གསོལ་བ་བྱའོ། །ཤེས་གཙོ་བོ་ཞེས་བྱ་བ་ནི། འདིར་ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །ཡུལ་གང་ལ་ཞེ་ན། དེའི་ཕྱིར་ཉན་པ་པོ་མི་ཤེས་པ་ཉིད་དང་
བསྙེན་པར་མ་རྫོགས་པ་ཉིད་དག་དང་ལྡན་པའོ་ཞེས་བྱ་བ་སྨྲས་ཏེ། ཉན་པ་པོ་མི་ཤེས་པ་ཉིད་དང་། བསྙེན་པར་མ་རྫོགས་པ་ཉིད་དག་དང་ལྡན་པའི་ཡུལ་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་གང་གིས་ཉན་པ་པོ་ཕམ་པར་འགྱུར་བ་དང་།
དགེ་འདུན་ལྷག་མ་ཞེས་བྱ་བའི་ལྟུང་བ་མི་ཤེས་པ་ཉིད་དང་། བསྙེན་པར་མ་རྫོགས་པ་ཉིད་ཡིན་པར་ཤེས་ན་ཉན་པ་པོའི་ཡུལ་དེ་གཉིས་ལ་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་གི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཅི་ཞིག་རྗེས་སུ་སྒྲུབ་ན་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་
སྨྲས་ནའོ་ཞེས་བྱ་བ་སྨྲས་ཏེ། ཚིག་ཏུ་སྨྲ་ནའོ། །བརྗོད་པར་བྱ་བ་ཅི་ཞིག་སྨྲས་ན་ཞེ་ན། དེའི་ཕྱིར་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དག་སོ་སོར་ཡང་རུང་། བསྡུས་པ་ཡང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། གནས་ངན་ལེན་བརྗོད་པར་བྱ་བ་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་སོ་སོ་ཞེས་བྱ་
བ་ཐ་དད་པ་དག་ཀྱང་རུང་བསྡུས་པ་ཞེས་བྱ་བ་བསྡུས་པའི་རང་བཞིན་ཡང་རུང་བའོ། །འོ་ན་གང་གི་ཚེ་དེ་གཉིས་བསྡུས་པ་དག་སྨྲས་པ་དེའི་ཚེ་ཅི་ལྟུང་བ་གཅིག་ཏུ་འགྱུར་རམ། འོན་ཏེ་དུ་མར་འགྱུར་ཞེ་ན། དེའི་ཕྱིར་དོན་དུ་མ་ཉིད་ལ་ཚིག་ཐ་དད་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དོན་དུ་མ་ཉིད་ལ་ཚིག་ཐ་དད་

པ་མེད་པས་དེའི་ཕྱིར་ཚིག་གཅིག་ལ་དོན་དུ་མ་ཡོད་ཀྱང་དོན་དུ་མ་བརྗོད་པར་འདོད་པ་ལ་ཚིག་ཐ་དད་པར་མི་འགྱུར་བས་ལྟུང་བ་གཅིག་ཏུ་འགྱུར་རོ། །འདི་སྐད་བསྟན་ཏེ། ཚིག་གཅིག་ཡིན་པའི་ཕྱིར་ལྟུང་བ་བསྡུས་པ་དེ་གཉིས་ལ་ཇི་ལྟར་ལྟུང་བྱེད་གཅིག་ཏུ་འགྱུར་ཞེ་ན། འདི་ལྟ་
སྟེ་དཔེར་ན། དགེ་སློང་གང་ལ་ལ་ཞིག་གིས་བརྫུན་གྱི་ཚིག་འདི་སྐད་ཅེས་འདིས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ལྔ་བསད་དོ་ཞེས་སྨྲ་ན་ཚིག་གཅིག་ཡིན་པའི་ཕྱིར་བརྫུན་དུ་སྨྲ་བའི་ལྟུང་བྱེད་གཅིག་ཏུ་འགྱུར་བ་བཞིན་ནོ། །འདི་གཉིས་ལས་གཞན་པའི་ཁ་ན་མ་ཐོ་བ་བརྗོད་པ་ནི་
འདིའི་རྗེས་སུ་འབྲང་བ་ཉེས་བྱས་ཡིན་པར་རིག་པར་བྱའོ། །རྗོད་པར་བྱེད་པ་ཇི་ལྟ་བུ་ལ་ལྟུང་བ་འདི་འབྱུང་ཞེ་ན། དེའི་ཕྱིར་བསྐོ་བ་བྱས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། བརྗོད་པའི་ཕྱིར་གང་ལ་དགེ་འདུན་གྱིས་བསྐོ་བ་མ་བྱས་པ་དེ་ནི་བསྐོ་བ་མ་བྱས་པ་སྟེ། རྗོད་པར་བྱེད་པ་བསྐོ་བ་མ་བྱས་པ་དེ་ལའོ། །ཅི་གནས་
སྐབས་ཐམས་ཅད་ལའམ་ཞེ་ན། དེའི་ཕྱིར་དགེ་འདུན་ལ་མ་གསོལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་འདུན་ལ་མ་གསོལ་བ་ལ་སྟེ། གསོལ་བ་ཞེས་བྱ་བ་གོ་བར་བྱ་བ་བྱས་པ་ལའོ། །དགེ་འདུན་ལ་བརྗོད་པར་བྱ་བའི་ཕྱིར་གསོལ་བ་ལ་ནི་བརྗོད་ཀྱང་ལྟུང་བ་མེད་དོ། །བདེན་པར་སྨྲ་བ་ལ་ཁ་ན་མ་ཐོ་བ་
འདིར་འགྱུར་གྱི། བརྫུན་དུ་སྨྲས་ན་ནི་ལྟུང་བ་གཞན་སྨྲས་པ་ཡང་ཡིན་ནོ། །བསྙེན་པར་རྫོགས་པའི་གནས་ངན་ལེན་བརྗོད་པར་བྱས་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། བསྙེན་པར་མ་རྫོགས་པའི་ནི་ན་སྨད་པ་ཉིད་དོ། །གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།མིའི་
ཆོས་བླ་མ་བརྗོད་པའི་ལྟུང་བྱེད་སྨྲ་བར་འདོད་ནས་དེའི་ཕྱིར་བདེན་པ་ཉིད་ནའོ་ཞེས་བྱ་བ་སྨྲས་ཏེ། སྨྲ་བའི་ཕམ་པར་འགྱུར་བའི་རྣམ་པ་བསྟན་པ་གང་ཡིན་པ་དེ་ཉིད་འདིར་ཡང་སྦྱར་བར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། བདག་ཉིད་ཀྱི་ཡུལ་ལ་མིའི་ཆོས་བླ་མ་དང་ལྡན་པར་སྨྲས་ན་གལ་ཏེ་བདེན་
པ་ཉིད་ཡིན་ན་དེའི་ཚེ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེའི་ཚེ་འདུ་ཤེས་མ་བསྒྱུར་བར་བདག་ཉིད་མིའི་ཆོས་བླ་མ་ཡོད་པ་དང་ལྡན་པར་སྨྲས་ན་མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །གང་ཟག་ཅི་འདྲ་བ་ལ་བརྗོད་ན་ཞེ་ན། དེའི་ཕྱིར་བདེན་པ་མ་མཐོང་བ་བསྙེན་པར་མ་

