Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 162

Văn bản gốc(Tây Tạng)

Trang 17 / 26 (50.000 ký tự/trang)
པས་ན་ལྷུང་
བཟེད་འབྲེལ་པ་མེད་པ་ཞེས་བྱའོ། །དེ་ནི་བྲན་གནམ་ཁོལ་དུ་ཕྱུང་བ་དང་འདྲ་སྟེ། གནམ་ཁོལ་དུ་ཕྱུང་བ་ཡིན་པའི་ཕྱིར་བྲན་གྱི་ལས་སུ་ཡང་མི་བསྐོ་ལ་བྲན་ཡིན་པའི་ཕྱིར་ཡོངས་སུ་གཏང་བར་ཡང་མི་ནུས་མོད་ཀྱི། འོན་ཀྱང་དེ་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་སྦྱིན་པར་

བྱ་དགོས་པ་དེ་བཞིན་དུ་ལྷུང་བཟེད་འདི་ཡང་བྱིན་གྱིས་བརླབ་པར་བྱ་བ་ཡང་མ་ཡིན་ལ། ཡོངས་སུ་སྤང་བར་བྱ་བ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་དེ་ལ་ཁ་བསྒྱུར་བ་དང་། བསྲེག་པ་དང་། བྱི་དོར་ལ་སོགས་པ་ལྷུང་བཟེད་ཀྱི་ནན་ཏན་ཡང་བྱ་དགོས་པས་དེའི་
ཕྱིར་ལྷུང་བཟེད་དེ་ནི་བྲན་གནམ་ཁོལ་དུ་ཕྱུང་བ་དང་འདྲ་བས་འབྲེལ་བ་མེད་པ་ཞེས་བྱའོ། །འཁོད་པའི་དོན་དུ་ནན་ཏན་བྱའོ་ཞེས་བྱ་བ་ནི། བསྐོས་པའི་དགེ་སློང་དེས་དགེ་སློང་རྣམས་འཁོད་པའི་དོན་དུ་སྟན་གདིང་བ་ལ་སོགས་པ་དག་གི་ནན་ཏན་བྱ་བའོ། །བསྔགས་པ་བརྩམ་ཞིང་དབུལ་བར་བྱའོ་ཞེས་
བྱ་བ་ནི། ལྷུང་བཟེད་ཀྱིའོ་ཞེས་བྱ་བར་སྦྱར་རོ། །བསྔགས་པ་ཞེས་བྱ་བ་ནི་ཡོན་ཏན་བསྔགས་པའོ། །བརྩམ་ཞིང་ཞེས་བྱ་བ་ནི་བསྔགས་པ་བརྩམ་པ་སྟེ། ལྷུང་བཟེད་དབུལ་བ་གང་ལ་བསྔགས་པ་བརྩམ་པ་ཡོད་པ་དེ་ནི། བསྔགས་པ་བརྩམ་ཞིང་དབུལ་བ་སྟེ། དགེ་སློང་བསྐོས་
པ་དེས་དགེ་སློང་རྒན་རིམས་ལ་ལྷུང་བཟེད་འབུལ་བའི་ཚེ་ལྷུང་བཟེད་དེའི་བསྔགས་པ་བརྩམ་ཞིང་དབུལ་བར་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་བསྐོས་པ་དེས་ལྷུང་བཟེད་ཀྱི་ཡོན་ཏན་བསྔགས་པ་དང་པོར་བྱས་ཏེ། དགེ་སློང་རྣམས་ཀྱི་མདུན་དུ་བཟུང་ཞིང་དབུལ་བར་བྱའོ། །
བསྔགས་པ་རྣམ་པ་ཇི་ལྟ་བུ་ཞིག་བརྗོད་པས་ཤེ་ན། དེའི་ཕྱིར་གནས་བརྟན་ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ་དབྱིབས་ལེགས་པ་ལོངས་སྤྱད་པར་བཟོད་པ་ལགས་ཀྱིས། གལ་ཏེ་བཞེད་ན་སྣོམས་ཤིག་ཅེས་སོ་ཞེས་བྱ་བ་སྨྲས་ཏེ། གནས་བརྟན་ཞེས་བྱ་བ་ནི། དགེ་སློང་རྒན་རིམས་
རྣམས་ལ་བོད་པའི་ཚིག་གོ། །ལྷུང་བཟེད་འདི་ནི་ཤིན་ཏུ་གསལ་བ་ཞེས་བྱ་བ་ནི། མདོག་ལ་ནག་ནོག་མེད་ཅིང་ཤིན་ཏུ་མཛེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དབྱིབས་ལགས་པ་ཞེས་བྱ་བ་ནི་ཚད་དང་ལྡན་པའོ། །ལོངས་སྤྱད་པར་བཟོད་པ་ཞེས་བྱ་བ་ནི། བུ་གུ་དང་ཆག་གྲུམ་ལ་
སོགས་པའི་སྐྱོན་མེད་པའི་ཕྱིར་རོ། །གལ་ཏེ་བཞེད་ན་ཞེས་བྱ་བ་ནི། གལ་ཏེ་ལེན་པར་འདོད་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །སྣོམས་ཤིག་ཅེས་བྱ་བ་ནི། ཁྱེར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཅི་ལྷུང་བཟེད་ཐམས་ཅད་ལ་དེ་སྐད་བརྗོད་པར་བྱ་འམ་ཞེ་ན། དེའི་ཕྱིར་ཡོན་ཏན་ཇི་ལྟ་བ་

བཞིན་དུའོ་ཞེས་བྱ་བ་སྨྲས་ཏེ། ལྷུང་བཟེད་གང་ལ་ཡོན་ཏན་གང་དང་གང་དག་ཡོད་པ་དེ་དང་དེ་དག་ལ་བརྗོད་པར་བྱ་སྟེ། ཤིན་ཏུ་གསལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་མཚོན་པའི་ཕྱིར་རོ། །འདོད་ན་བླང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་ཀྱང་གལ་ཏེ་འདོད་ན་ལྷུང་བཟེད་
དེ་བླང་བར་བྱའི། མི་འདོད་ན་ནི་མི་བླང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །བར་དུ་ཆོད་པས་བླངས་པ་བསླང་བར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་བརྟན་ལ་སོགས་པ་ཆེས་རྒན་པས་ཀྱང་དགེ་སློང་བསྐོས་པ་དེས་བདག་ཉིད་ལ་བསྟབས་པའི་ཚེ་མ་བླངས་ནས། དགེ་སློང་གཅིག་གིས་བར་
དུ་ཆོད་པའི་འོག་མ་དགེ་སློང་གསུམ་པས་ལྷུང་བཟེད་དེ་བླངས་པ་ན་ཁོ་བོ་འདོད་དོ་ཞེས་བསླང་བར་མི་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་གལ་ཏེ་གནས་བརྟན་གསུམ་པས་ལྷུང་བཟེད་བླངས་པ་ན་དགེ་འདུན་གྱི་གནས་བརྟན་སློང་བར་བྱེད་ན་བརྗོད་པ་དང་པོ་ལ་སྦྱིན་པར་མི་བྱའོ། །བརྗོད་པ་
གཉིས་པ་ལ་ཡང་སྦྱིན་པར་མི་བྱའོ། །བརྗོད་པ་གསུམ་པ་ལ་ནི་སྦྱིན་པར་བྱ་བ་སྟེ། དགེ་འདུན་གྱི་གནས་བརྟན་གྱིས་ནི་འདུལ་བ་དང་འགལ་བའི་ཉེས་བྱས་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དུ་མས་བར་དུ་ཆོད་པ་ཉིད་ལ་ནི་ཤིན་ཏུ་ཡང་བསླང་བར་མི་བྱ་བ་ཉིད་ཡིན་པར་
རིག་པར་བྱའོ། །སློང་བ་ཡོད་ན་ནི་ཚིག་གཉིས་ལ་ནི་མི་སྦྱིན་ཞིང་འོག་མ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། བར་དུ་ཆོད་པས་བླངས་པ་ན་གོང་མ་སློང་བ་ཡོད་ན་ཚིག་དང་པོ་དང་གཉིས་པ་གཉིས་ལ་ནི་ལྷུང་བཟེད་དེ་མི་སྦྱིན་ནོ། །འོག་མ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གསུམ་པ་ལ་ལྷུང་བཟེད་དེ་འདྲིམ་པར་
བྱེད་པའི་དགེ་སློང་གིས་སྦྱིན་པར་མི་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟུང་བ་བྱུང་བ་ལ་སྤང་བར་མི་བྱ་བ་ཉིད་དང་། བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དག་གོ་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་ལྟུང་བ་བྱུང་བ་ལ་ལྷུང་བཟེད་འབྲེལ་པ་མེད་པ་དེ་སྤང་བར་མི་བྱ་བ་ཉིད་དང་། བྱིན་གྱི་བརླབ་པར་མི་བྱ་
བ་ཉིད་དག་གོ་བར་བྱའོ། །འདི་སྐད་བསྟན་ཏེ། གང་གི་ཚེ་ལྷུང་བཟེད་བསྙིགས་ནས་ལྟུང་བ་བྱུང་བའི་དགེ་སློང་དེ་ལ་སྦྱིན་པར་བྱེད་པ་ན་དེའི་ཚེ་དགེ་སློང་བསྐོས་པ་དེས་དེ་ལ་འོག་མ་འདི་གཉིས་གོ་བར་བྱ་སྟེ། ལྷུང་བཟེད་འདི་ཁྱོད་ཀྱིས་བྱིན་གྱིས་བརླབ་པར་ཡང་མི་བྱ་ལ་ཡོངས་སུ་སྤང་བར་ཡང་མི་བྱ་

སྟེ། ལྷུང་བཟེད་འདི་ནི་བྱིན་གྱིས་བརླབ་པས་བདག་ཉིད་ཀྱིས་སྤྱད་པ་དང་འབྲེལ་བ་དང་ཡོངས་སུ་སྤང་བའི་དུས་ན་རང་དབང་ཉིད་དུ་བསྟན་པའི་འབྲེལ་བ་མེད་པ་ཡིན་པས་ཁྱོད་ཀྱིས་དེང་ཕྱིན་ཆད་ནས་ནམ་མ་ཆག་གི་བར་དུ་ཆོང་ཤིག་ཅེས་ཀྱང་བསྒོ་བར་བྱའོ། །ཉེ་
བར་སྤྱོད་པ་ལ་མ་ཆག་གི་བར་དུ་དལ་བུ་དལ་བུས་སྤྱོད་ཅིག་ཅེས་སོ་ཞེས་བྱ་བ་ནི། ལྷུང་བཟེད་དེ་ཉེ་བར་སྤྱོད་པ་ལྟུང་བ་འབྱུང་བའི་དགེ་སློང་ལ་དགེ་སློང་བསྐོས་པ་དེས་འདི་སྐད་ཅེས་ལྷུང་བཟེད་འབྲེལ་པ་མེད་པ་འདི་མ་ཆག་གི་བར་དུ་དལ་བུ་དལ་བུས་སྤྱོད་ཅིག་ཅེས་ཀྱང་བསྒོ་བར་བྱ་སྟེ། ཁད་ཀྱིས་དལ་
བུ་དལ་བུས་སྤྱད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ནམ་ཆག་པའི་མཐར་ཐུག་གི་བར་དུའོ་ཞེས་གསུངས་པ་ཡིན་ནོ། །དེས་གཉི་གས་ཀུན་དུ་སྤྱད་པར་བྱའོ་ཞེས་བྱ་བ་ནི། ལྟུང་བ་བྱུང་བའི་དགེ་སློང་དེས་ལྷུང་བཟེད་བྱིན་གྱིས་བརླབས་པ་དང་། ལྷུང་བཟེད་འབྲེལ་པ་མེད་པ་གཉི་
གས་ཀུན་དུ་སྤྱད་པར་བྱ་བའོ། །དེ་ལ་ཡོ་བྱད་ཆེས་བཟང་པོ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་འབྲེལ་བ་མེད་པ་དེ་ལ་ལྷུང་བཟེད་ཀྱི་སྣོད་དང་། ཁ་གཡོགས་ལ་སོགས་ཡོ་བྱད་ཆེས་བཟང་པོ་ཆེས་མཛེས་པ་ངེས་པར་སྦྱར་བར་བྱའོ། །འདི་སྐད་བསྟན་ཏེ། ལྷུང་བཟེད་འབྲེལ་བ་མེད་
པ་དེ་ལ་ལྷུང་བཟེད་ཀྱི་སྣོད་ལ་སོགས་པ་ཡོ་བྱད་ཆེས་བཟང་པོ་ཤོས་ངེས་པར་སྦྱར་བར་བྱ་ཞིང་ལྷུང་བཟེད་བྱིན་གྱིས་བརླབས་པ་ལ་ནི་མ་ཡིན་ནོ། །སྤྱད་པ་ན་ཆེས་ཡང་བའོ་ཞེས་བྱ་བ་ནི་བསོད་སྙོམས་བླང་བ་ལ་སོགས་པ་སྤྱད་པ་ན་ཕྱེ་ལ་སོགས་པའི་དོན་ཆེས་ཡང་བ་ལྷུང་བཟེད་འབྲེལ་པ་མེད་པ་དེར་ངེས་པར་སྦྱར་
བར་བྱ། བླུགས་པར་བྱ་ཞིང་ཆེས་ལྕི་བ་ལྷུང་བཟེད་བྱིན་གྱིས་བརླབས་པ་ཤོས་སུ་ངེས་པར་སྦྱར་བར་བྱ་བླུགས་པར་བྱའོ། །འདི་སྐད་བསྟན་ཏེ། བྱ་བ་ལ་ངེས་པར་སྦྱར་བའི་དུས་ཟས་ལ་སོགས་པ་ཉེ་བར་གནས་པར་གྱུར་པ་ན་ལྷུང་བཟེད་འབྲེལ་པ་མེད་པས། ལས་ཆེས་ཡང་བ་ཞེས་བྱ་ཞིང་ཅིག་
ཤོས་ཀྱིས་ལས་ཆེས་ལྕི་བ་བྱའོ། །ཟས་ཀྱི་བྱ་བ་ཉིད་ལ་ནི་མི་བྱ་བ་ཁོ་ནའོ་ཞེས་བྱ་བ་ནི་ཟས་བཟའ་བའི་བྱ་བ་བསྒྲུབ་པ་ཉིད་ལ་ནི་ལྷུང་བཟེད་འབྲེལ་པ་མེད་པས། ངེས་པར་སྦྱར་བར་མི་བྱ་བ་ཁོ་ན་སྟེ། དེའི་ནང་ནས་ཟས་བཟའ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ལྷུང་

