Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 162
Văn bản gốc(Tây Tạng)
Trang 14 / 26 (50.000 ký tự/trang)
ཤོས་ཀྱི་ཁུངས་ནི་ལུང་ལས་ཆོས་གོས་རྒྱུན་མ་ཆད་པར་རྒྱུན་འབྱུང་བཞིན་པ་ལས་ཞེས་བྱ་བ་དང་། དེས་ཆོས་གོས་དེ་བྱིན་ གྱིས་བརླབས་ནས་ཞེས་གསུངས་པ་ཡིན་ནོ། །མདོ་ཕྱི་མ་ཤོས་ཀྱི་ཁུངས་ནི་ལུང་ལས་ཞག་བཅུ་པ་ལ་ཆོས་གོས་ཤིག་རྙེད་ལ་ཞེས་བྱ་བ་དང་། དེ་ལྟ་ན་ཆོས་གོས་དེ་ནི་དེ་ཉིད་ཞག་བཅུ་འདས་པ་ཡང་ཡིན་ལ། དེ་ཉིད་ཞག་གཅིག་བྲལ་བ་ཡང་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འཆང་བའི་སྤང་བའོ་ ཞེས་བྱ་བ་འཆང་བའི་སྤང་བའི་ལྟུང་བྱེད་རྫོགས་སོ།། །།ད་ནི་འབྲལ་བའི་སྤང་བ་བརྗོད་པར་འདོད་ནས་འབྲལ་བའི་ཞར་ལ་འོངས་པ་འདི་སྨྲས་ཏེ། གདིང་བ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། གདིང་བ་བྱིན་གྱིས་བརླབས་པ་དང་བྲལ་བ་གང་ཡིན་པ་དེ་ལ་ནི་ཉེས་པ་མེད་པར་རིག་ པར་བྱའོ། །ཅི་དུས་ཐམས་ཅད་དུའམ་ཞེ་ན་དེའི་ཕྱིར། གལ་ཏེ་དེང་ཉིད་ཕྱིར་ལྡོག་ཅིང་གནས་པར་བྱའོ་སྙམ་པ་མེད་ན། གདིང་བ་བཞག་སྟེ་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེང་ཉིད་ཕྱིར་ལྡོག་ཅིང་། འདིར་གནས་པར་བྱའོ་སྙམ་པའི་བསམ་པ་མེད་ན། གདིང་བ་བཞག་སྟེ་གྲོང་གཞན་ དུ་འགྲོ་བར་མི་བྱའོ། །གལ་ཏེ་བསམ་པ་དེས་སོང་བ་ན་བར་ཆད་ཀྱི་དབང་གིས་ཕྱིར་ལྡོག་པར་མི་ནུས་ན་དེའི་ཚེ་ཇི་ལྟར་བྱ་སྙམ་དུ་དོགས་པ་ལ། དེ་ལྟར་བསམས་ཏེ་སོང་ནས་དུས་མ་འབྱོར་ན་དེ་བརྙས་ཏེ་དེར་གནས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ཉིད་ཕྱིར་ལྡོག་པར་བྱའོ་སྙམ་པ་དེ་ལྟར་བསམས་ཏེ། གདིང་བ་མེད་པར་གང་དུ་སོང་བ་དེ་ནས་ཕྱིར་ལྡོག་པའི་དུས་མ་འབྱོར་ན་གདིང་བ་དེ་བརྙས་ཏེ། དེ་ཉིད་དུ་གནས་པར་བྱའོ། །གལ་ཏེ་གདིང་བ་བརྙས་པ་ན་མ་རྙེད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མ་རྙེད་ན་བླ་གོས་བཞི་བལྟབ་ཏུ་བྱས་པའི་སྟེང་དུ་ཡང་ཡུན་རིང་དུ་མི་ཉལ་བར་རོ་ཞེས་བྱ་བ་སྨྲས་ཏེ། གདིང་ བ་བརྙར་མ་རྙེད་ན་བླ་གོས་བཞི་བལྟབ་ཏུ་བྱས་པའི་སྟེང་དུ་ཉལ་བར་བྱའོ། །ཅི་མཚན་ཐོག་ཐག་དུའམ་ཞེ་ན་མ་ཡིན་ཏེ། ཡུན་རིང་དུ་མི་ཉལ་བར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དེས་ཡུན་རིང་དུ་མི་ཉལ་བར་མཚན་མོ་འདའ་བར་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་ལས། དེ་ལྟ་བས་ན་དགེ་སློང་ གིས་གདིང་བ་མེད་པར་འགྲོ་བར་མི་བྱའོ། །དགེ་སློང་ཁ་ཅིག་དེང་ཉིད་ཕྱིར་ལྡོག་གོ་སྙམ་པས་གདིང་བ་མེད་པར་གྲོང་གཞན་དུ་སོང་བ་དང་། དེ་དག་ལ་གང་གིས་ནམ་སྲོས་པར་གྱུར་པ་དེ་ལྟ་བུའི་བྱ་བ་བྱུང་ནས། དེ་དག་བསླབ་པ་འདོད་པས་མཚན་མོ་ཡང་ཕྱིར་འོང་བར་བྱེད་པ་ན། དེ་དག་སེང་ གེ་ལ་སོགས་པའི་བགྲོད་པར་གྱུར་ཏོ། །དེ་ལྟ་བུའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་ལྟར་བསམས་ཏེ་དོང་བ་དག་དེར་ནམ་སྲོས་པར་གྱུར་ན་དེ་ཉིད་དུ་གནས་པར་བྱ་སྟེ། དེ་ལྟར་ ཚངས་པ་མཚུངས་པར་སྤྱོད་པ་དག་ལས་གདིང་བ་བརྙས་ཏེ་ཉལ་བར་བྱའོ། །གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། གལ་ཏེ་མ་རྙེད་ན་བླ་གོས་བཞི་བལྟབ་ཏུ་བྱས་ཏེ། བཏིང་ལ་ཡུན་ཐུང་ངུ་ནི་ཉལ། ཡུན་རིང་དུ་ནི་མི་ཉལ་བར་མཚན་མོ་འདའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ལུང་དེ་ལས་འདི་ལྟར་ དེ་ཉིད་དུ་གནས་པར་བྱ་སྟེ་ཞེས་གསུངས་པས། དེའི་ཕྱིར་གདིང་བ་དང་བྲལ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བའི་མདོ་དེ་བྱས་སོ། །སྣམ་སྦྱར་བཞག་པར་མི་འོས་པའི་གནས་སུ་དབྱར་གྱི་རས་ཆེན་ཡང་གཞག་པར་མི་བྱའོ་ཞེས་བྱ་བ་ལ། སྣམ་སྦྱར་གྱི་བཞག་པ་ནི། སྣམ་སྦྱར་བཞག་པ་སྟེ། སྣམ་སྦྱར་ བཞག་པར་མི་འོས་པར་བཞག་ཏུ་མི་རུང་བའི་གནས་དེར་དབྱར་གྱི་གོས་རས་ཆེན་ཡང་གཞག་པར་མི་བྱའོ། །གནས་གང་ན་དགེ་སློང་མེད་པ་དང་སྒོ་གླེགས་མེད་པ་གཉི་ག་འདོམ་པ་དེར་གཞག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཡང་རུང་བ་ཞིག་མེད་པར་བཞག་ན་ཉེས་བྱས་ཕྲ་མོར་འགྱུར་རོ། ། ཆར་འབབ་ན་མི་བཞག་གོ་ཞེས་བྱ་བ་ནི། ཆར་འབབ་ན་དབྱར་གྱི་གོས་རས་ཆེན་མི་བཞག་སྟེ། དེ་ནི་དེ་བསྐྱབ་པ་ཡིན་པའི་ཕྱིར་རོ། །ཆུ་ཀླུང་གིས་ཆོད་པར་འགྲོ་བ་ལ་ཡང་མི་བཞག་གོ་ཞེས་བྱ་བ་ནི། གལ་ཏེ་བགྲོད་པར་བྱ་བའི་གནས་སུ་ཆུ་ཀླུང་གིས་ཆོད་ཅིང་བར་དུ་བཙལ་བ་ཡིན་ན་དེའི་ཚེ་ཡང་ དབྱར་གྱི་གོས་རས་ཆེན་གཞག་པར་མི་བྱའོ། །གལ་ཏེ་ཆུ་ཀླུང་ལ་ཟམ་པ་བརྟན་པོ་ཡོད་པ་ནི་མ་གཏོགས་སོ། །དེ་གཉིས་དོགས་པར་ཡང་མི་བཞག་གོ་ཞེས་བྱ་བ་ནི། ཆར་འབབ་པ་དང་ཆུ་ཀླུང་གིས་ཆོད་པ་དེ་གཉིས་ཡོད་པར་དོགས་པའི་གནས་སུ་འགྲོ་ན་ཡང་། དབྱར་གྱི་གོས་རས་ཆེན་མི་བཞག་པར་ བསྐུར་རོ། །དགེ་སློང་དང་བཅས་པ་ཉིད་དང་སྒོ་གླེགས་དང་བཅས་པ་ཉིད་དུ་བཅས་པའི་གནས་དང་། ཆར་འབབ་པ་དང་ཆར་འབབ་པར་དོགས་པ་དང་། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ཉིད་ལྟ་བུ་མེད་ན། གནང་བ་མ་བྱིན་པ་དང་། སྲ་བརྐྱང་མ་་བཏིང་བས་སྣམ་སྦྱར་མེད་པར་གར་ཡང་ འགྲོ་བར་མི་བྱའོ་ཞེས་བྱ་བ་ལ། དགེ་སློང་དང་བཅས་པ་ཉིད་དང་། སྒོ་གླེགས་དང་བཅས་པ་ཉིད་དུ་བཅས་པའི་གནས་མེད་ན་ཞེས་བྱ་བ་དང་། ཆར་པ་འབབ་པ་དང་ཆར་པ་འབབ་པར་དོགས་པ་མེད་ན་ཞེས་བྱ་བ་དང་། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པ་ཉིད་ལྟ་བུ་མེད་ན་ཞེས་བྱ་བར་སྦྱར་ཏེ། རྐྱེན་ དེ་ལྟ་བུ་མེད་ན། སྣམ་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ། །རྐྱེན་དེ་ལྟ་བུ་ཡོད་ན་ཡང་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་མ་ཐོབ་པ་དང་། སྲ་བརྐྱང་མ་་བཏིང་བས་སྣམ་སྦྱར་མེད་པར་གར་ཡང་འགྲོ་བར་མི་བྱའོ། །དེ་ལ་དགེ་སློང་དང་བཅས་པ་ཉིད་དང་། སྒོ་གླེགས་དང་བཅས་པ་ཉིད་དུ་ བཅས་པའི་གནས་ཞེས་བྱ་བར་སྦྱར་ཏེ། དེ་མེད་པ་ཞེས་བྱ་བ་ནི་དགེ་སློང་དང་བཅས་པ་ཉིད་དང་། སྒོ་གླེགས་དང་བཅས་པ་ཉིད་གཉི་ག་དུས་གཅིག་ཏུ་མེད་ནའོ། །ཆར་པ་འབབ་པ་དང་། ཆར་པ་འབབ་པར་དོགས་པ་མེད་པར་ཞེས་བྱ་བ་ཡང་། དེ་གཉི་ག་མེད་ནའོ། །བགྲོད་པར་བྱ་བ་ཆུ་ཀླུང་ གིས་ཆོད་པ་ལྟ་བུ་མེད་ནའོ་ཞེས་བྱ་བ་ནི། བགྲོད་པར་བྱ་བའི་ཡུལ་དང་འབྲེལ་པ་ནི། བར་དུ་ཆུ་ཀླུང་གིས་ཆོད་པ་ལྟ་བུ་མེད་ནའོ། །གང་གིས་མི་འབྲལ་བའི་གནང་བ་མ་ཐོབ་པ་དེ་ནི་གནང་བ་མ་བྱིན་པའོ། །གང་གིས་སྲ་བརྐྱང་མ་་བཏིང་བ་དེ་ནི་སྲ་བརྐྱང་མ་་བཏིང་བ་སྟེ། དེ་ལྟ་བུའི་དགེ་སློང་ གིས་སྣམ་སྦྱར་མེད་པར་གནས་གཞན་གར་ཡང་འགྲོ་བར་མི་བྱའོ། །དགེ་སློང་དང་བཅས་པ་ཉིད་ལ་སོགས་པ་དེ་དག་ཡོད་ན་ནི། སྨན་སྦྱར་དེ་མེད་པར་འགྲོ་བ་ལ་ཉེས་པ་མེད་དོ། །དགེ་སློང་དང་བཅས་པ་ཉིད་དང་། སྒོ་གླེགས་དང་བཅས་པ་ཉིད་གཉིས་ལས་གང་ཡང་རུང་བ་ཅིག་མེད་ན་ནི་ཉེས་བྱས་ ཕྲ་མོར་འགྱུར་རོ། །ཆར་པ་འབབ་པ་དང་ཆར་པ་འབབ་པར་དོགས་པ་ལ་སོགས་པ་དེ་ནི་ཉེས་བྱས་སོ། །དགེ་སློང་དང་བཅས་པ་ཉིད་དང་། སྒོ་གླེགས་དང་བཅས་པ་ཉིད་མེད་ན། འོན་ཀྱང་དེ་ལྟ་ན་བསྙེན་པར་མ་རྫོགས་པའི་ལག་ཏུ་སྣམ་སྦྱར་གཏམས་པ་ལ་ཡང་རུང་བར་སྣང་ངོ་། །གལ་ཏེ་དགེ་སློང་ ཆར་འབབ་པ་ལ་སོགས་པའི་རྐྱེན་གྱིས་སྣམ་སྦྱར་མེད་པར་གྲོང་གཞན་དུ་འགྲོ་ཞིང་ཉི་མ་དེ་ཉིད་ལ་ཕྱིར་འོང་བར་མི་ནུས་ན་དེའི་ཚེ་དེས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གནས་སུ་ཕྱིན་པར་མི་འགྱུར་ན་ཆོས་གོས་ཀྱི་ཕྱུང་སྟེ། གཞན་ལ་བྱིན་གྱིས་བརླབས་པ་ནི་ཆོ་གའི་རྣམ་པའོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་ཀྱི་གནས་དེར་ཕྱིན་པར་མི་འགྱུར་ན། ཆོས་གོས་བྱིན་གྱིས་བརླབས་པ་གནས་གཞན་ན་འདུག་པའི་བྱིན་གྱིས་བརླབས་པ་ཕྱུང་སྟེ། ཁྱིམ་པ་ཡན་ཆད་ཀྱི་གོས་སམ། གཞན་ལས་བརྙས་པ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །དེ་ནི་ཆོ་གའི་རྣམ་པ་ སྟེ། ཐབས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྣམ་སྦྱར་ལྕི་བ་ཉིད་ཡིན་ན། རྒན་པ་དང་ནད་པ་དག་ལ་མི་འབྲལ་བའི་གནང་བ་སྦྱིན་ནོ་ཞེས་བྱ་བ་ནི། མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ། །ནམ་གྱི་ཚེ་ཞེ་ན། སྣམ་སྦྱར་ལྕི་བ་ཉིད་ནའོ། །སུ་ལ་ཞེ་ན། རྒན་པོ་དང་ནད་པ་དག་ལ་སྟེ། རྒས་པ་ དང་ནད་པ་དག་ལའོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་ཉིད་གང་ཡིན་ཞེ་ན། དེའི་ཕྱིར་བྱིན་གྱིས་བརླབས་པ་དང་གནང་བ་མ་ཐོབ་པ་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་བྱིན་གྱིས་བརླབས་པ་དང་གང་ཟག་མི་འབྲལ་བའི་གནང་བ་མ་ཐོབ་པ་ནི་ འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །ཅི་གནས་སྐབས་ཐམས་ཅད་ལ་གང་ཟག་དེ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། དེའི་གནས་ཉེ་འཁོར་དང་བཅས་པ་ནས་གཞན་ན་གནས་པ་ལ་སྐྱ་རེངས་ཤར་ནའོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་བྱིན་གྱིས་བརླབས་པ་དེའི་ གནས་གང་ཡིན་པ་ཉེ་འཁོར་དང་བཅས་པར་གྱུར་པ་ནི། ཉེ་འཁོར་དང་བཅས་པ་སྟེ། གནས་ཉེ་འཁོར་དང་བཅས་པ་དེ་ནས་གནས་གཞན་ན་གནས་པའི་དགེ་སློང་ལའོ། །ཅི་དུས་ཐམས་ཅད་དུའམ་ཞེ་ན་མ་ཡིན་ཏེ། འདི་ལྟར་སྐྱ་རེངས་ཤར་ནའོ་ཞེས་བྱ་བ་སྨྲས་ཏེ། སྐྱ་རེངས་དང་པོ་འཆར་ ཀའི་སྐད་ཅིག་མ་དང་པོ་ལའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་གནས་ཉེ་འཁོར་དང་བཅས་པ་ནས་ཞེས་སྨྲས་པ་ནི། འདིར་ནོན་པ་ཙམ་ལ་གནས་སུ་མི་བཞེད་དེ་དེའི་ཕྱིར། འདི་མན་ཆད་གནས་དེའི་མཚན་ཉིད་བསྟན་པར་བྱ་སྟེ། མཚམས་བྱས་པ་ལ་ནི་མཚམས་གནས་ཀྱི་མཐའོ་ཞེས་བྱ་བ་ ནི། གཙུག་ལག་ཁང་གང་ལ་མཚམས་བྱས་པ་དེ་ནི་མཚམས་བྱས་པའི་གཙུག་ལག་ཁང་དེ་ལ་ནི། མཚམས་གནས་ཀྱི་མཐའ་སྟེ། པ་མཐའ་དང་མུ་ཐུག་ཅེས་བྱ་བའི་ཐ་ཚིག་གོ། །མཚམས་བཅད་པ་འབའ་ཞིག་མཚམས་ཡིན་པར་མ་ཟད་དེ། འདི་ལྟར་རྩིག་པ་དང་། རིབ་མ་དང་། འོབས་ཀྱིས་བསྐོར་བ་ལ་སོགས་པ་དག་ཀྱང་མཚམས་ཉིད་ཡིན་ནོ། །ཇི་ལྟར་བདག་པོ་གཅིག་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ཐ་དད་པ་ཉིད་ཡིན་པ་དེ་བཞིན་དུ་བདག་པོ་གཅིག་ཉིད་ཀྱི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དུ་མི་འགྱུར་བས་དེའི་ཕྱིར། བདག་པོ་གཅིག་ཉིད་མ་ ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བདག་པོ་གཅིག་གི་དངོས་པོ་ནི་གཅིག་ཉིད་དོ། །གཅིག་ཉིད་མ་ཡིན་པ་ནི་གཅིག་ཉིད་མ་ཡིན་པ་སྟེ། འདི་ལྟར་གཉིས་ཉིད་དམ་མང་པོ་ཉིད་དོ། །བདག་པོ་ཡོངས་སུ་འཛིན་པ་གཅིག་ཉིད་མ་ཡིན་པ་མང་པོ་ཉིད་ཀྱི་ བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དོ། །ཕྱི་སྒོ་ལ་སོགས་པ་ཐུན་མོང་བ་དག་ནི་ཐ་དད་པ་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གང་ན་བདག་པོ་མང་པོ་དག་ཆ་སོ་སོར་ཁྱིམ་ཐ་དད་པས། གནས་པ་དེ་ན་ནི་ཁང་ཁྱིམ་གྱི་སྒོ་དང་ར་བ་ལ་སོགས་པའི་བར་མཚམས་རྣམས་ཐ་དད་པ་ཉིད་དོ། །ཁྱིམ་ པ་ལ་སོགས་པའི་གནས་གང་ན་བདག་པོ་མང་པོ་དོན་གཅིག་པ་དག་ཆ་སོ་སོ་མ་ཡིན་པར་ཁྱིམ་གཅིག་པའི་ཚུལ་གྱིས་གནས་པ་དེ་ན་ནི། ཁང་ཁྱིམ་གྱི་སྒོ་དང་ར་བ་ལ་སོགས་པའི་བར་མཚམས་རྣམས་ཐ་དད་པ་ཉིད་མ་ཡིན་ཏེ་སྤུན་ལ་སོགས་པ་ཐམས་ཅད་ལ་ཁྱིམ་གྱི་རྗེ་དཔོན་ཉིད་ཡིན་པའི་ཕྱིར་རོ། ། དེ་ནི་མདོ་བརྩམས་པ་འདིའི་འབྲས་བུ་བསྟན་པར་བྱ་སྟེ། བདག་པོ་མང་པོ་དག་ཉིད་ཀྱི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དོ། །དེ་དག་གི་གནས་ཐུན་མོང་བ་ཕྱི་སྒོ་ལ་སོགས་པ་དག་ནི་ཐ་དད་པ་ཉིད་མ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན། ཉེ་འཁོར་ཐ་དད་པའི་ཁྱིམ་ལ་སྒོ་ཐུན་མོང་པ་ནི་ཐ་དད་པ་ཉིད་ མ་ཡིན་པ་ལྟ་བུའོ། །དེ་ལྟར་ཡང་རྣམ་པར་འབྱེད་པ་ལས། ཁྱིམ་ཉེ་འཁོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པ་དག་གི་ཁྱིམ་གང་ཡིན་པའམ། སྤུན་སྒོ་བྱེ་བ་དག་གིའོ། །དེའི་ཉེ་འཁོར་གང་ཞེ་ན། སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཞེ་ན་སྒོའོ། །དེ་བཞིན་དུ་གཡུལ་གྱི་ཚོམས་ཉེ་འཁོར་ཐ་དད་ པ་གང་ཞེ་ན། འདི་ལྟ་སྟེ། མི་ཐ་དད་པ་དག་གི་གཡུལ་གྱི་ཚོམས་གང་ཡིན་པའམ། སྤུན་སྒོ་བྱེ་བ་དག་གིའོ། །དེའི་ཉེ་འཁོར་གང་ཞེ་ན་སོ་སོ་ཐ་དད་པའོ། །ཅི་ཞིག་ཐུན་མོང་ཞེ་ན་སྒོའོ། །དེ་བཞིན་དུ་མུ་སྟེགས་ཅན་གྱི་ཁྱིམ་ལ་ཡང་ལྷའི་གནས་ཐུན་མོང་ཡིན་ནོ། །དེ་བཞིན་དུ་ཚོང་ རྡལ་ལ་ནི་བཞག་སྟེགས་ཐུན་མོང་ཡིན་ཏེ། ཚོང་རྡལ་ཞེས་བྱ་བ་ནི། གང་དུ་ཚོང་པ་དག་ཟོང་འཚོང་བར་བྱེད་པའི་གནས་སོ། །བཞག་སྟེགས་ཞེས་བྱ་བ་ནི། ཚོང་བྱེད་པའི་དུས་ན་ཤིང་ལ་སོགས་པའི་གཞིའི་བྱེ་བྲག་གང་དུ་ཟོང་དང་རིན་དག་འཇོག་པར་བྱེད་པ་སྟེ། དེ་ནི་རིམ་གྱིས་ཐམས་ཅད་ལ་དགོས་པ་ཡིན་པས་ཐུན་མོང་ཡིན་ནོ། །དེ་བཞིན་དུ་ཚོང་ཁང་ལ་ནི་འདུག་སྟེགས་ཐུན་མོང་ཡིན་ཏེ། ཚོང་ཁང་ཞེས་བྱ་བ་ནི་ཟོང་དགྲམ་པ་ལ་སོགས་པའི་གནས་སོ། །འདུག་སྟེགས་ཞེས་བྱ་བ་ནི། སྟེགས་བུ་གང་ལ་ཚོང་པ་འདུག་སྟེ། ཨ་རུ་ར་ལ་སོགས་ པ་འཚོང་བར་བྱེད་པའོ། །དེ་བཞིན་དུ་དགྲ་ཁང་ལ་ནི་ཡ་གད་ཐུན་མོང་ཡིན་ནོ། །དེ་བཞིན་དུ་གཡུལ་ལ་ནི་དཀྱིལ་ཐུན་མོང་ཡིན་ཏེ། གཡུལ་ཞེས་བྱ་བ་ནི་ལོ་ཏོག་བཅག་པའི་གཞིའོ། །དཀྱིལ་ཞེས་བྱ་བ་ནི། རྟེན་གནས་ཏེ། གང་དུ་གཏོར་མ་འབུལ་བ་ལ་སོགས་པ་བྱེད་པའམ། གང་དུ་འབྲུ་ སྤུང་པར་བྱེད་པའི་གནས་སོ། །དེ་བཞིན་དུ་རོལ་མོ་མཁན་གྱི་ཁྱིམ་ལ་ནི་རོལ་མོའི་ཆ་བྱད་བཞག་པའི་གནས་ཐུན་མོང་ཡིན་ནོ། །དེ་བཞིན་དུ་ཤིང་རྟ་ལ་ནི་ཁ་ལོ་པའི་གནས་ཐུན་མོང་ཡིན་ཏེ། ཁ་ལོ་བའི་གནས་ཞེས་བྱ་བ་ནི་ཁ་ལོ་པ་གང་དུ་འདུག་པས། གླང་ལ་སོགས་པ་ཤིང་རྟ་དང་ལྡན་པ་དག་ དེད་པའོ། །དེ་བཞིན་དུ་གྲུ་ལ་ནི་གྲུ་གདོང་ཐུན་མོང་ཡིན་ཏེ། གྲུ་གདོང་ཞེས་བྱ་བ་ནི། གྲུ་པ་གང་དུ་འདུག་ནས་གྲུ་སྐྱོད་པར་བྱེད་པའོ། །དེ་བཞིན་དུ་ཀུན་དགའ་ར་བ་ལ་ནི་ཁྲོན་པ་ཐུན་མོང་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། ཐམས་ཅད་ལ་ཡང་དེ་དག་ལ་མཁོ་བར་འགྱུར་བ་ནི་ཐུན་མོང་ཞེས་ བྱའོ། །མདོ་འདི་ལ་དགག་པའི་བསྡུ་བར་ནི་མི་འགྱུར་ཏེ། དེས་ནི་མདོ་འོག་མའི་རྗེས་སུ་ཡང་སྦྱར་རོ། །ནོར་ལས་དང་ལྟ་བ་ལས་དད་པ་ཐ་དད་པ་མ་ཡིན་པའི་ཡང་ངོ་ཞེས་བྱ་བ་ལ། ནོར་ལས་ནི་འདི་ལྟ་སྟེ་དཔེར་ན་སྤུན་རྣམས་ཀྱི་ལྟ་བུའོ། །ལྟ་བ་ལས་ནི་འདི་ལྟ་སྟེ་དཔེར་ན་མུ་སྟེགས་རྣམས་ ཀྱི་ལྟ་བུའོ། །དེ་གཉིས་ཀྱི་སྒོ་ནས་དད་པ་ཐ་དད་པ་མ་ཡིན་པའི་བདག་པོ་རྣམས་ཀྱི་གནས་ཀྱི་བར་མཚམས་ཀྱང་ཐ་དད་པ་ཉིད་མ་ཡིན་ནོ། །དད་པ་ཐ་དད་པའི་ནི་ཐ་དད་པ་ཉིད་དོ། །དེ་ལྟ་བས་ན་དགེ་སློང་གིས་སྤུན་ནོར་དག་ལ་དད་པ་ཐ་དད་པའི་ཁྱིམ་དག་ཏུ་ཆོས་གོས་བཞག་སྟེ། རང་ཉིད་ སྒོ་ཁང་དུ་སྐྱ་རེངས་འཆར་བར་བྱེད་ན། ཆོས་གོས་དང་འབྲལ་བར་མི་འགྱུར་རོ། །དེ་བཞིན་དུ་སྒོ་ཁང་དུ་ཆོས་གོས་བཞག་སྟེ། རང་ཉིད་སྤུན་རྣམས་ཀྱི་ཁྱིམ་དག་ཏུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ཉེས་པ་མེད་དོ། །ཡང་ན་མདོ་སྔ་མ་ཤོས་དེ་འདི་ལྟར་ཡང་བཤད་དེ། བདག་པོ་ གཅིག་ཉིད་ཀྱི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་ཡང་མདོའི་ཚིག་རྣམ་པར་སྦྱར་བར་བྱ་སྟེ། བདག་པོ་གཅིག་ཉིད་ཀྱི་བར་གྱི་མཚམས་ཁང་ཁྱིམ་ལ་སོགས་པ་རྣམས་ཀྱང་ཐ་དད་པ་ཉིད་མ་ཡིན་ནོ། །སྒོ་ཁང་ལ་སོགས་པ་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཐ་དད་པ་ཉིད་ མ་ཡིན་ནོ། །བདག་པོ་གཅིག་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་མ་ཡིན་ལ། སྒོ་ཁང་ལ་སོགས་པ་དག་ནི་ཐ་དད་པ་ཉིད་མ་ཡིན་ཏེ། ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཡལ་ག་དང་ཡལ་ག་ཕྲ་མོ་དག་མ་རེག་པ་ནི་གནས་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི། ཡལ་ ག་དང་ཡལ་ག་ཕྲ་མོ་དེ་དག་མ་རེག་ཕན་ཚུན་མ་ཕྲད་པ་ནི་གནས་ཐ་དད་པ་ཉིད་དོ། །རེག་པ་ནི་གནས་གཅིག་པ་ཉིད་དོ། །དེ་ལྟ་བས་ན་དགེ་སློང་གིས་ཤིང་ལྗོན་པ་གཅིག་ཁོ་ནའི་ཡལ་ག་མ་རེག་པ་གཞན་ལ་ཆོས་གོས་འཇོག་ཅིང་ཡལ་ག་མ་རེག་པ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན། ཡང་ ཆོས་གོས་དང་འབྲལ་བར་འགྱུར་ལ། རེག་པ་ལ་ནི་མི་འགྱུར་རོ། །རྩ་བ་ནི་ཐུན་མོང་ངོ་ཞེས་བྱ་བ་ནི། ཡལ་ག་དེ་དག་གི་རྩ་བ་ནི་ཐུན་མོང་བ་སྟེ། གང་ཕན་ཆད་ནས་ཡལ་ག་དག་གྱེས་པ་དེ་ནི་དེ་དག་གི་རྩ་བའོ། །དེ་ལྟ་བས་ན། དགེ་སློང་གིས་རྩ་བ་ལ་ཆོས་གོས་འཇོག་ཅིང་། ཡལ་ག་གང་ཡང་རུང་ བར་སྐྱ་རེངས་འཆར་བར་བྱེད་པ་ལ་ནི་ཉེས་པ་མེད་དོ། །དེ་བཞིན་དུ་ཡལ་ག་གང་ཡང་རུང་བར་ཆོས་གོས་འཇོག་ཅིང་རྩ་བར་སྐྱ་རེངས་འཆར་བར་བྱེད་ན་ཡང་ཉེས་པ་མེད་དོ། །རྩ་བའི་རྩ་བ་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ནི། རྩ་བའི་རྩ་བ་ལ་སོགས་པ་ཡང་ཡལ་ག་དང་ཡལ་ག་ཕྲ་མོ་ཐམས་ཅད་ཀྱི་ཐུན་ མོང་ཡིན་ཏེ། དེ་ནི་རེ་ཞིག་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ནི་རྩ་བ་ཞེས་བྱ་བ་ནི། ཤིང་ལྗོན་པའི་སྟེང་གི་ཐམས་ཅད་ཀྱི་ཕྱོགས་གང་ནས་ཡལ་ག་དུ་མ་གྱེས་པར་གྱུར་པ་དེའི་མདོ་ཁོ་ནའི་འོག་ན་ཡལ་ག་མེད་པའི་ཤིང་ལྗོན་པ་སྡོང་པོའི་ཕྱོགས་ལ་བྱ་སྟེ། དེ་ནི་རྩ་བའོ། །རྩ་བའི་རྩ་བ་ཞེས་བྱ་བ་ནི། སྟེང་གི་ཐམས་ཅད་ཀྱི་རྩ་བར་གྱུར་པའི་ཤིང་ལྗོན་པའི་ཕྱོགས་དེ་ནས་ཡལ་ག་མེད་པའི་འོག་གི་ཆ་ལས་ཡལ་ག་གཅིག་ཏུ་གྱུར་ཏམ། ཡལ་ག་དུ་མར་གྱུར་པའི་ཡལ་ག་ཇི་སྙེད་གྱེས་པ་དེའི་མདོ་ཁོ་ནའི་འོག་ན་ཡལ་ག་མེད་པའི་ཕྱོགས་ཀྱི་ཆ་ཡོད་པ་ལ་བྱ་སྟེ། དེ་ནི་རྩ་ བའི་རྩ་བའོ། །སོགས་པ་ཞེས་སྨོས་པས་ནི། དེ་མན་ཆད་ནས་ས་གཞི་ལ་ཐུག་པ་ཡན་ཆད་ཀྱི་བར་བཟུང་སྟེ། སོགས་པའི་སྒྲས་བསྡུས་པ་ཤིང་ལྗོན་པ་དང་འབྲེལ་པའི་ས་གཞི་ཡན་ཆད་ནས། རྩ་བའི་རྩ་བ་ལ་ཐུག་པ་མན་ཆད་ཀྱི་བར་དེ་ནི། རྩ་བའི་རྩ་བ་དང་། རྩ་བ་དང་འབྲེལ་པའི་ ཡལ་ག་དང་། ཡལ་ག་ཕྲ་མོ་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །རྩ་བའི་རྩ་བ་ནི། རང་དང་རྩ་བ་དང་འབྲེལ་པའི་ཡལ་ག་དང་། ཡལ་ག་ཕྲ་མོ་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །རྩ་བ་ནི་དེ་ཉིད་དང་འབྲེལ་པའི་ཡལ་ག་དང་། ཡལ་ག་ཕྲ་མོ་རྣམས་ཉི་ཚེའི་ཐུན་མོང་ཡིན་ནོ། །དེ་དག་གི་ཡལ་ག་དང་ ཡལ་ག་ཕྲ་མོ་མ་རེག་པ་རྣམས་ནི་ཕན་ཚུན་ཐ་དད་པ་ཡིན་ནོ། །འདིར་གཞུང་ནི་འདི་ལྟ་སྟེ། ཤིང་ལྗོན་པ་ཡལ་ག་དང་། ལོ་མ་མ་རེག་པ་དེའི་ཉེན་ཀོར་གང་ལགས། སོ་སོ་ཐ་དད་པའོ། །ཇི་ཞིག་ཐུན་མོང་ལགས། རྩ་བའོ་ཞེས་གསུངས་པ་དེ་འདིར་གཞུང་ཡིན་ནོ། །ཡལ་ག་དང་ལོ་མ་རེག་པའི་ ཤིང་ལྗོན་པ་རྣམས་ནི་གནས་གཅིག་པ་ཉིད་དོ་ཞེས་བྱ་བ་ལ། ཤིང་ལྗོན་པ་གང་དག་གི་ཡལ་ག་དང་ལོ་མ་རེག་པ་དེ་དག་ནི། ཡལ་ག་དང་ལོ་མ་རེག་པའི་ཤིང་ལྗོན་པ་རྣམས་ཏེ། ཤིང་ལྗོན་པ་དེ་དག་ནི་གནས་གཅིག་པ་ཉིད་དོ། །མེ་ཏོག་དང་འབྲས་བུ་དག་ནི་དེའི་ཁོངས་སུ་གཏོགས་པའི་ ཕྱིར་ཚིག་ལོགས་ཤིག་ཏུ་མ་བྱས་སོ། །དེའི་ཆ་འོག་མར་དཔྱངས་པ་ནི་སྟེང་གཡོགས་དང་འདྲའོ་ཞེས་བྱ་བ་ནི། སྟེང་གཡོགས་ཞེས་བྱ་བ་བླ་གབ་ཀྱི་རིམ་པའི་ཆ་འོག་མ་བླ་གབ་ཀྱི་རིམ་པའི་ཁོངས་སུ་གཏོགས་པ་དེ་བཞིན་དུ་ཤིང་ལྗོན་པ་དེའི་ཆ་འོག་མ་གང་ཡིན་པའི་ཆ་འོག་མ་དེ་ནི་ གནས་དེའི་ཁོངས་སུ་གཏོགས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་ཤིང་ལྗོན་པའི་སྟེང་གི་ཆ་འོག་མར་ཆོས་གོས་དབྱངས་ཏེ་བཞག་པ་དེ་ཉིད་ཀྱིས་གཞིར་སྐྱ་རེངས་འཆར་བར་བྱེད་ན། དེའི་ཆོས་གོས་དང་འབྲལ་བར་མི་འགྱུར་རོ། གྲུ་དང་ཤིང་རྟ་དག་གི་ཡང་ངོ་ཞེས་བྱ་བ་ནི། གྲུ་དང་ཤིང་རྟ་དག་གི་ཆ་འོག་མ་ཡང་སྟེང་གཡོགས་དང་འདྲ་བར་ཁོངས་སུ་གཏོགས་པར་ཤེས་པར་བྱའོ། །ནམ་མཁའ་ནི་མཚམས་སུ་གཏོགས་པ་མ་ཡིན་ནོ། །དེ་ལྟ་བས་ན་གྲུ་དང་ཤིང་རྟས་སའི་ཆ་གང་ནོན་པའི་སའི་ཆ་དེ་དང་འབྲེལ་པ་དང་། འོག་གི་ཆ་དང་འབྲེལ་པ་དང་། ངོས་ དང་འབྲེལ་པ་དང་། འཁོར་ལོ་དང་རྩིབས་ཐག་དང་། ཕུར་པ་ལ་སོགས་པ་དང་འབྲེལ་པའི་རྫས་ནི་མདོ་འདི་གཉིས་ཀྱི་གནས་ཉིད་ཡིན་པར་བྱས་པར་རིག་པར་བྱའོ། །མཚམས་མེད་པ་ལ་ནི་ཡན་ལག་གིས་ཁྱབ་པ་མཐའོ་ཞེས་བྱ་བ་ལ་གནས་གང་མཚམས་མེད་པ་དེ་ནི་མཚམས་མེད་ པ་སྟེ། དགོན་པ་ལ་སོགས་པའི་གནས་མཚམས་མེད་པ་དེ་ལ་ནི་རྐ་ལག་ལ་སོགས་པའི་ཡན་ལག་གིས་ཁྱབ་པ་གང་ཡིན་པའི་ཡན་ལག་གིས་ཁྱབ་པའི་མཐའ་དེ་གནས་དེའི་མཐའ་ཡིན་པར་རིག་པར་བྱའོ། །འདིར་ལུང་ནི་ལམ་དུ་ཞུགས་པ་ལ་ལུས་དང་འབྲེལ་པའི་ཕྱོགས་ནས་བརྩམས་ ཏེ། འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཉེ་འཁོར་ཡིན་པར་གསུངས་པ་གང་ཡིན་པ་དང་། མཚམས་གཞན་པ་ལ་ལུས་ཀྱིས་ནོན་པ་ཉི་ཚེ་གནས་ཉིད་ཡིན་པར་གསུངས་པ་གང་ཡིན་པ་དེ་ཡིན་ནོ། །འདིར་མཚམས་ཞེས་བྱ་བའི་སྒྲ་ནི། ཁང་ཁྱིམ་ལ་སོགས་པ་དག་ལ་བྱ་སྟེ། དེ་མེད་པ་ནི་ མཚམས་མེད་པའི་གནས་ཡིན་ནོ། །གནས་བསྟན་ནས། ད་ནི་གནས་དེའི་ཉེ་འཁོར་བརྗོད་པར་བྱ་སྟེ། དེ་ཡང་རྣམ་པ་གཉིས་ཏེ། བརྩམ་དུ་རུང་བ་ཉིད་ཀྱིས་ཉེ་འཁོར་ཡིན་པ་ནི། བརྩམ་དུ་རུང་བ་ཉིད་ཀྱིས་གནས་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བ་སྟེ། འདི་ལྟར་གང་ལ་ལ་ཞིག་ འགའ་ཞིག་ཏུ་གནས་བྱེད་པ་ན་དེ་ལ་དེའི་ཁོ་ར་ཁོར་ཡུག་བརྩམ་དུ་རུང་བའི་སྐབས་ཡོད་པར་བྱ་བའི་བསམ་པ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །གཉིས་པ་ཉེ་བར་སྤྱོད་པ་ཉིད་ཀྱིས་ཉེ་འཁོར་ཡིན་པ་ནི་ཉེ་བར་སྤྱོད་པ་ཉིད་ཀྱིས་གནས་དང་ཉེ་བར་གྱུར་པ་སྟེ། འདི་ལྟར་གནས་དེ་ནི་ཉེ་བར་སྤྱོད་ པ་ཉིད་དང་ཡང་གདོན་མི་ཟ་བར་འབྲེལ་པའི་ཕྱིར་རོ། །དེ་ལ་རེ་ཞིག་ཉེ་འཁོར་སྔ་མ་ཤོས་བསྟན་པའི་ཕྱིར། ཉེ་འཁོར་ནི་ཁོ་ར་ཁོར་ཡུག་ཏུ་འདོམ་རེ་རེའོ་ཞེས་བྱ་བ་སྨྲས་ཏེ། ཁོ་ར་ཁོར་ཡུག་ཏུ་ཞེས་བྱ་བ་ནི། སྟེང་དང་འོག་དང་ཕྱོགས་ཀྱི་མཚམས་ཐམས་ཅད་ནས་ཕྱི་རོལ་གྱི་ཉེ་འཁོར་དུའོ། །འདོམ་ རེ་རེའོ་ཞེས་བྱ་བ་ནི། ཐམས་ཅད་དུ་འདོམ་རེ་རེར་འདྲ་བར་གྱུར་པའོ། །གྲོང་གི་བྱེ་བྲག་གསུམ་གྱི་གཞི་ལས་ནི་ཉེ་འཁོར་གྱི་བྱེ་བྲག་རིས་སུ་ཆད་པ་དང་བསྒྲུབ་པ་ཞེས་བྱ་བ་དག་ཡོད་དེ་དེ་དག་བསྟན་པའི་ཕྱིར་རྩིག་པས་བསྐོར་བའི་གྲོང་ལ་ནི། ཇི་ཙམ་དུ་བ་ལང་དྲུག་དང་ ལྡན་པའི་ཤིང་རྟ་སྨྱིག་མ་ཅན་གྱི་འམ། བྱ་གག་སྦར་ནས་འདུག་པའི་ལམ་གྱིས་ཁྱབ་པའོ་ཞེས་བྱ་བ་སྨྲས་ཏེ། རྩིག་པས་ཞེས་བྱ་བ་ར་བས་བསྐོར་བའི་ཞེས་བྱ་བ་དཀྲིས་པའི་གྲོང་ལ་ནི་ཞེས་བྱ་བ་ཡུལ་དུ་གྱུར་པ་ལན་ཇི་ཙམ་དུ་ལམ་གྱིས་ཁྱབ་པ་དེ་ཚུན་ཆད་དེ་ཉེ་འཁོར་རོ། །གང་གི་ལམ་གྱིས་ཁྱབ་ པ་ཞེ་ན་དེའི་ཕྱིར། བ་ལང་དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མ་ཅན་གྱིའམ་ཞེས་བྱ་བ་སྨྲས་ཏེ། བ་ལང་དྲུག་གིས་དྲང་དགོས་པའི་ཤིང་རྟ་སྨྱིག་མས་བཀང་བ་གཅིག་གི་ལམ་གྱིས་ཁྱབ་པའམ་ཡང་ན་བྱ་གག་སྦར་ནས་འདུག་པའི་ལམ་གྱིས་ཁྱབ་པ་སྟེ། བྱ་གག་འཕུར་དུ་བཅུག་ནས་གང་དུ་ས་ལ་འབབ་ པའི་བར་གྱི་ལམ་གྱིས་ཁྱབ་པ་སྟེ། རྩིག་པས་བསྐོར་བའི་གྲོང་ལ་ནི་འདི་འམ་སྔ་མ་གང་ཡང་རུང་བ་ཉེ་འཁོར་ཡིན་ནོ། །རིབ་མས་བསྐོར་བ་ལ་ནི་ར་ལུག་གི་རྡུལ་གྱི་འམ། མི་རང་བཞིན་གྱིས་ངོ་ཚ་དང་ལྡན་པའི་བཤང་བའི་ལམ་གྱིས་སོ་ཞེས་བྱ་བ་ནི། རིབ་མས་བསྐོར་བའི་གྲོང་ལ་ནི་ཇི་ཙམ་དུ་ར་ ལུག་དག་རིབ་མའི་དྲུང་ནས་འདོང་བ་ན། རྡུལ་འཐོན་པའི་རྡུལ་གྱི་ལམ་དེས་ཁྱབ་པ་ལའམ། ཡང་ན་མི་རང་བཞིན་གྱིས་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་ངོ་ཚ་དང་ལྡན་པའི་ཞེས་བྱ་བ། ངོ་ཚ་ཤེས་པའི་བཤང་བའི་ལམ་གྱིས་ཕྱོགས་ཅི་ཙམ་དུ་ཁྱབ་པ་དེ་ཚུན་ཆད་དེ། རིབ་མས་བསྐོར་བའི་གྲོང་ལ་ནི་ འདིའམ་སྔ་མ་གང་ཡང་རུང་བ་ཉེ་འཁོར་ཡིན་ནོ། །འོབས་ཀྱིས་བསྐོར་བ་ལ་ནི། སྐས་གདང་བུ་བཅུ་གཉིས་པའམ། ཕྱག་དར་བོར་བའི་བོང་བ་རགས་པའི་ལམ་གྱིས་སོ་ཞེས་བྱ་བ་ནི། འོབས་ཀྱིས་བསྐོར་བའི་གྲོང་ལ་ནི་སྐས་གདང་བུ་བཅུ་གཉིས་པའི་སྲིད་ཀྱི་ཚད་ཀྱི་ཕྱོགས་ཇི་ཙམ་དུ་ སླེབས་པའི་ལམ་གྱིས་ཁྱབ་པའམ། ཡང་ན་ཕྱག་དར་བོར་བའི་ཡན་ལག་ཏུ་གྱུར་པའི་བོང་བ་རགས་པ་རང་གི་ཤུགས་ཀྱིས་འདྲིལ་བས་ལམ་ཇི་སྲིད་དུ་ཕྱིན་པའི་ལམ་གྱིས་ཁྱབ་པ་དེ་ཚུན་ཆད་དེ། འོབས་ཀྱིས་བསྐོར་བའི་གྲོང་ལ་ནི། འདི་འམ་སྔ་མ་གང་ཡང་རུང་བ་ཉེ་འཁོར་ཡིན་ནོ། །གྲོང་ གི་བྱེ་བྲག་གསུམ་གྱི་གཞི་ལས་ཉེ་འཁོར་གྱི་བྱེ་བྲག་དེ་ལས། རྩིག་པས་བསྐོར་བའི་གྲོང་གི་ཉེ་འཁོར་རྣམ་གཉིས་དང་། འོབས་ཀྱིས་བསྐོར་བའི་གྲོང་གི་ཉེ་འཁོར་དང་པོ་ཤོས་ནི་རིས་སུ་ཆད་པའི་ཉེ་འཁོར་ཡིན་ནོ། །རིབ་མས་བསྐོར་བའི་གྲོང་གི་ཉེ་འཁོར་རྣམ་གཉིས་དང་། འོབས་ཀྱིས་ བསྐོར་བའི་གྲོང་གི་ཉེ་འཁོར་འོག་མ་ཤོས་ནི། བསྒྲུབ་པའི་ཉེ་འཁོར་ཡིན་ཏེ། དེ་དག་ནི་བརྩམ་དུ་རུང་བ་ཉིད་ཀྱིས་གནས་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བའི་ཉེ་འཁོར་རོ། །ད་ནི་ཉེ་བར་སྤྱོད་པ་ཉིད་ཀྱིས་གནས་དང་ཉེ་བར་གྱུར་པའི་ཉེ་འཁོར་བརྗོད་པར་བྱ་སྟེ། གནས་དེའི་འཕྲལ་གྱི་བྱ་བ་ དང་། འགྲོ་བ་དང་། འདུག་པ་དང་། རྡུལ་དག་གིས་དེར་གཏོགས་པ་ཁྱབ་པའོ་ཞེས་བྱ་བ་ནི། གནས་གང་དུ་ཉེ་འཁོར་རྣམ་པར་འཇོག་པའི་གནས་དེའི་འཕྲལ་གྱི་བྱ་བ་དང་། འགྲོ་བ་དང་། འདུག་པ་དང་། རྡུལ་གང་དག་ཡིན་པའི་གནས་དེའི་འཕྲལ་གྱི་བྱ་བ་དང་། འགྲོ་བ་དང་། འདུག་པ་ དང་། རྡུལ་དེ་དག་གིས་དེར་གཏོགས་པ་ཞེས་བྱ་བ་གནས་དེའི་ཕྱོགས་ཇི་ཙམ་ཡོད་པ་ཁྱབ་པ་ཞེས་བྱ་བ་ཆུབ་པར་གྱུར་པ་སྟེ། དེ་ནི་ཉེ་བར་སྤྱོད་པ་ཉིད་ཀྱིས་གནས་དང་ཉེ་བར་གྱུར་པའི་ཉེ་འཁོར་ཡིན་པར་རིག་པར་བྱའོ། །མདོ་འདི་ནི་ལུང་ལས། ཁྱིམ་ལ་སོགས་པ་གང་ན། དེ་དག་ འདུ་བར་བྱེད་པ་དང་། རྔོ་བར་བྱེད་པ་དང་། འཐག་པར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་ལ་སོགས་པ་ནི་ཉེ་འཁོར་རོ་ཞེས་གསུངས་པ་གང་ཡིན་པ་དེ་བསྡུ་བའི་ཕྱིར་བྱས་སོ། །མཚམས་མེད་པའི་ལམ་དུ་ཐ་དད་པ་མ་ཡིན་པར་འགྲོ་བའི་མི་ལ་ནི་འདོམ་བཞི་བཅུ་རྩ་དགུའོ་ཞེས་བྱ་བ་ལ། ལམ་གང་ན་ མཚམས་མེད་པ་དེ་ནི་མཚམས་མེད་པའི་ལམ་སྟེ། མཚམས་མེད་པའི་ལམ་དེར་རོ། །ཐ་དད་པ་མ་ཡིན་པར་འགྲོ་བའི་མི་ཞེས་བྱ་བ་ནི། དགེ་སློང་ལྟུང་བ་འབྱིན་པ་པོ་ལ་ལྟོས་ནས། ལམ་ཐ་དད་པ་མ་ཡིན་པར་འགྲོ་བའི་མི་དགེ་སློང་གི་ཆོས་གོས་ཁྱེར་བ་སྟེ། དེ་ལ་ནི་འདོམ་བཞི་བཅུ་རྩ་དགུ་ཚུན་ ཆད་ཉེ་འཁོར་ཡིན་ནོ། །འདི་སྐད་བསྟན་ཏེ། ལྟུང་བ་འབྱིན་པ་པོ་ལམ་གང་དུ་འགྲོ་བའི་ལམ་དེ་ཉིད་དུ་ཆོས་གོས་ཁྱེར་བའི་མི་ཡང་གལ་ཏེ་འགྲོ་ན། དེ་ནི་འདིར་ཐ་དད་པ་མ་ཡིན་པར་འགྲོ་བའི་མི་ཡིན་ཏེ། མཚམས་མེད་པ་དགོན་པ་ལ་སོགས་པའི་ལམ་དུ་ཐ་དད་པ་མ་ཡིན་པར་འགྲོ་བའི་མི་དེ་དང་འགྲོ་བ་ ལ་ནི་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཉེ་འཁོར་ཡིན་ནོ། །མཚམས་བྱས་པའི་ལམ་དུ་ནི་མཚམས་ཉིད་རྣམ་པར་གཞག་ཏུ་རུང་ངོ་། །ཞེང་དུ་ལམ་གཅིག་ཏུ་གཏོགས་པ་ཉིད་ཇི་ལྟར་རིག་པར་བྱ་ཞེ་ན། ཞེང་ཇི་ཙམ་ཚུན་ཆད་དུ་འགྲོ་བ་ན། སྐྱེ་བོ་དག་གིས་ལམ་གཅིག་ཏུ་ གཏོགས་པ་ཉིད་དུ་ཤེས་པ་དེ་ཙམ་ཚུན་ཆད་ནི་འདིར་ཞེང་ལས་ལམ་གཅིག་ཏུ་གཏོགས་པ་ཉིད་ཡིན་ནོ། །འདིར་མི་ཞེས་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་དོ། །སྔ་ཕྱིར་ཆོས་གོས་ཐལ་བ་དང་། །ལུས་པ་ཐམས་ཅད་ལ་ཚིགས་དེ་ཚུན་ཆད་ཉེ་འཁོར་ཡིན་ནོ། །གང་གི་ཕྱིར་ཉེ་འཁོར་ནི། ཁོ་ར་ཁོར་ ཡུག་ཏུ་འདོམ་རེ་རེའོ་ཞེས་བྱ་བའི་མདོ་དེའི་དམིགས་ཀྱིས་བསལ་བའི་རྣམ་པ་དེ་དག་ཡིན་པ་དེའི་ཕྱིར། འདིར་ལུས་ཀྱིས་ནོན་པའི་ཕྱོགས་ཉིད་ནས་བརྩམས་ཏེ། འདོམ་བཞི་བཅུ་རྩ་དགུར་གཞལ་བར་རིག་པར་བྱའི། འདོམ་གང་གི་མཐའ་ནས་ནི་མ་ཡིན་ནོ། །མཚམས་གཞན་ནི་མ་ཡིན་ནོ་ ཞེས་བྱ་བ་ལ། གཞན་གྱི་མཚམས་ནི་མཚམས་གཞན་ཏེ། མཚམས་གཞན་དེ་ནི་དྲུང་ན་འདུག་ཀྱང་ཉེ་འཁོར་མ་ཡིན་ཏེ། མཚམས་རྣམ་པར་གཞག་པ་ནི་རང་དབང་ཐ་དད་པའི་ཕྱིར་རོ། །དབུས་ནས་རྒྱང་གྲགས་ཀྱི་མཐའ་ཕན་ཆད་ན་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི། ཕྱོགས་ཐམས་ཅད་དུ་ཤིང་ ལྗོན་པའི་ཡལ་ག་དང་། ལོ་མ་ལ་སོགས་པ་འབྲེལ་པ་དང་། གྲོང་ཁྱེར་གྱི་སྟེང་ལ་སོགས་པ་འབྲེལ་པ་དང་། ཐག་པས་འབྲེལ་པ་ལ་སོགས་པས་ཁྱབ་པའི་གནས་སུ་ནི་དབུས་ནས་བརྩམས་ཏེ། ཕྱོགས་ཐམས་ཅད་དུ་རྒྱང་གྲགས་གཅིག་གི་ནང་ཚུན་ཆད་ནི་ཉེ་འཁོར་ཡིན་གྱི། རྒྱང་གྲགས་ གཅིག་གི་མཐའ་ཕན་ཆད་ནི་གནས་དང་ཉེ་འཁོར་ཐ་དད་པ་ཉིད་དོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་དབུས་ནས་ལྟོས་ཏེ། རྒྱང་གྲགས་གཅིག་གི་མཐའི་ཕྱི་རོལ་དུ་ཆོས་གོས་འཇོག་ཅིང་རང་དབུས་ཀྱི་གནས་སུ་སྐྱ་རེངས་འཆར་བར་བྱེད་ན། འདི་ལྟར་དཔག་ཚད་ཙམ་དུ་ཤིང་ལྗོན་ པའི་ཡལ་ག་དང་། ལོ་མ་དང་འབྲེལ་པ་ཉིད་ལ་སོགས་པ་ཡོད་དུ་ཟིན་ཀྱང་། དགེ་སློང་དེ་ཆོས་གོས་དང་འབྲལ་བ་ཁོ་ནར་འགྱུར་རོ། །ལུང་གི་གཞུང་བསྟན་པའི་ཕྱིར་ནགས་ཞེས་བྱ་བ་ནི། ཤིང་ལྗོན་པའི་གནས་སོ། །དེ་ལ་ཇི་སྲིད་དུ་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འདབ་མ་ དང་། འབྲས་བུ་དག་ཕན་ཚུན་འབྲེལ་པར་གྱུར་པ་དེར་དགེ་སློང་གིས་རྒྱང་གྲགས་ཁོ་ར་ཁོར་ཡུག་གར་དགའ་བར་ཆོས་གོས་བཞག་སྟེ། དེར་གར་དགར་བར་སྐྱ་རེངས་འཆར་བར་བྱའོ་ཞེས་མ་མོ་ལས་གསུངས་པ་དེ་མདོ་འདིར་བསྡུས་པ་ཡིན་ཏེ། གྲོང་ཁྱེར་ཐོག་འབྲེལ་པ་ལ་སོགས་པ་ གཞན་དུ་ཡང་རུང་བའི་ཕྱིར་སྤྱིར་རྣམ་པར་གཞག་གོ། །འབྲལ་བའི་སྤང་བ་རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་རྫོགས་སོ།། །།འབྲལ་བའི་སྤང་བ་ཞུ་བའི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར། དམ་དུམ་དུ་གྱུར་པ་ལ་བྱིན་གྱིས་བརླབས་པ་མེད་པར་མི་ འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་ལ་སོགས་པ་དམ་དུམ་དུ་གྱུར་པ་ལ་བྱིན་གྱིས་བརླབས་པ་མེད་པར་མི་འགྱུར་ཏེ། འདི་ལྟར་བྱིན་གྱིས་བརླབས་པ་ནི་རང་གི་ཉིད་ལ་བརྟེན་པ་ཡིན་པས། དམ་དུམ་དུ་གྱུར་པ་དེ་ལས། རང་གི་ཉིད་དང་འབྲལ་བར་མི་འགྱུར་བའི་ཕྱིར་རོ། །སྤང་བ་ལ་མ་ ཆགས་པ་མ་ཡིན་ནོ་ཞེས་བྱ་བ་ནི། ཆོས་གོས་ལ་སོགས་པ་སྤང་བ་ལ་བྱིན་གྱིས་བརླབས་པ་མི་འཆགས་པ་མ་ཡིན་ཏེ། འཆགས་པ་ཁོ་ནའོ། །གཞུང་ཁ་ཅིག་ལས་དགེ་སློང་གིས་ཆོས་གོས་དེ་ཉིད་དགུང་བཅུ་འདས་པ་ཡང་ལགས་ལ། དེ་ཉིད་དུ་དགུང་གཅིག་འབྲལ་བ་ཡང་ལགས་པ་མཆིས་ སམ། བཀའ་སྩལ་པ། ཡོད་དེ་ཆོས་གོས་ཞག་བཅུ་འདས་པ་ཡིན་ལ། དགེ་སློང་གིས་ཀྱང་དེ་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་བྱེད་པའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །དགེ་འདུན་གྱི་ལ་ཡང་ངོ་ཞེས་བྱ་བ་ནི། ཆོས་གོས་ལ་སོགས་པ་ལ་བྱིན་གྱིས་བརླབ་ པ་མི་འཆགས་པ་མ་ཡིན་ནོ། །དེ་ལས་འབྲལ་བར་འགྱུར་རོ་ཞེས་བྱ་བ་ནི། དགེ་འདུན་གྱིས་བྱིན་གྱིས་བརླབས་པ་དེ་ལས་འབྲལ་བར་འགྱུར་བ་ཁོ་ན་སྟེ། འབྲལ་བའི་རྒྱུ་ནི་བྱིན་གྱིས་བརླབས་པ་ཡིན་གྱི། རང་གི་ཉིད་ནི་མ་ཡིན་པའི་ཕྱིར་རོ། །གཞན་གནས་པས་གཞན་གྱི་གནས་མི་ཉམས་སོ་ ཞེས་བྱ་བ་ནི། ལྟ་བ་མི་མཐུན་པ་དང་། མཚན་མི་མཐུན་པ་གཞན་གནས་པས་དེའི་རྒྱུས་དགེ་སློང་གཞན་གྱི་གནས་གང་ཡིན་པ་དེ་མི་ཉམས་ཏེ། ཡོངས་སུ་བཏང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ཡོན་བདག་ཅིག་གིས་ཆོས་འདི་པ་དང་། ཕྱི་རོལ་པའི་རབ་ཏུ་བྱུང་ བའི་སྤྱི་ལ་བསྔོས་པའི་གནས་ཐུན་མོང་དེ་ན་དགེ་སློང་གནས་པ་ལས། གལ་ཏེ་དགེ་སློང་གི་གནས་དེར་མུ་སྟེགས་ཅན་ནམ་དགེ་ཚུལ་ལ་སོགས་པ་ཡང་གནས་པར་བྱེད་ན་དེ་ལྟ་ན་ཡང་གནས་དེ་ཉིད་དགེ་སློང་དེས་སྔ་ན་གནས་པས་སམ། རིས་སུ་བཅད་པའི་བར་ཆད་ ཀྱིས་བཅད་པ་ལ་སོགས་པས་བདག་གིར་བསྒྲུབས་ཟིན་པས་ཇི་སྲིད་དུ་དགེ་སློང་དེ་གནས་དེ་ལ་འཇོག་པ་དང་། འཇུག་པ་དང་། འབྱུང་བ་ལ་སོགས་པའི་དབང་ཡོད་པ་དེ་སྲིད་དུ་གནས་དེ་མི་ཉམས་ཏེ་བྲལ་བར་མི་འགྱུར་རོ། །དེ་བཞིན་དུ་གནས་དེ་ན་གལ་ཏེ་མུ་སྟེགས་ཅན་ནམ་དགེ་ཚུལ་ལ་སོགས་ པ་གནས་པར་གྱུར་པ་ལས། དགེ་སློང་ཡང་གནས་པར་བྱེད་ན་ཡང་མི་དབང་བ་མ་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་འདི་ཡི་གེ་ཁ་ཅིག་ལས་དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་སུ་ཆོས་གོས་བཞག་སྟེ། དགེ་འདུན་གྱི་གནས་ཉེ་འཁོར་གཅིག་པར་གནས་པར་བགྱིད་ན། ལྟུང་ བར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། མུ་སྟེགས་ཅན་དང་ལྷན་ཅིག་ཏུ་བསྐོས་པར་གྱུར་པར་རོ་ཞེས་གསུངས་པ་ཡིན་ནོ། །ཤིང་ལྗོན་པ་ལ་ཡང་དེ་དང་འདྲའོ། །འདིར་བསྐོས་པ་ཞེས་བྱ་བ་ནི་གནས་གཅིག་ལ་གཉིས་དབང་བར་བྱས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་ དེ་ལ་གཅིག་ཁོ་ན་དབང་བ་ཡིན་གྱི། ཅིག་ཤོས་མི་དབང་ན་ནི་དེའི་ཚེ། གནས་ཐ་དད་པ་ཁོ་ན་ཡིན་ནོ། །ཆོས་གཞན་པ་དང་འདི་པ་དག་ནི་ལྟ་བ་ལས་ཞེས་བྱ་བས་མ་འཕངས་པ་མ་ཡིན་ནོ་ཞེས་བྱ་བ་ནི། ཆོས་གཞན་པ་དང་ཆོས་འདི་པ་ནི་ཆོས་གཞན་པ་དང་འདི་པ་དག་སྟེ་དེ་གཉིས་ནི་སྔར་མདོ་ལས་ ལྟ་བ་ལས་ཞེས་སྨོས་པ་དེས་མ་འཕངས་པ་མ་ཡིན་ཏེ། འདི་ལྟར་འཕངས་པ་ཁོ་ན་ཡིན་ནོ། འདི་སྐད་བསྟན་ཏེ། སྔར་མདོ་ལས་ནོར་ལས་དང་། ལྟ་བ་ལས་དད་པ་ཐ་དད་པ་མ་ཡིན་པའི་ཡང་ངོ་ཞེས་སྨོས་པ་དེར་བདག་པོ་ནོར་ལས་དང་ལྟ་བ་ལས་དད་པ་ཐ་དད་པ་མ་ཡིན་པ་རྣམས་ཀྱི་གནས་ནི་ཐ་དད་ པ་ཉིད་མ་ཡིན་ལ། ནོར་ལས་དང་ལྟ་བ་ལས་དད་པ་ཐ་དད་པ་རྣམས་ཀྱི་གནས་ནི་ཐ་དད་པ་ཉིད་དོ་ཞེས་བསྟན་པའི་མདོ་དེའི་ལྟ་བ་ལས་དད་པ་ཐ་དད་པ་རྣམས་ཀྱི་གནས་ཐ་དད་པ་ཉིད་དོ་ཞེས་བྱ་བའི་ཚིག་དེས་ཆོས་གཞན་པ་མུ་སྟེགས་ཅན་ལ་སོགས་པ་དང་། ཆོས་འདི་པས་དེ་བཞིན་གཤེགས་པའི་ ཉན་ཐོས་དག་མ་འཕངས་པ་ཉིད་མ་ཡིན་ཏེ། འདི་ལྟར་འཕངས་པ་ཉིད་ཡིན་ནོ། །དེ་ལྟར་ན་དགེ་སློང་གིས་ཆོས་གཞན་པའི་གནས་སུ་ཆོས་གོས་འཇོག་ལ། ཆོས་འདི་པའི་གནས་སུ་སྐྱ་རེངས་འཆར་བར་བྱེད་ན་དེའི་ཚེ་དེ་ཆོས་གོས་དང་འབྲལ་བ་ཁོ་ནར་འགྱུར་རོ། །ཐུན་མོང་མ་ཡིན་ པ་དག་གིས་སྒོ་གང་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། མདོ་སྔ་མས་བསྟན་པའི་ཐུན་མོང་བ་དག་གིས་ཞེས་བྱ་བ་དེ་དག་གིས་སྒོ་གང་ཡང་མ་བསྡུས་པ་མ་ཡིན་ཏེ། བསྡུས་པ་ཁོ་ནའོ། །འདི་སྐད་བསྟན་ཏེ། སྔར་མདོ་ལས་བདག་པོ་གཅིག་པ་ཉིད་མ་ཡིན་པའི་བར་གྱི་མཚམས་རྣམས་ནི་ཐ་དད་པ་ཉིད་དོ་ཞེས་ སྨོས་པ་དེར་གནས་རྣམས་ནི་ཐ་དད་པ་ཉིད་དོ། །སྒོ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་ཐུན་མོང་ངོ་ཞེས་བསྟན་པ་དེས་སྒོ་གང་དང་། སྒོ་དང་འབྲེལ་པའི་གནས་ཐུན་མོང་བ་ཉིད་མ་འཕངས་པ་མ་ཡིན་ཏེ། འཕངས་པ་ཁོ་ནར་ཤེས་པར་བྱའོ། །དེས་ན་མཚམས་ཐ་དད་པའི་ཁྱིམ་དུ་ཆོས་གོས་གཞག་ སྟེ། སྒོ་གང་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །མདོ་དེ་གཉིས་ཀྱི་གཞུང་ནི་འདི་ཡིན་ཏེ། དགེ་འདུན་གྱི་གནས་དང་། མུ་སྟེགས་ཅན་གྱི་གནས་ཉེ་འཁོར་གཅིག་པར་གནས་པར་བྱེད་ན། སྒོ་གང་དུ་གནས་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ནོར་ལས་ཞེས་བྱ་བས་ ཕ་དང་བུ་དག་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། སྔར་མདོ་ལས་ནོར་ལས་དང་ལྟ་བ་ལས་དད་པ་ཐ་དད་པ་མ་ཡིན་པའི་ཡང་ངོ་ཞེས་སྨོས་པ་དེར་བདག་པོ་ནོར་ལས་དང་། ལྟ་བ་ལས་དད་པ་ཐ་དད་པ་མ་ཡིན་པ་རྣམས་ཀྱི་གནས་ནི་ཐ་དད་པ་ཉིད་མ་ཡིན་ལ་ནོར་ལས་དང་། ལྟ་བ་ལས་དད་པ་ཐ་དད་པ་རྣམས་ཀྱི་ གནས་ནི་ཐ་དད་པ་ཉིད་དོ་ཞེས་བསྟན་པའི་མདོ་དེའི་ནོར་ལས་དད་པ་ཐ་དད་པ་རྣམས་ཀྱི་གནས་ཐ་དད་པ་ཉིད་དོ་ཞེས་བྱ་བའི་ཚིག་དེས་ཕ་དང་བུ་དག་ཀྱང་མ་འཕངས་པ་མ་ཡིན་ཏེ། འདི་ལྟར་འཕངས་པ་ཁོ་ནའོ། །དེ་ལྟར་ན་དགེ་སློང་གིས་ནོར་ཐ་དད་པའི་བུའི་ཁྱིམ་དུ་ཆོས་གོས་བཞག་སྟེ། ཕའི་ཁྱིམ་ དུ་སྐྱ་རེངས་འཆར་བར་བྱེད་ན་དེ་ཆོས་གོས་དང་འབྲལ་བ་ཁོ་ནར་འགྱུར་རོ། །སྤངས་པ་ཉིད་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི། ཕ་དང་བུ་དག་ནོར་གྱིས་ཐ་དད་པ་ཉིད་ཀྱིས་ནི་ཐ་དད་པ་ཉིད་དུ་བསྟན་ལ། ཐ་དད་པ་མ་ཡིན་པ་ཉིད་ཀྱིས་ནི་ཐ་དད་པ་མ་ཡིན་པར་བསྟན་པ་དེ་ཉིད་ཀྱིས་ལྷུང་བཟེད་ཁས་ ཕུབ་པས་སམ། ཁྲིམས་སུ་བྱ་བས་སྤངས་པ་ཉིད་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལྟར་ན་ནོར་ཐ་དད་པའི་ཕ་སྤངས་ཏེ། བུ་ལས་བསོད་སྙོམས་ལ་སོགས་པ་ལེན་པར་བྱེད་ན་ལྟུང་བར་མི་འགྱུར་ལ། ནོར་ཐ་དད་པའི་བུ་སྤངས་ཏེ་ཕ་ལས་བསོད་སྙོམས་ལ་སོགས་ པ་ལེན་པར་བྱེད་ན་ཡང་ལྟུང་བ་མེད་པར་རིག་པར་བྱའོ། །ཉལ་པོ་བྱེད་པར་ཤོམ་པ་ཉིད་ཀྱང་ངོ་ཞེས་བྱ་བ་ཡང་ནོར་གྱིས་ཐ་དད་པ་ཉིད་ཀྱིས་ཐ་དད་པ་ཉིད་དུ་བསྟན་ལ། ཐ་དད་པ་མ་ཡིན་པ་ཉིད་ཀྱིས་ནི་ཐ་དད་པ་མ་ཡིན་པར་བསྟན་པ་དེ་ཉིད་ཀྱིས་ཉལ་པོ་བྱེད་པར་ཤོམ་པ་ཉིད་ཀྱི་ཁྱིམ་ཡང་དེ་དང་འདྲ་ བར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། ཁྱམས་སམ། དག་ར་འམ། ཁང་ཁྱིམ་མམ། ཕོ་བྲང་གཅིག་ན་གནས་མལ་དུ་མ་ཡོད་ལ། གནས་མལ་དེ་དག་ན་སྐྱེས་པ་དང་བུད་མེད་དག་ཉལ་པོ་བྱེད་པ་ལ་དགེ་སློང་གིས་ཕྱིས་གནོན་བྱས་ནས་འདུག་གམ། སྐྱབས་ཡོད་པ་ན་འགྲེང་བར་ བྱེད་ན་གལ་ཏེ་སྐྱེས་པ་དེ་དག་ནོར་ཐ་དད་པ་ཉིད་མ་ཡིན་པར་གྱུར་ན་ནི་ནོར་ཐ་དད་པ་ཉིད་མ་ཡིན་པའི་གནས་མལ་དེ་དག་ན་འདུག་པའམ་འགྲེང་བར་བྱེད་པའི་དགེ་སློང་ལ་ལྟུང་བ་གཅིག་ཁོ་ནར་འགྱུར་རོ། །འོན་ཏེ་སྐྱེས་པ་དེ་དག་ནོར་ཐ་དད་པ་ཉིད་ཡིན་པར་གྱུར་ན་ནི་ནོར་ཐ་དད་པ་ཉིད་ཡིན་པའི་གནས་ མལ་དེ་དག་ན་འདུག་པའམ་འགྲེང་བར་བྱེད་པའི་དགེ་སློང་ལ་ཉལ་པོ་ཤོམ་པར་བྱེད་པའི་ཁྱིམ་ན་འདུག་པའམ་འགྲེང་བ་ལས་བྱུང་བའི་ལྟུང་བྱེད་ཀྱང་ཉལ་པོ་བྱེད་པའི་གྲ་དུ་ཡོད་པ་དེ་རེ་རེ་ལས་རེ་རེ་འབྱུང་བར་འགྱུར་རོ། །འདིར་གཞུང་ནི་ཕྲན་ཚེགས་ཀྱི་ཞུ་བ་ལྷུང་བཟེད་ཁས་དབུབ་པ་ལས་ཁྱིམ་ བདག་ལ་ཁྱིམ་ཞིག་ཡོད་ལ་དེ་ལ་བུ་རབ་ཏུ་མང་པོ་དག་བདོག་ཅིང་། དེ་ཡང་ནོར་ཐ་དད་པའི་ཁྱིམ་མ་ཡིན་ལ། ཁྱིམ་བདག་རྣམས་ཀྱང་ལྷན་ཅིག་གནས་པ་ཡིན་ན། ཁྱིམ་གཅིག་ཡིན་པར་བརྗོད་པར་བྱ་སྟེ། ཕྱིས་གནོན་མ་བྱས་ཤིང་མ་འདུག་པ་ཡང་མ་ཡིན་ལ། སྐྱབས་མེད་པ་ཡང་མ་ཡིན་ཏེ། ཕྱིས་གནོན་དང་། འདུག་པ་གཅིག་དང་། སྐྱབས་ཡོད་པ་ན་འགྲེང་བ་ཡང་གཅིག་ཁོ་ནར་འགྱུར་རོ། །གལ་ཏེ་དེ་ནོར་ཐ་དད་པའི་ཁྱིམ་ཡིན་ལ། ཁྱིམ་བདག་རྣམས་ཀྱང་ལྷན་ཅིག་གནས་པ་མ་ཡིན་ན་ནི་ཁྱིམ་ཐ་དད་པར་བརྗོད་པར་བྱ་སྟེ། བུ་དེ་དག་ཇི་སྙེད་པ་དག་དང་འབྲེལ་པ་ཇི་ སྙེད་ཡོད་པ་དག་དང་། མནའ་མ་ཇི་སྙེད་དེ་དག་ན་འཁོད་པ་ཐམས་ཅད་ལས་ཕྱིས་གནོན་བྱས་ཤིང་འདུག་པའམ། སྐྱབས་ཡོད་པ་ན་འགྲེང་བ་ཐམས་ཅད་ལ་ཕྱིས་གནོན་དང་། འདུག་པ་དང་སྐྱབས་ཡོད་པ་ན་འགྲེང་བའི་ལྟུང་བྱེད་རེ་རེར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། ། ཁྱིམ་བདག་རྣམས་ཀྱང་ལྷན་ཅིག་གནས་པ་ཡིན་ལ་ཞེས་བྱ་བས་ནི་ཁྱིམ་གཅིག་ཏུ་གྱུར་པ་ཉིད་བསྟན་ཏོ། །གྲོང་ལ་དེ་ཡོད་པ་དེ་ནི་གཙུག་ལག་ཁང་གི་ཉེ་འཁོར་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གྲོང་ལ་ཉེ་འཁོར་ཡོད་པ་ཞེས་བྱ་བ་བདོག་པ་ནི་གཙུག་ལག་ཁང་གི་ཉེ་འཁོར་ཉིད་མ་ཡིན་ནོ། །འདི་སྐད་ བསྟན་ཏེ། འདི་ལྟར་གྲོང་དང་གཙུག་ལག་ཁང་གཉི་གའི་ཉེ་འཁོར་འབྲེལ་པ་ཉིད་ཡིན་དུ་ཟིན་ཀྱང་གྲོང་གི་ཉེ་འཁོར་གང་ཡིན་པ་དེ་གཙུག་ལག་ཁང་གི་ཉེན་ཀོར་ཉིད་མ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་གྲོང་དང་གཙུག་ལག་ཁང་གི་ཉེ་འཁོར་འབྲེལ་པར་གྱུར་ན་ཆོས་གོས་དང་ མི་འབྲལ་བ་ཇི་ལྟར་འཚལ་བར་བགྱི། ཉེ་བ་འཁོར་གྲོང་གི་ཉེ་འཁོར་མ་གཏོགས་པ་ལྷག་མ་ལས་ཆོས་གོས་དང་མི་འབྲལ་བར་ཤེས་པར་བྱ་སྟེ། །དཔེར་ན་གྲོང་གི་ཉེ་འཁོར་དུ་མཚམས་གཅོད་པར་བྱེད་ན་ཡང་མཚམས་སུ་མི་འགྱུར་ལ། མཚམས་སུ་གྱུར་ཟིན་པའི་ནང་དུ་གྲོང་གི་ཉེ་འཁོར་ཞིག་ ཕྱིས་བྱུང་ན་ཡང་དེའི་ཚེ་མཚམས་སུ་མ་གཏོགས་པར་ཁོལ་དུ་དབྱུང་བར་བྱ་སྟེ། ཁྱིམ་པ་མི་བགྲུངས་པ་དག་ལྷག་པར་གནས་པ་ཉིད་ཡིན་པས་ཐ་དད་པར་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་གྲོང་གི་ཉེ་འཁོར་ཡང་གཙུག་ལག་ཁང་གི་ཉེ་འཁོར་དུ་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འབྲལ་བའི་ སྤང་བ་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ། །འབྲལ་བའི་སྤང་བའོ་ཞེས་བྱ་བ་ཞག་གཅིག་གིས་འབྲལ་བའི་སྤང་བའི་ལྟུང་བྱེད་བཤད་ཟིན་ཏོ།། །།བམ་པོ་བཅུ་བདུན་པ། ཟླ་བ་གཅིག་གིས་སྤང་བ་བརྗོད་པར་འདོད་ནས། ཁ་བསྐང་བ་ལ་རེ་བ་ མེད་ན་ཆུང་བ་ཁྲུ་གང་ཡན་ཆད་ཀྱང་ཆོག་པ་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། མདོ་སྔ་མ་དག་ལས་གོས་ཞེས་སྨོས་པའི་རྗེས་དང་སྦྱར་རོ། །གོས་འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ་བས་ཆུང་བ་ཁྲུ་གང་ཡན་ཆད་ཀྱང་འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ་དང་འདྲ་བར་བལྟ་བར་བྱའོ་ཞེས་སྟོན་ ཏོ། །གང་གི་ཚེ་ཞེ་ན། དེའི་ཕྱིར་ཁ་བསྐང་བ་ལ་རེ་བ་མེད་ན་ཞེས་བྱ་བ་སྨྲས་ཏེ། འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པར་རེ་བ་མེད་ན་སྟེ། གལ་ཏེ་སྤྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་གོས་རྙེད་པར་རེ་བ་རྒྱུན་ཆད་ནའོ། །དེའི་ཚེ་ན། ཆུང་བ་ཁྲུ་གང་ཡན་ཆད་ ཀྱང་ཆོག་པ་དང་འདྲ་སྟེ། ཇི་ལྟར་འཆང་བའི་བསླབ་པའི་གཞིར་འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ་ཞག་བཅུ་འདས་ན་སྤང་བར་བསྡུས་པ་དེ་བཞིན་དུ་ཆུང་བ་ཁྲུ་གང་ཡན་ཆད་པ་འདི་ཡང་དེ་ཉིད་དུ་འདུས་པར་རིག་པར་བྱ་སྟེ། དེའི་ཚེ་ན་ཆུང་བ་ཁྲུ་གང་ཡན་ཆད་པ་འདི་ཡང་འཁོར་གསུམ་ ཁེབས་པའི་ཚད་དུ་ཆོག་པ་དེ་དང་འདྲ་བར་ཞག་བཅུ་པོ་དེ་ཉིད་ཀྱི་ནང་རོལ་དུ་གཏང་བར་བྱ་བའམ། བྱིན་གྱིས་བརླབ་པའམ། གཞན་ལ་སྦྱིན་པར་བྱ་བའོ། །ཆུང་བ་དེ་འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ་བས་ཆུང་བའོ་ཞེས་བྱ་བ་སྨྲས་ན་ཅི་ཙམ་དུ་ཆུང་བ་ཡིན་ཞེ་ན་དེའི་ཕྱིར་ཁྲུ་གང་ཡན་ ཆད་ཅེས་བྱ་བ་སྨྲས་ཏེ། ཁྲུ་གང་ཡན་ཆད་ཀྱི་གོས་ཏེ། ཁྲུ་གང་གི་ཚད་ཡན་ཆད་ཡིན་གྱི། དེ་བས་ཆུང་བ་གྲུ་གང་བ་ནི་མ་ཡིན་ནོ། །འདིར་གཞུང་ནི་དེ་ཆོས་གོས་དེ་ལ་རེ་བ་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་པར་གྱུར་ན། དགེ་སློང་དེས་ཆོས་གོས་དེ་ཞག་བཅུ་པ་དེ་ཉིད་ཀྱི་ནང་རོལ་དུ་གཏང་ བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། ཁ་བསྐང་བའི་བསམ་པ་མེད་ན་ནི་ཆུང་བ་གྲུ་གང་ཡན་ཆད་པ་དེ་ཞག་བཅུ་ན་ཐུག་པར་བཅང་བར་བྱའོ། །ཁ་བསྐང་བའི་བསམ་པ་ཡོད་ན་ནི་ཟླ་བ་གཅིག་ལ་ཐུག་པར་གཞག་པར་བྱའོ་ཞེས་བྱ་བ་དེ་འདིར་རྣམ་པར་གཞག་གོ། ། བྱིན་གྱིས་བརླབ་པར་བྱ་བ་ཡོད་པ་ཉིད་ན་ཡང་ངོ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་གསུམ་ཡོད་པ་ཉིད་ཡིན་ན་ཡང་ཆུང་བ་ཁྲུ་གང་ཡན་ཆད་པ་དེ་ཆོག་པ་དང་འདྲ་བར་བལྟ་བར་བྱའོ། །འདིར་གཞུང་ནི་མདོའི་ཚིག་ལས་ཆུང་ན་ཁ་བསྐང་བར་བྱའོ་ཞེས་གསུངས་པ་དང་། དེའི་ རྣམ་པར་འབྱེད་པ་ནི་འདི་ཡིན་ཏེ། སྣམ་སྦྱར་གྱིའམ། བླ་གོས་ཀྱིའམ། མཐང་གོས་ཀྱིའམ་ཞེས་གསུངས་པ་ཡིན་ནོ། །ཕྲན་ཚེགས་ཀྱི་ཞུ་བའི་སྐབས་ཀྱི་ནང་ནས་ཀྱང་གཞུང་འདི་ཡིན་ཏེ། ཟླ་བ་གཅིག་གི་མཐར་ཆོག་པའི་ཆོས་གོས་ནི་འདི་ཡིན་ཏེ། གང་ལ་ཆོས་གོས་གསུམ་ཚང་ བར་ཡོད་ན་དེས་དེ་གཞག་པར་མི་བྱའོ། །ཇི་སྟེ་འཇོག་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །གང་ལ་འཇོག་པའི་སྤང་བ་འབྱུང་ཞེ་ན་དེའི་ཕྱིར། གཞན་དུ་ན་དེ་ནི་ཞག་སུམ་ཅུ་འདས་ནའོ་ཞེས་བྱ་བ་སྨྲས་ཏེ། གཞན་དུ་ན་ཞེས་བྱ་བ་ནི་མདོ་སྔར་བསྟན་མ་ཐག་པའི་གཉིས་པོ་ ལས་གཞན་པ་སྟེ། ཁ་བསྐང་བ་ལ་རེ་བ་ཡོད་པ་དང་། བྱིན་གྱིས་བརླབ་པར་བྱ་བ་མེད་པ་ཉིད་ནའོ། །དེ་ནི་ཞེས་བྱ་བ་ནི་ཆུང་བ་ཁྲུ་གང་ཡན་ཆད་པའོ། །ཞག་སུམ་ཅུ་འདས་ནའོ་ཞེས་བྱ་བ་ནི་ཞག་སུམ་ཅུ་རྩ་གཅིག་གི་སྐྱ་རེངས་དང་པོ་ཤར་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་ སློང་གིས་ཚེས་ལ་ཆོས་གོས་སྔོན་པོ་རྙེད་ལ་བྱེད་དུ་མི་འཇུག་ཅེས་བྱ་བ་ལ་སོགས་པ་དང་། ཞུ་བ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེས་ཟླ་བ་གཅིག་གི་མཐར་ཐུག་པར་ཆོས་གོས་གཞག་པར་བྱའོ། །ཆོས་གོས་ཇི་ལྟ་བུ་ཞིག་ཅེ་ན། འཁོར་གསུམ་མི་ཁེབས་པ་གང་ཡིན་པའོ་ ཞེས་གསུངས་པ་གང་ཡིན་པའོ། །ཁ་དོག་ལ་སོགས་པ་ལས་རིགས་མི་མཐུན་པ་ནི་ཆོག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཁ་དོག་ལ་སོགས་པ་ལས་རིགས་མི་མཐུན་པ་རྙེད་པ་ནི་ཁ་ཚང་བ་ཉིད་མ་ཡིན་ནོ། །འདིར་རིགས་མི་མཐུན་པ་ཉིད་ཀྱིས་ཁ་བསྐང་བར་རེ་བ་གང་ཡིན་པའི་རེ་བ་དེ་ཉིད་ཀྱིས་ ཀྱང་བཞག་ཏུ་མི་རུང་ངོ་། །འདི་སྐད་བསྟན་ཏེ། ཁ་དོག་ལ་སོགས་པ་ལས་རིགས་མི་མཐུན་པ་འགྲུབ་པ་ཉིད་དུ་རེ་བ་གང་ཡིན་པས་ནི་ཞག་སུམ་ཅུར་བཞག་ཏུ་མི་རུང་སྟེ། རིགས་གཞན་ལ་རེ་བ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འདི་ལྟར་སྤྱིར་ཁ་བསྐང་བ་ལ་རེ་བས་གོས་ཁྲུ་གང་པ་ཞིག་འཇོག་ པར་བྱེད་ལ། ཕྱིས་རིགས་མི་མཐུན་པ་རྙེད་ཅིང་སྔར་བཞག་པ་དང་བསྡོངས་ན་འཁོར་གསུམ་ཁེབས་པའི་ཚད་ཡིན་དུ་ཟིན་ཀྱང་དེ་རྙེད་པས་དེ་ཞག་བཅུའི་མཐར་ཐུག་པར་མི་རུང་སྟེ། རིགས་མི་མཐུན་པ་ནི་མ་རྙེད་པ་དང་འདྲ་བའི་ཕྱིར་རོ། །འདིར་གཞུང་ནི་འདི་ལྟར་གང་གི་ཚེ་དེ་དང་འདྲ་བར་ རྙེད་པར་གྱུར་ནའོ་ཞེས་གསུངས་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་རིགས་མི་མཐུན་པས་ཐ་དད་པ་བལ་གོས་དང་རས་གོས་ལ་སོགས་པ་ལྟ་བུ་ཐམས་ཅད་བསྡུའོ། །ཁ་དོག་ཅེས་བྱ་བའི་སྒྲས་ནི་འདིར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དེ་དག་གི་བྱེ་བྲག་ལས་བྱས་པ་ དག་ཀྱང་བསྡུའོ། །དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། དཀར་པོ་ཉིད་ནི་ཁ་དོག་ཐམས་ཅད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དཀར་པོའི་དངོས་པོ་ནི་དཀར་པོ་ཉིད་དོ། །དེ་ནི་ཁ་དོག་ཀྱང་ཡིན་ལ་ཐམས་ཅད་པ་ཡང་ཡིན་པས། ཁ་དོག་ཐམས་ཅད་པ་ སྟེ། དེའི་དངོས་པོ་ནི་ཁ་དོག་ཐམས་ཅད་པ་ཉིད་དོ། །གོས་དཀར་པོ་ཉིད་དེ་ལ་ནི་ཁ་དོག་ཐམས་ཅད་ཡོད་པར་བལྟ་བར་བྱ་སྟེ། དཀར་པོ་ནི་ཁ་དོག་ཐམས་ཅད་དུ་བསྒྱུར་དུ་རུང་བའི་ཕྱིར་རོ། །འདི་སྐད་བསྟན་ཏེ། ཁ་སོགས་ཀྱི་གོས་སྔོན་པོ་ལ་སོགས་པ་བཞག་པ་ལ་ཁ་བསྐང་བའི་ཆོས་ གོས་དཀར་པོ་རྙེད་པ་གང་ཡིན་པ་དེ་ནི་རིགས་མི་མཐུན་པ་མ་ཡིན་པར་ཤེས་པར་བྱ་སྟེ། དཀར་པོ་ནི་སྔོན་པོ་ལ་སོགས་པར་བསྒྱུར་དུ་རུང་བའི་ཕྱིར་རོ། །དེ་བཞིན་དུ་གོས་དཀར་པོ་བཞག་པ་ལ་སྔོན་པོ་རྙེད་པ་གང་ཡིན་པ་དེ་ཡང་རིགས་མི་མཐུན་པ་མ་ཡིན་ཏེ། བཞག་པ་དེ་སྔོན་པོ་ལ་སོགས་ པའི་ཁ་དོག་ཏུ་བསྒྱུར་དུ་རུང་བའི་ཕྱིར་རོ། །འདིར་ལུང་ནི་ཇི་ལྟར་གོས་སྔོན་པོའམ། སེར་པོའམ། དམར་པོའམ། མཐུག་པོའམ། སྲབ་མོ་རྙེད་པ་ཞེས་བྱ་བ་དེར་སྔོན་པོ་ལ་སོགས་པའི་ནང་དུ་དཀར་པོ་མ་སྨོས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་གོས་ཀྱི་ཁ་སོགས་ཟླ་བ་གཅིག་ཏུ་ བཞག་པ་ལས་བར་དུ་ཁ་བསྐང་བ་འཁོར་གསུམ་ཁེབས་པའི་ཚད་ཅིག་རྙེད་པར་གྱུར་ན། ཅི་འོན་ཀྱང་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའམ་སྙམ་དུ་དོགས་པ་བསལ་བའི་ཕྱིར། དེ་རྙེད་ན་ཞག་བཅུ་པ་དེའི་དང་པོ་ལ་བག་ལ་གློན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བ་ནི་ཁ་སོགས་ཀྱི་ གོས་བཞག་པ་གང་ཡིན་པ་དེ་དང་རིགས་མཐུན་པ་ཁ་བསྐང་བའི་གོས་དེའོ། །རྙེད་ན་ཞེས་བྱ་བ་ནི་གྲུབ་ཅིང་ཐོབ་ནའོ། །དེ་རྙེད་ན་རྙེད་པའི་དུས་དེའི་ཚེ་ན། ཞག་བཅུ་པ་དེའི་དང་པོ་ལ་བག་ལ་གློན་པ་ཉིད་ཡིན་ཏེ། ཞག་བཅུ་པ་དེའི་དང་པོ་ཞེས་བྱ་བ་ནི། ཁ་སོགས་ཀྱི་གོས་བཞག་པ་དང་འབྲེལ་བའི་ དུས་ཀྱི་ཞག་བཅུ་པ་དང་པོའམ་གཉིས་པའམ། གསུམ་པ་གང་ཡིན་པའི་ཞག་བཅུ་པའི་སྐབས་དེའི་དང་པོ་ཞེས་བྱ་བ་ཉི་མ་དང་པོ་གང་ཡིན་པ་དེ་ལའོ། །བག་ལ་གློན་པ་ཉིད་དོ་ཞེས་བྱ་བ་ནི། ཞག་བཅུ་པ་དེའི་དང་པོ་དེ་ལ་ཁ་བསྐང་བའི་གོས་ཕྱིས་རྙེད་པ་དེ་གང་། ཁ་སོགས་ཀྱི་གོས་སྔར་བཞག་ པ་དེ་གཉིས་སོ་སོ་ན་འདུག་ཀྱང་བླ་སྟེ། དེ་དེའི་བག་ལ་གློན་པ་ཉིད་ཡིན་ནོ། །དེ་ཡང་གལ་ཏེ་དེའི་ཚེ་ན་བག་ལ་གློན་པ་ཉིད་ན་འཁོར་གསུམ་ཁེབས་པའི་ཚད་དུ་ཆོག་པ་ཉིད་ཡིན་ན་ནི་དེའི་ཚེ་ཞག་བཅུ་འདས་པ་དེ་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་བྱིན་གྱིས་མ་བརླབས་ན་ ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཇི་སྟེ་དེ་གཉིས་བསྡོངས་ཀྱང་འཁོར་གསུམ་ཁེབས་པའི་ཚད་དུ་མ་ཆོག་པ་ཉིད་ཡིན་ན་ནི། དེའི་ཚེ་ན་ཕྱིས་རྙེད་པ་དེ་ཡང་སྔར་བཞག་པ་དང་འདྲ་བར་ཟླ་བ་གཅིག་པའི་ཁོངས་སུ་གཏོགས་པ་ཡིན་པར་ཤེས་པར་བྱ་སྟེ། སྔར་བཞག་པ་དེའི་ཤན་ གྱི་དབང་གིས་ཕྱི་མ་དེ་སྔ་མའི་བག་ལ་གློན་པ་ཉིད་ཡིན་པའི་ཕྱིར་རོ། །ཕྱི་མ་དེ་ལ་ཡང་ཟླ་བ་གཅིག་པ་དེ་ཉིད་རྣམ་པར་གཞག་པར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་དེས་ཞག་བཅུ་པ་དེ་ཉིད་ཀྱི་ནང་རོལ་དུ་ཞེས་གསུངས་པ་ཡིན་ནོ། །ཟླ་བ་གཅིག་པའི་སྤང་བ་འདི་ལ་ཞག་བཅུ་པ་དང་པོ་དང་ གཉིས་པ་དང་གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་ལྟོས་པ་ནི་མེད་དོ། །དེ་ལྟར་ན་ཡང་གལ་ཏེ་དགེ་སློང་གིས་ཁ་སོགས་ཀྱི་གོས་ཁྲུ་གང་གི་ཚད་ཅིག་བཞག་ནས་ཞག་བཅུ་གཅིག་པ་ལ་ཁ་བསྐང་བ་རྙེད་དོ། །ཆོ་ག་ན་ནི་ཞག་བཅུ་གཉིས་པ་དེ་ཉིད་ཀྱི་ནང་རོལ་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་ བར་བྱའོ། །གལ་ཏེ་བྱིན་གྱིས་རློབ་པར་མི་བྱེད་པར་གཏོང་བར་མི་བྱེད་ན་ཞག་ཉི་ཤུ་གཅིག་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་ཞག་བཅུ་པ་དང་པོའི་ཤན་གྱི་ཤུགས་ཀྱིས་ཕྱི་མ་དེ་ལ་ཡང་ཤན་རྣམ་པར་གཞག་པར་གྱུར་ན་ནི་དེའི་ཚེ་ཉི་མ་དེ་ཉིད་ལ་གོས་དེ་བྱིན་གྱིས་བརླབ་ པར་བྱ་བའམ། གཏང་བར་བྱ་དགོས་པར་འགྱུར་ཞིང་བྱིན་གྱིས་མི་རློབ་བམ་གཏོང་བར་མི་བྱེད་ན་ཞག་བཅུ་གཉིས་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ཞིག་ན། དེ་ལྟར་ནི་མི་བཞེད་དེ། དེ་ལྟར་ཡང་འདིར་ཞག་བཅུ་པ་ཉིད་མ་ཡིན་ཏེ། འདི་ལྟར་དགེ་སློང་དེས་ཞག་བཅུ་དགུ་ཚུན་ཆད་དུ་ཆོས་ གོས་སྔོན་པོ་རྙེད་ན་ཆོས་གོས་དེ་ཞག་ཉི་ཤུ་པོ་དེ་ཉིད་ཀྱི་ནང་རོལ་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་མི་རློབ་བམ། མི་གཏོང་ངམ། གཞན་ལ་མི་སྦྱིན་ན་ཞག་ཉི་ཤུ་གཅིག་གི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། ། གང་གི་ཕྱིར་འདིར་རང་གི་ཞག་བཅུ་པ་ལ་ལྟོས་ཏེ། རྣམ་པར་གཞག་པར་མཛད་པ་དེའི་ཕྱིར་ཞག་བཅུ་པ་དང་པོའི་ཤན་ལ་ལྟོས་ཏེ་འདིར་རྣམ་པར་གཞག་པར་མི་བྱའོ། །འདི་མན་ཆད་ནི་གོས་ཇི་ལྟ་བུ་ལ་དང་། ཚད་ཇི་ཙམ་དུ་བྱིན་གྱིས་བརླབ་པ་འཆགས་པར་འགྱུར་བ་ དང་། དེ་ལས་བཟློག་པ་ལ་སྤང་བར་འགྱུར་བ་དེ་བརྗོད་པར་བྱ་སྟེ། སར་པ་ལས་སྣམ་སྦྱར་གྱི་མཐའ་ནི་ཉི་རིམ་མོ་ཞེས་བྱ་བ་ནི། གལ་ཏེ་སར་བ་ལས་སྣམ་སྦྱར་བྱེད་ན་སྣམ་སྦྱར་དེའི་རིམ་པའི་ཚད་ཀྱི་མཐའ་ནི་ཉི་རིམ་སྟེ། དེ་ལ་རིམ་པ་ལྷག་པ་གཞན་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སར་ པ་ཞེས་བྱ་བ་ནི་གང་དུས་ཚིགས་གཅིག་རངས་པར་མ་སྤྱད་པ་དེ་ནི་སར་པ་ཞེས་བྱའོ། །གདིང་བའི་ཡང་ངོ་ཞེས་བྱ་བ་ཡང་སར་པ་ལས་བྱེད་ན་དེའི་རིམ་པའི་ཚད་ཀྱི་མཐའི་ཉི་རིམ་མོ། །བླ་གོས་དང་མཐང་གོས་གཉིས་ནི་ཆིག་རྐྱང་ངོ་ཞེས་བྱ་བ་ནི། བླ་གོས་དང་མཐང་གོས་གལ་ཏེ་སར་པ་ ལས་བྱེད་ན་དེ་གཉིས་ཀྱི་རིམ་པའི་ཚད་ཀྱི་མཐའ་ནི་ཆིག་རྐྱང་ངོ་། །འདིར་གཞུང་ནི་གལ་ཏེ་དགེ་སློང་དེས་བཅག་པ་དང་། ཁ་བསྒྱུར་བ་དང་། བཙེམ་པར་ནུས་ན་དགེ་སློང་དེས་གོས་དེ་ལས་སྣམ་སྦྱར་དང་གདིང་བ་ནི་ཉི་རིམ་དུ་བྱའོ། །བླ་གོས་དང་མཐང་གོས་ནི་ཆིག་རྐྱང་དུ་བྱའོ་ཞེས་གསུངས་ པ་ཡིན་ནོ། །དུས་ཚིགས་སུ་སྤྱད་པ་ལས་ནི་ཉིས་འགྱུར་དུའོ་ཞེས་བྱ་བ་ནི། མདོ་སྔ་མ་དག་ལས་ཉི་རིམ་དང་ཆིག་རྐྱང་ཞེས་སྨོས་པ་དེ་དག་ལས་ལྟོས་ཏེ། གལ་ཏེ་གོས་དུས་གཅིག་ཏུ་སྤྱད་པ་ལས་དེ་དག་བྱེད་ན་ཉིས་འགྱུར་དུ་བྱ་བའོ། །འདི་སྐད་བསྟན་ཏེ། སྣམ་སྦྱར་དང་གདིང་ བ་གཉིས་ནི་བཞི་རིམ་དུ་བྱའོ། །བླ་གོས་མཐང་གོས་གཉིས་ནི་ཉི་རིམ་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དུས་ཚིགས་སུ་སྤྱད་པའི་གོས་ནི་བགོ་ཟས་ཆུང་བ་ཡིན་ཏེ། དུས་ཚིགས་གསུམ་པོ་དག་ལས་དུས་ཚིགས་གང་ཡང་རུང་བའི་དུས་ཚིགས་སུ་སྤྱད་པ་གང་ཡིན་པའོ་ཞེས་གསུངས་ པའི་ཕྱིར་རོ། །ཕྱག་དར་ཁྲོད་ལས་བྱས་པ་དག་ལ་ནི་ངེས་པ་མེད་དོ་ཞེས་བྱ་བ་ནི། ཕྱག་དར་ཁྲོད་ལས་བྱས་པའི་ཆོས་གོས་དག་ལ་ནི་རིམ་པ་དག་ངེས་པ་མེད་དོ། །འདིར་གཞུང་ནི་ཕྱག་དར་ཁྲོད་ལ་ནི་ཇི་ཙམ་འདོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྙིང་པ་ཉིད་དང་དེངས་པ་ཉིད་ ལ་ནི་ཅི་དགོས་པ་ལྷག་པར་སྦྱར་རོ་ཞེས་བྱ་བ་ནི། ཕྱག་དར་ཁྲོད་མ་ཡིན་པ་ལ་ཡང་ལྷན་པ་དག་ལྷག་པར་སྦྱར་བར་བྱའོ། །གང་གི་ཚེ་ཞེ་ན། དེའི་ཕྱིར་རྙིང་པ་ཉིད་དང་དེངས་པ་ཉིད་ལ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་སོ། །རྙིང་པ་ཉིད་ཅེས་བྱ་བ་ནི་རང་ཟད་པའོ། །དེངས་པ་ཉིད་ ཅེས་བྱ་བ་ནི་སྒོ་སྐྱེས་ཀྱིས་བཤུད་པ་ལ་སོགས་པས་བསྲབས་པར་གྱུར་པའོ། །ཅི་དགོས་པ་ཞེས་བྱ་བ་ནི། ཇི་ཙམ་དགོས་པ་སྟེ། ཇི་ཙམ་སྤྱད་པར་བྱ་དགོས་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་པར་ཞེས་བྱ་བ་ནི། རིམ་པའི་མཐའ་སྔར་བསྟན་པ་ལས་སོ། །སྦྱར་རོ་ཞེས་བྱ་བ་ནི་ལྷན་ པ་དག་གོ། །མདོ་འདི་ནི་མ་མོ་ལས་གསུངས་པ་བསྡུས་པ་ཡིན་ནོ། །ལྷག་པར་སྦྱར་བ་ཉིད་དུ་མི་བྱའོ་ཞེས་བྱ་བ་ནི། སྣམ་སྦྱར་ལ་སོགས་པ་ཕྱག་དར་ཁྲོད་ལས་བྱས་པ་མ་ཡིན་པ་མ་རྙིང་མ་དེངས་པ་ལ་རིམ་པ་སྔར་བསྟན་པ་ལས་ལྷག་པར་མི་སྦྱར་བ་སྟེ། སྦྱོར་ན་སྦྱར་བ་ཉིད་ན་ཐམས་ཅད་ ཉེས་བྱས་སོ། །སྤང་བར་འགྱུར་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི། ལྷག་པར་སྦྱར་བའི་རིམ་པ་དེ་དག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འདི་སྐད་བསྟན་ཏེ། དེ་ལ་རིམ་པ་ལྷག་པར་སྦྱར་བ་གང་ཡིན་པ་དེ་སྤང་བར་འགྱུར་གྱི། རིམ་པ་ཇི་སྐད་བསྟན་པ་དག་ནི་སྤང་བར་མི་འགྱུར་ རོ། །རིགས་པ་ཅན་བྱི་དོར་བྱས་ནས་འདི་ཉིད་དུ་སྦྱར་བར་བྱའོ། །སྙམ་པའི་སེམས་མ་བསྐྱེད་པར་དབོག་པར་མི་བྱ་བའོ་ཞེས་བྱ་བ་ལ། རིམ་པ་སྔ་མ་སྦྱར་ཟིན་པ་ནི་བྱིན་གྱིས་བརླབ་པའི་འོས་ཡིན་པས་རིགས་པ་དང་ལྡན་པ་ཡིན་པའི་ཕྱིར། རིགས་པ་ཅན་ཞེས་བྱ་བ་སྟེ། རིམ་པ་རིགས་པ་ ཅན་དེ་སྲིད་དུ་བཅག་པ་ལ་སོགས་པའི་བྱི་དོར་བྱས་ནས་ཆོས་གོས་ཀྱི་འདི་ཉིད་དུ་ཕྱིར་སྦྱར་བར་བྱའོ་སྙམ་པའི་རྣམ་པ་དེ་ལྟ་བུའི་སེམས་མ་སྐྱེས་པ་དེ་སྲིད་དུ་དབོག་པར་མི་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་ཆོས་གོས་ལས་རིམ་པ་གཞན་བྱི་དོར་བྱ་བའི་ཆེད་དུ་དབོག་པར་འདོད་པས་ཇི་སྲིད་ དུ་བཅག་པ་ལ་སོགས་པའི་བྱི་དོར་བྱས་ནས་ཕྱིར་འདི་ཉིད་དུ་སྦྱར་རོ་སྙམ་པའི་སེམས་མ་བསྐྱེད་ཀྱི་བར་དུ་དབོག་པར་མི་བྱའོ། །དབོག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གང་ཡང་རུང་བས་ཕོག་པ་མ་སྦྱར་བའི་སྔ་རོལ་དུ་སྤང་བར་འགྱུར་བ་ཉིད་དོ་ཞེས་བྱ་བ་ལ། གང་ཡང་རུང་ བས་ཞེས་བྱ་བ་ནི། ཇི་ལྟར་ཡང་རུང་བ་སྟེ། སྔར་བསྟན་མ་ཐག་པའི་རྣམ་པ་དེ་ལྟ་བུའི་སེམས་སམ་སེམས་ཀྱི་རྣམ་པ་གཞན་གྱིས་སོ། །དེ་ལྟ་བུའི་སེམས་ཀྱིས་སྦྱར་མ་གཞན་ཕོག་པ་ནི་ཕྱིར་དེ་ཉིད་དུ་མ་སྦྱར་བའི་སྔ་རོལ་དུ་ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ ཉིད་ཡིན་ནོ། །སྦྱར་ན་ནི་གཅིག་པ་ཉིད་དུ་གྱུར་པ་ཡིན་པས་ཉེས་པ་མེད་དོ། །སྦྱར་བ་རྣམ་པར་གཞག་པ་དང་འབྲེལ་བ་ཡིན་པས་འདི་བརྗོད་པར་བྱ་སྟེ། སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ་ཟུང་མ་གཏོགས་སོ་ཞེས་བྱ་བ་ནི། ཆོས་གོས་སྣམ་སྦྱར་གྱི་སྣམ་ཕྲན་གྱི་ གྲངས་ནི་དགུ་ཡན་ཆད་ནས་ཉི་ཤུ་རྩ་ལྔ་མན་ཆད་གང་ཡང་རུང་བ་ཡིན་པར་རིག་པར་བྱའོ། །ཟུང་མ་གཏོགས་སོ་ཞེས་བྱ་བ་ནི་གྲངས་ཟུང་རྣམས་མ་གཏོགས་པ་སྟེ། འདི་ལྟ་སྟེ། བཅུ་དང་བཅུ་གཉིས་དང་བཅུ་བཞི་དང་བཅུ་དྲུག་དང་། བཅོ་བརྒྱད་དང་། ཉི་ཤུ་དང་ཉི་ཤུ་གཉིས་དང་ཉི་ཤུ་བཞི་ དག་མ་གཏོགས་པའོ། །དེ་ལས་ལྷག་པ་དག་གིས་སྣམ་སྦྱར་མི་བྱའམ་ཞེ་ན་དེའི་ཕྱིར། དེ་ཡན་ཆད་ནི་ཚེམ་བུའོ་ཞེས་བྱ་བ་སྨྲས་ཏེ། སྣམ་སྦྱར་ཉི་ཤུ་རྩ་ལྔ་པོ་དེ་ཡན་ཆད་ལས་ལྷག་པ་དག་གིས་སྣམ་བུ་སྦྱར་བ་ནི་ཚེམ་བུ་སྟེ། དེ་བས་ན་སྣམ་སྦྱར་ལ་ནི་དེ་ལས་ལྷག་པར་མི་བྱའོ། །སྣམ་ཕྲན་དེ་དག་ ལ་གླེགས་བུ་དང་གླེགས་བུ་ཕྱེད་ཇི་ལྟར་རྣམ་པར་གཞག་ཅེ་ན་དེའི་ཕྱིར། དང་པོ་གསུམ་ལ་ནི་དེ་དག་གི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ་ཞེས་བྱ་བ་ལ་ནི། དང་པོ་གསུམ་ལ་ནི་ཞེས་བྱ་བ་ནི་སྣམ་སྦྱར་གསུམ་པ་དང་པོ་ལ་སྟེ། སྣམ་ཕྲན་དགུ་པ་དང་། བཅུ་གཅིག་དང་། བཅུ་གསུམ་པའི་སྣམ་ སྦྱར་དག་ལའོ། །དེ་དག་གི་ཞེས་བྱ་བ་ནི། སྣམ་ཕྲན་དགུ་དང་། བཅུ་གཅིག་དང་། བཅུ་གསུམ་དེ་དག་གིའོ། །དེ་དག་གི་ནི་གླེགས་བུ་ཕྱེད་དང་གསུམ་པ་ཉིད་དོ། །སྣམ་ཕྲན་གང་ལ་གླེགས་བུ་ཕྱེད་དང་གསུམ་ཡོད་པ་དེ་ནི་གླེགས་བུ་ཕྱེད་དང་གསུམ་པའོ། །དེའི་དངོས་པོ་ནི་གླེགས་བུ་ ཕྱེད་དང་གསུམ་པ་ཉིད་དོ། །འདིར་སྣམ་ཕྲན་ཞེས་བྱ་བའི་སྒྲས་ནི་ཚལ་བུ་ལ་བྱའི། གླེགས་བུ་དང་གླེགས་བུ་ཕྱེད་ལ་ནི་མི་བྱའོ། །གཉིས་པ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ་ཞེས་བྱ་བ་ལ། གཉིས་པ་ལ་ནི་ཞེས་བྱ་བ་ནི། སྣམ་སྦྱར་གསུམ་པ་གཉིས་པ་ལ་སྟེ། སྣམ་ཕྲན་བཅོ་ལྔ་ པ་དང་། བཅུ་བདུན་པ་དང་། བཅུ་དགུ་པའི་སྣམ་སྦྱར་དག་ལའོ། །སྣམ་ཕྲན་དེ་དག་ནི་གླེགས་བུ་ཕྱེད་དང་བཞི་པ་ཉིད་དོ། །གསུམ་པ་ལ་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ་ཞེས་བྱ་བ་ལ། གསུམ་པ་ལ་ནི་ཞེས་བྱ་བ་ནི། སྣམ་སྦྱར་གསུམ་པ་ལ་སྟེ། སྣམ་ཕྲན་ཉི་ཤུ་གཅིག་ པ་དང་། ཉི་ཤུ་གསུམ་པ་དང་། ཉི་ཤུ་ལྔ་པའི་སྣམ་སྦྱར་དག་ལའོ། །སྣམ་ཕྲན་དེ་དག་ནི་གླེགས་བུ་ཕྱེད་དང་ལྔ་པ་ཉིད་དོ། །སྣམ་ཕྲན་གང་དག་གླེགས་བུ་ཕྱེད་དང་ལྔ་ཡོད་པ་དེ་དག་ནི་གླེགས་བུ་ཕྱེད་དང་ལྔ་པའོ། །དེ་དག་གི་དངོས་པོ་ནི་དེ་ཉིད་དོ། །བླ་གོས་ནི་སྣམ་ཕྲན་བདུན་དང་། གླེགས་ བུ་ཕྱེད་དང་གསུམ་པའོ། །མཐང་གོས་ནི་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་པའོ། །དེ་གཉིས་ནི་ཆོས་གོས་བྱིན་གྱིས་བརླབ་པའི་སྔགས་ལས་ཤེས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བླ་གོས་དང་མཐང་གོས་གཉིས་ཀྱི་སྣམ་ཕྲན་གྱི་ཚད་ནི་སྣམ་སྦྱར་གྱི་ཚད་ལྟར་གང་དུ་ཡང་བཀའ་ མ་སྩལ་ཏོ། །སྣམ་སྦྱར་ནི་ངེས་པར་དྲས་ཏེ་བྱ་བ་ཡིན་ནོ། །བླ་གོས་དང་མཐང་གོས་གཉིས་ནི་དྲས་ཏེ་བྱ་བར་མ་ངེས་ཏེ། ཅི་དགར་སྤྱད་པ་ཡིན་པས་གང་དྲས་ཏེ་བྱེད་པར་འདོད་པ་ཡང་དེ་བཞིན་དུ་བྱར་རུང་ལ། མ་དྲས་པར་བྱེད་པར་འདོད་ན་ཡང་དེ་བཞིན་དུ་རུང་ངོ་། །དེ་ལྟར་ཡང་མ་མོ་ ལས་ཉེ་བ་འཁོར་གྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་སྣམ་སྦྱར་ནི་ངེས་པར་དྲས་ཏེ་བྱའོ། །བླ་གོས་དང་མཐང་གོས་ནི་ངེས་པ་མེད་དོ་ཞེས་གསུངས་སོ། །འདུལ་བའི་ཚིག་ལེའུར་བྱས་པ་བྱེད་པས་ཀྱང་། སྣམ་སྦྱར་ངེས་པར་དྲས་ཏེ་བཅང་། །གཞན་དག་མ་ངེས་གང་གི་ཕྱིར། ། འདོད་ཆུང་རང་གི་ཆོས་གོས་ཀྱིས། །ལས་ཀྱི་སྡུག་བསྔལ་འགྱུར་ཕྱིར་རོ། །ཞེས་སྨྲས་སོ། །དེ་དག་གི་ཚད་ཇི་ཙམ་ཞེ་ན་དེའི་ཕྱིར། བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ་ཞེས་བྱ་བ་སྨྲས་ཏེ། སྣམ་སྦྱར་དང་བླ་གོས་དང་མཐང་གོས་བྱིན་གྱིས་བརླབ་ཏུ་རུང་ བ་ཆེན་པོ་དག་ནི་ཚད་གཅིག་སྟེ་ཞེང་དུ་ཁྲུ་གསུམ་ཆུར་ཁྲུ་ལྔའོ། །ཆོས་གོས་གསུམ་པོ་བྱིན་གྱིས་བརླབ་ཏུ་རུང་བ་གང་དག་གི་ཞེང་དུ་རང་གི་ཁྲུ་གསུམ། ཆུར་རང་གི་ཁྲུ་ལྔའི་ཚད་ཇི་སྐད་བསྟན་པ་དེ་ལས་ལྷག་པར་བྱེད་ན་སྤང་བར་འགྱུར་བ་ཉིད་དོ། །དེ་བཞིན་དུ་རིམ་པ་དུ་མ་བྱའོ་སྙམ་པའི་ བསམ་པས་རིམ་པ་རིགས་པ་ཅན་དུ་དགོངས་པ་ཇི་སྙེད་པ་དེ་ལས་ལྷག་པར་བྱེད་ན་ཡང་སྤང་བར་འགྱུར་བ་ཉིད་དོ། །རིམ་པ་དུ་མ་བྱའོ་སྙམ་པའི་བསམ་པ་མེད་དེ། རིམ་པ་གཅིག་བྱའོ་སྙམ་པ་ལས་དེ་ལས་ལྷག་པར་བྱེད་ན་ཡང་སྤང་བར་འགྱུར་བ་ཉིད་དོ། །དྲས་ཏེ་བྱའོ་ སྙམ་པའི་བསམ་པ་ཡོད་པས་ཆོས་གོས་དྲས་པ་གསུམ་གྱི་ཚད་ལས་ལྷག་པར་བྱེད་ན་སྤང་བར་འགྱུར་བ་ཉིད་མེད་དོ། །དྲས་ཏེ་བྱའོ་སྙམ་པའི་བསམ་པ་མེད་པས་མ་དྲས་པ་ཁོ་ན་བྱའོ་སྙམ་པ་ལས། མ་དྲས་པའི་ཚད་གང་ཡིན་པ་ལས་ལྷག་པར་བྱེད་ན་ཡང་སྤང་བར་འགྱུར་བ་ཉིད་དོ། །གོས་ལ་ ཇི་ཙམ་དུ་སྣམ་ཕྲན་གྱི་བསམ་པས་འཇུག་པ་དེ་སྲིད་དུ་ཉེས་པར་འགྱུར་བ་ཉིད་མེད་དོ། །གང་གི་ཚེ་ན་སྤྱིར་གོས་ཙམ་ཞིག་བདག་གིར་བྱེད་པ་ན་ཆོས་གོས་ཆུང་ངུ་བྱའོ་སྙམ་པ་ལས་ཆོས་གོས་ཆེན་པོ་འམ། འབྲིང་བྱས་ཏེ་འཇོག་པར་བྱེད་པ་ལ་ཡང་ཉེས་པ་མེད་དེ། འདི་ལྟར་ཆོས་གོས་བྱའོ་སྙམ་ དུ་ཆོས་གོས་ལ་གནས་པ་ན་ཆོས་གོས་ཐམས་ཅད་ཀྱི་ཚད་དེ་ལ་ཡང་གནས་པ་ཉིད་དུ་རིག་པར་བྱ་བའི་ཕྱིར་རོ། །ཞེང་ངམ་ཆུར་གང་ཡང་རུང་བ་ལྷག་ན་བཅད་དེ་སྤྲོའོ་སྙམ་དུ་སེམས་པ་ལ་ཡང་ཉེས་པ་མེད་དོ། །ཆུང་ངུ་དག་ནི་གཉི་ག་ལས་ཁྲུ་ཕྱེད་ཕྱེད་ཕྲི་བའོ་ཞེས་བྱ་བ་ནི། ཆོས་གོས་སྣམ་སྦྱར་ དང་བླ་གོས་དང་མཐང་གོས་ཆུང་ངུ་དག་གི་ཚད་ནི་སྔར་ཆེན་པོ་དག་གི་ཞེང་དུ་ཁྲུ་གསུམ་ཞེས་བྱ་བ་དང་། ཆུར་ཁྲུ་ལྔ་ཞེས་བྱ་བའི་ཚད་དེ་གཉི་ག་ལས་ཁྲུ་ཕྱེད་ཕྱེད་ཕྲི་བ་ཡིན་པར་རིག་པར་བྱའོ། །འབྲིང་རྣམས་ཀྱི་ཚད་ནི་བར་མའོ་ཞེས་བྱ་བ་ནི། ཆོས་གོས་སྣམ་སྦྱར་དང་། བླ་གོས་དང་། མཐང་ གོས་འབྲིང་རྣམས་ཀྱི་ཚད་ནི་ཆེན་པོ་རྣམས་ཀྱི་ཁྲུ་གསུམ་དང་ལྔ་གང་ཡིན་པ་དང་། ཆུང་ངུ་རྣམས་ཀྱི་ཁྲུ་ཕྱེད་དང་གསུམ་དང་། ཕྱེད་དང་ལྔ་གང་ཡིན་པ་དེའི་བར་མའི་ཚིགས་གང་ཡང་རུང་བ་ཡིན་པར་རིག་པར་བྱའོ། །མཐང་གོས་ཀྱི་ཚད་ཀྱི་རྣམ་པ་གཞན་བསྟན་པའི་ཕྱིར། མཐང་གོས་ནི་ དེ་དང་ལྔ་ཡང་ཡིན་ལ་དེ་དང་བཞི་ཡང་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མཐང་གོས་ཀྱི་ཚད་ནི་ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་ལྔ་ཡང་ཡིན་ལ། ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་བཞི་ཡང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་ངོ་ཞེས་བྱ་བ་ཡང་མཐང་གོས་ཀྱི་ཚད་ཀྱི་རྣམ་པ་ གཞན་ཏེ། ཞེང་དུ་ཁྲུ་དོ་ཆུར་ཁྲུ་བཞི་པ་མན་ཆད་ནས་འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱི་བར་གང་ཡང་རུང་བ་ཡིན་པར་རིག་པར་བྱའོ། །ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་ལྔ་པ་དང་། ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་བཞི་པ་ཉི་ཚེར་མ་ཟད་དོ། །ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་བྱ་ བ་ནི་ཁྲུ་ཞེས་སྔར་སྨོས་པའི་ཁྲུ་ཚད་སྟོན་ཏེ། ལུས་ཆ་མཉམ་པ་བདུན་དུ་རྣམ་པར་ཕྱེ་བ་གང་དག་ཡིན་པ་དེ་དག་ལས་ཆ་གཉིས་པ་ནི་ཁྲུའི་ཚད་ཀྱི་དོན་ཡིན་གྱི། ལུས་ལ་གྲུ་མོ་ནས་གུང་མོའི་རྩེ་མོའི་བར་ཡོད་པ་དེའི་ཚད་ནི་མ་ཡིན་ནོ། །དེ་བས་ན་ཚད་ཀྱི་རྣམ་པ་དེ་ཉིད་ཀྱིས་ཁྲུར་བྱས་པའི་ཁྲུ་ཚད་ ཀྱིས་ཆོས་གོས་རྣམས་ཀྱི་ཚད་རིག་པར་བྱའོ། །ཚད་ཀྱི་རྣམ་པ་དེ་ཡང་ཡུལ་ཐམས་ཅད་ལ་ནི་མི་དགོས་ཏེ། འདི་ལྟར་གང་ཟག་གི་ལུས་ལ་ལྟོས་ནས་ལག་པའི་ཚད་ཐུང་བའམ། ལག་པའི་ཚད་རིང་བ་དེའི་ཆེད་དུ་འདི་གསུངས་པ་ཡིན་གྱི། གང་ཟག་གང་ལུས་ཀྱི་རྐྱེན་དང་ལག་པའི་ ཚད་དུ་འཚམ་པ་དག་ལ་ནི་རང་རང་གི་ཁྲུ་ཉིད་འདིར་ཡང་ཚད་མ་ཡིན་ནོ། །མི་ཡོག་ན་རལ་ག་དཔུང་ཆད་བྱའོ་ཞེས་བྱ་བ་ནི། གང་གི་ལུས་ཆེ་ཆེས་པས་མཐང་གོས་ཀྱི་ཚད་དེ་ཙམ་གྱིས་ལུས་མི་ཁེབས་ན་དེའི་ཚེ། མི་ཡོག་ཅེས་བྱ་བ་ནི་མི་ཁེབས་པ་ཡིན་པས་ལུས་དང་འཚམ་པའི་ རལ་ག་དཔུང་ཆད་བྱས་ཏེ་ཁེབས་པར་ཡོག་པར་བྱའོ། །ཟླ་བས་སྤང་བ་རྣམ་པར་འབྱེད་པའོ་ཞེས་བྱ་བ་འཇོག་པའི་སྤང་བའི་ལྟུང་བ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ཟླ་བས་སྤང་བ་ཞུ་བའི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར་དེ་བས་དམན་པ་ནི་ ཆུང་བ་དང་འདྲ་སྟེ་ཉེས་བྱས་སུ་འགྱུར་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་བས་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་ཆུང་བ་ལ་སྙེགས་ཏེ། ཁྲུ་གང་གི་ཚད་དོ། །དེ་བས་དམན་པ་ནི་ཞེས་བྱ་བ་ནི་ཆུང་བ་དེ་བས་ཀྱང་དམན་པ་སྟེ། ཁྲུ་གང་གི་ཚད་ལས་ཆུང་བའོ། །ཆུང་བ་དང་འདྲ་བ་ སྟེ་ཞེས་བྱ་བ་ཆུང་བ་ཞེས་བྱ་བའི་སྒྲ་འདི་ནི་ཁྲུ་གང་གི་ཚད་ཉིད་ལ་བྱ་སྟེ། སྔ་མ་ཁྲུ་གང་གི་ཚད་པས་དམན་པ་སྟེ། དེ་ཁྲུ་གང་གི་ཚད་འདི་དང་འདྲ་བར་འགྱུར་བ་ནི་འདྲ་བ་སྟེ། དེ་བས་དམན་པ་དེ་ཡང་ཆུང་བ་ཟླ་བ་གཅིག་འདས་ན་སྤང་བར་འགྱུར་བ་དང་འདྲ་བར་ཟླ་བ་གཅིག་འདས་ ན་ཉེས་བྱས་སུ་འགྱུར་བ་ཉིད་དོ། །འདི་སྐད་བསྟན་ཏེ། ཇི་ལྟར་ཁ་སོགས་ཀྱི་གོས་ཆུང་ངུ་ཁྲུ་གང་གི་ཚད་གཞག་པ་ལ་ཁ་བསྐང་བའི་གོས་ལ་རེ་བ་ཡང་ཡོད་ཅིང་བྱིན་གྱིས་བརླབ་པར་བྱ་བ་མེད་དུ་ཟིན་ན་ཡང་ཟླ་བ་གཅིག་འདས་ན་སྤང་བར་འགྱུར་བ་དེ་བཞིན་ དུ་དེ་བས་ཆུང་བ་ཁྲུ་གང་གི་ཚད་པས་ཆུང་བ་དེ་ཡང་གཞག་ན་ཁ་བསྐང་བའི་གོས་ལ་རེ་བ་ཡོད་ཅིང་བྱིན་གྱིས་བརླབ་པར་བྱ་བ་མེད་དུ་ཟིན་ཀྱང་། ཟླ་བ་གཅིག་འདས་ན་ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་ཁ་སོགས་ཀྱི་གོས་ཆུང་ངུ་ཁྲུ་གང་གི་ཚད་གཞག་པ་ལ་ཁ་བསྐང་བའི་གོས་ལ་རེ་བ་མེད་ ཅིང་བྱིན་གྱིས་བརླབ་པར་བྱ་བ་མེད་དུ་ཟིན་ན་ཡང་ཞག་བཅུ་འདས་ན་སྤང་བར་འགྱུར་བ་དེ་བཞིན་དུ་དེ་བས་ཆུང་བ་ཁྲུ་གང་གི་ཚད་པས་ཆུང་བ་དེ་ཡང་བཞག་ན། ཞག་བཅུ་འདས་ན་ཉེས་བྱས་སུ་འགྱུར་རོ། །དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། འཁོར་གྱི་ཕྱེད་མ་ཁེབས་ ན་ནི་རེ་བ་མེད་པ་ཉིད་དོ་ཞེས་བྱ་བ་ནི། འཁོར་གསུམ་གྱི་ཚད་སྔར་བསྟན་པ་དེ་ལས་འཁོར་གྱི་མཆུ་དང་ཞེང་གི་ཕྱེད་ཚུན་ཆད་མི་ཁེབས་པའི་གོས་ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་ནི་ཞག་བཅུས་སྤང་བའི་ཕྱོགས་སུ་གཏོགས་པ་ཡིན་གྱི། ཟླ་བ་གཅིག་པར་གཏོགས་པ་ནི་མ་ཡིན་ནོ། །འདི་སྐད་ བསྟན་ཏེ། གོས་གང་གིས་འཁོར་གསུམ་གྱི་ཕྱེད་མི་ཁེབས་པ་དེ་ལ་ཁ་བསྐང་བ་ལ་རེ་བ་ཡང་གཏན་མེད་པ་དེ་ནི་ཞག་བཅུས་སྤང་བའི་ཕྱོགས་སུ་གཏོགས་པ་ཡིན་གྱི། ཟླ་བས་སྤང་བར་གཏོགས་པ་ཉིད་ནི་མ་ཡིན་ནོ། །དེ་བས་ན་དེ་ནི་རང་གི་ཞག་བཅུ་པ་འདིས་ན་ཉེས་བྱས་སུ་འགྱུར་བ་ ཉིད་ཡིན་གྱི། ཟླ་བ་འདས་པས་ཉེས་བྱས་སུ་འགྱུར་བ་ནི་མ་ཡིན་ནོ། །རུང་བ་མ་ཡིན་པ་ཡང་ངོ་ཞེས་བྱ་བ་ནི། ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་ཡིན་ནོ། །འདིར་གཞུང་ནི་གོས་ཇི་ལྟ་བུ་ཞིག་གཞག་པར་བགྱི། རུང་བ་གང་ཡིན་པའོ། །རུང་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་མ་བཀག་ པ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །གདོང་ཕྱིས་དང་ཆུ་ཚགས་དང་། སྟན་འཇམ་དང་དྲེའུ་རྔོག་ལ་སོགས་པའི་ཡོ་བྱད་ཀྱི་གོས་བྱིན་གྱིས་མ་བརླབས་པ་དག་གོ་ཞེས་བྱ་བ་ནི། གདོང་ཕྱིས་ལ་སོགས་པ་ཡོ་བྱད་དུ་གྱུར་པའི་གོས་གདོང་ཕྱིས་ལ་སོགས་པ་ཉིད་དུ་བྱིན་གྱིས་མ་བརླབས་པ་དེ་ དག་ཀྱང་ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་ཡིན་ཏེ། ཞག་བཅུས་སྤང་བ་ཁོ་ན་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ཡོ་བྱད་དུ་གྱུར་པའི་གོས་གདོང་ཕྱིས་ལ་སོགས་པ་གང་དག་གདོང་ཕྱིས་ལ་སོགས་པར་བྱིན་གྱིས་བརླབས་པས་བྱིན་གྱིས་མ་བརླབས་པ་དེ་དག་ནི་ཟླ་བས་སྤང་བའི་ཕྱིར་རེ་བ་ མེད་པར་གྱུར་པ་ཡིན་པར་རིག་པར་བྱ་སྟེ། ཞག་བཅུ་འདས་ན་སྤང་བར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ནི་དེ་ལྟར་གདོང་ཕྱིས་ལ་སོགས་པ་ཉིད་དུ་བྱ་བར་འོས་པ་ཉིད་ཡིན་གྱི། གཞག་པར་འོས་པ་ནི་མ་ཡིན་ནོ། །གང་དག་གདོང་ཕྱིས་ལ་སོགས་པར་འདིར་གཞུང་ནི་ཡི་གེ་ཁ་ཅིག་ལས་ཡོ་ བྱད་ཀྱི་གོས་བྱིན་གྱིས་མ་བརླབས་པ་ནི་ཞག་བཅུ་འདས་ན་སྤང་བར་འགྱུར་རོ། །གདོང་ཕྱིས་དང་ཆུ་ཚགས་དང་སྟན་འཇམ་དང་། དྲེའུ་རྔོག་བྱིན་གྱིས་བརླབས་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཡོ་བྱད་ཀྱི་གོས་གང་དག་གདོང་ཕྱིས་ལ་སོགས་པ་ཉིད་དུ་མ་བྱས་པ་དེ་དག་ནི་ཟླ་ བ་གཞག་པར་འོས་པ་དང་། དེ་ལས་འདས་ན་ཡང་སྤང་བར་འགྱུར་བ་ཉིད་ཡིན་ནོ། །ཟླ་བས་སྤང་བ་ཞུ་བའོ་ཞེས་བྱ་བ་འཇོག་པའི་སྤང་བའི་ལྟུང་བྱེད་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ། །ཟླ་བས་སྤང་བའོ་ཞེས་བྱ་བ་འཇོག་པའི་སྤང་བའི་ལྟུང་བྱེད་བཤད་ཟིན་ཏོ།། །།འཁྲུར་ འཇུག་པའི་སྤང་བ་བརྗོད་པའི་སྐབས་དང་བཅས་པ་བརྗོད་པར་འདོད་ནས། སྦྲུམ་མ་དབེན་པར་གཞག་གོ་ཞེས་བྱ་བ་སྨྲས་ཏེ། སྦྲུམ་མ་ཞེས་བྱ་བ་ནི། མངལ་ན་བུ་ཡོད་པ་སྟེ། རབ་ཏུ་བྱུང་བ་མངལ་ན་བུ་ཡོད་པ་དེ་དབེན་པའི་ཕྱོགས་སུ་གཞག་པར་རིག་པར་བྱའོ། །གཞན་དུ་འདུག་ན་དེ་ལ་ ཉེས་བྱས་སུ་འགྱུར་རོ། །དེར་དགེ་སློང་མ་རྣམས་ཀྱིས་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི། མདོ་སྔ་མར་བསྟན་པའི་གནས་དབེན་པའི་རྣམ་པ་དེ་ལྟ་བུའི་གནས་དེར་གལ་ཏེ་དགེ་སློང་མ་དེ་མི་སྒྲུབ་ན་དགེ་སློང་མ་གཞན་རྣམས་ཀྱིས་ཡལ་བར་མི་དོར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཟན་སྦྱིན་པར་ བྱའོ་ཞེས་བྱ་བ་ནི་དགེ་སློང་མ་སྦྲུམ་མ་དེ་ལ་དགེ་སློང་མ་གཞན་དག་གིས་ཟན་སྦྱིན་པར་བྱའོ། །ལྟུང་བའོ་གནས་འབྱུང་བ་དག་གི་ཡན་ལག་ནི་ཉེ་དུ་དང་ཉེ་དུ་མ་ཡིན་པ་དག་ཡིན་པས་དེའི་ཕྱིར་ཉེ་དུའི་མཚན་ཉིད་བརྗོད་པར་འདོད་ནས། ཕ་མ་དག་ནས་བདུན་པ་ཚུན་ཆད་ལས་གང་ཡང་རུང་བ་སྔ་མ་ གཅིག་ལས་སྐྱེས་པ་ཡང་ཉེ་དུ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཕ་མ་དག་ཅེས་བྱ་བ་ནི་ཕ་དང་མ་ནི་ཕ་མ་དག་གོ། །དེ་བས་ན་ཕ་མ་དག་ནས་བདུན་པ་ཚུན་ཆད་ཅེས་བྱ་བ་ནི་ཕའི་ཕྲུགས་བདུན་པ་ཚུན་ཆད་དང་མའི་ཕྲུགས་བདུན་པ་ཚུན་ཆད་ཅེས་བྱ་བའི་ཐ་ཚིག་གོ། །མདོ་ལས་ ཕ་མ་ཞེས་སྨོས་པའི་སྒྲ་ནི་ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་དང་། དེ་བཞིན་དུ་མའི་རྒྱུད་ཕའི་ཡན་ལག་དང་བཅས་པར་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་ཕའི་ཕ་དང་དེའི་ཡང་ཕ་དང་། དེ་ལྟ་བུ་ལ་སོགས་པ་ནི་ཕའི་རྒྱུད་དོ། །ཕ་དེའི་མ་གང་ཡིན་པ་དང་། མ་དེའི་ཡང་མ་དང་། དེ་ལྟ་བུ་ལ་ སོགས་པ་ནི་ཕའི་རྒྱུད་མའི་ཡན་ལག་དང་བཅས་པའོ། །དེ་བཞིན་དུ་མའི་མ་དང་། མ་དེའི་ཡང་མ་དང་། དེ་ལྟ་བུ་ལ་སོགས་པ་ནི་མའི་རྒྱུད་དོ། །མ་དེའི་ཕ་གང་ཡིན་པ་དང་། ཕ་དེའི་ཡང་ཕ་དང་། དེ་ལྟ་བུ་ལ་སོགས་པ་ནི་མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ཡིན་པར་རིག་པར་བྱའོ། ། དེ་ལྟར་བྱས་ན་ཕའི་རྒྱུད་ཀྱང་མའི་ཡན་ལག་དང་བཅས་པ་ཡིན་པའི་ཕྱིར་ཕྲུགས་སུ་གྱུར་པ་ཡིན་ལ། དེ་བཞིན་དུ་མའི་རྒྱུད་ཀྱང་ཕའི་ཡན་ལག་དང་བཅས་པ་ཡིན་པའི་ཕྱིར་ཕྲུགས་སུ་གྱུར་པ་ཡིན་ནོ། །ཕ་མ་དག་ནས་བདུན་པ་ཚུན་ཆད་ལས་ཕའི་རྒྱུད་མའི་ཡན་ལག་དང་བཅས་པ་ཕྲུགས་སུ་ གྱུར་པ་དག་གམ་མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་ཕྲུགས་སུ་གྱུར་པ་དག་ལས། གང་ཡང་རུང་བ་ཕའི་རྒྱུད་མའི་ཡན་ལག་དང་བཅས་པའམ། མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་སྔ་མ་གཅིག་ལས་སྐྱེས་པ་སྟེ། སྔ་མའི་ཕའི་རྒྱུད་ལས་སྐྱེས་པའམ། སྔ་མ་མའི་ཡན་ལག་ ལས་སྐྱེས་པའམ། སྔ་མ་མའི་རྒྱུད་ལས་སྐྱེས་པའམ། སྔ་མ་ཕའི་ཡན་ལག་ལས་སྐྱེས་པ་དེ་ནི་ཉེ་དུ་ཞེས་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་གཉིས་པོ་ལས་སྔ་ནས་སྐྱེས་པ་འབའ་ཞིག་ཉེ་དུ་ཡིན་པར་མ་ཟད་པའོ། །འདི་སྐད་བསྟན་ཏེ། འདིར་ཉེ་དུ་ཞེས་བྱ་བ་ནི་སྔ་མའམ་ཕྱི་མ་ཕའི་རྒྱུད་མའི་ ཡན་ལག་དང་བཅས་པའམ། མའི་རྒྱུད་ཕའི་ཡན་ལག་དང་བཅས་པའམ། གཉི་གའི་རིགས་གྲངས་བདུན་པ་ཚུན་ཆད་དུ་སྐྱེས་པ་དེ་ཡིན་ནོ། །ཇི་སྐད་སྨྲས་པ་ལས་གཞན་པ་ནི་ཉེ་དུ་མ་ཡིན་ནོ། །འཁྲུར་འཇུག་པའི་སྤང་བའི་བྱེད་པ་པོ་ཉིད་གང་ཡིན་ཞེ་ན། དེའི་ཕྱིར་འདུ་ཤེས་གཙོ་ ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་སྨྲས་ཏེ། དོན་མེད་ན་ཡང་འདུ་ཤེས་ནི་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །དེ་ནི་དངོས་གཞི་ལ་ཡང་ཚིག་འོག་མར་གྱུར་པའི་བྱེད་པ་པོ་ཉིད་ཡིན་ལ་སྦྱོར་བ་ལ་ཡང་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་ཐབས་སླ་བས་ཐ་སྙད་དུ་བྱ་བའི་ཕྱིར་མིང་ དང་མིང་ཅན་དུ་སྦྱར་བ་བསྡེབས་པའི་ཕྱིར། དེ་ནི་ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཞེས་བྱ་བ་ནི་མིང་ཅན་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདུ་ཤེས་གཙོ་བོའོ་ཞེས་བྱ་བ་ནི་མིང་སྟེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་པ་དེའི་མིང་ངོ་། །དེ་ལྟར་ན་འདིར་ཚིག་ གི་དོན་འདི་འབྱུང་སྟེ། འདི་མན་ཆད་ཀྱི་མདོ་གང་དང་གང་ལ་འདུ་ཤེས་གཙོ་ཞེས་བྱ་བའི་མིང་སྨོས་པ་དེ་དང་དེར་མིང་དེའི་རང་གི་མིང་ཅན་དུ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྟོན་པར་ཤེས་པར་བྱའོ། །དོན་གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ ཕྱིར་དགེ་སློང་མ་ཉིད་དང་དེའི་ཉེ་དུ་མ་ཡིན་པ་ཉིད་དག་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་དེ་ཉེ་དུ་མ་ཡིན་པ་ཉིད་གང་ཡིན་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལ་ཡང་འདྲ་བར་བསྟན་པའི་ཕྱིར། འོག་མ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། འཁྲུར་འཇུག་པའི་བསླབ་པའི་གཞི་འདི་ཉིད་ཀྱི་འོག་མ་ལེན་པ་ཞེས་བྱ་བའི་བསླབ་པའི་གཞི་གང་ཡིན་པ་ད