རྫོགས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་གིས་བདེན་པ་མ་མཐོང་བ་དེ་ནི་བདེན་པ་མ་མཐོང་བ་སྟེ། བདེན་པ་མ་མཐོང་བའི་གང་ཟག་བསྙེན་པར་མ་རྫོགས་པ་དེ་ལ་བརྗོད་ནའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་བདེན་པ་མཐོང་བ་ལྟ་བ་ཕུན་སུམ་ཚོགས་པ་ལ་བརྗོད་ན་ལྟུང་བ་མེད་དོ་ཞེས་གསུངས་
པ་ཡིན་ནོ། །ཁྱིམ་པའི་མདུན་དུ་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་པའི་མདུན་དུ་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱ་བའོ། །འདུལ་བའི་དོན་ཉིད་དུ་ན་ནི་ལྟུང་བ་མེད་དེ། སྟེང་རྒྱས་འོད་སྲུངས་ལ་རྫུ་འཕྲུལ་རྣམ་པར་བསྟན་པར་བཀའ་སྩལ་པའི་བྱུང་བའི་མཐའ་དག་ལས་ཁོང་
དུ་ཆུད་པར་བྱའོ། །དགེ་སློང་མས་སྟོན་པའི་སྤྱན་སྔར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྫུ་འཕྲུལ་རྣམ་པར་བསྟན་པར་མི་བྱའོ། །རྣམ་པ་འདི་གཉིས་ནི་ཕྲན་ཚེགས་དག་ལས་འབྱུང་ངོ་། །མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དོ་ཞེས་
བྱ་བ་དེ་བཤད་ཟིན་ཏོ།། །།སྐུར་པ་འདེབས་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཇེ་དང་པོ་ཁོ་ནར་འདུལ་བ་ཐམས་ཅད་ལ་ཉེ་བར་སྦྱར་བའི་དགོས་པ་བརྗོད་པར་བྱ་སྟེ། གལ་ཏེ་བརྟན་པ་ཉིད་དུ་དགོས་ན་གསོལ་བ་སྔར་བཏང་བའི་དོན་བྱའོ་ཞེས་བྱ་བ་ནི། གལ་ཏེ་འདུལ་བར་གཏོགས་པའི་བྱ་བ་
བརྟན་པ་ཉིད་དུ་དགོས་པ་ཡོད་ན་དེའི་ཚེ་གསོལ་བ་སྔོན་དུ་བཏང་བའི་དོན་གྱི་ལས་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་གནས་མ་ལ་སྟོབས་པ་ལ་སོགས་པ་བསྐོ་བར་བརྟན་ཅིང་མི་འགྱུར་བ་ཉིད་དུ་འདོད་ན་གསོལ་བ་སྔོན་དུ་གཏང་བར་བྱ་ཞིང་གསོལ་བ་བྱས་ནས་བསྐོ་བར་བྱའོ། །འདིས་ནི་མི་གཡོ་
བར་འགྱུར་རོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །གང་ལ་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དད་པ་ཕུལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་གིས་བློ་མཐུན་པར་བྱས་པ་དེ་ནི་དད་པ་ཕུལ་བ་སྟེ། དེ་ལའོ། །འདིར་གཞུང་ནི་སྔར་མཐུན་ཏེ་རུང་བར་བྱས་ནས་ཞེས་གསུངས་པ་ཡིན་ཏེ།
དེའི་རྣམ་པར་འབྱེད་པ་ནི་དད་པ་ཕུལ་ནས་ཞེས་གསུངས་པ་ཡིན་ནོ། །ཅི་ཞིག་བྱས་ན་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གི་དགེ་འདུན་གྱི་ཟས་ཀྱི་རྙེད་པ་མ་ཡིན་པ་དགེ་སློང་གིས་གང་ཟག་ལ་ལོག་པར་བསྔོས་པ་ཡང་དག་པ་མ་ཡིན་པའི་དོན་ཉིད་གཞན་ལ་ཡང་

མིང་མ་སྨོས་པར་བརྗོད་ན་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གི་དགེ་འདུན་གྱི་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་གྱིས་མངའ་བའི་རྙེད་པའོ། །ཟས་ཀྱི་རྙེད་པ་མ་ཡིན་པ་ཞེས་བྱ་བ་ནི། ཟས་ཀྱི་རྙེད་པ་ལས་གཞན་པ་གོས་ཀྱི་རྙེད་པའོ། །དགེ་སློང་གིས་ཞེས་བྱ་བ་ནི།
གང་ལ་སྐུར་པ་གདབ་པར་བྱ་བའི་དགེ་སློང་གིས་སོ། །གང་ཟག་ལ་ཞེས་བྱ་བ་ནི། སྤྱིར་བསྟན་པའི་ཚིག་ཡིན་པས་མིའི་འགྲོ་བར་གཏོགས་པ་རབ་ཏུ་བྱུང་བའམ་ཁྱིམ་ན་གནས་པ་ལའོ། །ལོག་པར་བསྔོས་པ་ཞེས་བྱ་བ་ནི། མི་རིགས་པར་བསྔོས་པའོ། །ཡང་དག་པར་མ་ཡིན་པའི་དོན་ཉིད་
ཅེས་བྱ་བ་ནི། དེ་ཡང་དག་པ་མ་ཡིན་པ་ཡང་ཡིན་ལ། དོན་ཀྱང་ཡིན་པས་ཡང་དག་པ་མ་ཡིན་པའི་དོན་ཏོ། །དེའི་དངོས་པོ་ནི་དེ་ཉིད་དེ་བརྫུན་གྱི་དོན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ལ་ཡང་ཞེས་བྱ་བ་ནི། སྐུར་པ་གདབ་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། ཉན་པ་པོ་གཞན་ལ་ཡང་ངོ་། །མིང་
མ་སྨོས་པར་ཞེས་བྱ་བ་ནི། མིང་ནས་སྨོས་པ་འབའ་ཞིག་གིས་མ་ཡིན་གྱི། མིང་མ་སྨོས་པར་ཡང་ངོ་། །བརྗོད་ན་ཡང་ངོ་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུ་བརྗོད་ན་ཡང་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཟས་ཀྱི་རྙེད་པ་ལ་ནི་ཉེས་བྱས་ཏེ། རྣམ་པར་འབྱེད་པ་ལས་