བཟེད་འབྲེལ་པ་མེད་པར་ཟས་བཟའ་བར་མི་བྱའོ། །བྱི་དོར་ཡང་དང་པོར་བྱའོ་ཞེས་བྱ་བ་ནི་ཁ་ཟས་འབགས་པའི་དྲིལ་ཕྱི་ལ་སོགས་པའི་བྱི་དོར་ཡང་དང་པོར་ལྷུང་བཟེད་འབྲེལ་བ་མེད་པ་ལ་ངེས་པར་སྦྱར་བར་བྱ་ཞིང་ཕྱིས་བྱིན་གྱིས་བརླབས་པ་ཤོས་ལ་བྱ་བའོ། །ལྷུང་བཟེད་ཚོལ་བའི་སྤང་བའོ་
ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཇི་ཞིག་ལྷག་པར་སྤྱད་ན་འཐག་ཏུ་འཇུག་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་རིན་མེད་པར་བསྐོ་བས་སམ་གཞན་གྱིས་ཀྱང་འཐག་ཏུ་འཇུག་ནའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་ཉེ་དུ་མ་ཡིན་པ་ཞེས་སྔར་བསྟན་པ་དེ་གཉིས་ཀྱི་རྗེས་སུ་སྦྱར་རོ། །དེ་ལྟར་
ན་འདིར་ཚིག་གི་དོན་འདི་འགྱུར་སྟེ། ཐ་ག་བ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་རིན་མེད་པར་ངག་གི་བསྒོ་བས་སམ་ཕོ་ཉ་ལ་སོགས་པ་གཞན་གྱིས་ཀྱང་འཐག་ཏུ་བཅུག་ན་དངོས་གཞིའི་ལྟུང་བར་འགྱུར་རོ། །འདི་ལྟར་སོ་སོ་ཐར་པའི་མདོ་ལས་རང་གིས་བསླངས་པའི་དོག་པ་ཞེས་གསུངས་མོད་ཀྱིས། འདིར་
ནི་རང་གིས་བསླངས་པ་ཉིད་ཁས་བླང་བར་མི་བྱ་སྟེ། དེར་གསུངས་པ་ནི་གླེང་གཞིའི་དབང་གིས་སོ། །གཞན་ལས་ཀྱང་དགེ་སློང་གིས་ཉེ་དུ་ལས་དོག་པ་བསླངས་ནས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ན་སློང་བ་དེ་ལ་ནི་ལྟུང་བ་མེད་ལ། ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུག་པ་
ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པས་དེའི་ཕྱིར་འདིར་དོག་པ་སློང་བ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའི་རྒྱུར་འགྱུར་བ་མ་ཡིན་གྱི། འདི་ལྟར་འཐག་ཏུ་འཇུག་པ་ནི་དེའི་རྒྱུ་ཡིན་ནོ། །འཐག་ཏུ་འཇུག་པ་དེ་ཡང་ལན་འགའ་ཐ་ག་པ་ཁྱིམ་པ་ཉེ་དུ་མ་ཡིན་པས་འགྲུབ་པ་ཡང་
ཡོད། ལན་འགའ་ཉེ་དུ་དང་ཉེ་དུ་མ་ཡིན་པ་གཉི་གས་ཅིག་ཆར་འགྲུབ་པ་ཡང་ཡོད། ལན་འགའ་ཁྱིམ་པ་དང་རབ་ཏུ་བྱུང་བ་གཉི་གས་ཅིག་ཅར་འགྲུབ་པ་ཡང་ཡོད་པས་འདི་ལྟར་དེ་དག་ཐམས་ཅད་དངོས་གཞིའི་ལྟུང་བར་འགྱུར་བ་བསྒྲུབ་པའི་ཕྱིར། གཞན་ཉིད་དང་བཅས་པ་ལ་ནི་དེ་མ་
བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་ཉེ་དུ་དང་ཉེ་དུ་མ་ཡིན་པ་གཞན་ཉིད་བཅས་པ་ལ་འཐག་ཏུ་བཅུག་ན་དེ་ལྟ་ན་ཡང་འཐག་ཏུ་བཅུག་པ་དེ་ཐ་ག་པ་ཉེ་དུ་མ་ཡིན་པ་དེས་མ་བྱས་པ་ཉིད་མ་ཡིན་ཏེ། འདི་ལྟར་བྱས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་ཉེ་དུ་

དང་ཉེ་དུ་མ་ཡིན་པ་གཉི་ག་ལ་འཐག་ཏུ་བཅུག་ན་ཡང་ཉེ་དུའི་ཕྱིར་ན་ལྟུང་བ་མེད་མོད་ཀྱི། ཉེ་དུ་མ་ཡིན་པའི་དབང་གིས་ཉེ་དུ་མ་ཡིན་པ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བདག་ཉིད་དང་ཉེ་དུ་མ་ཡིན་པར་བཅས་པས་འཐག་ན་ཡང་དེ་དང་འདྲ་སྟེ། བདག་ཉིད་ཀྱིས་
འཐག་པས་ཉེས་བྱས་སུ་གསུངས་པ་གང་ཡིན་པ་དེ་ནི་བཟོ་མི་བྱ་བའི་སྤྱིར་གསུངས་པ་ཡིན་ཏེ། འདིར་གཞུང་ནི་བཟོ་རྗེས་སུ་བསྒྲུབ་པར་མི་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་ནི་སྤང་བ་དང་འབྲེལ་པ་ནི་མ་ཡིན་ནོ། །དེ་བཞིན་དུ་རིན་བྱིན་པ་དང་མ་བྱིན་པ་གཉི་ག་ལ་འཐག་ཏུ་བཅུག་ན་ཡང་རིན་
བྱིན་པའི་ཕྱིར་ནི་ལྟུང་བ་མེད་ཀྱི། རིན་མ་བྱིན་པའི་དབང་གིས་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ། གཞན་ཉིད་དང་བཅས་པས་བྱས་པ་ཉིད་ཡིན་དུ་ཟིན་ཀྱང་དེར་འགྱུར་རོ། །འཐག་ཏུ་འཇུག་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་འཐག་པ་བསྐྱེད་པའི་སྤང་བ་བརྗོད་པར་བྱ་
སྟེ། དེ་ལ་ཡང་ཡན་ལག་གང་དག་བྱེད་པ་པོར་འགྱུར་བ་དེ་དག་བསྟན་པའི་ཕྱིར། དེའི་ཕྱིར་བཏག་པར་བྱ་བ་བསམ་པ་ལས་བྱུང་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་དེའི་ཕྱིར་རོ། །བཏག་པར་བྱ་བ་ཞེས་བྱ་བ་ནི་གོས་སོ། །བསམ་པ་
ཞེས་བྱ་བ་ནི་གོས་འདི་དེ་ལ་སྦྱིན་ནོ་སྙམ་པའི་བསམ་པ་སྟེ། གོས་གང་གི་དགོས་པའི་རྒྱུ་མཚན་གྱི་ཕྱིར་སེམས་པའོ། །བསམ་པ་དེ་ལས་བྱུང་བ་ཞེས་བྱ་བ་ནི་གོས་དེ་ཉིད་ཡིན་ནོ། །ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་དེའི་ཕྱིར་བསམ་པ་ལས་བྱུང་བ་ནི་དེའི་བསམ་པ་ལས་བྱུང་བའོ། །དེའི་དངོས་པོ་ནི་
དེའི་ཕྱིར་བསམ་པ་ལས་བྱུང་བ་ཉིད་དེ། དགེ་སློང་དེའི་ཕྱིར་སྦྱིན་བདག་གི་བསམ་པ་ལས་བྱུང་བའི་གོས་ཉིད་དོ། །འདི་སྐད་བསྟན་ཏེ། གལ་ཏེ་བཏག་པར་བྱ་བའི་གོས་དེ་ལྟུང་བ་འབྱིན་པར་བྱེད་པའི་ཕྱིར་སྦྱིན་བདག་གིས་བསམ་པ་ཡིན་ལ། དེ་འཐག་པ་བསྐྱེད་པ་དེ་ནི་འཐག་པ་བསྐྱེད་པའི་
སྤང་བའི་ཡན་ལག་ཏུ་གྱུར་པའི་བྱེད་པ་པོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁོ་ལག་ཆེ་བ་ཉིད་དམ་འབྲས་བཟང་བ་ཉིད་ལ་ཐ་ག་པ་ངེས་པར་སྦྱར་བའོ་ཞེས་བྱ་བ་ཡང་། འཐག་པ་བསྐྱེད་པའི་སྤང་བའི་ཡན་ལག་ཏུ་གྱུར་པའི་བྱེད་པ་པོ་ཡིན་པར་སྦྱར་རོ། །ཁོ་ལག་ཆེ་བ་ཞེས་བྱ་བ་ནི་ཞེང་ཆེ་བ་དང་

ཁྲུན་རིང་བ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལ་ལྟུང་བ་འབྱིན་པར་བྱེད་པས་གལ་ཏེ་ཁོ་ལག་ཆེ་བ་ཉིད་ལ་ཐ་ག་པ་ངེས་པར་སྦྱོར་བར་བྱེད་པའོ། །འབྲས་བཟང་བ་ཉིད་ཅེས་བྱ་བ་ནི། ཐར་གྱིས་ཞག་པ་དང་། ཐག་རན་བཟང་བ་ཉིད་ལ་སོགས་པ་སྟེ། དེ་ལ་ཐ་ག་པ་ངེས་པར་སྦྱར་བར་
བྱས་པའོ། །དེ་ལྟར་ཡང་ཁོ་ལག་ཆེ་བ་དང་། འབྲས་བཟང་བའི་སྐབས་ནས། ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེང་ཆེ་བ་དང་། ཁྲུན་རིང་བ་དང་། ཐར་གྱིས་ཞག་པ་དང་། ཐག་རན་བཟང་བར་ལེགས་པར་གྱིས་ཤིག་ཅེས་གསུངས་པ་ཡིན་ནོ། །ཐག་རན་བཟང་བ་ཞེས་བྱ་བ་
ནི་པྱེར་ཟུག་སྙོམས་པ་དང་། ཤས་བཟང་བ་དང་། སང་སེང་མེད་པ་ཞེས་གསུངས་པས་རྣམ་པར་བཤད་པར་སྦྱར་རོ། །གལ་ཏེ་སྦྱིན་བདག་གི་ཟད་ནའོ་ཞེས་བྱ་བ་ནི། དེ་ལྟར་ཐ་ག་པ་ངེས་པར་སྦྱར་བ་ན་གལ་ཏེ་སྦྱིན་བདག་གི་དོག་པ་ལ་སོགས་པ་ཟད་པར་གྱུར་ན་སྟེ། འཐག་པ་བསྐྱེད་པས་
རིན་སྐྱེ་ལ། དེ་སྐྱེས་པས་སྦྱིན་བདག་གི་ཟད་པར་གྱུར་པར་རིག་པར་བྱ་སྟེ། དེས་ན་དངོས་གཞིའི་ལྟུང་བར་འགྱུར་རོ། །རྔན་པ་མ་བྱིན་ན་ཡང་ངོ་ཞེས་བྱ་བ་ནི། ལྟུང་བ་འབྱིན་པར་བྱེད་པས་ཐ་ག་པ་ལ་རྔན་པ་མ་བྱིན་ནའོ། །འདི་སྐད་བསྟན་ཏེ། གང་གི་ཚེ་ལྟུང་བ་འབྱིན་པ་པོས་ཤིན་ཏུ་བཟང་
པོར་བསྒྲུབ་པར་བྱའོ་ཞེས་ཐ་ག་པ་ངེས་པར་སྦྱར་བར་བྱས་ནས་དེས་དེའི་ཐར་གྱིས་ཞག་པར་བྱ་བ་ལ་སོགས་པ་ལག་བྱད་ཀྱི་ལས་སྐྱེས་པར་ནི་གྱུར་ལ་རྔན་པ་ནི་མ་བྱིན་ན་དེའི་ཚེ་ན་དངོས་གཞིར་འགྱུར་བའོ། །དེ་ལྟར་ཡང་ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔན་འདི་ལྟ་སྟེ། བཟའ་བའམ་
བཅའ་བ་ཙམ་མམ་བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས་ཞེས་གསུངས་པ་ཡིན་ནོ། །ཡང་ངོ་ཞེས་བྱ་བ་སྨོས་པ་ནི། སྦྱིན་པར་བྱེད་པའི་དོག་པ་ལ་སོགས་པ་ཟད་པ་དང་། ཐ་ག་པ་རྔན་པ་མ་བྱིན་པ་གཉི་ག་ཡང་སོ་སོར་ལྟུང་བའི་བྱེད་པ་པོའི་གཙོ་བོ་ཡིན་པར་ཤེས་པར་བྱ་བའི་ཕྱིར་
རོ། །དེས་ན་དེ་གཉི་ག་ཡང་རུང་བ་གཅིག་ཡོད་པ་ན་ཡང་འདིར་དངོས་གཞིར་འགྱུར་བ་ཁོ་ན་ཡིན་ནོ། །རྔན་པ་ཁས་བླངས་ཀྱང་རུང་མ་བླངས་ཀྱང་རུང་སྟེ། བཅོལ་བས་ཁོ་ལག་ཆེ་བ་ཉིད་དང་འབྲས་བཟང་བ་ཉིད་གྲུབ་ན་འདིར་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་བ་ཁོ་ན་ཡིན་ནོ། །

ཁས་བླངས་པ་མ་བྱིན་ན་ནི་མ་བྱིན་པར་ལེན་པ་ལས་བྱུང་བའི་ཁ་ན་མ་ཐོ་བར་ཡང་འགྱུར་བ་ཉིད་དོ།། །།བམ་པོ་ཉི་ཤུ་རྩ་གཅིག་པ། སྦྱིན་པར་བྱེད་པས་དེའི་དོན་དུ་རྗེས་སུ་མ་གནང་བ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་ནི། སྦྱིན་པར་བྱེད་པས་དགེ་སློང་གང་
ལ་ཁོ་ལག་ཆེ་བ་དང་འབྲས་བཟང་བ་ཞེས་སྔར་བསྟན་པ་དེའི་དོན་དུ་རྗེས་སུ་མ་གནང་ཞིང་ཁས་མ་བླངས་པ་གང་ཡིན་པ་དེ་ནི་སྦྱིན་པར་བྱེད་པས་དེའི་དོན་དུ་རྗེས་སུ་མ་གནང་བ་ཡིན་ཏེ། ཁྱོད་ཉིད་ཅི་དགའ་བར་གོས་བྱེད་དུ་ཆུག་ཅིག་ཅེས་དེ་ལྟར་སྦྱིན་པར་བྱེད་པས་དགེ་སློང་གང་ལ་རྗེས་སུ་གནང་བར་མ་
བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་སྦྱིན་པར་བྱེད་པས་གལ་ཏེ་གོས་གང་ལ་གོས་འདི་རྣམ་པ་ཐམས་ཅད་དུ་མཛེས་པར་བྱའོ་ཞེས་དོན་དེ་རྗེས་སུ་མ་གནང་ཞིང་ཁས་མ་བླངས་པ་སྟེ། དེའི་ཚེ་ན་གོས་ཀྱི་དོན་དེ་རྗེས་སུ་མ་གནང་བ་ཡིན་ནོ། །སུས་ཤེ་ན་སྦྱིན་པར་བྱེད་པས་ཏེ། སྦྱིན་བདག་གིས་སོ། །
འདིར་གལ་ཏེ་ཁས་བླངས་པ་ལེན་པར་མི་བྱེད་ན་ཐ་ག་པ་ཡང་སྦྱིན་བདག་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་སྦྱིན་བདག་གིས་དོན་དེ་རྗེས་སུ་མ་གནང་བ་ཡིན་ནོ། །ཡན་ལག་དེ་ཡང་ལྟུང་བའི་བྱེད་པ་པོ་ཡིན་ནོ། །དེ་ལྟར་ཡང་འཚོལ་བའི་མདུན་རོལ་དུ་སྔར་རྗེས་སུ་མ་གནང་ན་ཞེས་གསུངས་པ་
ཡིན་ནོ། །གལ་ཏེ་རང་གི་དད་པས་མགྲོན་དུ་གཉེར་བ་མ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །ཡན་ལག་དེ་དག་ནི་ལྟུང་བའི་བྱེད་པ་པོ་ཡིན་ནོ། །གནས་སྐབས་གང་ལ་ཡན་ལག་དེ་དག་ཁ་ན་མ་ཐོ་བ་དེ་འདིའི་བྱེད་པ་པོ་དག་ཡིན་ཞེ་ན། དེའི་ཕྱིར་གྲུབ་པ་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གོས་གྲུབ་
པའི་གནས་སྐབས་ན་ཡན་ལག་དེ་དག་དངོས་གཞིའི་ཁ་ན་མ་ཐོ་བའི་བྱེད་པ་པོ་དག་ཡིན་ནོ། །འདི་སྐད་བསྟན་ཏེ། གོས་གྲུབ་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །མདུན་རོལ་དུ་དེའི་ཕྱིར་བསམ་པ་ལས་བྱུང་བ་རྗེས་སུ་བསྒྲུབ་པ་ཐ་དད་པ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི། གོས་གྲུབ་པའི་མདུན་རོལ་
དུ་སྦྱོར་བའི་གནས་སྐབས་ན་དགེ་སློང་དེའི་ཕྱིར་བསམ་པ་ལས་བྱུང་བའི་རྗེས་སུ་བསྒྲུབ་པ་ཐ་དད་པ་བསོད་སྙོམས་ལ་སོགས་པ་ལ་འགྲོ་བ་དང་བཅས་པ་ལ་སོགས་པ་ཚོལ་ཞིང་དེར་ཁྱེར་བ་ནི་ཐམས་ཅད་སྦྱོར་བ་གཅིག་པའི་ཕྱིར་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །འདི་སྐད་བསྟན་ཏེ། གོས་གྲུབ་