ཟས་ཀྱི་རྙེད་པ་མ་སྨོས་པའི་ཕྱིར་རོ། །འདི་ལྟར་དེ་ཉིད་ལས་རྙེད་པ་ཞེས་བྱ་བ་ནི་རྙེད་པ་གཉིས་ཏེ། གོས་ཀྱི་རྙེད་པ་དང་། ཟས་ཀྱི་རྙེད་པའོ། །དོན་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ་ཞེས་གསུངས་པས། འདིར་ཟས་ཀྱི་རྙེད་པ་མ་ཡིན་པ་ཞེས་སྨོས་སོ། །གང་ཟག་ལ་ཞེས་བྱ་བའི་
ཚིག་ནི་གང་ཟག་ལ་བདག་གིས་བསྔོས་སོ་ཞེས་བྱ་བའི་ཚིག་དེ་བསལ་བའི་ཕྱིར་ཏེ། འདི་ལྟར་བཤེས་ངོར་བྱས་ཏེ་ཞེས་གསུངས་པའི་ཕྱིར་རོ། །ཞུ་བ་ལས་ཀྱང་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་འདུན་
གྱི་རྙེད་པར་བསྔོས་པ་གང་ཟག་ལ་སྔོ་བར་བྱེད་དོ་ཞེས་ཟེར་ན་ཞེས་གསུངས་ཏེ། བཤེས་ངོར་བྱས་ཏེ་ཞེས་གསུངས་པ་ལས་ནི་བདག་ཉིད་ཅེས་བྱ་བའི་ཚིག་ཏུ་བརྗོད་པར་མི་བྱའོ། །སོ་སོར་ཐར་པའི་མདོ་ལས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། འདི་ལྟར་དགེ་འདུན་གྱི་རྙེད་

པར་བསྔོས་པ་བདག་གིས་གང་ཟག་ལ་བསྔོས་སོ་ཞེས་དེ་སྐད་ཟེར་ན་ལྟུང་བྱེད་དོ་ཞེས་མང་པོའི་ཚིག་ཏུ་བྱས་པ་གང་ཡིན་པ་དེ་ནི་གཙོ་བོ་མ་ཡིན་ཏེ། འདི་ལྟར་གཅིག་ལ་བརྗོད་ན་ཡང་ལྟུང་བྱེད་དུ་འགྱུར་བ་ཁོ་ན་ཡིན་ནོ། །དགེ་སློང་མང་པོ་དག་ལ་མཉམ་དུ་བརྗོད་ན་ཡང་དགེ་སློང་ཇི་སྙེད་ལ་སྐུར་
བ་འདེབས་པར་བྱེད་པ་དེ་རྙེད་ཀྱི་ལྟུང་བར་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་དད་པ་བྱིན་ནས་དགེ་སློང་ལ་སྐུར་པ་འདེབས་པར་བྱེད་དེ། དགེ་སློང་འདིས་དགེ་འདུན་གྱི་རྙེད་པར་བསྔོས་པ་ཟས་ཀྱི་རྙེད་པ་མ་གཏོགས་པའི་རྙེད་པ་གཞན་མི་རིགས་པར་འདི་ལྟར་བཤེས་ངོར་བྱས་
ཏེ། གང་ཟག་ལ་བསྔོས་སོ་ཞེས་དེ་ཉིད་དམ་གཞན་གྱི་མདུན་དུ་མིང་ནས་སྨོས་ཀྱང་རུང་མིང་ནས་མ་སྨོས་ཀྱང་རུང་སྟེ། བརྫུན་དུ་དེ་སྐད་སྨྲས་ན་དེ་ལ་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་རོ། །གང་ཟག་ལ་ཞེས་སྨོས་པ་ལས་ན་དགེ་འདུན་གཞན་ལ་ནི་ཉེས་བྱས་སོ། །དགེ་འདུན་གྱི་རྙེད་
པ་ཞེས་སྨོས་པ་ལས་ན་གང་ཟག་གི་རྙེད་པ་གཞན་ལ་བསྔོས་ཞེས་བརྗོད་ན་ཡང་ཉེས་བྱས་ཁོ་ནའོ། །སྐུར་པ་འདེབས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཁྱད་དུ་གསོད་པའི་ལྟུང་བྱེད་སྨྲ་བར་འདོད་ནས། འདུལ་བ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སོ་སོར་ཐར་པ་དང་
དེ་རྣམ་པར་འབྱེད་པ་ལ་སོགས་པར་གཏོགས་པའི་ཚིག་གང་ཡིན་པའི་ཚིག་དེ་ལ་བརྙས་ཐབས་སུ་གྱུར་པ་བརྗོད་ན་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ། །འདིར་བརྙས་ཐབས་ཀྱི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་ཤེས་པར་བྱའི། འདོན་པའི་བྱེ་བྲག་ལས་ནི་མ་ཡིན་ཏེ། འདི་ལྟར་བརྙས་
ཐབས་སུ་གྱུར་པའི་ཚིག་ཇི་སྙེད་པ་དེ་སྙེད་ཁོ་ནའི་ལྟུང་བར་འགྱུར་བས། དེའི་ཕྱིར་ཚིག་གི་བྱེ་བྲག་གཞན་ལས་ལྟུང་བའི་བྱེ་བྲག་ཏུ་ཤེས་པར་བྱའི། འདོན་པའི་བྱེ་བྲག་ལས་ནི་མ་ཡིན་ནོ། །འོ་ན་སོ་སོར་ཐར་པའི་མདོ་ལས་ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ན་
བསླབ་པ་ཁྱད་དུ་བསད་ནས་ཞེས་གསུངས་པ་དེས་འདུལ་བ་མཐའ་དག་ཏུ་གཏོགས་པའི་བསླབ་པའི་གཞི་ལ་བརྙས་ཐབས་བྱེད་པའི་ཁ་ན་མ་ཐོ་བ་འདི་ཇི་ལྟར་རྣམ་པར་གཞག་པར་བྱ་ཞེ་ན། སོ་སོར་ཐར་པའི་མདོ་ལས་གསུངས་པ་ནི་འདུལ་བ་ལྷག་མ་རྣམས་ཀྱི་དཔེ་ཙམ་དུ་ཟད་དེ། དགེ་འདུན་གྱི་

འདུལ་བ་དང་ལྡན་པ་གང་ཅི་ཙམ་བརྗོད་པ་ལ་བརྙས་ཐབས་སུ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །མདོ་སྡེ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། འདུལ་བ་དང་ལྡན་པ་དུས་མ་ཡིན་པའི་ཟས་དང་། འབྲུ་རློན་པ་ལེན་པ་ལ་སོགས་པ་ལས་
གཞན་པ་མདོ་སྡེར་གཏོགས་པའི་བརྗོད་པ་གཞན་ལ་ཁྱད་དུ་གསོད་ན་ཉེས་བྱས་སོ། །ཆོས་མངོན་པ་ནི་འདུལ་བ་དང་མདོ་སྡེ་དག་ལས་ཐ་དད་པ་མ་ཡིན་ཏེ། འདི་ལྟར་དགེ་སློང་གིས་སྡོམ་པ་ལ་སོགས་པ་འདུལ་བ་ལས་གསུངས་པ་ཡང་དེར་རྣམ་པར་དཔྱོད་པར་བྱེད་པ་ལ་མདོ་སྡེའི་དོན་དང་།
མདོ་སྡེའི་གདར་ལྟ་བུ་དང་། མདོ་སྡེ་རྣམ་པར་འཆད་པ་ཡང་ཆོས་མངོན་པ་ཡིན་པའི་ཕྱིར་རོ། །ཁྱད་དུ་གསོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་སྨྲ་བར་འདོད་ནས་དེ་བྱ་བའི་ཚུལ་བསྟན་པའི་ཕྱིར། ལག་གི་བླས་མཆོད་རྟེན་དང་དགེ་འདུན་
གྱི་དོན་དུ་ཤིང་ལྗོན་པ་གཅད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་ལས་སར་པ་དག་བྱེད་པའི་ངང་ཚུལ་ཅན་དེ་ནི་ལག་གི་བླ་ཞེས་བྱའོ། །མཆོད་རྟེན་གྱི་ཕྱིར་ཞེས་བྱ་བ་ནི་མཆོད་རྟེན་གྱི་རྒྱུར་རོ། །མཆོད་རྟེན་སྨོས་པས་ཆོས་དཀོན་མཆོག་སྨོས་པ་ཡིན་ཏེ། མཆོད་རྟེན་ནི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་
རོ། །དགེ་འདུན་གྱི་ཕྱིར་ཞེས་བྱ་བ་ནི། དགེ་འདུན་གྱི་ཡོ་བྱད་ཀྱི་ཕྱིར་རོ། །གཅད་པའི་ཕྱིར་སྟ་གོན་བྱ་བ་སྨྲ་བར་འདོད་ནས། དེའི་མདུན་རོལ་དུ་ཉི་མ་བདུན་ནམ་བརྒྱད་ནས་དེའི་དྲུང་དུ་དཀྱིལ་འཁོར་དང་དྲི་དང་མེ་ཏོག་དང་། བདུག་པ་དང་མར་མེ་དང་གཏོར་མ་སྦྱིན་པ་དང་། རྒྱུད་ཆགས་གསུམ་པ་
གདོན་པ་དང་། སྦྱིན་པ་བཤད་པར་བྱས་ནས་ལྷ་གང་དག་ཤིང་ལྗོན་པ་འདི་ལ་གནས་པ་དེ་དག་གནས་གཞན་ཚོལ་ཅིག །ཤིང་ལྗོན་པ་འདིས་མཆོད་རྟེན་ནམ་དགེ་འདུན་གྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བརྗོད་ནས་སྨྲ་བ་པོས་ཤེས་པར་གྱིས་ཤིག་ཅེས་སོ་ཞེས་བྱ་བ་སྨྲས་ཏེ། དེའི་མདུན་རོལ་དུ་
ཞེས་བྱ་བ་ནི། གཅད་པ་དེའི་མདུན་རོལ་དུའོ། །ཉི་མ་བདུན་ནམ་བརྒྱད་ནས་ཞེས་བྱ་བ་ནི། ཉི་མ་བདུན་ནམ་ཉི་མ་བརྒྱད་ཀྱི་མདུན་རོལ་ནས་སོ། །དེའི་དྲུང་དུ་ཞེས་བྱ་བ་ནི། ཤིང་ལྗོན་པ་དེའི་དྲུང་དུའོ། །ལག་གི་བླས་ཤིང་ལྗོན་པའི་ལྷའི་ཕྱིར་དཀྱིལ་འཁོར་བྱས་ཏེ། དྲི་ལ་སོགས་པ་སྦྱིན་པ་ནས་སྦྱིན་པ་

བཤད་པའི་བར་དག་བྱས་ནས་འདི་སྐད་བརྗོད་པར་བྱ་སྟེ། ལྷ་གང་དག་ཤིང་ལྗོན་པ་འདི་ལ་གནས་པ་དེ་དག་གནས་གཞན་ཚོལ་ཅིག་ཅེས་བྱ་བ་ལ་སོགས་པ་བརྗོད་ནས་སོ། །མཆོད་རྟེན་ནམ་དགེ་འདུན་གྱི་ཞེས་བྱ་བ་ནི། དེ་གཉིས་ཀྱི་དོན་གྱི་ཆེད་ཉིད་དུ་བྱ་བ་བྱེད་པར་འགྱུར་རོ་ཞེས་བརྗོད་ནས་གཅོད་
དུ་གཞུག་པར་བྱ་བའོ། །ཇི་ལྟར་གཅོད་དུ་གཞུག་པར་བྱ་ཞེ་ན། དེའི་ཕྱིར་དགེ་སློང་ལག་གི་བླ་སྨྲ་བ་པོས་རང་གི་ལག་དར་ཏེ་མི་གཅད་པར་ཁྱིམ་པ་ཤིང་མཁན་ལ་སོགས་པ་དག་ལ་ཤེས་པར་གྱིས་ཤིག་ཅེས་ཟུར་གྱིས་བསྒོ་སྟེ། གཅོད་དུ་གཞུག་པར་བྱའོ། །གལ་ཏེ་མེ་འབྱུང་བའམ་ཁྲག་འཛག་
པའམ། ཡན་ལག་འགུལ་བའམ། ལོ་མ་ལྷགས་པ་ལ་སོགས་པ་རྣམ་པར་འགྱུར་བ་སྟོན་ན་དེས་ཞིང་ལ་སྦྱིན་པ་དང་། སེར་སྣ་དག་གི་བསྔགས་པ་དང་བསྔགས་པ་མ་ཡིན་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་ཤིང་ལྗོན་པ་དེ་གཅོད་དུ་བཅུག་པ་ན། གལ་ཏེ་མེ་འབྱུང་བ་ལ་སོགས་པ་རྣམ་པར་
འགྱུར་བ་སྟོན་ན་དེའི་ཚེ་ལག་གི་བླ་དེས་ཞེས་བྱ་བ་ལ་སོགས་པ་བྱའོ། །ཞིང་ལ་ཞེས་བྱ་བ་ནི། བསོད་ནམས་ཀྱི་ཞིང་མཆོད་རྟེན་དང་དགེ་འདུན་ལའོ། །དེ་ལ་སྦྱིན་པ་དང་སེར་སྣ་དག་བྱེད་པ་ནི། དེ་དག་ཉིད་དེ་སྦྱིན་པའི་བསྔགས་པ་དང་། སེར་སྣའི་བསྔགས་པ་མ་ཡིན་པ་བརྗོད་པར་བྱའོ། །འདི་སྐད་བསྟན་
ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བདག་ཉིད་ཀྱི་ཞིང་ལ་སྦྱིན་པའི་བསྔགས་པ་བརྗོད་པར་བྱ་ཞིང་། སེར་སྣའི་བསྔགས་པ་མ་ཡིན་པ་ཡང་བརྗོད་པར་བྱའོ། །མི་གཏོང་ན་གཅད་པར་མི་བྱའོ་ཞེས་བྱ་བ་ནི། དེ་ལྟར་བྱས་ཀྱང་མེ་འབྱུང་བ་ལ་སོགས་པའི་རྣམ་པར་འགྱུར་བ་མི་གཏོང་ན་ཤིང་ལྗོན་པ་
དེ་གཅད་པར་མི་བྱ་སྟེ། ཤིང་ལྗོན་པ་མི་གཅད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་གཙོ་བོ་ཞེས་བྱ་བ་ནི། འདིར་ཡང་ཤེས་གཙོ་བོའོ་ཞེས་བྱ་བའི་མིང་དང་། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་
མ་ཉམས་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་མ་ཉམས་པ་ཉིད་ཀྱི་ཡུལ་ལ་ཡོངས་སུ་ཤེས་པ་ཡིན་ནའོ། །གང་གིས་མ་ཉམས་པ་ཉིད་ལ་ཞེ་ན། དེའི་ཕྱིར་ས་བོན་དང་ཁྱེའུ་ཁ་འཐོན་པར་རུང་བར་མ་བྱས་པ་དག་གིའོ་ཞེས་བྱ་བ་སྨྲས་ཏེ། མེ་ལ་སོགས་པ་གང་གིས་ས་བོན་དང་ཁྱེའུ་ཁ་