པའི་མདུན་རོལ་དུ་གོས་བསྒྲུབ་པའི་དོན་དུ་རྩོམ་པ་གཅིག་ཏུ་གྱུར་པའི་རྗེས་སུ་བསྒྲུབ་པ་གང་ཅི་བྱེད་ཀྱང་རུང་སྟེ། སྦྱོར་བ་གཅིག་ཏུ་གྱུར་བའི་རྗེས་སུ་བསྒྲུབ་པ་ཐམས་ཅད་ལ་ཡན་ལག་དེ་དག་ཐམས་ཅད་ཉེས་བྱས་གཅིག་གི་བྱེད་པ་པོ་དག་ཡིན་གྱི། ཁྲི་ལས་ལྡང་བ་ལ་སོགས་པ་དག་སོ་སོ་ཐ་དད་པ་
ནི་མ་ཡིན་ནོ། །དེ་ལྟར་འདིར་གཞུང་ནི་དགེ་སློང་གིས་གོས་ཀྱི་དོན་དུ་ཅི་ཙམ་ཅུང་ཟད་ལག་པ་དག་འཁྲུ་བར་བྱེད་པ་དང་། ལྷུང་བཟེད་འཁྲུ་བར་བྱེད་པ་དང་། འགྲོ་བ་དང་། འོང་བ་དང་། བསོད་སྙོམས་ཐོབ་ནས་ཐ་ག་པ་ལ་སྦྱིན་པར་བྱེད་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །གོས་གྲུབ་ན་ནི་
སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཅི་ཙམ་ཅུང་ཟད་ཅེས་བྱ་བ་དང་། ཐམས་ཅད་ཅེས་བྱ་བའི་ཚིག་ནི་རྩོམ་པ་གཅིག་ཏུ་གྱུར་པའི་བྱ་བ་རྣམས་ལ་ཡང་དང་ཡང་དུ་རྗེས་སུ་བསྒྲུབ་ཅིང་རྣམ་པར་གནས་པ་ལ་བྱའི། ལག་པ་འཁྲུ་བ་ལ་སོགས་པ་དག་ཐ་དད་པར་གྱུར་པ་ནི་མ་ཡིན་
ནོ། །མ་བསྒོ་བར་ཉེ་བར་འགྲོ་བ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། ཉེས་བྱས་ཉིད་དོ་ཞེས་བྱ་བར་སྦྱར་ཏེ། མ་བསྒོ་བར་ཞེས་བྱ་བ་སྦྱིན་བདག་གིས་དགེ་སློང་ལ་མ་སྨྲས་མ་བསྒོ་བར་སྦྱིན་བདག་གི་དྲུང་དུ་ཉེ་བར་འགྲོ་བ་གང་ཡིན་པའི་ཉེ་བར་འགྲོ་བ་དེ་ནི་ཉེས་བྱས་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་
སྦྱིན་བདག་གིས་དགེ་སློང་དེ་ལ་ཁྱོད་ཀྱི་ཕྱིར་གོས་འཐག་ཏུ་གཞུག་གིས། དུས་དུས་སུ་བཞུང་ལ་གོས་འཐག་པ་གཟིགས་ཤིག་ཅེས་མ་བསྒོ་བར་འོན་ཀྱང་དགེ་སློང་དེ་ཆེས་མཛེས་པར་བསྒྲུབ་པའི་བསམ་པས་ཉེ་བར་འགྲོ་ཞིང་ཅུང་ཟད་ཀྱང་མི་སྨྲ་མོད་ཀྱི། འོན་ཀྱང་ཉེས་བྱས་སུ་འགྱུར་རོ། །འདིར་གཞུང་
ནི་ཞུ་བ་ལས་དགེ་སློང་གི་ཕྱིར་ཁྱིམ་པས་གོས་འཐག་ཏུ་བཅུག་ནས་དགེ་སློང་དེ་ཡང་ཉེ་བར་འགྲོ་ན་ཐ་དད་པར་མི་བྱེད་ཀྱང་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཐ་དད་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་དེ་ནི་འདི་ལྟར་དགྲོལ་བར་ཤེས་པར་བྱ་སྟེ། ཀྱེ་མ་བདག་གི་ཕྱིར་གོས་འཐག་པ་དེར་བདག་
སོང་ནས་གོས་དེ་ཤིན་ཏུ་མཛེས་པར་གྱུར་ན་ཅི་མ་རུང་སྙམ་པ་དེ་ལྟ་བུའི་བསམ་པས་དེར་འགྲོ་མོད་ཀྱི། འོན་ཀྱང་གོས་ལ་ཐ་དད་པར་དབྱེ་བའི་ཕྱིར་དང་། སྣ་ཚོགས་པ་ཉིད་ཀྱི་ཕྱིར་དང་། ཤིན་ཏུ་མཛེས་པ་ཉིད་ཀྱི་ཕྱིར་འཚོལ་བར་མི་བྱེད་ན་ཡང་ཉེས་བྱས་སུ་འགྱུར་བ་སྟེ། དེ་ཡང་སྦྱོར་བ་

ལས་བྱུང་བའི་ཉེས་བྱས་ཡིན་ནོ། །འཐག་པ་བསྐྱེད་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འཕྲོག་པའི་སྤང་བ་ལ་ཡན་ལག་གང་དག་བྱེད་པ་པོ་དག་ཡིན་ཞེ་ན། དེའི་ཕྱིར་དབྲལ་བར་བྱ་བ་དགེ་སློང་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དབྲལ་བར་བྱ་བ་གང་ལས་གོས་
འཕྲོག་པར་བྱ་བ་དེ་དགེ་སློང་ཉིད་ཡིན་ན་ཡན་ལག་ཡིན་ནོ། །འདི་སྐད་བསྟན་ཏེ། གང་ལས་གོས་འཕྲོག་པར་བྱ་བ་དེ་གལ་ཏེ་དགེ་སློང་ཡིན་ཏེ། གལ་ཏེ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །ཅི་བདག་ཉིད་ཀྱི་ཁོ་ན་ཕྲོགས་ན་ཁ་ན་མ་ཐོ་
འདི་ཉིད་དུ་འགྱུར་རམ། འོན་ཏེ་གཞན་གྱི་ཞེ་ན། དེའི་ཕྱིར་དབྲོག་པར་བྱ་བ་རང་གི་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དབྲོག་པར་བྱ་བའི་གོས་རང་གི་ཉིད་མ་ཡིན་ན་ལྟུང་བའི་ཡན་ལག་ཡིན་ནོ། །འདི་སྐད་བསྟན་ཏེ། གོས་གང་ཡང་རུང་བ་དབྲོག་པར་བྱ་བ་དེ་གལ་ཏེ་གཞན་གྱིས་བྱིན་པ་ཡིན་
ནམ་རང་གིས་ལྟོས་པ་མེད་པའི་སེམས་ཀྱིས་བྱིན་པ་ཡིན་ལ། དེ་ཕྲོགས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འོ་ན་གཙུག་ལག་ལས་རང་གིས་བྱིན་པ་ཁོ་ན་ཡན་ལག་ཏུ་གསུངས་ཏེ། ཡང་དགེ་སློང་གང་གིས་དགེ་སློང་ལ་གོས་བྱིན་ནས་ཞེས་གསུངས་སོ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་གླེང་གཞིའི་
དབང་གིས་དེ་སྐད་གསུངས་ཏེ། འདི་ལྟར་རང་གིས་བྱིན་པ་ཕྲོགས་ན་ཉེས་པར་འགྱུར་བ་ལས་ན། གཞན་གྱིས་བྱིན་པ་ཕྲོགས་ན་ལྟ་ཆེས་ཉེས་པར་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ། ཡི་མ་རངས་ནས་
འཕྲོག་གམ་འཕྲོག་ཏུ་བཅུག་ཅིང་། ཇི་ཙམ་དུ་གོས་ཀྱི་གྲྭ་ལུས་ལས་བྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཁ་ན་མ་ཐོ་བ་འདི་རྐུ་སེམས་མེད་པ་ཡིན་གྱི། རྐུ་སེམས་ཡོད་ན་ནི་མ་བྱིན་པར་ལེན་པར་གཏོགས་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ། །དེ་གོས་ཉིད་ཡིན་ནའོ་ཞེས་
བྱ་བ་ནི། དབྲོག་པར་བྱ་བ་དེ་གོས་ཉིད་ཡིན་ན་ལྟུང་བའི་ཡན་ལག་ཏུ་འགྱུར་བའོ། །འདི་སྐད་བསྟན་ཏེ། གལ་ཏེ་དབྲོག་པར་བྱ་བའི་དངོས་པོ་དེ་གོས་ཉིད་ཡིན་ན་ལྟུང་བའི་ཡན་ལག་ཏུ་འགྱུར་རོ། །འདིར་གོས་ཞེས་སྨོས་པ་ནི་མཚོན་པ་སྟེ། དགེ་སློང་གི་ཡོ་བྱད་གཞན་ཡང་ཕྲོགས་ན་དངོས་གཞིའི་ཁ་ན་མ་

ཐོ་བར་འགྱུར་རོ། །དེའི་འམ་དེས་བསྐོས་པའི་ལུས་དང་ངག་བསྡུས་པའམ། ཐ་དད་པ་དག་གིས་དབྲོག་པའི་དོན་དུ་ཞུགས་པ་ལྟ་བུ་ནི་བྱེད་པ་པོ་དག་ཡིན་ནོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པའི་འོ། །དེས་བསྐོས་པའི་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པ་དེས་བསྐོས་
པའིའོ། །ལུས་དང་ངག་བསྡུས་པ་ཞེས་བྱ་བ་ནི། ལུས་དང་ངག་གཉི་ག་བསྡུས་པས་དབྲོག་པའི་དོན་དུ་ཞུགས་པའོ། །ཐ་དད་པ་དག་གིས་ཞེས་བྱ་བ་ནི། ལུས་ཀྱང་ཐ་དད་པར་ཞུགས་ལ། ངག་ཀྱང་ཐ་དད་པར་ཞུགས་པ་སྟེ། འོན་ཀྱང་ལྟུང་བ་ནི་གཅིག་ཏུ་འགྱུར་རོ། །ལྟ་བུ་ནི་བྱེད་པ་པོ་དག་ཡིན་
ནོ་ཞེས་བྱ་བ་ནི། ཡན་ལག་དེ་ལྟ་བུ་དག་ནི་བྱེད་པ་པོ་དག་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་ལྟུང་བ་འབྱིན་པར་བྱེད་པའི་ལུས་དང་ངག་དག་གིས་ཅིག་ཅར་དབྲོག་པའི་ཕྱིར་བྱ་བ་བྱེད་དམ་རིམ་གྱིས་བྱེད་དུ་བཅུག་ཀྱང་རུང་སྟེ། ལྟུང་བ་གཅིག་ཁོ་ནར་འགྱུར་རོ། །གཞན་ལ་བཅོལ་བས་ཀྱང་དེ་དང་
འདྲའོ། །གང་གི་ཕྱིར་རང་གིས་བྱས་པ་དང་། གཞན་བྱེད་དུ་བཅུག་པ་ལ་བྱེ་བྲག་མེད་པ་དེའི་ཕྱིར་རང་གི་ལུས་དང་ངག་བསྡུས་པས་བྱས་སམ། གཞན་བྱེད་དུ་བཅུག་ན་ཡང་ཡན་ལག་ཉིད་ཡིན་ཏེ། དེའི་ཕྱིར་ཡན་ལག་དེ་དག་ནི་བྱེད་པ་པོ་དག་ཡིན་ནོ། །གནས་སྐབས་གང་ལ་ཡན་ལག་དེ་དག་ཁ་ན་
མ་ཐོ་བ་གང་གི་བྱེད་པ་པོ་དག་ཡིན་ཞེ་ན། དེའི་ཕྱིར་ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པ་ན་མཐའི་འོ་ཞེས་བྱ་བ་སྨྲས་ཏེ། འདིར་དབྲལ་བར་བྱ་བའི་དགེ་སློང་གང་ཡིན་པ་དེའི་ལུས་ལས་ཆོས་གོས་ལ་སོགས་པ་རང་གི་ཉིད་མ་ཡིན་པ་ཐ་དད་པའི་དངོས་པོར་གྱུར་པ་ཞེས་བྱ་བ་ཐ་དད་པར་
བྱས་པར་གྱུར་པའི་མཐར་ཐུག་པ་ན་ཞེས་བྱ་བ་མཐར་ཐུག་པར་གྱུར་པའི་དུས་ན་མཐའི་ཞེས་བྱ་བ་ནི་དངོས་གཞིའི་ཁ་ན་མ་ཐོ་བའི་བྱེད་པ་པོ་དག་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་དགེ་སློང་ལས་གཞན་གྱིས་བྱིན་པའི་གོས་རང་ངམ། གཞན་གྱི་ལུས་དང་ངག་དག་གིས་ཅིག་ཅར་
རམ་རིམ་གྱིས་ཀྱང་རུང་སྟེ། འཕྲོག་པར་བྱེད་ཅིང་ལུས་ལས་ཐ་དད་པའི་དངོས་པོར་གྱུར་པའི་མཐར་ཐུག་པའི་དུས་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །སྦྱོར་བ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི། ཡན་ལག་དེ་དག་སྦྱོར་བའི་གནས་སྐབས་ལ་ནི་ཉེས་བྱས་ཀྱི་བྱེད་པ་པོ་དག་

ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཕྱིར་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གོས་ཕྲོགས་པ་དེ་ནི་བདག་པོ་དེ་ལ་ཕྱིར་སྦྱིན་བར་བྱ་བ་ཉིད་ཡིན་པའོ། །དེ་སྐད་བསྟན་ཏེ། ཕྲོགས་པའི་གོས་གང་ཡིན་པ་དེ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །ཇི་སྟེ་ཡོངས་སུ་སྤྱད་པར་
གྱུར་ན་ཡང་དེའི་ལྷག་མ་ཡོད་པ་གང་ཡིན་པ་དེ་ལ་ཕྱིར་སྦྱིན་པར་བྱ་སྟེ། ཇི་སྲིད་དུ་མི་སྦྱིན་པ་དེ་སྲིད་དུ་ལྟུང་བ་བཤགས་སུ་མི་རུང་ངོ་། །དེ་ལྟར་ཡང་འདིར་གཞུང་ནི་དགེ་སློང་དེས་གོས་དེའི་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞེས་གསུངས་པ་ཡིན་ནོ། །འདི་ལ་རང་གི་དོན་ཉིད་ནི་ཡན་ལག་མ་ཡིན་ནོ་ཞེས་
བྱ་བ་ནི། གཞན་ལ་འཕྲོག་པ་འདི་ལ་རང་གི་དོན་ཉིད་ནི་ཡན་ལག་མ་ཡིན་ཏེ། བྱེད་རྒྱུ་མ་ཡིན་པའོ། །འདི་སྐད་བསྟན་ཏེ། གོས་འཕྲོག་པ་འདི་ལ་དགེ་སློང་གིས་རང་གི་དོན་ཉིད་དུ་ལྟུང་བའི་བྱེད་རྒྱུ་མ་ཡིན་ཏེ། དེས་ན་གཞན་གྱི་དོན་གྱི་ཕྱིར་ཚིག་གིས་ཀྱང་འཕྲོག་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །
བསྙེན་པར་མ་རྫོགས་པ་ལ་ནི་སྐྲོད་པ་དང་འདྲའོ་ཞེས་བྱ་བ་ནི། དཔེར་ན་གཙུག་ལག་ཁང་ནས་དགེ་སློང་མ་ལ་སོགས་པ་དགེ་སློང་ངམ། དགེ་སློང་མ་འམ། དགེ་སློབ་མ་ལ་སོགས་པས་སྐྲོད་པར་བྱེད་པ་ཉེས་བྱས་སུ་གསུངས་པ་དང་། དེ་བཞིན་དུ་དགེ་སློང་དང་དགེ་སློང་མ་དག་དགེ་སློབ་མ་ལ་
སོགས་པས་སྐྲོད་པར་བྱེད་པ་ཡང་ཉེས་བྱས་སུ་གསུངས་པ་དང་འདྲ་བར་འཕྲོག་པའི་བསླབ་པའི་གཞི་འདི་ལ་ཡང་བསྙེན་པར་མ་རྫོགས་པ་ལ་ནི་ཉེས་བྱས་སུ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་དགེ་ཚུལ་ལ་སོགས་པའི་འཕྲོག་པ་ཉིད་ལ་གཞུང་ནི་དགེ་སློབ་མ་
དང་དགེ་ཚུལ་དང་དགེ་ཚུལ་མས་ནི་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །ཁྱིམ་པ་དང་ཁྱིམ་པ་མོས་ནི་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འཕྲོག་པ་ནི་རྣམ་པ་གསུམ་སྟེ། རང་གི་ཉིད་སེལ་བར་འགྱུར་བ་དང་། བློ་གྲོས་ངན་པས་བྱས་པ་དང་།
རིགས་པའི་དོན་གྱི་དབང་གིས་བྱས་པའོ། །དེ་ལ་རང་གི་ཉིད་སེལ་བར་གྱུར་པ་ཁོ་ན་འཕྲོག་པའི་ལྟུང་བའི་བྱེད་པ་པོ་ཡིན་པར་བསྟན་པའི་ཕྱིར། རང་གི་ཉིད་སེལ་བར་གྱུར་པའི་འཕྲོག་པ་འདིར་བསྡུས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རང་གི་ཉིད་ཀྱི་སེལ་བ་འདིར་རང་གི་ཉིད་སེལ་བའོ། །