འཐོན་པ་དག་རུང་བར་མ་བྱས་པ་དེ་ནི་ས་བོན་དང་ཁྱེའུ་ཁ་འཐོན་པ་རུང་བར་མ་བྱས་པ་དག་གོ། །ས་བོན་དང་ཁྱེའུ་ཁ་འཐོན་པ་རུང་བར་མ་བྱས་པ་དག་ནི་ས་བོན་དང་ཁྱེའུ་ཁ་འཐོན་པ་རུང་བ་མ་བྱས་པ་སྟེ་དེ་དག་གིའོ། །འདི་སྐད་བསྟན་ཏེ། ས་བོན་དང་ཁྱེའུ་ཁ་འཐོན་པ་
རུང་བར་མ་བྱས་པ་དག་གི་མ་ཉམས་པ་ཉིད་ཤེས་ནའོ། །ཁྱེའུ་ཁ་འཐོན་པ་ཞེས་སྨོས་པ་ནི། རྩྭ་ལ་སོགས་པ་སྐྱེ་བ་དག་གཟུང་ངོ་། །རུང་བར་མ་བྱས་པ་ཞེས་སྨོས་པས་ནི་ས་བོན་རུང་བར་མ་བྱས་པ་མ་ཉམས་པ་དག་ཉམས་པར་བྱས་པ་ལ་ལྟུང་བ་མེད་པར་སྟོན་ཏོ། །ཅི་ཞིག་རྗེས་སུ་སྒྲུབ་ན་དེ་ལ་འདུ་
ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་ཐ་ན་རྩ་རྒྱུན་ཡན་ཆད་ཉམས་པར་བྱས་ནའོ་ཞེས་བྱ་བ་སྨྲས་ཏེ། འདིར་མངོན་པར་ཁྱབ་པར་བྱ་བའི་ཕྱིར། ཐ་ན་ཞེས་བྱ་བ་སྨྲས་སོ། །རྩ་རྒྱུན་ཞེས་བྱ་བ་ནི། རྩ་བ་དང་འབྲེལ་བའི་རྒྱུན་ཕྲ་མོའོ། །ཐ་ན་དེ་ཡན་ཆད་ཉམས་པར་བྱས་ནའོ། །འདི་སྐད་
བསྟན་ཏེ། ས་བོན་དང་ཁྱེའུ་ཁ་འཐོན་པ་དག་དངོས་ཉམས་པར་བྱས་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་དག་གི་རྩ་རྒྱུན་ཡན་ཆད་ཉམས་པར་བྱེད་ནའོ། །འདིར་གཞུང་ནི་ཤིང་ལྗོན་པའི་རྩ་རྒྱུན་འཐོག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་ཉམས་པར་བྱེད་ན་ཞེ་ན།
དེའི་ཕྱིར་ཇི་ལྟར་ཡང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། རྣམ་པ་གང་ཡང་རུང་བས་སོ། །དེ་ཉིད་བསྟན་པའི་ཕྱིར་སྤྲུགས་པས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ཤིང་ཏོག་དག་སྤྲུག་ཅིང་ཀློག་པར་བགྱིད་ན་ལྟུང་བ་ཅིར་འགྱུར། གལ་ཏེ་ཤིང་ཏོག་སྨིན་པ་དག་ཡིན་ན་ནི་ཉེས་
བྱས་སོ། །ཇི་སྟེ་མ་ཡིན་པ་དག་ཡིན་ན་ནི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །རྩྭ་དང་འདམ་རྫབ་དང་ས་རྡུལ་ལ་སོགས་པ་དག་གིས་མནན་ནས་ཀྱང་ངོ་ཞེས་བྱ་བ་ནི། གལ་ཏེ་ཉམས་པར་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རན་ནམ་འདམ་
རྫབ་བམ་ས་རྡུལ་དག་གིས་ཤིང་ལྗོན་པ་ཉམས་པར་གྱུར་ཅིག །རྣམ་པར་ཉམས་པར་གྱུར་ཅིག་ཅེས་གནོན་པར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་རན་སྔོན་པོས་རྡུལ་ལམ་བྱེ་མའམ་གཞན་གང་ཡང་རུང་བས་འདེབས་པར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་

བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་སྦྱོར་བ་ཙམ་ལ་དགོངས་ནས་ཉེས་བྱས་སུ་གསུངས་པར་ཟད་ཀྱི་གལ་ཏེ་ཉམས་པར་བྱེད་ན་ནི་ལྟུང་བྱེད་ཁོ་ནར་འགྱུར་རོ། །འདིར་འདམ་རྫབ་ཅེས་བྱ་བ་ནི་འཇིམ་པ་ཡིན་པར་རིག་པར་བྱའོ། །ཁུ་ཚན་ལ་སོགས་པས་ཀྱང་ངོ་ཞེས་བྱ་བ་ལ། ཁུ་ཚན་ཞེས་
བྱ་བ་ནི་འུ་ཤ་ལ་སོགས་པའི་ཁུ་བ་ཚ་བ་གཏོར་བའོ། །སོགས་པ་ཞེས་བྱ་བའི་སྒྲས་འཆག་པ་དང་། ཡལ་ག་ལ་སོགས་པ་འདྲེན་པ་དང་། དཀྱིལ་འཁོར་དང་སྐྱང་ནུལ་ལ་སོགས་པ་དག་ཀྱང་བསྡུའོ། །འདིར་གཞུང་ནི་བཙུན་པ་སྔོའི་ཕྱོགས་སུ་འུ་ཤ་ཚ་བ་འཐོར་ན་ཞེས་བྱ་བ་ལ་སོགས་པ་
ཡིན་ནོ། །རླུང་དང་ཉི་མ་ལ་འཇོག་པས་ཀྱང་ངོ་ཞེས་བྱ་བ་ནི་ས་བོན་ཉམས་པར་བྱེད་ན་ནི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་མ་ཡིན་ན་ནི་སྦྱོར་བ་ཙམ་གྱིས་ཉེས་བྱས་སོ། །འདིར་གཞུང་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་སློང་མས་ས་བོན་གྱི་རིགས་ལྔ་པོ་འདི་དག་ཉམས་པར་གྱུར་ཅིག་
ཅེས་རླུང་དང་ཉི་མ་ལ་འཇོག་པར་བྱེད་ན། གལ་ཏེ་ས་བོན་རྣམ་པར་ཉམས་ན་ནི་ལྟུང་བྱེད་དོ། །རྣམ་པར་མ་ཉམས་ན་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ས་གཞི་སྐམ་པོར་ཡང་ངོ་ཞེས་བྱ་བ་ནི། འཇོག་པས་ཀྱང་ངོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་དགེ་སློང་གིས་ས་བོན་གྱི་
རིགས་ལྔ་པོ་དག་ཉམས་པར་གྱུར་ཅིག་ཅེས་ས་གཞི་སྐམ་པོར་འཇོག་པར་བྱེད་ན། གལ་ཏེ་ས་བོན་རྣམ་པར་ཉམས་ན་ནི་ལྟུང་བྱེད་ལྔར་འགྱུར་རོ། །གལ་ཏེ་རྣམ་པར་མ་ཉམས་ན་ནི་ཉེས་བྱས་ལྔར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བསམ་པ་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་དེར་འདུན་པས་