དེར་གྱུར་པ་ནི་དེའི་ངོ་བོ་ཉིད་དུ་གྱུར་པའི་འཕྲོག་པ་སྟེ། དེ་བསླབ་པའི་གཞི་འདིར་བསྡུས་པ་ཡིན་པར་རིག་པར་བྱའི། གཞན་མ་ཡིན་ནོ། །འདི་སྐད་བསྟན་ཏེ། འཕྲོག་པ་རྣམ་པ་གསུམ་ལས་རང་གི་ཉིད་སེལ་བར་གྱུར་པ་ཞེས་བྱ་བའི་འཕྲོག་པ་གཅིག་པུ་ཁོ་ན་ལས་ཁ་ན་མ་ཐོ་བ་འདིར་འགྱུར་ལ།
སྦྱོར་བ་ལ་ནི་ཉེས་བྱས་སོ། །འདིར་གཞུང་ནི་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱི་ཕྱིར་བྱིན་ཅིག་ཅེས་གསུངས་པ་ཡིན་ནོ། །འཕྲོག་པ་ལྷག་མ་གཉིས་པོ་དག་གི་ངོ་བོ་ཉིད་བསྟན་པ་སྟེ། དེ་ལ་རེ་ཞིག་བློ་གྲོས་ངན་པས་བྱས་པའི་འཕྲོག་པའི་ངོ་བོ་ཉིད་བསྟན་པའི་ཕྱིར། བློ་གྲོས་ངན་པས་བྱས་པ་ནི་
རྗེས་སུ་འཕྲོག་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བློ་གྲོས་ངན་པ་ཞེས་བྱ་བ་ནི། བློ་གྲོས་བཟང་པོ་མ་ཡིན་པ་བློ་གྲོས་མི་མཛེས་པ་སྟེ། དེས་བྱས་པའི་འཕྲོག་པ་ནི་འདི་ལྟ་སྟེ། ཡི་ཆད་པར་གྱུར་ཅིག །ཅོ་དྲིས་པར་གྱུར་ཅིག །གནོད་པར་གྱུར་ཅིག །མཐུ་བསྟན་པར་གྱུར་ཅིག །ཅེས་དེ་ལྟ་
བུས་དབྲོག་པར་བྱས་ནས་ཕྱིར་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། བློ་གྲོས་ངན་པ་དེས་དབྲོག་པར་བྱེད་པ་གང་ཡིན་པ་དེ་ནི་རྗེས་སུ་འཕྲོག་པ་ཉིད་ཡིན་ཏེ། དངོས་གཞིའི་ཁ་ན་མ་ཐོ་བའི་རྗེས་སུ་མཐུན་པ་ཉིད་ཀྱི་ཉེས་བྱས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་རྒོད་
པའི་བསམ་པས་དུས་ཅུང་ཟད་ཙམ་ཞིག་སེམས་གདུང་བར་བྱའོ་སྙམ་ནས་ཆོས་གོས་ལ་སོགས་པ་འཕྲོག་པར་བྱེད་ན་འཕྲོག་པ་དེ་ཡོངས་སུ་རྫོགས་པ་མ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་ལ། སྦྱོར་བ་ལ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །རིགས་པའི་དོན་གྱི་དབང་གིས་བྱས་པའི་འཕྲོག་པ་ལ་ནི་ཉེས་
པ་མེད་པར་བསྟན་པའི་ཕྱིར། གནོད་པ་དང་མི་ཕན་པར་བྱེད་པ་ལ་འཇུག་པའི་བགེགས་བྱ་བའི་ཕྱིར་ནི་ལྟུང་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། གནོད་པ་བྱེད་པའི་ཕྱིར་གནོད་པ་བྱེད་པ་སྟེ། གནོད་པ་ནི་ཚེ་འདིའི་ལུས་ལ་གནོད་པར་འགྱུར་བའོ། །མི་ཕན་པ་བྱེད་པའི་ཕྱིར་མི་ཕན་པ་བྱེད་པ་སྟེ། མི་ཕན་
པ་ནི་འཇིག་རྟེན་ཕ་རོལ་དུ་འབྲས་བུ་མི་འདོད་པ་འབྱིན་པའི་སེམས་ཀུན་ནས་ཉོན་མོངས་པའོ། །དེ་ལྟར་གནོད་པ་བྱེད་པ་དང་། མི་ཕན་པ་བྱེད་པ་ལ་འཇུག་པ་གང་ཡིན་པའི་འཇུག་པ་དེའི་བགེགས་བྱ་བའི་ཕྱིར་ཞེས་བྱ་བ་བར་ཆད་བྱ་བའི་ཕྱིར་ཆོས་གོས་ལ་སོགས་པ་འཕྲོག་པ་ལ་ནི་ལྟུང་བ་མེད་དོ། །

འདི་སྐད་བསྟན་ཏེ། རྐུན་པོ་དང་། ཆུ་ཀླུང་དང་། སྟག་གི་འཇིགས་པ་ལ་སོགས་པ་གནོད་པ་བྱེད་པའི་ནང་དུ་འཇུག་པ་དང་། སྡིག་པ་དང་སྟེན་ཅིང་འབྲས་བུ་མི་འདོད་པ་འབྱིན་པ་ལ་སོགས་པ་མི་ཕན་པ་བྱེད་པ་ལ་འཇུག་པའི་བགེགས་བྱ་ཞིང་བར་ཆད་བྱ་བའི་ཕྱིར་ཆོས་
གོས་ལ་སོགས་པ་འཕྲོག་པར་བྱེད་ན་དེ་ལ་ནི་ལྟུང་བ་མེད་དོ། །དེ་ལྟར་ཡང་གཞུང་ནི་དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱི་ཕྱིར་ནི་ལྟུང་བ་མེད་དེ། ཇི་ལྟར་དོན་གཞན་གྱིས་ཤེ་ན། འདི་ལྟ་སྟེ་སློབ་དཔོན་དང་མཁན་པོའི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་འཇིགས་པ་དང་བཅས་པའི་
ཕྱོགས་སུ་དུས་མ་ཡིན་པ་དང་། ཆུ་ཀླུང་གི་ཁའམ་ཡུར་པོ་ཆེའི་ཁར་འགྲོ་བ་དེ་དག་ལ་སློབ་དཔོན་དང་མཁན་པོས་ཆོམ་རྐུན་དང་གཡོན་ཅན་དག་གིས་གོས་འཕྲོག་པར་གྱུར་ན་མི་རུང་ངོ་སྙམ་པས་འཕྲོག་གམ་འཕྲོག་ཏུ་འཇུག་པ་ལྟ་བུ་ཡིན་ནོ། །ཇི་ལྟར་འདུལ་བའི་ཡོ་བྱད་ཀྱིས་ཤེ་ན། འདི་ལྟ་
སྟེ་དགེ་སློང་རྣམས་ཀྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་སྡིག་པའི་གྲོགས་པོ་དང་། སྡིག་པའི་ཟླ་བོ་དང་། སྡིག་པའི་བསྟེན་གྲོགས་དང་། ལྷན་ཅིག་སྡིག་པ་བསྟེན་ཅིང་ལམ་དུ་འགྲོ་བར་གྱུར་ན་དེ་དག་ལ་མཁན་པོ་དང་སློབ་དཔོན་གྱིས་འདི་དག་སྡིག་པའི་གྲོགས་པོ་དང་། སྡིག་
པའི་ཟླ་བོ་དང་། སྡིག་པའི་བསྟེན་གྲོགས་ལ་བསྙེན་པར་གྱུར་ན་མི་རུང་ངོ་སྙམ་པས་གོས་དག་འཕྲོག་གམ་འཕྲོག་ཏུ་འཇུག་པ་ལྟ་བུའོ་ཞེས་གསུངས་པ་ཡིན་ནོ། །འཕྲོག་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འདི་ལྟར་སོ་སོར་ཐར་པ་དང་རྣམ་པར་འབྱེད་པ་ལས་འཕྲོག་
པའི་སྤང་བའི་འོག་ཏུ་བརྟད་པ་ལས་བྱུང་བའི་སྤང་བ་འབྱུང་མོད་ཀྱི། ཞུ་བ་ལས་འཕྲོག་པའི་སྤང་བའི་འོག་ཏུ་ཞག་བདུན་ན་འབྲལ་བའི་སྤང་བ་འབྱུང་བས་ཞུ་བའི་གཞུང་ཁས་བླངས་ཏེ། གོ་རིམས་ཀྱི་གནས་མ་ཡིན་པར་ཞག་བདུན་ན་འབྲལ་བའི་སྤང་བ་ཉིད་ཉེ་བར་གཞག་ནས་དུས་གཞན་གྱི་
རྒྱུ་ལས་བྱུང་བའི་ལྟུང་བ་དག་སྐབས་གཅིག་ཏུ་རྣམ་པར་གཞག་པའི་ཕྱིར། དགོན་པ་བའི་ཆོས་གོས་གཅིག་ལ་ནི་འཇིགས་པ་དང་བཅས་པ་ཉིད་ཡིན་ན་གྲོང་ཡང་རང་གི་གནས་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དགོན་པ་བའི་ཆོས་གོས་གཅིག་ལ་ནི་ཞེས་བྱ་བ་ནི། ཆོས་གོས་གསུམ་

ལས་གང་ཡང་རུང་བ་ཅིག་གི་ཕྱིར་རོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་ཞེས་བྱ་བ་ནི། དགེ་སློང་དགོན་པ་པའི་རང་གི་གནས་དགོན་པ་དེ་རྐུན་པོ་ལ་སོགས་པ་དག་གི་འཇིགས་པ་དང་བཅས་པ་ཉིད་ཡིན་ནའོ། །གྲོང་ཡང་ཞེས་བྱ་བ་དགོན་པ་དེའི་སྤྱོད་ཡུལ་དུ་གྱུར་པའི་གྲོང་གང་ཡིན་པ་ཡང་
ངོ་། །རང་གི་གནས་དང་འདྲའོ་ཞེས་བྱ་བ་ནི། དགེ་སློང་དགོན་པ་པ་རང་གི་གནས་དགོན་པ་བ་དང་འདྲ་བར་ཤེས་པར་བྱ་བའོ། །འདི་སྐད་བསྟན་ཏེ། ཇི་ལྟར་དགེ་སློང་དགོན་པ་བའི་རང་གི་གནས་ན་འདུག་པའི་ཆོས་གོས་ལས་འབྲལ་བའི་ཉེས་པ་འབྱུང་བར་མི་འགྱུར་བ་དེ་བཞིན་དུ་རྒྱལ་པོ་དང་
རྐུན་པོ་ལ་སོགས་པའི་དབང་གིས་འཇིགས་པ་དང་བཅས་པ་ཉིད་ཡིན་ན། ཆོས་གོས་གཅིག་དགོན་པའི་སྤྱོད་ཡུལ་དུ་གྱུར་པའི་གྲོང་དུ་བཞག་སྟེ། ཆོས་གོས་གཅིག་པོ་དེ་དང་གནས་ཐ་དད་པ་ཡིན་དུ་ཟིན་ཀྱང་། ཞག་དྲུག་ཚུན་ཆད་དུ་འབྲལ་བའི་ཉེས་པར་མི་འགྱུར་རོ། །འདིར་གཞུང་ནི་ཆོས་གོས་
གསུམ་ལས་ཆོས་གོས་གང་ཡང་རུང་བ་ཅིག་ཁྱིམ་གཞན་དུ་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་དེར་ནི་དབྱར་ཕྱི་མ་ཞེས་སྨོས་ཏེ། དབྱར་ཕྱི་མར་གྱུར་པ་ཞེས་གསུངས་མོད་ཀྱི། འདིར་ནི་དེ་ཁས་མི་བླང་སྟེ། ལྟུང་བ་བསྟན་པ་ལས་དེ་ལ་མི་བརྟེན་པའི་ཕྱིར་ཏེ། དགེ་སློང་དགོན་
པ་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ། །དེ་ལས་འདས་པར་བྲལ་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །གླེང་གཞིའི་དབང་གིས་ནི་སོ་སོར་ཐར་པའི་མདོ་ལ་སོགས་པ་དབྱར་ཕྱི་མ་ཞེས་སྨོས་པ་མཛད་དོ། །འབྲལ་བའི་དུས་
ཀྱི་མཚམས་བརྗོད་པར་འདོད་ནས་དེས་དོན་གྱི་དབང་གིས་གྲོང་གཞན་ན་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་འབྲལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེས་ཞེས་བྱ་བ་ནི་དགེ་སློང་དགོན་པ་བས་སོ། །དོན་གྱི་དབང་གིས་ཞེས་བྱ་བ་ནི། ཆོས་དང་ལྡན་པའི་དགོས་པའི་དབང་གིས་སོ། །གྲོང་གཞན་
ན་འདུག་པ་དེ་ལས་ཞེས་བྱ་བ་ནི། ཆོས་གོས་གཅིག་དགོན་པའི་སྤྱོད་ཡུལ་དུ་གྱུར་པའི་གྲོང་གཞན་དུ་གཞག་ཅིང་འདུག་པ་དེ་ལས་སོ། །གལ་ཏེ་སྤྱོད་ཡུལ་དུ་གྱུར་པའི་གྲོང་ཡང་འཇིགས་པ་དང་བཅས་པར་གྱུར་ན། དེའི་ཚེ་གྲོང་གཞན་དུ་ཡང་གཞག་པར་བྱའོ་ཞེས་བསྡུ་བའི་ཕྱིར་གྲོང་