སོ་ཞེས་བྱ་བ་སྨྲས་ཏེ། ཉམས་པར་འདུན་པས་སོ། །ཅི་རང་ཁོ་ནས་སམ་ཞེ་ན། དེའི་ཕྱིར་རང་ངམ་གཞན་གྱིས་ཀྱང་རུང་ངོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལག་གིས་སམ། གཞན་གྱི་ལག་དག་གིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་སྐབས་གང་ལ་ལྟུང་བ་ཇི་ལྟ་བུ་དག་འབྱུང་ཞེ་ན།
དེའི་ཕྱིར་ཉམས་པར་གྱུར་ན། དངོས་གཞི་དག་གོ་ཞེས་བྱ་བ་སྨྲས་ཏེ། ཉམས་པར་གྱུར་པ་ན་དངོས་གཞིའི་ལྟུང་བ་དག་འབྱུང་ངོ་། །དེའི་སྦྱོར་བ་ལ་ནི་ཉེས་བྱས་དག་གོ། །གལ་ཏེ་སྦྱོར་བ་གཅིག་གི་དབང་གིས་ས་བོན་མང་པོ་དག་ཉམས་པར་བྱེད་ན་ཅི་སྦྱོར་བ་གཅིག་གི་དབང་ཡིན་པས་ལྟུང་བའང་

གཅིག་ཁོ་ནར་འགྱུར་རམ། འོན་ཏེ་ཉམས་པར་བྱ་བའི་གྲངས་ཀྱི་དབང་གིས་ལྟུང་བ་ཡང་མང་པོར་འགྱུར་ཞེ་ན། དེའི་ཕྱིར་ཉམས་པར་བྱ་བའི་གྲངས་དག་གིའོ་ཞེས་བྱ་བ་སྨྲས་ཏེ། ཉམས་པར་བྱ་བའི་གྲངས་དག་གིས་ལྟུང་བའི་གྲངས་ཀྱང་རྣམ་པར་གཞག་གོ་ཞེས་བྱ་བ་སྦྱར་
ཏེ། ཉམས་པར་བྱ་བ་དག་གི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ལྟུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཉམས་པར་བྱ་བ་དག་གི་གྲངས་ཀྱི་ལྟུང་བ་རྣམ་པར་གཞག་པར་བསྟན་ན་ཅི་ལོ་མ་དང་ཡལ་ག་དང་འདབ་མ་ལས་གྲངས་རྣམ་པར་གཞག་པར་བྱའམ་ཞེ་ན། དེའི་ཕྱིར་སྡོང་བུ་ལས་སོ་ཞེས་བྱ་བ་
སྨྲས་ཏེ། ཤིང་ལྗོན་པ་དྲུང་བར་གྱུར་པའི་སྡོང་བུ་ལས་བཅད་ན་ཡལ་ག་དང་ཡལ་ག་ཕྲ་མོ་དང་འདབ་མ་ལ་སོགས་པ་དུ་མ་ཉིད་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་ལྟུང་བ་གཅིག་ཁོ་ནར་འགྱུར་ཏེ། ཤིང་ལྗོན་པའི་སྡོང་བུ་གཅིག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡལ་ག་དག་རང་གི་སྡོང་བུ་ལས་
བཅད་པ་ལ་ཡལ་ག་ཕྲ་མོ་དང་འདབ་མ་མང་པོ་ཉིད་ཡོད་པ་དང་། ཡལ་ག་ཕྲ་མོ་དག་རང་གི་སྡོང་བུ་ལས་བཅད་པ་ལ་འདབ་མ་མང་པོ་ཉིད་ཡོད་པ་དང་། འདབ་མ་དག་རང་གི་སྡོང་བུ་ལས་བཅད་པ་ལ་འདབ་མ་བདུན་པ་ལྟར་འདབ་མ་མང་པོ་ཉིད་ཡོད་པ་དང་། ཨེ་རཎྜའི་འདབ་མ་ལྟར་ཡལ་ག་མང་
པོ་ཉིད་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི། ལྟུང་བྱེད་གཅིག་ཁོ་ནར་འགྱུར་རོ། །སྡོང་བུ་ཞེས་བྱ་བ་ནི། འོག་མའི་ཆའི་དཔེ་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་འདབ་མའི་ཡལ་ག་གཅད་པ་དང་། ལྕུག་མའི་མགོ་ལྕོགས་བཅད་ན་ཡང་ལྟུང་བྱེད་དོ། །སྡོང་བུའི་ངོས་ནས་ཅུང་ཟད་བརྩེགས་
པ་དང་། འདབ་མའི་རིམ་པ་ནས་ཅུང་ཟད་བརྩེགས་པ་ནི་སྦྱོར་བའི་ཉེས་བྱས་སོ། །འདིར་གཞུང་ནི། དགེ་སློང་གིས་ཤིང་ལྗོན་པ་གཅིག་སྦྱོར་བ་གཅིག་གིས་གཅོད་ན་ཉེས་བྱས་གཅིག་དང་ལྟུང་བྱེད་གཅིག་གོ། །དགེ་སློང་གིས་ཤིང་ལྗོན་པ་གཅིག་སྦྱོར་བ་གཉིས་ཀྱིས་གཅོད་ན་ཉེས་
བྱས་གཉིས་དང་ལྟུང་བྱེད་གཅིག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྐྱེ་བའི་ཕྱིར་མདོ་རྣམ་པར་བཤད་ནས་མདོ་དེ་ཉིད་ས་བོན་གྱི་ཕྱིར་རྣམ་པར་བཤད་པར་བྱ་སྟེ། ཉམས་པར་བྱ་བའི་གྲངས་དག་གིའོ་ཞེས་བྱ་བ་ལ། ས་བོན་གྱི་རིགས་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། རྩ་བའི་ས་

བོན་དང་། སྡོང་བུའི་ས་བོན་དང་། ཐོ་གུའི་ས་བོན་དང་། འགས་པའི་ས་བོན་དང་། ས་བོན་གྱི་ས་བོན་ནོ། །དེ་ལ་རྩ་བའི་ས་བོན་ལ་སོགས་པ་ལྔ་པོ་ཐམས་ཅད་ལ་གཟུགས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འདིར་སྡོང་བུ་ཉིད་ཀྱི་རྣམ་པར་བཤད་པར་རིག་པར་བྱ་སྟེ། དེའི་ཕྱིར་ས་བོན་དུ་གྱུར་པའི་
གཟུགས་གཅིག་ལ་སྡོང་བུ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལྟུང་བའི་དངོས་གཞིར་འགྱུར་རོ། །དེ་ལྟ་བས་ན་གང་བུ་ཞེས་བྱ་བའི་སྦུབས་གང་དག་ན་ཏིལ་དང་སྲན་མ་ལ་སོགས་པའི་འབྲུ་ཇི་སྙེད་པ་ཡོད་པ་དང་། ཡལ་གའི་ཐོ་གུ་གང་དག་ནི་གོ་སྙོད་དང་ཅི་ཚེ་ལ་སོགས་པའི་འབྲུ་ཇི་སྙེད་ཡོད་པ་དེ་
དག་ནི། འབྲུའི་ཕྱིར་གཟུགས་ཐ་དད་པ་ཡིན་གྱི། སྦུབས་ཀྱི་ཕྱིར་གཟུགས་གཅིག་པ་ཡང་མ་ཡིན་ལ། ཐོ་གུའི་ཕྱིར་གཟུགས་གཅིག་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་སྦུབས་དང་ཐོ་གུ་དག་ལ་འབྲུ་ཇི་སྙེད་རྣམ་པར་གནས་པ་དེ་དག་ནི་སྡོང་བུ་ཞེས་བྱ་བའི་ཚིག་འདིས་གཅིག་པ་ཉིད་དུ་