གཞན་ཞེས་སྨོས་སོ། །གནས་དགོན་པ་དེ་ན་ཆོས་གོས་འཆང་བ་དེའི་ཉེན་ཀོར་འདོམ་གང་ལ་སོགས་པ་གང་ཡིན་པ་དེ་ལས་ཕྱི་རོལ་དུ་སྐྱ་རེངས་ཤར་བ་ནི་འདིར་འབྲལ་བ་ཡིན་པར་རིག་པར་བྱའོ། །དུས་ཇི་སྲིད་ཅིག་ཏུ་དགོས་པའི་དབང་གིས་འབྲལ་དུ་གནང་ཞེ་ན།
དེའི་ཕྱིར་ཞག་དྲུག་ཚུན་ཆད་དུ་ཞེས་བྱ་བ་སྨྲས་ཏེ། ཞག་དྲུག་པའི་མཐར་ཐུག་ཅིང་ཞག་བདུན་པའི་སྐྱ་རེངས་མ་ཤར་བ་ཚུན་ཆད་དུའོ། །འབྲལ་བར་བྱའོ་ཞེས་བྱ་བ་ནི་ཆོས་གོས་ཀྱི་གནས་མཚམས་དག་ལས་གཞན་དུ་ཡང་སྟེ། མཚམས་ཀྱི་ཕྱི་རོལ་དུ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་
བསྟན་ཏེ། དགེ་སློང་དགོན་པ་པས་ཆོས་དང་ལྡན་པའི་དགོས་པའི་དབང་གིས་ན་ཆོས་གོས་གྲོང་གཞན་ན་འདུག་པའམ། རང་གི་གནས་ན་འདུག་པ་དེ་ལས་ཞག་དྲུག་ཚུན་ཆད་དུ་གཞན་དུ་འབྲལ་བར་བྱའི། དེ་ལས་ལྷག་པར་ནི་མི་བྱའོ། །ལྷག་པ་ལ་ནི་བག་ཡངས་མེད་དོ་ཞེས་བྱ་བ་ནི། ཞག་དྲུག་
པ་ལས་ལྷག་པ་ཞག་བདུན་པ་ལ་ནི་འབྲལ་བར་གནང་བའི་བག་ཡངས་མེད་དེ་ལྟུང་བར་འགྱུར་བའོ། །འདི་སྐད་བསྟན་ཏེ། ཞག་བདུན་པའི་སྐྱ་རེངས་ཤར་ན་ནི་འབྲལ་བ་ཞེས་བྱ་བའི་ལྟུང་བ་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །བར་ཆད་ཀྱི་དབང་གིས་མ་འོངས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི། དགོན་
པ་པ་གཞན་དུ་སོང་བ་རྐུན་པོ་ལ་སོགས་པ་བར་ཆད་ཀྱི་དབང་གིས་ཞག་དྲུག་ལས་ལྷག་པར་ཕྱིར་མ་འོངས་ཤིང་ཞག་བདུན་པ་ལ་སོགས་པར་ཐལ་བ་ལ་ནི་ཉེས་པ་མེད་པའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་དགོན་པ་པ་མཚམས་ཀྱི་ཕྱི་རོལ་དུ་སོང་བ་རྐུན་པོ་ལ་སོགས་པ་གནོད་པ་བྱེད་པའི་
འཇིགས་པས་ཞག་དྲུག་ལས་ལྷག་པར་ཕྱིར་མ་འཁོར་ན་དེ་ལྟ་ན་ཡང་འབྲལ་བར་མི་འགྱུར་བར་བག་ཡངས་སུ་གནང་ངོ་། །འདིར་གཞུང་ནི་བཙུན་པ་དགེ་སློང་དགོན་པ་བས་གྲོང་གཞན་དུ་ཆོས་གོས་བཞག་སྟེ། བགྱི་བ་འགའ་ཞིག་གི་སླད་དུ་མཚམས་ཀྱི་སླད་རོལ་དུ་མཆི་ཞིང་། དེ་ཉིད་དུ་སླར་ལོག་
པར་བགྱིའོ་སྙམ་པ་ལས་གལ་ཏེ་དེ་ལ་བར་ཆད་འགའ་ཞིག་བྱུང་ནས་སླར་མཆི་བར་རྔོ་མ་ཐོགས་ན་ཆོས་གོས་དེ་དང་བྲལ་ཞེས་བགྱིའམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་འདི་ལྟར་རྣམ་པར་རྟོག་སྟེ། གལ་ཏེ་དགེ་སློང་གིས་བདག་གིས་ཞག་དྲུག་ཕྱི་རོལ་དུ་འགྲོ་བར་བྱའོ་སྙམ་

དུ་བརྣག་པ་སྔོན་དུ་བྱས་ཏེ། འགྲོ་ཞིང་ཞག་དྲུག་པ་ལས་འདས་པ་ལ་ནི་འབྲལ་བའི་ཉེས་པ་འདི་མེད་པ་ཡིན་གྱི། གལ་ཏེ་དེ་ལྟར་བརྣག་པ་མ་བྱས་པར་ཉིན་གཅིག་གམ་མཚན་གཅིག་འགྲོ་བར་བརྣགས་ཏེ་སོང་བ་ལས་ཞག་དྲུག་འདས་པ་དེ་ལ་ནི་ཉེས་པ་ཁོ་ནར་འགྱུར་རོ་སྙམ་དུ་རྟོག་པ་དག་ཡོད་པས་དེ་
བསྩལ་བའི་ཕྱིར། འདིར་ཞག་དྲུག་ཏུ་འགྲོ་བ་ཧ་ཅང་ཐལ་བ་ཉིད་ལ་ནི་བརྣག་པ་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་གཞི་འདིར་བརྣག་པ་ནི་ཡན་ལག་མ་ཡིན་ཏེ། འདི་ལྟར་ཞག་དྲུག་ཏུ་འགྲོ་བའི་དུས་དེ་ལས་ཧ་ཅང་ཐལ་བར་བྱའོ་སྙམ་པའི་བརྣག་པ་དེ་ནི་ཉེས་པར་འགྱུར་བའི་ཡན་
ལག་མ་ཡིན་ཏེ། བརྣག་པ་མེད་པར་ཇི་ལྟར་སོང་ཡང་རུང་སྟེ། ཉིན་མཚན་གཅིག་ཏུ་བརྣགས་ཏེ་སོང་བ་ལས་ཞག་དྲུག་ལས་འདས་པར་གྱུར་ལ་ཉིད་པ་ཡང་ཉེས་པ་མེད་དོ། །ཞག་བདུན་ན་འབྲལ་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་དབྱར་གྱི་རས་ཆེན་གྱི་སྤང་བ་བརྗོད་
པར་འདོད་ནས། བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོའི་ཟླ་བ་སྔ་མའི་དང་པོ་ཚུན་ཆད་ནས་དབྱར་གྱི་རས་ཆེན་བཙལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དབྱར་གྱི་རས་ཆེན་འདི་ཚོལ་བའི་དགེ་སློང་གིས་བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོ་ཞེས་བྱ་བ་ནི། དགེ་སློང་དེ་བདག་ཉིད་དབྱར་
གནས་པར་ཁས་བླངས་པའི་ཉི་མ་གང་ཡིན་པ་དེའི་ཉིན་མོ་སྟེ། དབྱར་གནས་པར་ཁས་བླངས་པ་སྔ་མའི་ཉིན་མོ་ནི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གོ། །དབྱར་གནས་པར་ཁས་བླངས་པ་ཕྱི་མའི་ཉིན་མོ་ནི་དབྱར་ཟླ་ཐ་ཆུངས་ཚེས་བཅུ་དྲུག་གོ། །དེ་ནི་བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོ་
སྟེ། དེའི་ཟླ་བ་སྔ་མ་ནི་དབྱར་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་རམ། དབྱར་ཟླ་འབྲིང་པོའི་ཉ་ནས་དབྱར་ཟླ་ཐ་ཆུངས་ཉའི་བར་རོ། །དེ་ནི་བདག་ཉིད་གནས་པར་ཁས་བླངས་པའི་ཉིན་མོའི་ཟླ་བ་སྔ་མ་སྟེ། དེའི་ཉི་མའི་དང་པོ་ནི་དབྱར་ཟླ་ར་བ་ཚེས་བཅུ་དྲུག་གམ་དབྱར་ཟླ་འབྲིང་པོ་ཚེས་
བཅུ་དྲུག་གོ། །ཚུན་ཆད་ནས་ཞེས་བྱ་བ་ནི། ཉི་མ་དང་པོ་དེ་གཉིས་དང་པོར་བྱས་ནས་དེ་ཚུན་ཆད་ནས་སོ། །དབྱར་གྱི་རས་ཆེན་བཙལ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བཙལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་དབྱར་

གྱི་གོས་རས་ཆེན་ཚོལ་བར་བྱེད་ན་གང་གི་ཚེ་དབྱར་སྔ་མར་གནས་པར་ཁས་ལེན་ན་ནི་དེའི་ཚེ་དབྱར་ཟླ་ར་བ་ཚེས་བཅུ་དྲུག་ནས་བརྩམས་ནས་དགེ་སློང་དེས་ཇི་སྲིད་དབྱར་གྱི་གོས་རས་ཆེན་འཆང་བར་གནང་བའི་དུས་ཀྱི་མཐའ་ཚུན་ཆད་ཀྱི་བར་དུ་དབྱར་གྱི་རས་ཆེན་བཙལ་བར་བྱའོ། །
གལ་ཏེ་གང་གི་ཚེ་དབྱར་ཕྱི་མར་གནས་པར་ཁས་ལེན་ན་ནི་དེའི་ཚེ་དབྱར་ཟླ་འབྲིང་པོ་ཚེས་བཅུ་དྲུག་ནས་བརྩམས་ནས་དགེ་སློང་དེས་ཇི་སྲིད་དུ་དབྱར་གྱི་གོས་རས་ཆེན་འཆང་བར་གནང་བའི་དུས་ཀྱི་མཐའ་ཚུན་ཆད་དུ་དབྱར་གྱི་རས་ཆེན་བཙལ་བར་བྱ་སྟེ། མདོ་འདིས་ནི་དབྱར་གྱི་རས་ཆེན་དང་པོ་བཙལ་
བའི་དུས་བསྟན་ཏོ།། །།ད་ནི་བཅང་བའི་དུས་བརྗོད་པར་འདོད་ནས། བདག་ཉིད་ཀྱི་དབྱར་གྱི་འོག་གི་ཟླ་བ་ཕྱེད་ཀྱི་མཐའི་བར་དུ་བཅང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དེའི་དབྱར་གནས་པར་ཁས་བླངས་པའི་དབང་གིས་བདག་ཉིད་ཀྱི་དབྱར་སྔ་མའམ་ཕྱི་མ་རྣམ་པར་གཞག་པ་གང་ཡིན་པ་
དེའི་འོག་མར་གྱུར་པ་དུས་ཕྱིས་འབྱུང་བའི་ཟླ་བ་ཕྱེད་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་དབྱར་གྱི་འོག་གི་ཟླ་བ་ཕྱེད་ཡིན་ནོ། །དེའི་མཐའ་ནི་མཐར་ཐུག་པར་གྱུར་པ་སྟེ། དུས་དེ་སྲིད་ཀྱི་བར་དུ་དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་དེས་དབྱར་གནས་པར་
ཁས་བླངས་པ་སྔ་མར་ཁས་ལེན་པར་འདོད་ན་ནི། དེའི་ཚེ་དབྱར་ཟླ་ར་བ་ཚེས་བཅུ་དྲུག་ནས་བརྩམས་ནས་སྟོན་ཟླ་ཐ་ཆུངས་ཚེས་ཀྱི་བར་དུ་ཟླ་བ་ཕྱེད་དང་ལྔར་དབྱར་གྱི་གོས་རས་ཆེན་དེ་བཅང་བའི་དུས་ཡིན་ནོ། །གལ་ཏེ་དགེ་སློང་དེས་དབྱར་གནས་པར་ཁས་བླངས་པ་ཕྱི་མར་ཁས་ལེན་པར་འདོད་ན་ནི།
དེའི་ཚེ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་བརྩམས་ནས་དགུན་ཟླ་ར་བ་ཚེས་ཀྱི་བར་དུ་ཟླ་བ་ཕྱེད་དང་ལྔར་དབྱར་གྱི་གོས་རས་ཆེན་དེ་བཅང་བའི་དུས་ཡིན་ཏེ། དེ་ལས་ཐལ་བར་འཆང་དུ་ནི་མི་གནང་ངོ་། །དེ་ལྟ་བས་ན་འདིར་སྟོན་ཟླ་ཐ་ཆུངས་ཚེས་གཅིག་གམ། དགུན་ཟླ་ར་བ་ཚེས་གཅིག་གི་
སྐྱ་རེངས་དང་པོ་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་དབྱར་གྱི་རས་ཆེན་རུང་བ་མ་ལགས་པ་དགུན་ཟླ་ཕྱེད་དང་ལྔ་ལས་འདས་པར་འཆང་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་ལ་

དབྱར་གྱི་རས་ཆེན་གྱི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་སྔོན་དང་ཕྱི་མ་གཉིས་ལས་དེ་མ་ཡིན་པའི་དུས་གཉིས་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བཙལ་བའི་དུས་བསྟན་པ་བས་སྔོན་རོལ་གྱི་དུས་གང་ཡིན་པ་དང་། བཅང་བའི་དུས་བསྟན་པ་བས་ཕྱི་མའི་དུས་གང་ཡིན་པའི་དུས་སྔ་མ་དང་ཕྱི་མ་
དེ་གཉིས་ནི་འདིར་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། དབྱར་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་ཞེས་བྱ་བའི་ཟླ་བས་སྔོན་རོལ་གྱི་དུས་གང་ཡིན་པ་དང་། སྟོན་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ཐ་ཆུངས་ཚེས་ཞེས་བྱ་བའི་བར་གྱི་ཟླ་བ་ཕྱེད་ཀྱི་འོག་མའི་དུས་དེ་གཉིས་ནི་
ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །ཡུལ་གང་ལ་དེ་གཉིས་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་རེ་ཞིག་འཆང་བ་ལ་ནི་གཞན་དུ་འཆང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འཆང་བའི་དུས་སྔར་བསྟན་པ་ལས་གཞན་པའི་དུས་སུ་འཆང་ན་དངོས་གཞིའི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ། །སྔར་
བཙལ་བ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་བཙལ་བའི་དུས་སྔར་བསྟན་པ་བས་སྔོན་རོལ་གྱི་དུས་གང་ཡིན་པའི་དུས་དེར་བཙལ་ན་བཙལ་བ་ཙམ་ལ་སྦྱོར་བ་ཞེས་བྱ་བ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །དངོས་གཞིའི་ཁ་ན་མ་ཐོ་བའི་ཡུལ་གང་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་གྲུབ་ན་མཐའིའོ་
ཞེས་བྱ་བ་སྨྲས་ཏེ། བཙལ་བའི་དུས་བསྟན་པ་བས་སྔོན་རོལ་གྱི་དུས་སུ་དབྱར་གྱི་རས་ཆེན་དེ་གྲུབ་ན་སྔོན་རོལ་གྱི་དུས་དེ་མཐའི་ཞེས་བྱ་བ་དངོས་གཞིའི་ཁ་ན་མ་ཐོ་བའི་བྱེད་པ་པོ་ཉིད་ཡིན་ནོ། །དུས་སྔ་ཞིག་ཏུ་གང་ཚོལ་བ་རྩོམ་པར་བྱེད་ཅིང་རིགས་པའི་དུས་སུ་ཐོབ་པར་བྱེད་པ་གང་ཡིན་པ་དེ་ནི།
སྦྱོར་བའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་བ་ཡིན་གྱི་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་བ་ནི་མ་ཡིན་ནོ། །རྙང་རྙིང་ལ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ནི། དབྱར་གྱི་གོས་རས་ཆེན་རྙང་རྙིང་དུ་གྱུར་ཅིང་དེངས་པ་ཞིག་བཙལ་བའི་དུས་མ་ཡིན་པར་བཙལ་བ་དང་ཐོབ་ནས་དུས་ལས་ཡོལ་བར་འཆང་བར་བྱེད་པ་ལ་
ནི་ན་སྨད་པ་ཉིད་དེ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་དབྱར་གྱི་གོས་རས་ཆེན་རྙང་རྙིང་དུ་གྱུར་པ་ཞིག་ཟླ་བ་ཕྱེད་དང་ལྔ་ལས་ལྷག་པར་འཆང་ན་ཉེས་བྱས་སོ། །དེ་བཞིན་དུ་དབྱར་གྱི་གོས་རས་ཆེན་བུག་རྡོལ་དུ་གྱུར་པ་ཧ་ཅང་ཚོགས་ཏེ་ཚོལ་བར་བྱེད་ན་ཡང་ཉེས་

བྱས་སོ་ཞེས་གསུངས་པ་ཡིན་ནོ། །དབྱར་གནས་པར་ཁས་བླང་བ་དང་འབྲེལ་བའི་བྱ་བ་དག་ནི་མང་དུ་སྣང་ན་ཅི་བྱ་བ་གང་དག་དབྱར་གནས་པར་ཁས་བླང་བ་སྔ་མ་དང་འབྲེལ་བ་དེ་དག་ཉིད་དབྱར་གནས་པར་ཁས་བླང་བ་ཕྱི་མ་དང་འབྲེལ་བ་དག་ཀྱང་ཡིན་ནམ་ཞེ་ན། དེའི་ཕྱིར་
དེའི་རྗེས་སུ་འགྲོ་བ་ནི་ཁས་བླང་བ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེའི་རྗེས་སུ་འགྲོ་བ་ཞེས་བྱ་བ་ནི། ཁས་བླང་བའི་རྗེས་སུ་འགྲོ་བ་ཁས་བླང་བ་དང་འབྲེལ་བ་ཁས་བླང་བ་ལ་བརྟེན་ནས་བྱ་བ་གང་འབྱུང་བར་འགྱུར་བའོ། །ཁས་བླང་བ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ནི། དེ་ཐམས་ཅད་ཁས་
བླང་བའི་རྗེས་སུ་མཐུན་པ་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་དབྱར་གནས་པར་ཁས་བླང་བ་སྔ་མར་ཁས་ལེན་པར་བྱེད་ན་ནི་དགེ་སློང་དེས་དབྱར་གནས་པར་ཁས་བླང་བ་སྔ་མ་དང་འབྲེལ་བའི་བྱ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་དེ་ཉིད་དུ་བྱའོ། །འོན་ཏེ་དགེ་སློང་དབྱར་
གནས་པར་ཁས་བླང་བ་ཕྱི་མར་ཁས་ལེན་པར་བྱེད་ན་ནི། དགེ་སློང་དེས་དབྱར་གནས་པར་ཁས་བླང་བ་ཕྱི་མ་དང་འབྲེལ་བའི་བྱ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་དེ་ཉིད་དུ་བྱ་སྟེ། འདི་ལྟ་སྟེ། མཐའི་ཞག་བཅུ་ལ་བརྟད་པ་ལས་བྱུང་བའི་གོས་བླང་ངོ་ཞེས་གསུངས་པ་ནི་བདག་ཉིད་ཀྱི་དབྱར་གྱི་མཐའི་
ཞག་བཅུ་གང་ཡིན་པ་ལ་བྱ་སྟེ། སྟོན་ཟླ་འབྲིང་པོའི་ཚེས་ལྔ་ནས་ཉའི་བར་གྱི་ཞག་བཅུ་འམ། སྟོན་ཟླ་ཐ་ཆུངས་ཚེས་ལྔ་ནས་ཉའི་བར་གྱི་ཞག་བཅུ་ལ་བྱ་བ་ལྟ་བུའོ། །དེ་ལྟར་ན་གནས་པར་བྱ་བའི་དབྱར་གྱི་ཚད་ལས་ལྟོས་ནས་དབྱར་གྱི་རས་ཆེན་བཙལ་བ་དང་བཅང་བ་ཁོང་དུ་ཆུད་པར་བྱའོ། །
དེ་བཞིན་དུ་དགག་དབྱེ་ཡང་སྟོན་ཟླ་འབྲིང་པོ་ཉའམ། སྟོན་ཟླ་ཐ་ཆུངས་ཉ་ལ་བྱ་བ་ལྟ་བུ་ཡིན་ནོ། །སྲ་བརྐྱང་གདིང་བ་ནི་དབྱར་གནས་པར་ཁས་བླང་བ་སྔ་མ་ཤོས་དང་འབྲེལ་བ་ཁོ་ན་ཡིན་ནོ། །དབྱར་གྱི་རས་ཆེན་གྱི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བརྟད་པ་ལས་བྱུང་བའི་སྤང་བ་ལ་
དོན་གང་ཞིག་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དབྱར་གྱི་རྙེད་པ་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དབྱར་གནས་པའི་ཕྱིར་རྙེད་པ་གང་ཡིན་པ་དེ་ནི་འདིར་དབྱར་གྱི་རྙེད་པ་ཞེས་བྱ་སྟེ། དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་གྱི། འཕྲལ་གྱི་མཆོད་སྟོན་ལ་སོགས་པའི་ཕྱིར་རྙེད་པ་གཞན་ནི་མ་ཡིན་

ནོ། །འདི་སྐད་བསྟན་ཏེ། དབྱར་གནས་པའི་ཕྱིར་བྱུང་བའི་རྙེད་པ་གང་ཡིན་པ་དེ་འདིར་ལྟུང་བའི་བྱེད་པ་པོ་ཉིད་ཡིན་གྱི། རྙེད་པ་གཞན་ནི་མ་ཡིན་ནོ། །ཇི་ཞིག་རྗེས་སུ་བསྒྲུབ་ན་དེ་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་ནའོ་ཞེས་བྱ་བ་སྨྲས་ཏེ།
དབྱར་གནས་པར་བྱ་བའི་ཟླ་བ་གསུམ་པོ་དག་གི་ནང་རོལ་དུ་དབྱར་གྱི་རྙེད་པ་བདག་གིར་བྱེད་ནའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་དབྱར་གནས་པའི་ཕྱིར་བྱུང་བའི་རྙེད་པ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་ན་དེའི་ཚེ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྤྱིར་བཏང་བ་བྱས་ནས་
དམིགས་ཀྱིས་བསལ་བར་བྱ་བར་འདོད་ནས། བརྟད་པའི་དབང་གིས་མཐའི་ཞག་བཅུ་ལ་རྙེད་པ་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། བརྟད་པའི་དབང་གིས་ཞེས་བྱ་བ་ནི། གློ་བུར་གྱི་དོན་གྱི་དབང་གིས་སོ། །མཐའི་ཞག་བཅུ་ལ་ཞེས་བྱ་བ་ནི། དབྱར་གནས་པར་བྱ་བའི་ཟླ་བ་
གསུམ་པོ་དག་གི་མཐའི་ཞག་བཅུ་པོ་ལས་ཏེ། སྟོན་ཟླ་འབྲིང་པོ་ཚེས་ལྔ་ནས་ཉའི་བར་རམ། སྟོན་ཟླ་ཐ་ཆུངས་ཚེས་ལྔ་ནས་ཉའི་བར་གྱི་ཞག་བཅུ་ལའོ། །རྙེད་པ་ནི་ཞེས་བྱ་བ་ནི་དབྱར་གནས་པའི་ཕྱིར་བྱུང་བའི་རྙེད་པའོ། །མ་གཏོགས་སོ་ཞེས་བྱ་བ་ནི། བདག་གིས་བྱས་ཀྱང་ཉེས་པ་མེད་
པའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་རྣམས་ཀྱིས་དགེ་སློང་དག་གི་རྙེད་པའི་བར་ཆད་ཀྱི་དབང་གིས་སམ། ཡོན་བདག་གི་བསོད་ནམས་ཀྱི་བར་ཆད་ཀྱི་དབང་གིས་མཐའི་ཞག་བཅུ་ལ་དབྱར་གནས་པའི་ཕྱིར་བྱུང་བའི་རྙེད་པ་བདག་གིར་བྱེད་ན་ཡང་དེའི་ཚེ་ཁ་ན་མ་ཐོ་བར་མི་འགྱུར་རོ། །
བརྟད་པ་ལས་བྱུང་བའི་གོས་ལྔ་པོ་ནད་པ་ལ་སྦྱིན་པ་དང་། ནད་པའི་ཕྱིར་སྦྱིན་པ་དང་། འཆི་བ་ལ་སྦྱིན་པ་དང་། ཤི་བའི་ཕྱིར་སྦྱིན་པ་དང་། འགྲོ་བར་ཆས་པ་ལ་སྦྱིན་པ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དཔེ་ཙམ་དུ་ཟད་དེ། རྒྱལ་པོ་དང་། ཆོམ་རྐུན་དང་། རིགས་རྒྱུད་དང་། ཆུ་ལ་སོགས་པས་
ཁྱེར་དུ་དོགས་པ་དང་། མཆོད་གནས་བགོ་སྐལ་ལ་གཏོགས་པ་འཆིར་དོགས་པ་ལ་སོགས་པ་དག་ཀྱང་ཡོངས་སུ་བསྡུ་བའི་ཕྱིར་གསུངས་པ་ཡིན་ནོ། །དེ་བགོས་ན་ཡང་ངོ་ཞེས་བྱ་བ་ནི་བརྟད་པ་ལས་བྱུང་བའི་རྙེད་པ་དེ་དབྱར་གྱི་ནང་ལོགས་སུ་བགོས་ན་ཡང་ལྟུང་བའི་བྱེད་པ་པོ་ཉིད་ཡིན་པའོ། །

འདི་སྐད་བསྟན་ཏེ། གལ་ཏེ་བརྟད་པ་ལས་བྱུང་བའི་རྙེད་པ་བདག་གིར་བྱས་པ་དེ་དབྱར་གྱི་ནང་ལོགས་སུ་འགོད་པར་བྱེད་ན་དེ་ལྟ་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་ལྟ་བས་ན་དབྱར་གྱི་ནང་གི་རྙེད་པ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་པ་འབའ་ཞིག་ལྟུང་བའི་བྱེད་
པ་པོ་ཉིད་ཡིན་པར་མ་ཟད་ཀྱི་བདག་གིར་བྱེད་པ་འདི་ཡང་ཡིན་ནོ། །འདིར་གཞུང་ནི་བླང་བར་བྱའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བརྟད་པ་ལས་བྱུང་བའི་རྙེད་པ་བདག་གིར་བྱས་ཀྱང་བགོ་བར་མི་བྱ་སྟེ། འགོད་ན་སྤང་བའི་ལྟུང་བྱེད་དུ་
འགྱུར་རོ། །དབྱར་གྱི་ནང་ལོགས་སུ་བྱུང་བའི་རྙེད་པ་བདག་གིར་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་ལ། འགོད་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གཙུག་ལག་ཁང་གང་དག་ན་ཆོས་གོས་ཀྱི་ཟོང་ངེས་པར་གྱུར་བ་ཡོད་པ་ནི་ཇི་སྲིད་དུ་མ་ཐོབ་པ་དེ་སྲིད་དུ་དེ་ལ་བདག་གིར་བྱ་བ་མི་འབྱུང་
ལ་ཐོབ་ན་ནི་བདག་གིར་བྱས་པ་ཡིན་ནོ། །མ་བགོས་ན་ཡང་ངོ་ཞེས་བྱ་བ་ནི། དེ་ཞེས་བྱ་བའི་རྗེས་སུ་སྦྱར་རོ། །བརྟད་པ་ལས་བྱུང་བའི་རྙེད་པ་དབྱར་དག་ལ་བྱུང་བ་དེ་གོས་སྦྱིན་པའི་དུས་སུ་མ་བགོས་པར་དེ་ལས་འདས་པར་བཅང་ན་ཡང་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ།
ལྟུང་བའི་བྱེད་པ་པོ་རྣམ་པ་གསུམ་པོ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱེད་པ་དང་། འགོད་པ་དང་མི་འགོད་པ་ཞེས་གསུངས་པ་རྣམ་པ་གསུམ་པོ་དེ་དག་ཐམས་ཅད་ནི་བདག་གིར་བྱེད་པ་དང་། འགོད་པ་དང་། མི་འགོད་པ་ཞེས་བྱ་བའི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་གྱི། སྦྱོར་བའི་
ནི་མ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གིས་དབྱར་གྱི་ནང་ཚུན་ཆད་དུ་དབྱར་གྱི་རྙེད་པ་འགོད་པར་བྱེད་དམ་གོས་སྦྱིན་པའི་དུས་ལས་འདས་པར་འཆད་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མ་བགོས་ན་ཡང་ངོ་ཞེས་སྤྱིར་གཏང་བ་
སྨྲས་པ་དེའི་དམིགས་ཀྱིས་བསལ་བ་སྨྲ་བར་འདོད་ནས། སྦྱིན་བདག་གི་ཚིག་གིས་དབང་མེད་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྦྱིན་བདག་འདི་སྐད་ཅེས་རེ་ཞིག་ཁྱེད་ཅག་གིས་མ་བགོ་ཤིག་བདག་མཆིས་ནས་རང་གི་ལག་ནས་དབུལ་ལོ་ཞེས་ཟེར་ན་དེའི་དབང་གིས་མ་བགོས་ན་ཡང་ཉེས་པ་མེད་

དོ། །སྦྱིན་བདག་གི་ཚིག་མེད་པར་མ་བགོས་ན་ནི་ཉེས་པ་ཁོ་ནར་འགྱུར་རོ། །དུས་གང་གི་ཚེ་མ་བགོས་ན་ཞེ་ན། དེའི་ཕྱིར་དགག་དབྱེའི་ཉིན་མོའི་ཕྱི་དེ་ཉིན་པར་དེ་སྦེད་པ་མ་བསྐོས་པ་རྣམས་ལའོ་ཞེས་བྱ་བ་སྨྲས་ཏེ། དགག་དབྱེའི་ཉིན་མོ་ཞེས་བྱ་བ་ནི། དབྱར་གནས་པར་ཁས་བླངས་པ་སྔ་
མའི་སྟོན་ཟླ་འབྲིང་པོ་ཉའོ། །དབྱར་གནས་པར་ཁས་བླངས་པ་ཕྱི་མ་ནི་སྟོན་ཟླ་ཐ་ཆུངས་ཉའོ། །དེའི་ཕྱི་དེ་ཉིན་པར་ཞེས་བྱ་བ་ནི། སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ། སྟོན་ཟླ་ཐ་ཆུངས་ཚེས་བཅུ་དྲུག་སྟེ། དུས་དེར་དབྱར་གྱི་རྙེད་པ་མ་བགོས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སུ་དག་
ལ་ཞེ་ན། དེའི་ཕྱིར་དེ་སྦེད་པ་མ་བསྐོས་པ་རྣམས་ལའོ་ཞེས་བྱ་བ་སྨྲས་ཏེ། གང་དག་གིས་དེ་སྦེད་པའི་དགེ་སློང་མ་བསྐོས་པ་དེ་དག་ནི་དེ་སྦེད་པ་མ་བསྐོས་པ་རྣམས་ཏེ། དེ་དག་ལའོ། །འདི་སྐད་བསྟན་ཏེ། དགེ་སློང་གང་དག་གིས་གོས་སྦེད་པའི་དགེ་སློང་མ་བསྐོས་པ་དེ་དག་གིས་དགག་དབྱེའི་
ཉིན་མོའི་ཕྱི་དེ་ཉིན་པར་གལ་ཏེ་དབྱར་གྱི་རྙེད་པ་འགོད་པར་མི་བྱེད་ན་དེའི་ཚེ་དེ་དག་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་སོ་སོར་ཐར་པའི་མདོ་ལས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་
ནོ། །དེ་བཞིན་དུ་དེའི་རྣམ་པར་འབྱེད་པ་ལས་ཀྱང་དགེ་སློང་གིས་གོས་སྦྱིན་པའི་དུས་དང་སྐབས་མ་ཡིན་པ་གང་ཡིན་ཞེ་ན། སྲ་བརྐྱང་མ་་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཚུན་ཆད་དོ། །སྲ་བརྐྱང་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཕན་ཆད་ནས་དཔྱིད་ཟླ་འབྲིང་པོ་ཉའི་བར་ཏེ།
དེ་ནི་དགེ་སློང་གི་ཆོས་གོས་སྦྱིན་པའི་དུས་མ་ཡིན་ལ་ལྷག་མ་རྣམས་ནི་དུས་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དབྱར་གནས་པར་ཁས་བླངས་པ་ཕྱི་མ་ཤོས་ངེས་པར་བྱས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཚུན་ཆད་དོ་ཞེས་གསུངས་པ་ཡིན་ནོ། །དབྱར་གནས་པར་ཁས་བླངས་པ་སྔ་མ་ལ་ནི་སྟོན་ཟླ་འབྲིང་
པོ་ཉ་ཚུན་ཆད་དུས་མ་ཡིན་ནོ། །འདི་སྐད་བསྟན་ཏེ། སྲ་བརྐྱང་མ་་བཏིང་བའི་གནས་ན་ནི་ཇི་སྲིད་དུ་སྲ་བརྐྱང་འདིང་བར་མི་བྱེད་ཀྱི་བར་དུ་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ཁོ་ན་གོས་སྦྱིན་པའི་དུས་ཡིན་ནོ། །དེ་ནི་མི་བསྐོ་བར་མི་བྱའོ་ཞེས་བྱ་བ་ནི། གོས་སྦེད་པའི་དགེ་སློང་དེ་མི་བསྐོ་བར་མི་བྱ་སྟེ།