གནས་པར་མི་འགྱུར་ཏེ། འདི་ལྟར་སྦུབས་དེ་ན་འབྲུའི་རྫས་ཇི་སྙེད་ཡོད་པ་དང་། ཐོ་གུ་དང་སྙེ་མ་ལ་འབྲུའི་རྫས་ཇི་སྙེད་ཡོད་པ་དེ་ཁོ་ན་སྙེད་ཀྱི་དངོས་གཞིའི་ལྟུང་བར་འགྱུར་རོ། །སྦྱོར་བ་ལ་ནི་འབྲུའི་གཟུགས་གཅིག་ལ་སྦྱོར་བ་དུ་བརྩམས་པ་དེ་སྙེད་ཀྱི་ཉེས་བྱས་སུ་འགྱུར་རོ། །སྦྱོར་
བ་ལ་ནི་ཉེས་བྱས་དག་ཏུའོ་ཞེས་བྱ་བ་ནི། ས་བོན་དང་སྐྱེ་བའི་རྫས་གཅིག་ལ་སྦྱོར་བ་དུ་བརྩམས་པ་དེ་སྙེད་ཀྱི་ཉེས་བྱས་དག་ཏུ་འགྱུར་བའོ། །འདི་ལ་བསྣུན་པ་རེ་རེ་ལས་དེ་ཐ་དད་པ་ཡིན་གྱི་དངོས་པོ་ལས་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་ཞེས་བྱ་བ་ནི་བསྣུན་པའི་སྤྱོད་པ་ཉིད་ཀྱིས་འཇུག་
པ་འདི་ལའོ། །བསྣུན་པ་རེ་རེ་ལ་དེ་ཐ་དད་པ་ཡིན་གྱི་ཞེས་བྱ་བ་ནི། ས་བོན་དང་སྐྱེ་བ་ཉམས་པར་བྱ་བ་དང་། སྤྱད་པར་བྱ་བའི་ཕྱིར་གཏུན་བུ་དང་སྟ་རེ་ལ་སོགས་པས་བསྣུན་པ་རེ་རེ་ལ་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་ཐ་དད་པ་ཡིན་པར་ཤེས་པར་བྱའོ། །དངོས་པོ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ས་བོན་དང་སྐྱེ་
བའི་དངོས་པོ་གཅིག་ཡིན་པས་སྦྱོར་བ་གཅིག་ཏུ་འགྱུར་བ་ནི་མ་ཡིན་ཏེ། བསྣུན་པ་ཇི་སྙེད་པ་དེ་ཁོ་ན་སྙེད་ཀྱི་སྦྱོར་བ་དག་ཏུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཏོན་ན་བསྐྱེད་པར་བྱ་བ་ཉིད་ཡིན་དུ་ཟིན་ཀྱང་མཐའ་ཉིད་དོ་ཞེས་བྱ་བ་ནི། ཤིང་ལྗོན་པ་ལ་སོགས་པ་རང་གི་གནས་ནས་རྩ་ཐོན་དུ་བཏོན་པ་ལ་

སོགས་པའི་རྣམ་པས་བཏོན་ན་བཏོན་པ་དེ་གནས་གཞན་དུ་བསྐྱེད་པར་བྱ་བ་ཉིད་ཡིན་དུ་ཟིན་ཀྱང་འདོན་པའི་སྦྱོར་བའི་གྲངས་ཀྱང་སྔར་བསྟན་པ་བཞིན་ལ་བཏོན་ཟིན་པ་ན། དངོས་གཞི་ཡང་མཐའ་ཉིད་དེ་ལྟུང་བྱེད་ཉིད་དུ་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་ཤིང་ལྗོན་པ་
ལ་སོགས་པ་རང་གི་གནས་ནས་རྩ་ཐོན་དུ་འདོན་པར་གྱུར་ན་འདི་ལྟར་སྐྱེར་རུང་བའི་ཆོས་ཉིད་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་རང་གི་གནས་ནས་བཏོན་ཅིང་ཕྱུང་བ་དེ་ཉིད་བཤིག་ཅིང་ཉམས་པར་བྱས་པ་ཡིན་པར་རིག་པར་བྱའོ། །དེ་ཕྱིན་ཆད་གནས་གཞན་དུ་རྩ་བ་མ་ཟུག་གི་བར་དུ་ནི་ཡལ་ག་དང་འདབ་མ་དང་
མེ་ཏོག་ལ་སོགས་པ་བཏོགས་པ་ལ་ཉེས་པ་མེད་དོ། །ཉ་ལྕིབས་དང་ཉ་ཚང་དག་ཆུ་ནས་བཏོན་པ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། ཉ་ཚང་ནི་ཆུའི་རྩ་ཉ་ལྕིབས་འདྲ་བ་ཞིག་སྟེ། ཉ་ལྕིབས་དང་ཉ་ཚང་དག་ཆུ་ནས་བཏོན་པ་ནི་དེ་ཉིད་དེ་བཏོན་པ་ཉིད་དོ། །འདི་སྐད་བསྟན་ཏེ། ཉ་ལྕིབས་དང་། ཉ་ཚང་དག་
ཆུ་ནས་བཏོན་པར་གྱུར་ན་སྐྱེར་རུང་བའི་ཆོས་ཉིད་ཡིན་དུ་ཟིན་ཀྱང་དེ་དག་བཏོན་པ་ན་བཅད་པ་ཉིད་ཡིན་པར་རིག་པར་བྱ་སྟེ། ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚི་གུ་མ་བཅེམ་པར་རིལ་མིད་བྱེད་པ་ནི་ཕྱེད་དོ་ཞེས་བྱ་བ་ནི། རྒྱ་ཤུག་གི་ཚི་གུ་དང་། ཁམ་ཚིགས་དང་། སྟར་ག་དང་།
འབྲ་གོའི་རུས་པ་ལ་སོགས་པའི་ཚི་གུ་སོ་དག་གིས་མ་བཅེམ་མ་དཀྲུམ་པར་རིལ་མིད་དུ་གྲ་རྡེག་བྱེད་པ་ནི་ས་བོན་ཉམས་པར་བྱ་བའི་བྱ་བ་བྱེད་པ་ཡིན་པས་དེ་ནི་ཕྱེད་དེ་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་དུ་ཡང་ལྟུང་བའི་སྐབས་ནས་ཕྱེད་ཅེས་བྱ་བའི་ཚིག་སྨོས་པ་ནི་ཉེས་བྱས་ཡིན་པར་གོ་
བར་བྱེད་དོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རྒྱ་ཤུག་གི་ཚི་གུ་མ་བཅེམ་པར་རིལ་མིད་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་འདི་བཅད་པར་གྱུར་ན་ལེགས་སོ་ཞེས་སྨྲས་ན་བཏོན་པའི་འོ་ཞེས་བྱ་བ་ནི། དགེ་སློང་གིས་གལ་ཏེ་ཤིང་ལྗོན་པ་འདི་ལ་ལ་
ཞིག་གིས་བཅད་པར་གྱུར་ན་ལེགས་སོ། །སྟེས་སོ་ཞེས་བྱ་བ་སྨྲས་ན་གཞོགས་ཀྱིས་བཅོལ་བ་དེའི་ཚེ་ན་སྔར་བཏོན་པ་ཞེས་བྱ་བ་དངོས་གཞིར་བཤད་པ་དེའི་ཕྱེད་དེ་སྦྱོར་བའི་ཉེས་བྱས་ཞེས་བྱ་བའི་ཐ་ཚིག་གོ། །གཞི་དེ་ལས་བཅད་པར་གྱུར་ན་ནི་མཐའི་དངོས་གཞི་ཉིད་དུ་རིག་པར་བྱའོ། །འདིར་

གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་འདི་སྐད་ཅེས་འདིས་ཤིང་ལྗོན་པ་འདི་བཅད་པར་གྱུར་ན་ལེགས་སོ་སྟེས་སོ་ཞེས་མཆི་ཞིང་དེས་དེ་འགུམས་པར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །རྫུ་འཕྲུལ་གྱིས་ནི་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། དགེ་སློང་གིས་
རྫུ་འཕྲུལ་གྱིས་ཤིང་ལྗོན་པ་འདི་གཅོད་པར་བྱེད་ན་ལྟུང་བ་མ་བྱས་པ་ཉིད་དོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་ལྗོན་པ་འགུམས་པར་མོས་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ས་བོན་ལ་ས་བོན་
གཞན་ཉིད་དུ་འདུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། སྡོང་བུ་ནི་སྡོང་བུའི་ས་བོན་ལ་སོགས་པ་ལ་རྩ་བའི་ས་བོན་ཉིད་དུ་འདུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་དོ། །སྡོང་བུའི་ས་བོན་ལ་སོགས་པ་དང་འདྲ་བ་ཉིད་དེ་ཕྱེད་ཉིད་མ་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་ལ་ས་བོན་དུ་འདུ་ཤེས་པ་ཡང་
སྐྱེ་བ་དང་འདྲ་བ་ཉིད་ཡིན་ལ། ས་བོན་ལ་སྐྱེ་བར་འདུ་ཤེས་པ་ཡང་ས་བོན་དང་འདྲ་བ་ཉིད་དེ་ཕྱེད་ཉིད་མ་ཡིན་ཏེ། ཐམས་ཅད་ལ་ས་བོན་ལ་སོགས་པ་ཉམས་པར་བྱ་བ་ཡོད་པའི་ཕྱིར་རོ། །དགེ་སློང་ས་བོན་ལ་སོགས་པ་ཉམས་པར་བྱ་བའི་འདུ་ཤེས་ཡོད་ན་བཟློག་པའི་བསམ་པས་ཉམས་
པར་བྱེད་དུ་ཟིན་ཀྱང་དངོས་གཞི་ཁོ་ནར་འགྱུར་རོ། །ཤུན་པ་དང་ཕྲི་དང་འདབ་མ་སྐྱ་བོ་དང་མེ་ཏོག་ཁ་བྱེ་བ་དང་འབྲས་བུ་སྨིན་པ་རྣམས་ནི་ཕྱེད་ཤི་བ་ཉིད་དུ་རྗེས་སུ་ཐ་སྙད་གདགས་སོ་ཞེས་བྱ་བ་ནི། ཤུན་པ་དང་ཕྲི་དང་འདབ་མ་སྐྱ་བོ་དང་། མེ་ཏོག་ཁ་བྱེ་བ་དང་འབྲས་བུ་སྨིན་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་
ཏེ། དེ་རྣམས་ནི་ཕྱེད་ཤི་བ་ཉིད་དུ་འཇིག་རྟེན་ན་གྲགས་པ་ཡིན་པས་འདིར་ཡང་གྲགས་པ་དེའི་རྗེས་སུ་ཕྱེད་ཤི་བ་ཉིད་ཅེས་བྱ་བར་ཐ་སྙད་གདགས་ཏེ་ཕྱེད་ཤི་བ་ཉིད་དེ་དག་བཤིག་ཅིང་ཉམས་པར་བྱས་པ་ལ་ནི་ཉེས་བྱས་སུ་འགྱུར་རོ། །དེ་དག་གི་རྩ་བར་གྱུར་པ་རང་བཞིན་ལས་མ་བྱེ་བ་ནི་མ་ཡིན་ནོ་ཞེས་བྱ་བ་
ནི། ཤུན་པ་ལ་སོགས་པ་དེ་དག་གི་རྩ་བར་གྱུར་པ་གང་ཡིན་པ་དངོས་ཀྱི་རང་བཞིན་ལས་གལ་ཏེ་མ་བྱེ་བ་མ་བྲལ་བ་ཡིན་ན་དེ་དག་གི་རྩ་བར་གྱུར་པ་རང་བཞིན་ལས་མ་བྱེ་མ་བྲལ་བ་དེ་ནི་ཕྱེད་ཤི་བ་དེ་ཉིད་དུ་རྗེས་སུ་ཐ་སྙད་གདགས་པ་མ་ཡིན་ཏེ། དེ་དག་ཕྱོགས་དེ་ནས་ཕྱེ་ཞིང་ཕྲལ་ན་དངོས་གཞི་

ཁོ་ནར་འགྱུར་རོ། །འདིར་ཤུན་པའི་གཞུང་ནི། ཤུན་པ་འཆུ་བར་བྱེད་ན་སྙིང་པོ་དང་འབྲེལ་པ་འཆུ་བར་བྱེད་ན་ནི་ལྟུང་བྱེད་དུ་འགྱུར་རོ། །སྙིང་པོ་དང་མ་འབྲེལ་བ་འཆུ་བར་བྱེད་ན་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། ཕྲི་དང་འདབ་མ་སྐྱ་བོ་དང་།
མེ་ཏོག་ཁ་བྱེ་བ་དང་། འབྲས་བུ་སྨིན་པ་རྣམས་ལ་ཡང་འདི་ཉིད་རྣམ་པར་གཞག་གོ། །དེ་ལ་མེ་ཏོག་དང་འབྲས་བུ་རྣམས་ཀྱི་རྩ་བ་དག་དང་། ཆུ་བ་ནི་དེ་དག་ཉིད་དང་ལྷན་ཅིག་ཆོས་མཚུངས་པ་ཉིད་ཡིན་ཏེ། སྨིན་པ་རྣམས་ཀྱི་ནི་སྨིན་པ་ཉིད་ཡིན་ལ། མ་སྨིན་པ་རྣམས་ཀྱི་ནི་མ་སྨིན་པ་
ཉིད་ཡིན་ཏེ། དེ་དག་ཉིད་ཀྱི་ཕྱོགས་གཅིག་ཏུ་གྱུར་པ་ཉིད་ཡིན་པར་རིག་པར་བྱའོ། །མེ་ཏོག་གི་ཆུ་བ་ནི་མེ་ཏོག་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། རྩ་བ་དག་ནི་དེའི་རྩ་བ་ལས་རིག་པར་བྱའོ། །འདིར་གཞུང་ནི། ཞུ་བ་ལས་ཅིག་ཅར་འབྱུང་སྟེ། ཆུ་བ་གཅོད་ན་ཉེས་བྱས་སོ། །
ཕ་བོང་གི་དྲེག་པ་ལས་འཆུ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་ཆུ་བ་ཞེས་བྱ་བའི་སྒྲས་ནི་ཨུཏྤ་ལ་ལ་སོགས་པ་ཁ་བྱེ་བའི་ཆུ་བ་དང་འདབ་མའི་ཆུ་བ་བསྡུས་པར་རིག་པར་བྱའོ། །འདིར་ཕ་བོང་གི་དྲེག་པ་ཞེས་བྱ་བ་ནི་རྡོའི་དྲེག་པ་ཡིན་པར་རིག་པར་བྱའི་སྲུ་སྲུ་ནི་མ་ཡིན་ནོ། །ས་བོན་
གྱི་ཁམས་བཏབ་པ་ལ་རྩ་བ་མ་སྐྱེས་པ་ནི་ཕྱེད་སྐྱེས་པ་ཉིད་དུ
Luận tạng Tây Tạng (Tengyur) — Tập 162 | Tra cứu Kinh điển | Tàng Kinh Việt