བསྐོ་བ་ཁོ་ནར་བྱ་བའོ། །འདི་སྐད་བསྟན་ཏེ། གོས་བརྟད་པ་ལས་བྱུང་བ་དང་། དུས་སུ་བྱུང་བ་དང་། གཞན་ཡང་རུང་སྟེ། དེ་དག་སྦ་བའི་ཕྱིར་དགེ་སློང་བསྐོ་བར་བྱའོ། །འདི་ལྟར་རྣམ་པར་འབྱེད་པ་ལས་འཕྲོག་པའི་སྤང་བའི་འོག་ཏུ་བརྟད་པ་ལས་བྱུང་བའི་སྤང་བ་འབྱུང་
མོད་ཀྱི། འོན་ཀྱང་ཞུ་བ་ལས་གསུངས་པའི་གཞུང་ཁས་བླངས་ནས་རིམ་པ་འདི་ལྟར་བསྟན་ཏེ། དབྱར་གྱི་རས་ཆེན་དང་བརྟད་པ་ལས་བྱུང་བ་གཉིས་ཀྱིས་བཅང་བ་སྤྱིར་འདྲ་བ་ལ་བརྟེན་པར་བྱས་སོ། །བརྟད་པ་ལས་བྱུང་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་བསྔོས་པ་ལས་བསྒྱུར་
བའི་སྤང་བ་བརྗོད་པར་བྱ་སྟེ། ཅི་ཞིག་བྱས་ན་བསྔོས་པ་ལས་བསྒྱུར་བའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱིས་གང་ཟག་གཞན་ནམ་དགེ་འདུན་ལ་བསྔོས་པའི་གོས་ཤེས་བཞིན་དུ་བདག་ཉིད་ལ་བསྒྱུར་ཏེ་ཐོབ་ནའོ་ཞེས་བྱ་བ་སྨྲས་ཏེ། གཞན་གྱིས་ཞེས་བྱ་བ་ནི་ཡོན་བདག་གིས་སོ། །གང་ཟག་
གཞན་ནམ་ཞེས་བྱ་བ་ནི་གང་ཟག་གཞན་ལ་ལྟོས་པའི་གོས་སོ། །གཞན་ཞེས་དམིགས་ཀྱིས་སྨོས་པ་ནི་ལྟུང་བ་འབྱིན་པར་བྱེད་པ་ལས་གཞན་པའི་གང་ཟག་ལ་བསྔོས་པ་ཡིན་གྱི་ལྟུང་བ་འབྱིན་པར་བྱེད་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དགེ་འདུན་ལ་ཞེས་བྱ་བ་ནི། དགེ་འདུན་སྤྱི་ལ་
བསྔོས་པའི་གོས་སོ། །བསྔོས་པའི་ཞེས་བྱ་བ་ནི་ཡིད་ཀྱིས་ཕུལ་བའི་འོ། །གོས་ཞེས་བྱ་བ་ནི་གོས་ཀྱི་རྙེད་པ་ཡིན་གྱི། ཟས་ཀྱི་རྙེད་པ་ནི་མ་ཡིན་ཏེ། དེ་ལྟར་ཡང་འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ་ཞེས་གསུངས་པ་ཡིན་ནོ། །ཤེས་བཞིན་དུ་ཞེས་
བྱ་བ་ནི། གལ་ཏེ་དགེ་སློང་གིས་འདི་ལྟར་གོས་འདི་སྦྱིན་བདག་འདིས་གང་ཟག་གཞན་ནམ་དགེ་འདུན་ལ་བསྔོས་ཤིང་ཡིད་ཀྱིས་ཕུལ་བར་ཤེས་བཞིན་དུའོ་བདག་ཉིད་ལ་བསྒྱུར་ཏེ་ཞེས་བྱ་བ་ནི། ལྟུང་བ་འབྱིན་པར་བྱེད་པས་དེ་ལྟར་ཤེས་བཞིན་དུ་གོས་དེ་བདག་ཉིད་ཀྱི་ཡུལ་ལ་བསྒྱུར་དུ་བཅུག་སྟེའོ། །
ཐོབ་ནའོ་ཞེས་བྱ་བ་ནི་ཇི་སྐད་སྨོས་པའི་རྣམ་པ་དེ་དག་གིས་གོས་དེ་ཐོབ་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་བའོ། །འདི་ལྟར་སོ་སོར་ཐར་པའི་མདོ་ལས་ཡང་དགེ་སློང་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་བསྔོར་འཇུག་ན་སྤང་བའི་ལྟུང་བྱེད་དོ་ཞེས་དགེ་འདུན་གྱི་

འབའ་ཞིག་སྨོས་མོད་ཀྱི། འོན་ཀྱང་ལྟུང་བ་བསྟན་པ་ལས་གང་ཟག་ཀྱང་སྨོས་པའི་ཕྱིར། འདིར་གང་ཟག་གཞན་ནམ་ཞེས་གང་ཟག་ཀྱང་སྨོས་ཏེ། དགེ་སློང་གིས་གང་ཟག་གཅིག་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ཉིད་ལ་སྒྱུར་བར་བྱེད་ན་སྒྱུར་བར་བྱེད་པ་དེ་ལ་ཉེས་བྱས་སུ་འགྱུར་ལ། ཐོབ་ན་སྤང་
བའི་ལྟུང་བྱེད་དུ་འགྱུར་རོ། །དེ་ལྟར་འདིར་ཚིག་གི་དོན་འདི་འབྱུང་སྟེ། གལ་ཏེ་ཡོན་བདག་གཞན་འགའ་ཞིག་གིས་དགེ་འདུན་གྱི་ཕྱིར་རམ། གང་ཟག་གཞན་གྱི་ཕྱིར་གོས་ཤིག་དེ་ལ་སྦྱིན་ནོ་ཞེས་བསྔོས་པ་ལས་དགེ་སློང་གིས་ཀྱང་དེ་ལྟར་ཤེས་བཞིན་དུ་འོན་ཀྱང་བདག་ཉིད་ལ་སྒྱུར་བར་བྱེད་ན་སྒྱུར་
བར་བྱེད་པ་དེ་ལ་ཉེས་བྱས་སུ་འགྱུར་ལ་ཐོབ་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ཐོབ་ན་དངོས་གཞིར་འགྱུར་ན་བསྒྱུར་བ་ལ་ཁ་ན་མ་ཐོ་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་བསྒྱུར་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། ཟས་ཀྱི་རྙེད་པ་ལས་གཞན་པ་གོས་ཀྱི་རྙེད་པ་ལ་ནི། བསྒྱུར་བ་ལ་སྦྱོར་བར་
འགྱུར་བའི་ཉེས་བྱས་སོ། །ཟས་ཀྱི་རྙེད་པ་ལ་ནི་སྦྱོར་བ་ལ་ཡང་ཉེས་བྱས་ལ་དངོས་གཞི་ལ་ཡང་ཉེས་བྱས་སོ། །འདིར་ཉེ་དུ་མ་ཡིན་པ་ཉིད་ནི་ཡན་ལག་མ་ཡིན་ཏེ། འདི་ལྟར་ཞུ་བ་ལས་བཙུན་པ་བཅོམ་ལྡན་འདས་ཀྱིས་ཉེ་དུ་མ་ལགས་པ་ལས་གོས་ལེན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་
གསུངས་ན། དགེ་སློང་གིས་མ་ལས་གོས་ལེན་པར་བགྱིད་ཅིང་དེ་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་བ་མཆིས་སམ། ཡོད་དེ་གལ་ཏེ་དེས་དགེ་འདུན་གྱི་ཕྱིར་ཉེ་བར་གཞག་པ་ཡིན་ལ། དེ་དགེ་སློང་གིས་བདག་ཉིད་ལ་སྒྱུར་བར་བྱེད་ནའོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་འདིར་ཉེ་དུ་མ་ཡིན་པ་ཉིད་
ཡན་ལག་མ་ཡིན་པ་བཞིན་དུ་ཚིག་ཉིད་ཀྱང་དེ་དང་འདྲའོ། །གལ་ཏེ་འབྲལ་བར་བྱ་བ་དགེ་སློང་ཡིན་ན། དེ་ནི་ཡན་ལག་ཉིད་ཡིན་ནོ། །འདིར་གཞན་ལ་ཡང་ངོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི། བསྔོས་པ་ལས་བསྒྱུར་བའི་སྐབས་འདིར་རོ། །གཞན་ལ་ཡང་ངོ་ཞེས་བྱ་བ་ནི། གང་ཟག་གཞན་
ལ་བསྔོས་པ་གང་ཟག་གཞན་ལ་སྒྱུར་བར་བྱེད་ན་ཡང་ཉེས་བྱས་སུ་འགྱུར་བ་སྟེ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་ཉེས་བྱས་སོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་རོ། །དེའི་འབྲས་བུ་ལ་ཡང་ངོ་ཞེས་བྱ་བ་ལ། བསྒྱུར་བའི་འབྲས་བུ་ཐོབ་པ་སྟེ། ཐོབ་པ་ཞེས་བྱ་བ་དངོས་གཞིར་འགྱུར་བ་དེ་ལ་ཡང་ཉེས་

བྱས་ཁོ་ནའོ། །འདི་སྐད་བསྟན་ཏེ། བདག་ཉིད་ལས་གཞན་པ་ལ་སྒྱུར་བར་བྱེད་ན་དངོས་གཞི་ལ་ཡང་ཉེས་བྱས་ཡིན་ལ། སྦྱོར་བ་ལ་ཡང་ཉེས་བྱས་སོ། །གཞན་ལ་ཡང་ངོ་ཞེས་བྱ་བ་ལ། གོས་ཀྱི་རྙེད་པ་སྔར་བསྟན་པ་ལས་གཞན་པ་ནི་ཟས་ཀྱི་རྙེད་པ་སྟེ། ཟས་ཀྱི་རྙེད་
པ་དེ་ཡང་གཞན་ལ་སྒྱུར་བར་བྱེད་ན་སྦྱོར་བ་དང་དངོས་གཞི་གཉི་ག་ལ་ཉེས་བྱས་ཁོ་ནར་འགྱུར་བ་སྟེ། དཔེར་ན་མུ་ཏོ་བ་ཅིག་ལ་བསྔོས་པའི་ཟས་མུ་ཏོ་བ་གཞན་ལ་སྒྱུར་བར་བྱེད་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །དབྲལ་བ་དང་སྦྱར་བ་གཉི་ག་སེམས་ཅན་དུ་བགྲང་བ་ཉིད་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་
བ་ལ། དབྲལ་བ་ཞེས་བྱ་བ་ནི། རྙེད་པ་གང་ལས་བསྔོས་པ་ལས་དབྲོག་པར་བྱ་བའོ། །སྦྱར་བ་ཞེས་བྱ་བ་ནི། གང་ལ་སྦྱིན་པར་བྱ་བའོ། །དབྲལ་བ་དང་སྦྱར་བ་དེ་གཉི་ག་སེམས་ཅན་དུ་བགྲང་བ་ཉིད་མ་ཡིན་པ་ཞེས་བྱ་བ་ནི། འདིར་གནས་ཁང་ལ་སོགས་པ་དག་གོ་དེ་གཉིས་གཅིག་ལ་བསྔོས་པ་
གཅིག་ལ་སྒྱུར་བར་བྱེད་པ་ལ་ཡང་ཉེས་བྱས་སོ། །འདི་སྐད་བསྟན་ཏེ། གནས་ཁང་གཞན་ལ་བསྔོས་པའི་རྙེད་པ་དགེ་སློང་གི་ཁྲི་ལ་སོགས་པ་གཞན་ལ་སྒྱུར་བར་བྱེད་ན་སྦྱོར་བ་དང་དངོས་གཞི་གཉི་ག་ལ་ཉེས་བྱས་སུ་འགྱུར་རོ། །ཕྱོགས་གཅིག་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི། དབྲལ་བ་
དང་སྦྱར་བ་གཉིས་ཀྱི་ཕྱོགས་གཅིག་ཉིད་ལ་ཡང་ཉེས་བྱས་ཁོ་ནར་འགྱུར་བའོ། །འདི་སྐད་བསྟན་ཏེ། འདི་ལྟ་སྟེ་དཔེར་ན། ཐེམ་སྐས་ཀྱི་རིམ་པ་ཐམས་ཅད་ཐེམ་སྐས་གཅིག་གི་སྒྲར་འགྱུར་མོད་ཀྱི། འོན་ཀྱང་ཐེམ་སྐས་གཅིག་གི་ཕྱོགས་སུ་གྱུར་པའི་ཐེམ་སྐས་ཀྱི་རིམ་པ་གཅིག་ལ་ཡོན་བདག་
གིས་བསྔོས་པ་དགེ་སློང་གིས་ཐེམ་སྐས་ཀྱི་རིམ་པ་གཞན་དུ་སྒྱུར་བར་བྱེད་ན་གནས་སྐབས་གཉི་ག་ལ་ཡང་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །ལྷག་མ་ཟ་བ་དུད་འགྲོ་ལ་སོགས་པ་བཙལ་ཏེ་མ་རྙེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ལྷག་མ་ཟ་བ་དུད་འགྲོ་ལ་སོགས་པ་གང་ལ་བསྔོས་པ་དེ་བཙལ་ཏེ།
མ་རྙེད་ན་གཞན་ལ་བསྒྱུར་ན་ཡང་ལྟུང་བ་མེད་པའོ། །འདི་སྐད་བསྟན་ཏེ། ལྷག་མ་ཟ་བ་དུད་འགྲོ་ལ་སོགས་པ་གང་ལ་བསྔོས་པ་དེ་བཙལ་ཏེ། མ་རྙེད་ན་དེ་ལས་གཞན་པ་ལས་བསྒྱུར་ན་ཡང་ལྟུང་བ་མེད་དོ། །བདེ་བར་གཤེགས་པའི་སྐུ་གཟུགས་གཞན་ལ་ནི་གཡར་པོར་སྦྱིན་དུ་རུང་ངོ་

ཞེས་བྱ་བ་ནི། བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་སྐུའི་གཟུགས་བརྙན་གཞན་གྱི་རྒྱན་ལ་སོགས་པ་སྐུ་གཟུགས་གཞན་ལ་གཡར་པོར་རེ་ཞིག་གཡར་པོའི་ཚུལ་གྱིས་སྦྱིན་དུ་རུང་བའོ། །འདི་སྐད་བསྟན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གཟུགས་གཞན་
མངའ་བའི་རྒྱན་ལ་སོགས་པ་དག་གལ་ཏེ་སྐུ་གཟུགས་གཞན་ལ་མཆོད་པའི་ཕྱིར་གཡར་པོར་སྦྱིན་པར་བྱེད་ན་དེ་ལ་ཉེས་པ་མེད་དོ། །བསྔོས་པ་མི་སྦྱིན་ན་ཉེས་བྱས་སོ་ཞེས་བྱ་བ་ནི། ཆེ་གེ་མོ་ཞིག་ལ་སྦྱིན་ནོ་ཞེས་བསྔོས་པ་དེ་དེའི་འོག་ཏུ་དེ་ལ་སྦྱིན་པར་མི་བྱེད་ན་ཉེས་བྱས་སུ་འགྱུར་བའོ།། །།
བམ་པོ་ཉི་ཤུ་རྩ་གཉིས་པ། མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ། དགེ་འདུན་གྱིས་བྱིན་གྱིས་རློབ་པར་བྱེད་ནའོ་ཞེས་བྱ་བ་ནི། མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ། དགེ་འདུན་གྱིས་ཤི་བའི་ཡོ་བྱད་ལ་སོགས་པའི་རྙེད་པ་བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སོ། །འདི་སྐད་བསྟན་ཏེ། དགེ་འདུན་གྱི་རྙེད་
པར་བསྔོས་པ་དགེ་སློང་གིས་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ། བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མ་ཚོགས་པ་དག་གིས་འགོད་ནའོ་ཞེས་བྱ་བ་ནི། དགེ་སློང་ཇི་སྙེད་ཅིག་གིས་དེ་ལས་སྐལ་བ་མནོད་པར་བྱ་བ་དེ་དག་ཚོགས་པར་མ་གྱུར་པར་རྙེད་པ་འགོད་པར་བྱེད་ན། དེའི་ཚེ་
མ་ཚོགས་པར་འགོད་པའི་དགེ་སློང་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །བྱིན་གྱིས་མ་བརླབས་པར་ཡང་ངོ་ཞེས་བྱ་བ་ནི། ཤི་བའི་ཡོ་བྱད་ལ་སོགས་པའི་རྙེད་པ་བྱིན་གྱིས་མ་བརླབས་པར་དེ་འགོད་ན་ཡང་ཉེས་བྱས་སོ། །ཀུན་དབང་བའི་རྙེད་པ་དགེ་འདུན་ལས་གཅིག་གམ་གཉིས་སམ་གསུམ་གྱིས་
ལེན་ནའོ་ཞེས་བྱ་བ་ལ། ཀུན་དབང་བའི་རྙེད་པ་ཞེས་བྱ་བ་ནི། དབྱར་གྱི་རྙེད་པ་ལ་སོགས་པ་སྤྱིར་དབང་བ་སྟེ། དེ་དགེ་འདུན་ལས་དགེ་སློང་གཅིག་གམ་གཉིས་སམ་གསུམ་གྱིས་ལེན་ན་ཉེས་བྱས་སོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་འདུན་སྤྱིར་མངའ་བའི་རྙེད་པ་གང་ཟག་གཅིག་གིས་ལེན་
ཏམ། གཉིས་སམ་གསུམ་གྱིས་ལེན་པར་བྱེད་ན་ལེན་པ་པོ་དེ་དག་ལ་ཉེས་བྱས་སུ་འགྱུར་ཏེ། གཞན་ཡང་དབང་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རྙེད་པ་དེ་ལེན་པ་པོ་དེ་དག་ཀྱང་དབང་བ་ཉིད་ཡིན་ན་ཅིའི་ཕྱིར་ཉེས་བྱས་སུ་འགྱུར་ཞེ་ན། དེའི་ཕྱིར་དེ་ལ་གཞན་དག་གི་ཤས་ཉིད་མ་བྲལ་ལོ་ཞེས་བྱ་བ་

སྨྲས་ཏེ། གང་དག་གིས་རྙེད་པ་བླངས་པ་དེ་ལས་གཞན་པའི་དགེ་སློང་དག་ཀྱང་རྙེད་པ་དེ་ལ་སྤྱིར་དབང་བ་ཡིན་པས་དེ་དག་གི་ཤས་ཉིད་མ་བྲལ་བར་དེ་ན་ཡོད་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། འདི་ལྟར་རྙེད་པ་བླང་བ་འདི་ལ་གཞན་དག་གི་ཤས་ཉིད་བྲལ་བ་མེད་པས་དེའི་
ཕྱིར་རྙེད་པ་ལེན་པ་དེ་དག་ལ་ཉེས་བྱས་སུ་འགྱུར་རོ། །རྐུ་སེམས་མེད་པ་ལ་འདི་རྣམ་པར་གཞག་པ་ཡིན་གྱི་རྐུ་སེམས་ཡོད་པ་ལ་ཁ་ན་མ་ཐོ་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་རྐུ་སེམས་ཀྱིས་ན་བརྐུས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྐུ་སེམས་ཀྱིས་སྒྱུར་བར་བྱེད་ན་ཐམས་ཅད་བརྐུས་པ་ཉིད་ཡིན་
ཏེ། གཞི་ཇི་ལྟ་བུ་ལས་བརྐུས་པའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་དགེ་སློང་གང་ཡང་རུང་བ་གཅིག་པུ་ཞིག་གནས་ན་འདུག་པ་དེར་མི་དག་གིས་དགེ་འདུན་གྱི་གོས་བགོ་བཤའ་བྱ་བ་མངོན་སུམ་དུ་གྱུར་པའི་
དགེ་འདུན་ལ་གསེ་བར་བྱ་བ་ཞིག་སྦྱིན་པར་བྱེད་ན། དགེ་སློང་དེས་གོས་དེ་བླང་བ་ན་འདི་ལྟར་གནས་འདི་ན་བདག་གཅིག་པུ་གནས་ཏེ། དགེ་འདུན་གྱི་གོས་བགོ་བཤའ་བྱ་བ་མངོན་སུམ་དུ་གྱུར་པའི་དགེ་འདུན་ལ་གསེ་བར་བྱ་བ་འདི་བྱུང་ན། བདག་གིས་གོས་གསེ་བར་བྱ་བ་འདི་བྱི་དོར་
བྱའོ། །སྦ་བརྟུལ་བྱའོ། །བྱིན་གྱིས་བརླབ་པར་བྱའོ། །གོས་བྱི་དོར་བྱས་པ་སྦ་བརྟུལ་བྱས་པ་བྱིན་གྱིས་བརླབས་པ་འདི་ནི་བདག་གི་ཡིན་ནོ་ཞེས་སེམས་བསྐྱེད་པར་བྱ་ཚིག་ཏུ་བརྗོད་པར་བྱའོ། །གལ་ཏེ་དེ་ལྟར་མི་བྱེད་ན་དགེ་སློང་དེས་གོས་དེ་གཅིག་པུས་བདག་གིར་མི་བྱའོ། །བདག་གིར་
བྱས་ན་ཉེས་བྱས་ཏེ། དེ་དག་ལས་དགེ་སློང་གཞན་ཡང་སྤྱིར་དབང་བ་ཡིན་ནོ། །དགེ་འདུན་ལ་བསྔོས་པའི་རྙེད་པ་གཅིག་གིས་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འོན་ཏེ་དེ་དག་རྐུ་སེམས་ཀྱིས་རྐུ་ཞིང་བདག་གིར་བྱེད་ན་ནི་འགལ་ཚབས་ཅན་དུ་འགྱུར་རོ། །
གཉིས་དང་རབ་ཏུ་མང་པོ་དག་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ཏེ། རབ་ཏུ་མང་པོ་ཞེས་སྨོས་པ་ནི་གསུམ་ཡན་ཆད་ཅེས་བྱ་བའི་ཐ་ཚིག་གོ། །གཙུག་ལག་ཁང་དུ་གནས་པར་མི་བྱེད་པའི་ཚེ་དེར་དབང་བའི་རྫས་གཙུག་ལག་ཁང་གཞན་དུ་གཞག་པར་བྱ་ཞིང་བསྔོ་བར་མི་བྱའོ་ཞེས་གསུངས་པ་

དེའི་ཞར་ལ་འདི་བརྗོད་པར་བྱ་སྟེ། གྱ་ཚོམ་དུ་གཙུག་ལག་ཁང་དོར་བར་མི་བྱའོ་ཞེས་བྱ་བ་ནི། ཕ་རོལ་གྱི་དམག་ཚོགས་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་མེད་པར་གྱ་ཚོམ་དུ་མ་བརྟགས་པར་གཙུག་ལག་ཁང་སྟོང་པར་དོར་བར་མི་བྱའོ། །རྗེས་སུ་ཆགས་པ་དང་བཅས་པ་དེར་སྲུང་མར་གཞག་
གོ་ཞེས་བྱ་བ་ནི། དགེ་སློང་གང་གཙུག་ལག་ཁང་དེ་ལ་རྗེས་སུ་ཆགས་པ་ཤས་ཆེན་པོ་ཡོད་པའི་རྗེས་སུ་ཆགས་པ་དང་བཅས་པ་དེ་གཙུག་ལག་ཁང་བསྲུང་བའི་ཆེད་དུ་དེར་སྲུང་མ་གཞག་པར་བྱའོ། །མ་ལྷགས་ན་ལོ་བཅུ་འདའ་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་མ་ལྷགས་ཤིང་མ་བྱོན་ན་དགེ་སློང་
གཙུག་ལག་ཁང་དེར་བཞག་པ་དེས་གཙུག་ལག་ཁང་དེ་ཉིད་དུ་ལོ་བཅུ་འདའ་བར་བྱ་བའོ། །ཇི་ལྟར་འདའ་བར་བྱ་ཞེ་ན། དེའི་ཕྱིར་ལྔ་ནི་བསོད་སྙོམས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དེས་གཙུག་ལག་ཁང་དེར་ལོ་ལྔ་ནི་བསོད་སྙོམས་ཀྱིས་འདའ་བར་བྱའོ། །དེར་དུས་སུ་སྦྱིན་བདག་མ་
བྱུང་ན་ལོ་གཞན་ལྔ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་ལྷན་ཅིག་ཏུའོ་ཞེས་བྱ་བ་ནི། གཙུག་ལག་ཁང་དེར་ལོ་ལྔ་པོ་དག་འདས་པའི་དུས་སུ་གལ་ཏེ་སྦྱིན་བདག་བཙོན་ར་ལ་སོགས་པ་དག་ནས་བྱུང་བར་མ་གྱུར་ན། དེའི་ཚེ་ལོ་གཞན་ལྔ་པོ་དག་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་འཚོ་བ་ལྷན་ཅིག་
ཐུན་མོང་དུ་བྱ་བས་འདའ་བར་བྱ་བའོ། །འདིར་གཞུང་ནི་ཁ་ཅིག་ལས་ལྔ་ནི་བསོད་ནམས་ཀྱིས་སོ། །ལྔ་ནི་ཉེ་འཁོར་གྱི་གཙུག་ལག་ཁང་ལ་བརྟེན་པས་ཏེ། དེ་ལྟར་ན་ལོ་བཅུར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གསོ་སྦྱོང་ཐ་དད་པ་དང་རྙེད་པ་ཐུན་མོང་བའི་ལས་བྱའོ་ཞེས་བྱ་བ་ནི། གཙུག་
ལག་ཁང་དེ་དང་ཉེ་འཁོར་གྱི་གཙུག་ལག་ཁང་དེར་རྙེད་པ་ནི་ཐུན་མོང་ལ། གསོ་སྦྱོང་ནི་ཐ་དད་པའི་ལས་བྱ་བ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་འདིའི་གཙུག་ལག་ཁང་གི་བདག་པོ་བཅོམ་མམ་བཅིངས་སམ་གུམ་མམ་སྤྱུགས་ན། གལ་ཏེ་དགེ་འདུན་གྱི་དུས་
ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་འདིའི་གཙུག་ལག་

ཁང་གི་བདག་པོ་བཅོམ་མམ་བཅིངས་སམ་གུམ་མམ། སྤྱུགས་ཏེ་དེའི་སླད་དུ་དགེ་འདུན་གྱིས་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ་གསོ་སྦྱོང་ནི་ཐ་དད་དུ་མཛད་ཀྱི། ཚེ་དང་ལྡན་པ་གང་དག་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་
མོང་ལ་གསོ་སྦྱོང་ནི་ཐ་དད་དུ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གཙུག་ལག་ཁང་འདི་དང་ཕ་བི་ལོ་ལྔར་རྙེད་པ་ནི་ཐུན་མོང་ལ། གསོ་སྦྱོང་ནི་ཐ་དད་དུ་མཛད་པ་མཛད་ལགས་ཏེ། འདི་ལྟར་
ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །གལ་ཏེ་སྲུང་མ་ཡང་འགྲོ་ན་དེའི་ཚེ་དེས་ཇི་ཞིག་བྱ་ཞེ་ན། དེའི་ཕྱིར་འགྲོ་ན་དངོས་པོ་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་དག་ཏུ་གདམས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་ལ་གཙུག་ལག་ཁང་གཏད་
པའི་དགེ་སློང་དེ་ཡང་གལ་ཏེ་གཙུག་ལག་ཁང་དེ་ནས་འགྲོ་བར་འདོད་ན་དེ་འགྲོ་བའི་དུས་ཀྱི་ཚེ། གཙུག་ལག་ཁང་དེའི་མལ་སྟན་དང་སྣོད་ལ་སོགས་པ་དངོས་པོ་རྣམས་ཉེ་འཁོར་གྱི་གཙུག་ལག་ཁང་དག་ཏུ་གདམས་པར་བྱ་བའོ། །གཉུག་མར་གནས་ན་སྦྱིན་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་བོར་བ་དེར་
དགེ་སློང་དག་ལྷགས་ཏེ། གཉུག་མར་གནས་ན་ཉེ་འཁོར་གྱི་གཙུག་ལག་ཁང་གཞན་ན་གནས་པའི་དགེ་སློང་དེ་དག་གིས་མལ་སྟན་དང་སྣོད་ལ་སོགས་པའི་དངོས་པོ་དེ་དག་གཙུག་ལག་ཁང་དེ་ཉིད་དུ་ཕྱིར་སྦྱིན་པར་བྱ་བའོ། །གནས་གཞན་གྱི་རྫས་གཞན་དུ་མི་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་དུ་འགྱུར་བའི་དགེ་
སློང་དེ་དག་གིས་ཀྱང་གནས་གཞན་གྱི་རྫས་མལ་སྟན་དང་སྣོད་ལ་སོགས་པ་དག་གནས་གཞན་དུ་མི་སྦྱིན་པའོ། །འདི་ནི་མདོ་འོག་མ་རྣམས་ཀྱི་ཡུལ་བསྟན་པར་བྱ་བའི་ཕྱིར། འོག་གི་མདོ་ལས་རྙེད་པ་རྣམ་པར་གཞག་པ་ནི་ཇི་ལྟར་ངེས་པར་བྱས་པ་ཡིན་ནོ་ཞེས་འབྱུང་བ་དེ་རྗེས་སུ་བཟླས་པ་ཡིན་ནོ། །མི་
སྟེར་ན་དེ་དག་གིས་སྦྱིན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གཙུག་ལག་ཁང་གཞན་དུ་གདམས་པའི་རྫས་དེ་དག་གཙུག་ལག་ཁང་དེའི་ཉེ་འཁོར་ན་མི་སྣང་ཞིང་ཕྱིར་མི་སྟེར་ན་དགེ་སློང་གང་དག་གིས་རྫས་དེ་དག་དང་པོ་གནས་གཞན་དེར་གཞག་པའི་དགེ་སློང་དེ་དག་གིས་རྨ་ཞིང་ཕྱིར་སྦྱིན་པར་བྱ་བ་ཉིད་ཡིན་

ནོ། །འདི་སྐད་བསྟན་ཏེ། གལ་ཏེ་གཙུག་ལག་ཁང་གཞན་ན་གནས་པའི་དགེ་སློང་ལ་སོགས་པས་རྫས་གཏམས་པ་དེ་དག་བརྣོགས་ཤིང་ཕྱིར་མི་སྟེར་ན་དེའི་ཚེ་དང་པོ་འདོམས་པའི་དགེ་སློང་རྣམས་ཀྱིས་ཁུངས་སུ་རྨ་ཞིང་ཕྱིར་དགུག་པར་བྱའོ། །འོ་ན་གང་གི་ཚེ་གཙུག་ལག་ཁང་གི་བདག་པོ་དེ་ཉིད་ཀྱིས་རང་
གིས་བྱས་པའི་གཙུག་ལག་ཁང་དེ་ནས་རྫས་དག་གཙུག་ལག་ཁང་གཞན་དུ་སྦྱིན་པར་བྱེད་ན། དེའི་ཚེ་དགེ་སློང་རྣམས་ཀྱིས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ཁྱིམ་བདག་དེ་ཉིད་ཡིན་ཡང་ངེས་པ་ལ་གཞིག་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། གཙུག་ལག་ཁང་གི་བདག་པོའི་ཁྱིམ་བདག་དེ་གནས་གཞན་གྱི་སྦྱིན་བདག་དེ་ཉིད་ཡིན་
ཡང་སྔར་བྱས་པའི་ངེས་པ་ལ་གཞིག་པ་མེད་དོ། །འདི་སྐད་བསྟན་ཏེ། འདི་ལྟར་ཁྱིམ་བདག་དེ་ཉིད་གནས་གཞན་གྱི་སྦྱིན་བདག་ཏུ་གྱུར་ཅིང་དེས་དངོས་པོ་དེ་དག་གནས་གཞན་དུ་ཕུལ་ཟིན་ཀྱང་དེ་ལྟ་མོད་ཀྱི། སྔར་རྫས་དེ་དག་གཙུག་ལག་ཁང་གང་དུ་ཕུལ་ཟིན་པ་དེ་ཉིད་དུ་སྤྱད་པར་བྱ་བ་ཡིན་ཏེ། དང་པོ་ཉིད་
ནས་གནས་སྔ་མ་ཤོས་དེ་ཉིད་དུ་བྱིན་ཟིན་པའི་ཕྱིར་རོ། །མི་སྟེར་ན་མཐུས་གཟུང་བར་བྱའོ་ཞེས་བྱ་བ་ནི། ཁྱིམ་བདག་དེས་རྫས་དེ་དག་སྔར་ཕུལ་བའི་གཙུག་ལག་ཁང་དེར་མི་སྟེར་ན། གཙུག་ལག་ཁང་དེ་ན་གནས་པའི་དགེ་སློང་རྣམས་ཀྱིས་མཐུས་གཟུང་བར་བྱའོ། །གལ་ཏེ་རྫས་དེ་མི་སྣང་ན་ནི་དེའི་
ཚེ་མདོ་སྔ་མ་ལས་མི་སྟེར་ན་དེ་དག་གིས་སྦྱིན་པར་བྱ་བ་ཉིད་ཡིན་ནོ་ཞེས་སྨོས་པའི་རྣམ་པ་དེ་ལྟ་བུའི་ཡུལ་ཡིན་ནོ། །འོན་ཏེ་སྣང་ན་ནི་མི་སྟེར་ན་མཐུས་གཟུང་བར་བྱའོ་ཞེས་བྱ་བའི་མདོ་འདི་ཉིད་ཀྱི་ཡུལ་ཡིན་ནོ། །གཡར་པོ་ཉིད་དུ་ནི་སྦྱིན་པར་བྱའོ་ཞེས་བྱ་བ་ནི། གནས་གཞན་གྱ