Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 162
Văn bản gốc(Tây Tạng)
Trang 13 / 26 (50.000 ký tự/trang)
ེ་ན། དེའི་ཕྱིར་སྐྱེ་བ་པོ་ཕྲ་མོའི་གནས་དང་ལྡན་པ་ཉིད་དང་། རྒྱལ་པོ་དང་། ལྷའི་གནས་དང་། མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་དང་། ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་དང་། ཕྱི་རོལ་འདོམ་གང་གི་མཐའི་ཉེན་འཁོར་གྱི་ནང་རོལ་ན་ཆུ་ཀླུང་ ངམ། ངམ་གྲོག་གམ། ཁྲོན་པ་དང་། འདོམ་པ་ཉིད་ནི་གོ་རིམས་བཞིན་དུ་དེ་དག་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་སྐྱེ་བ་པོ་ཕྲ་མོ་གནས་དང་ལྡན་པ་ཉིད་དང་འདོམ་པ་ཉིད་ནི་མི་རུང་བ་ཉིད་དོ། །སྐྱེ་བ་པོ་ཕྲོ་མོའི་གནས་དང་ལྡན་པ་ཉིད་ཅེས་བྱ་བ་ནི་སྦྲུལ་དང་སྡིག་པ་ལ་སོགས་པའི་གནས་དང་ལྡན་ པ་ཉིད་དེ། དེ་དང་འདོན་པ་ཉིད་ནི་མི་རུང་བ་ཉིད་དོ། །འདིར་གཞུང་ནི་གལ་ཏེ་དེ་ན་སྦྲུལ་གྱི་གནས་སམ། སྡིག་པའི་གནས་སམ། སྦྲང་བུ་ཏྲེ་མ་བུ་ཀ་དང་། ཏྲཻ་ལ་ཏའི་གནས་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་དག་ནི་དཔེ་ཙམ་སྟེ་གྲོག་སྦུར་ལ་སོགས་པ་སྐྱེ་བ་པོ་ཕྲ་མོ་ཐམས་ཅད་ ཀྱང་གཟུང་ངོ་། །རྒྱལ་པོ་དང་ལྷའི་གནས་དང་། མུ་སྟེགས་ཅན་གྱི་འདུག་གནས་ལ་བརྟེན་པ་ཉིད་དང་། ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་དང་། འདོམ་པ་ནི་རྩོད་པ་དང་བཅས་པ་ཉིད་ཡིན་ཏེ། རྒྱལ་པོའི་གནས་དང་། འཇིག་རྟེན་པའི་ལྷའི་གནས་དང་། མུ་སྟེགས་ཅན་གྱི་འདུག་ གནས་ལ་བརྟེན་པ་ཉིད་ཅེས་བྱ་བ་ནི་དེ་དག་དང་ཉེ་བར་གྱུར་པ་ཉིད་དེ། དེ་ནི་སྐྱེ་བོ་ཕལ་པོ་ཆེ་དག་དང་། གླང་པོ་ཆེ་དང་། རྟ་དང་རྔ་མོ་ལ་སོགས་པ་དག་དང་། དེ་དག་གི་སྒྲ་དག་གིས་གནོད་པར་འགྱུར་བའི་སྐྱོན་ཡོད་པ་ཉིད་ཡིན་ནོ། །ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་དེར་ཞེས་ བྱ་བར་ཚིག་རྣམ་པར་སྦྱར་ཏེ། དེ་ནི་སྐྱེ་བོ་ཕལ་ཕོ་ཆེ་ལ་མཁོ་བ་ཡིན་པའི་ཕྱིར། འཇིག་རྟེན་དག་ལས་ཁ་མཆུ་འབྱུང་བས་དེས་ན་རྩོད་པ་དང་བཅས་པ་ཡིན་ནོ། །ཕྱི་རོལ་འདོམ་གང་གི་མཐའི་ཉེན་ཀོར་གྱི་ནང་རོལ་ན་ཆུ་ཀླུང་ངམ། ངམ་གྲོག་གམ་ཁྲོན་པ་དང་འདོམ་པ་ཉིད་ཅེས་བྱ་བ་ནི་བརྩམ་དུ་མི་ རུང་བ་ཉིད་ཡིན་ཏེ། གནས་ཀྱི་ཕྱི་རོལ་ནས་འདོམ་གང་གི་མཐའི་ཉེན་ཀོར་གྱི་ནང་རོལ་ན་ཆུ་ཀླུང་ཡང་རུང་། ངམ་གྲོག་ཀྱང་རུང་། ཁྲོན་པ་ཡང་རུང་སྟེ། དེ་དག་གཅིག་དང་འདོམ་ན་ཡང་གནས་ཚེ་ཐུང་བར་འགྱུར་བས་བརྩམ་དུ་མི་རུང་བའི་སྐྱོན་ཅན་ཡིན་ནོ། །དེ་ལ་ཕྱི་རོལ་ཅེས་བྱ་བ་ནི་གནས་ཀྱི་ར་ བའི་ཕྱི་རོལ་ནས་སོ། །འདོམ་གང་ཞེས་བྱ་བ་ནི་ཁྲུ་བཞིའོ། །འདོམ་གང་གི་མཐའ་ཞེས་བྱ་བ་ནི་འདོམ་གང་གི་མཚམས་སོ། །དེའི་ཉེན་ཀོར་ཞེས་བྱ་བ་ནི་དེ་དང་ཉེ་བ་ཉིད་དེ། དེའི་ཉེན་ཀོར་ཏེ་འདོམ་གང་གི་མཐའ་དང་ཉེ་བ་ཕ་མཐའི་ཆའོ། །དེའི་ནང་རོལ་ཅེས་བྱ་བ་ནི་ཕ་མཐའི་ཆ་དེ་ནས་ཚུ་རོལ་ ཏེ། འདོམ་གང་གི་ནང་ཉིད་དོ། །ནང་རོལ་དེའི་དབུས་སམ་མཐའི་ཕྱོགས་གང་ཡང་རུང་བ་དེ་ན་ཆུ་ཀླུང་ལ་སོགས་པ་གང་ཡང་རུང་བ་ཅིག་དང་འདོམ་པར་གྱུར་ན་ཡང་དེར་དེ་ཡུན་ཐུང་ངུ་གནས་པར་འགྱུར་བས་བརྩམ་དུ་མི་རུང་བ་ཉིད་དོ། །ཕྱོགས་ཐམས་ཅད་དུ་ཁོ་ར་ཁོར་ཡུག་ཀུན་དུ་ཆུ་ཀླུང་ལ་ སོགས་པ་ཐམས་ཅད་དང་འདོམ་པ་ཁོ་ན་ལ་ནི་མི་བསྙེགས་སོ། །འདིར་གཞུང་ནི་འདོམ་གང་གི་མཐའི་ཉེན་ཀོར་བརྟག་པར་བྱ་སྟེ། གལ་ཏེ་གཞི་ཆུ་ཀླུང་ལ་བརྟེན་ཏམ་ངམ་གྲོག་ལ་བརྟེན་པ་ཡིན་ན་བརྩམ་དུ་མི་རུང་བའི་ཕྱིར་བསྟན་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ལས་འདས་ ན་གནས་ཚད་ལས་ལྷག་པར་འགྱུར་བའི་ཚད་དེ་གང་ཡིན་ཞེ་ན། དེའི་ཕྱིར་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ་ནང་རོལ་ནས་དེ་བཅུ་གཉིས་དང་བདུན་གྱི་ཚད་དོ་ཞེས་བྱ་བ་སྨྲས་ཏེ། རྡུལ་ཕྲ་རབ་ལ་སོགས་པའི་རིམ་པས་བསྒྲེས་པའི་སོར་ཉི་ཤུ་རྩ་བཞི་ལ་ ནི་ཚད་དང་ལྡན་པའི་ཁྲུ་གང་ངོ་། །ཁྲུ་དེའི་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་ངོ་། །ཁང་པ་དེའི་ནང་རོལ་ནས་ཆུར་སོར་ཉི་ཤུ་རྩ་བཞིའི་ཚད་ལས་ཁྲུ་གང་དུ་བརྩིས་པའི་ཁྲུ་དེའི་ཕྱེད་དང་དོ་ལ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཡིན་པའི་བདེ་བར་གཤེགས་པའི་མཐོ་དེ་ བཅུ་གཉིས་དང་ཞེང་དུ་བདེ་བར་གཤེགས་པའི་མཐོ་དེ་བདུན་ནི་འདིར་ཁང་པ་དེའི་ཚད་ཡིན་པར་བལྟའོ། །དེ་ལས་བཟློག་པ་ནི་མ་བསྟན་པ་ཉིད་དོ་ཞེས་སྨྲས་ན་བསྟན་པ་ཉིད་དེ་གང་ཞེ་ན། དེའི་ཕྱིར་དགེ་འདུན་ལས་བསྟན་པ་ཐོབ་པ་བསྟན་པ་ཉིད་དོ་ཞེས་བྱ་བ་ སྨྲས་ཏེ། གཞི་གང་ལ་བསྟན་པ་ཐོབ་པ་དེ་ནི་བསྟན་པ་ཐོབ་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །གང་ལས་ཐོབ་ཅེ་ན་དེའི་ཕྱིར། དགེ་འདུན་ལས་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལས་བསྟན་པ་ཐོབ་པའི་གཞི་དེ་ནི་བསྟན་པ་ཉིད་དོ། །འདི་སྐད་བསྟན་ཏེ། ཁང་པའི་ས་གཞིའི་གཞི་དེའི་གནང་བའི་ ལས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་ཞིག་བཙལ་ཏེ། དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་ བརྩམ་དུ་རུང་བ་བསྟན་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ། ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་སྩོལ་ཏོ་ཞེས་བྱ་བ་ལ་ སོགས་པ་གསོལ་བ་དང་གཉིས་ཀྱི་ལས་དང་། གཙུག་ལག་ཁང་གི་གཞི་ལ་ཡང་དེ་བཞིན་དུ་སྦྱར་བའི་གསོལ་བ་དང་། གཉིས་ཀྱི་ལས་ཀྱི་ཚིག་གང་ཡིན་པ་དེ་ནི་དེའི་བསྟན་པ་ཡིན་ཏེ། གཞི་གང་ལ་བསྟན་པ་རྣམ་པ་དེ་ཉིད་གང་ལས་ཐོབ་པ་དེ་ནི་འདིར་བསྟན་པ་ཡིན་པར་དགོངས་སོ། ། མ་དག་པ་གསོལ་བར་མི་བྱའོ་ཞེས་བྱ་བ་ནི། གཞི་མི་རུང་བ་ཉིད་ལ་སོགས་པ་དང་ལྡན་པ་མ་དག་པ་དགེ་འདུན་ལས་བསྟན་པ་གསོལ་བར་མི་བྱའོ། །རང་དག་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་གོ་ཞེས་བྱ་བ་ནི། དགེ་སློང་དེས་དགེ་འདུན་དུ་གྱུར་པའི་དགེ་སློང་ གང་དག་ལ་གཞི་བསྟན་པ་གསོལ་བའི་དགེ་སློང་དེ་དག་རང་དག་གཞི་འདིའི་དག་པ་ཉིད་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་རྟོག་ཏུ་གཏང་བར་བྱའི་གཞན་ནི་མ་ཡིན་ནོ། །སྟན་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་ལོ་དྲུག་ཚུན་ཆད་དུ་སྟན་བྱ་བའི་ཕྱིར། དགེ་ འདུན་ལས་གནང་བ་གསོལ་བར་བྱེད་ན། སྟན་དེ་ལ་ཡང་རྙིངས་པ་ཉིད་བརྟག་པའི་ཕྱིར་གང་དག་ལ་གསོལ་བའི་དགེ་སློང་དེ་དག་རང་ཉིད་རྟོག་ཏུ་འདོང་བར་བྱའོ། །ཡང་ན་དགེ་སློང་བསྐོས་པ་དག་རྟོག་ཏུ་གཏང་བར་བྱའི་གཞན་ནི་མ་ཡིན་ནོ། །བྱས་པ་རྙེད་པ་དང་། བྱས་པ་ལ་ལོངས་སྤྱོད་པ་ དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གནས་གཞན་གྱིས་བྱས་ཟིན་པ་རྙེད་པ་དང་། གཞན་གྱིས་བྱས་ཟིན་པ་ལ་ལོངས་སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ། །རྙིང་པ་འཆོས་པ་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་རྗེས་སྙེགས་པར་བྱེད་དོ། །གནས་རྙིང་པ་འཆོས་ ཤིང་བྱི་དོར་བྱེད་པ་ལ་ནི་ལྟུང་བ་མེད་དོ། །རྙིང་པ་འཆོས་པ་ཞེས་བྱ་བ་ནི་དཔེ་སྟེ། སར་པ་འཆོས་ཤིང་བྱི་དོར་བྱེད་པ་ལ་ཡང་ལྟུང་བ་མེད་པ་ཁོ་ནའོ། །ཁང་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།གང་བྱས་ན་གཙུག་ལག་ཁང་གི་དགེ་འདུན་ལྷག་ མར་འགྱུར་ཞེ་ན། འདིར་སྔར་འོག་མ་ལ་ཡང་དེ་དག་ཉིད་དེ་མ་བཙལ་བའོ་ཞེས་སྨོས་པའི་རྣམ་པ་ཉིད་ཁས་བླངས་ནས་བྱེ་བྲག་བརྗོད་པར་བྱ་སྟེ། ཚོགས་ཀྱི་དོན་དུའོ་ཞེས་བྱ་བ་ནི། འདིར་ཁྱིམ་པ་ཡན་ཆད་རབ་ཏུ་བྱུང་བ་དང་། རབ་ཏུ་མ་བྱུང་བ་ལ་ཡང་རུང་སྟེ། གང་ཟག་བཞི་ཡན་ ཆད་ལ་ཚོགས་ཞེས་བྱ་བར་དགོངས་སོ། །རྣམ་པར་འབྱེད་པ་ལས་ཚོགས་ཀྱི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་གསུངས་པ་དེ་ནི་གླེང་གཞིའི་དབང་གིས་ཏེ། དཔེ་ཙམ་དུ་ཟད་པས་འདི་ལ་ཉེས་པ་མེད་དོ། །གཙུག་ལག་ཁང་ལ་ནི་ཚད་ངེས་པར་ མེད་དོ། །གཙུག་ལག་ཁང་གི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའི་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།དགེ་འདུན་ལྷག་མ་དེ་གཉི་གའི་སྐབས་ཞུ་བ་ལས་གསུངས་པ་ནི་འདྲ་བས། སྐབས་གཅིག་ཁོ་ནས་བསྡུ་བའི་ཕྱིར། རྩོམ་པ་ནི་སྦྱོར་བ་ཉིད་ དོ་ཞེས་བྱ་བ་སྨྲས་ཏེ། གནས་རྩོམ་པ་ནི་སྦྱོར་བ་ཉིད་དེ། སྦོམ་པོའི་དབང་དུ་བྱས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་གང་ལ་མཐར་དངོས་གཞིར་འགྱུར་བ་དེ་ལ་ནི་སྦྱོར་བ་ལ་སྦོམ་པོའོ། །གང་ལ་མཐར་སྦོམ་པོར་འགྱུར་བ་དེ་ལ་ནི་སྦྱོར་བ་ལ་ཉེས་བྱས་སོ། །འདིར་གཞུང་ནི་བརྩམས་ནས་ བདག་ཉིད་གསོད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མ་གཡོགས་པ་བྱེད་དུ་འཇུད་པའི་མཐར་ཡང་དེ་དང་འདྲའོ་ཞེས་བྱ་བ་དེ་ཁང་པའམ་གཙུག་ལག་ཁང་སྟེང་མ་གཡོགས་པ་ཞིག་བྱེད་དུ་གཞུག་གོ་སྙམ་པའི་བསམ་པས་ཞུགས་ པའི་དགེ་སློང་གི་གནས་དེའི་མཐའ་གང་ཡིན་པ་དེ་ཡང་དེ་དང་འདྲ་སྟེ། སྦྱོར་བ་དང་འདྲ་བར་བལྟ་བར་བྱ་སྟེ། སྦོམ་པོའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་མ་གཡོགས་པ་ཞིག་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྔར་ནི་ཉེས་བྱས་སོ། །དུ་ མའི་དོན་དུའོ་ཞེས་བྱ་བ་ནི་ཁང་པ་མི་རུང་བ་ཉིད་ལ་སོགས་པའི་ཡན་ལག་ཐམས་ཅད་ལས་འདས་པ་དུ་མའི་དོན་དུ་བྱེད་དུ་བཅུག་པའི་མཐའ་གང་ཡིན་པ་དེ་ཡང་སྦྱོར་བ་དང་འདྲ་བར་བལྟ་བར་བྱའོ། །འདིར་གཞུང་ནི་གཉིས་ཀྱི་སྤྱི་ལ་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། ། མ་བསྐོས་པར་རོ་ཞེས་བྱ་བ་ལ། མ་བསྐོས་པ་ཞེས་བྱ་བ་ནི་ཚོལ་བ་པོའམ་གནས་པ་པོས་རྗེས་སུ་མ་གནང་བར་བྱེད་དུ་འཇུད་པ་སྟེ། དེའི་མཐའ་གང་ཡིན་པ་དེ་ཡང་སྦྱོར་བ་དང་འདྲ་བར་བལྟ་བར་བྱའོ། །དངོས་པོ་ཚང་ན་ཡང་ཕམ་པར་མི་འགྱུར་ཏེ། གཞི་དེ་གང་དབང་བ་དེ་ཉིད་ཀྱི་ཕྱིར་གཙུག་ ལག་ཁང་རྩིག་ཏུ་འཇུད་པའི་ཕྱིར་རོ། །དངོས་གཞིར་ཡང་མི་འགྱུར་ཏེ། བཙལ་བའི་ཡན་ལག་མེད་པའི་ཕྱིར་རོ། །དེ་བས་ན་རྗེས་སུ་གནང་བ་ལ་ཡང་ཡན་ལག་ཐམས་ཅད་ཆད་ན་དངོས་གཞིའོ། །རྗེས་སུ་མ་གནང་བ་ལ་ནི་སྦོམ་པོའོ། །འདིར་གཞུང་ནི་ཡི་གེ་ཁ་ཅིག་ལས་མ་བསྐོས་པར་བྱེད་དུ་འཇུད་ ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་ཟག་གིས་སོ་ཞེས་བྱ་བ་ནི་གིས་སོ་ཞེས་བསྟན་པའི་ཕྱིར་སྔར་རྣམ་པ་དེ་ལྟ་བུས་སོ་ཞེས་བྱ་བས་སྒྲུབ་པར་བྱེད་པ་བསྟན་པའི་བྱེ་བྲག་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་གང་ཟག་གི་སྒྲུབ་པར་བྱེད་པས་བྱེད་དུ་འཇུད་ན་དེ་དང་འདྲ་སྟེ། སྦྱོར་བ་དང་འདྲ་བར་རིག་པར་བྱ་སྟེ་བཙལ་པ་ཉིད་མེད་པའི་ཕྱིར་རོ། །འདིར་གཞུང་ནི་གང་ཟག་གི་གཞིས་བྱེད་དུ་འཇུད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཞུ་བའི་སྐབས་འདི་ཐམས་ཅད་ཁང་པ་དང་གཙུག་ལག་ཁང་གི་བསླབ་པའི་གཞི་གཉི་གའི་དབང་དུ་བྱས་པར་ རིག་པར་བྱ་སྟེ། གང་ཟག་གིས་སོ་ཞེས་བྱ་བ་འདི་འབའ་ཞིག་མ་གཏོགས་ཏེ། གཙུག་ལག་ཁང་གི་བསླབ་པའི་གཞི་ལ་བཙལ་བ་ཞེས་བྱ་བའི་ཡན་ལག་རྣམ་པར་མ་བཞག་པའི་ཕྱིར་རོ། །འཕྲོ་ཟིན་པར་བྱེད་ན་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་བྱེད་དུ་འཇུད་ན་མཐའ་དེ་དང་འདྲའོ་ ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་རོ། །འདིར་གཞུང་ནི་འཕྲོ་ཟིན་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གསོལ་བའི་འོག་ཏུ་མ་གྲུབ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། བདག་པོ་ལས་གཞི་བཙལ་བ་གསོལ་པ་དང་། དགེ་འདུན་ལས་རུང་བ་བསྟན་པ་གསོལ་བའི་ འོག་ཏུ་གནས་ཏེ་པོར་མ་གྲུབ་པ་ན་ཉེས་བྱས་ཏེ། གཞི་ཡང་བཙལ་ཟིན་ལ་གསོལ་བ་དང་ལས་བརྗོད་པ་ཡང་བྱས་པའི་འོག་ཏུ་གནས་བྱེད་དུ་བཅུག་པའི་དུས་ན་ཏེ་པོར་མ་གྲུབ་པ་གང་ཡིན་པ་དེ་ལས་ཉེས་བྱས་སུ་ཤེས་པར་བྱའོ། །མི་འདོད་པའི་བསམ་པས་མ་གྲུབ་པ་ལ་འདི་རྣམ་པར་གཞག་གི་ བར་ཆད་ཀྱི་དབང་གིས་མ་གྲུབ་པ་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་གཞི་བཙལ་ནས་མི་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུའོ། །ཁང་པ་བསྟན་པ་གསོལ་ནས་བགྱིད་དུ་མི་གསོལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ། །ཁང་པ་དང་ གཙུག་ལག་ཁང་གི་དགེ་འདུན་ལྷག་མ་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་གཉིས་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ། །ཁང་པ་དང་གཙུག་ལག་ཁང་གི་དགེ་འདུན་ལྷག་མ་གཉིས་སོ་ཞེས་བྱ་བ་དེ་གཉིས་བཤད་ཟིན་ཏོ།། །།གཞི་མེད་པར་སྐུར་པ་འདེབས་པའི་དགེ་ འདུན་ལྷག་མ་བརྗོད་པར་འདོད་ནས། ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་དགེ་སློང་ཉམས་པ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཕམ་པར་འགྱུར་བ་ལྷག་མར་སྤྱོད་པ་ཀུན་དུ་སྤྱོད་པས་སྐུར་པ་འདེབས་པ་ལ་ནི་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པ་སྟེ། ཕམ་ པར་འགྱུར་བ་ལྷག་པར་སྤྱོད་པ་དེས་སྐུར་པ་འདེབས་ན་དགེ་འདུན་ལྷག་མའོ། །སུ་ལ་ལྷག་པར་སྤྱོད་པ་དེས་སྐུར་པ་འདེབས་ན་ཞེ་ན། དེའི་ཕྱིར་དགེ་སློང་ལ་ཞེས་བྱ་བ་སྨྲས་ཏེ། དགེ་ཚུལ་ལ་སོགས་པ་ལ་མ་ཡིན་ནོ། །ཉམས་པ་ལ་ཡང་ངོ་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་ལྡན་པ་ འབའ་ཞིག་ལ་མ་ཡིན་གྱི། ཉམས་པ་ལ་སྐུར་པ་བཏབ་ན་ཡང་ངོ་། །བསྙེན་པར་རྫོགས་པ་དང་བཅས་པ་མ་ཉམས་པའི་དགེ་སློང་དང་། དགེ་སློང་མ་ཉིད་ཀྱིས་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་ཉམས་པ་ཡང་ངོ་ཞེས་བྱ་བ་སྨྲས་སོ། །འདི་སྐད་བསྟན་ཏེ། དགེ་སློང་ ཉམས་པ་ལ་ཡང་ཕམ་པར་འགྱུར་བས་སྐུར་པ་འདེབས་ན་དགེ་འདུན་ལྷག་མར་འགྱུར་རོ། །མ་དག་པ་ལ་སྐུར་པ་འདེབས་པའི་གཞུང་ནི་འདི་ཡིན་ཏེ། གང་ཟག་མ་དག་པ་ལ་སྐུར་པ་འདེབས་པར་བྱེད་ན་ལྟུང་བ་གཞི་བཅུ་གཅིག་དང་། ལྟུང་བ་མེད་པའི་གཞི་དྲུག་སྟེ། ལྟུང་བའི་གཞི་བཅུ་གཅིག་ ལས་ཇི་ལྟ་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་དང་། འདུ་ཤེས་བསྒྱུར་བ་དང་བཅས་ན་ཇི་སྙེད་བརྗོད་དོ་ཅོག་ལ་དགེ་འདུན་ལྷག་མའོ། །ཞུ་བ་ལས་ཀྱང་བཙུན་པ་དགེ་སློང་རང་འདི་སྐད་ཅེས་བདག་གིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟན་ཏོ་ཞེས་མཆི་ བ་དེ་ལ་དགེ་སློང་གིས་གཞི་མ་མཆིས་པར་རྐུ་བའམ། འགུམས་པའམ། སྨྲ་བས་སྐུར་པ་འདེབས་ན་ལྟུང་བ་ཅིར་འགྱུར། དགེ་འདུན་ལྷག་མར་རོ་ཞེས་གསུངས་པ་ཡིན་ནོ། །སྤྱིར་བསྟན་པའི་མདོ་ལས་རང་གི་ཕྱོགས་དང་མཐུན་པ་ནི་མཚན་དང་ཁས་ལེན་པས་བཟུང་ངོ་ཞེས་འབྱུང་བ་དེའི་ དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ཕྱོགས་ལས་རང་ཉིད་ནི་འདིར་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མཚན་གྱི་དབང་དང་ལྟ་བ་ཁས་ལེན་པའི་དབང་གིས་ཕྱོགས་ལས་རང་ཉིད་དུ་གསུངས་པ་གང་ཡིན་པ་དགེ་སློང་རྣམས་དང་། དགེ་སློང་རྣམས་སུ་དགེ་སློང་མ་རྣམས་དང་དགེ་སློང་ མ་རྣམས་སུ་ཁས་ལེན་པ་རྣམས་དང་། ཁས་ལེན་པ་རྣམས་སུ་ཁས་མི་ལེན་པ་རྣམས་དང་། ཁས་མི་ལེན་པ་རྣམས་སུ་ཕྱོགས་ལས་རང་ཉིད་དོ་ཞེས་བྱ་བ་དེ་ནི་སྐུར་པ་འདེབས་པའི་སྐབས་འདིར་ཁས་མི་བླང་ངོ་། །འོ་ན་ཇི་ལྟར་ཞེ་ན། མཚན་མི་མཐུན་པ་ལ་སྐུར་པ་འདེབས་པ་དང་། ལྟ་ བ་མི་མཐུན་པ་ལ་སྐུར་པ་འདེབས་པ་ཡང་དགེ་འདུན་ལྷག་མའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་དགེ་སློང་གིས་དགེ་སློང་མ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་ན་དགེ་འདུན་ལྷག་མའོ། །དེ་བཞིན་དུ་དགེ་སློང་མས་དགེ་སློང་ལ་གཞི་མེད་ པའི་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་ན་དགེ་འདུན་ལྷག་མའོ་ཞེས་གསུངས་པའོ། །དེ་བཞིན་དུ་ཁས་ལེན་པ་ལ་ཁས་མི་ལེན་པ་དང་། ཁས་མི་ལེན་པ་ལ་ཁས་ལེན་པས་གཞི་མེད་པའི་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པ་ཡང་དགེ་འདུན་ལྷག་མ་སྟེ། ཉམས་ པ་ལ་སྐུར་པ་འདེབས་པ་ལ་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པ་ལས་ན་ཁས་ལེན་པ་དང་། ཁས་མི་ལེན་པ་གཉིས་ལ་སྐུར་པ་འདེབས་པ་ལྟ་བ་ལ་ཤིན་ཏུ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཕམ་པར་མ་གྱུར་པའི་ཕྱིར་རོ། །མཚན་མི་མཐུན་པ་ ལ་ཡང་ཉམས་པ་དང་འདྲ་བའི་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་རོ། །ཅི་ཡང་དག་པས་སམ་འོན་ཏེ་ཡང་དག་པ་མ་ཡིན་པས་ཤེ་ན་དེའི་ཕྱིར། བརྫུན་དུ་སྨྲ་བས་སོ་ཞེས་བྱ་བ་སྨྲས་ཏེ། ཡང་དག་པ་མ་ཡིན་པས་སྐུར་པ་འདེབས་ན་དགེ་འདུན་ལྷག་མར་འགྱུར་གྱི། ཡང་དག་པས་ནི་མ་ཡིན་པ་ སྟེ། མཐོང་བ་དང་། ཐོས་པ་དང་། དོགས་པའི་གཞི་རྣམས་མེད་པར་ཡང་དག་པ་མ་ཡིན་པར་བརྗོད་ནའོ། །ཅི་སྐུར་པ་གདབ་པར་བྱ་བ་ཉིད་ཉེ་བར་གྱུར་པ་ཁོ་ན་ལའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་གང་ཡང་རུང་བ་ལ་གོ་བར་བྱས་ནའོ་ཞེས་བྱ་བ་སྨྲས་ཏེ། མིའི་འགྲོ་བ་པ་གང་ཡང་རུང་ བ་ལ་གོ་བར་བྱས་བརྡ་ཕྲད་པར་བྱས་ན་ཡང་དགེ་འདུན་ལྷག་མར་འགྱུར་གྱི། གླེངས་པ་འབའ་ཞིག་གིས་དེར་འགྱུར་བར་མ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་བསམ་པ་གང་ཡང་རུང་བས་མི་གང་ཡང་རུང་བ་ལ་གོ་བར་བྱས་ན་འམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་ཉམས་པས་འདུན་ པས་སོ་ཞེས་བྱ་བ་སྨྲས་ཏེ། ཉམས་པར་བྱ་བ་བསྐྱེད་པའི་བསམ་པས་ཡིན་གྱི། ཁྲོས་པར་གྱུར་པའམ། རྒོད་བག་གམ། བྱུང་རྒྱལ་གྱིས་ནི་མ་ཡིན་ཏེ། འདི་ལྟར་ལྟུང་བས་ཉམས་པར་བྱ་བའི་བསམ་པས་བརྫུན་གྱིས་ཕ་རོལ་པོ་ལ་གླེངས་སམ་གཞན་ལ་གོ་བར་བྱ་བའི་ཕྱིར་བརྡ་སྤྲོད་ པར་བྱེད་པ་ན་དེར་འགྱུར་རོ། །དེ་ལ་ལྟུང་བ་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། ཕམ་པར་འགྱུར་བས་སྐུར་ན་ནི་དགེ་འདུན་ལྷག་མའོ། །དགེ་འདུན་ལྷག་མས་སྐུར་ན་ལྟུང་བྱེད་དོ། །ལྟུང་བ་གཞན་གྱིས་སྐུར་ན་ཉེས་བྱས་སོ། །ཉེས་བྱས་ཀྱིས་སྐུར་ན་ཉེས་བྱས་ཕྲ་མོར་འགྱུར་རོ། ། ཐེ་ཚོམ་དང་བཅས་པས་སྐུར་ན་ཡིད་གཉིས་ནི་འདུ་ཤེས་དང་འདྲའོ། །དེ་ནི་གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བའི་སྒྲ་ནི་མཐོང་བ་དང་། ཐོས་པ་དང་། དོགས་པའི་གཞི་ལ་བསྙེགས་སོ། །གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་ནི། གང་ལ་མཐོང་ བ་དེ་ནི་ཐོས་པ་མ་ཡིན། དོགས་པ་ཡང་མ་ཡིན་ལ། གང་ཐོས་པ་དེ་མཐོང་བ་མ་ཡིན་དོགས་པ་ཡང་མ་ཡིན་ཞིང་། གང་དོགས་པ་དེ་མཐོང་བ་ཡང་མ་ཡིན་ཐོས་པ་ཡང་མ་ཡིན་པར་ཤེས་པར་བྱའོ། །འདི་སྐད་བསྟན་ཏེ། གཞི་གཞན་ཡོད་དུ་ཟིན་ཀྱང་གཞི་གང་གིས་གླེང་བའི་གཞི་དེ་གལ་ ཏེ་མེད་ན་དགེ་འདུན་ལྷག་མ་ཁོ་ནར་འགྱུར་རོ། །འདིར་གཞུང་ནི་ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ན་མི་དོགས་པ་ན་བདག་ གིས་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་ན། བརྗོད་དོ་ཅོག་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ། །བརྗེད་པ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མི་དྲན་པ་ནི་ཡོད་པ་ཉིད་མ་ཡིན་ཏེ། མི་དྲན་པའི་དངོས་པོ་བརྗེད་པ་ནི་ཡང་དག་པ་མ་ ཡིན་པ་སྨྲས་པ་ཡིན་ནོ། །འདིར་གཞུང་ནི་དེས་མཐོང་ལ་དེ་ཡང་བརྗེད་བཞིན་དུ་འདུ་ཤེས་བསྒྱུར་བ་དང་བཅས་པས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དེས་ཐོས་ལ་དེ་ཡང་བརྗེད་བཞིན་དུ་འདུ་ཤེས་བསྒྱུར་བ་དང་བཅས་པ་བདག་གིས་ཐོས་སོ་ཞེས་ཟེར་བ་དང་། དེ་དོགས་ལ་དེ་ཡང་ བརྗེད་བཞིན་དུ་འདུ་ཤེས་བསྒྱུར་བ་དང་བཅས་པས་བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ན་གང་དངོས་སུ་དེ་བཞིན་ཡིན་ཡང་གཞི་གཞན་ལ་གཞི་ཉིད་ཅེས་མི་བྱ་ཞིང་བརྗེད་པ་ཡང་ཡོད་པ་ཉིད་མ་ཡིན་སྙམ་དུ་དོགས་པ་ བསལ་བའི་ཕྱིར། དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་བདེན་པར་སྨྲ་བའི་རྒྱུ་མ་ཡིན་གྱི། འདི་ལྟར་འདུ་ཤེས་ནི་རྒྱུ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་འདུ་ཤེས་སྒྱུར་བར་བྱེད་ན་དོན་གྱི་དེ་ཉིད་ཡོད་ དུ་ཟིན་ཀྱང་དེ་བརྫུན་དུ་སྨྲ་བ་ཉིད་ཡིན་པས་དགེ་འདུན་ལྷག་མ་ཁོ་ནར་འགྱུར་རོ། །ཇི་སྟེ་འདུ་ཤེས་སྒྱུར་བར་མི་བྱེད་ན་ནི་དོན་གྱི་དེ་ཉིད་མེད་དུ་ཟིན་ཀྱང་དེ་བདེན་པར་སྨྲ་བ་ཉིད་ཡིན་པས་དགེ་འདུན་ལྷག་མར་མི་འགྱུར་ཏེ། བརྫུན་པ་དང་བདེན་པ་གཉིས་ནི་འདུ་ཤེས་དང་འབྲེལ་པ་ཡིན་གྱི། དོན་གྱི་དེ་ཉིད་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་གཞི་གཞན་མ་ཡིན་ནོ་ཞེས་བྱ་བ་དང་། བརྗེད་པ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་མདོ་དེ་གཉིས་ནི་ཉམས་པའི་ཡུལ་ལ་མ་དག་པ་ལ་སྐུར་པ་འདེབས་པ་ལ་དགེ་འདུན་ལྷག་མར་འགྱུར་བའི་ཁུངས་ཡིན་ལ། ཁུངས་དེ་གཉིས་སྒྲུབ་ པར་བྱེད་པ་ནི་དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་མདོ་ཡིན་ནོ། །ཁྲོས་འཁྲུགས་པས་སྐུར་པ་འདེབས་ན་ཞེས་བྱ་བ་ནི་གླེང་གཞིའི་དབང་ཁོ་ནས་དེར་གསུངས་པ་ཡིན་གྱི་ཡན་ལག་ནི་མ་ཡིན་ཏེ། འདིར་སྐུར་པ་འདེབས་པའི་བསམ་པ་ཡན་ལག་ཡིན་ནོ། །གཞི་ མེད་པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།གཞན་གྱི་ཆ་དང་མཐུན་པའི་དགེ་འདུན་ལྷག་མ་བརྗོད་པར་བྱ་སྟེ། གཞན་ལ་བརྟེན་པ་ནི་གཞན་གྱི་ཆའོ། །དེ་དང་རྗེས་སུ་མཐུན་པ་ནི་གཞན་གྱི་ཆ་དང་མཐུན་པའོ། །གཞི་ མེད་པར་སྐུར་པ་འདེབས་པ་དོན་གསལ་བར་གོ་བར་བྱེད་པ་ལས་རྣམ་པ་གཞན་པའི་སྐུར་པ་འདེབས་པ་དོན་མི་གསལ་བས་གོ་བར་བྱེད་པའི་ཚིག་དགེ་འདུན་ལྷག་མ་བྱེད་པ་ནི་གཞན་གྱི་ཆ་དང་མཐུན་པ་ཞེས་བྱ་སྟེ། བག་ཙམ་ཞེས་ཀྱང་བྱའོ། །ད་ནི་དགེ་འདུན་ལྷག་མ་སྔར་བསྟན་པའི་ སྐབས་སུ་ཕམ་པར་འགྱུར་བ་ལྷག་པར་སྤྱོད་པས་དགེ་སློང་ཉམས་པ་ལ་ཡང་ངོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་བསྟན་པ་ཐམས་ཅད་འདིར་ཁས་བླངས་ནས་བརྫུན་དུ་སྨྲ་བས་སོ་ཞེས་བྱ་བ་སྨོས་པ་དེའི་བྱེ་བྲག་འགའ་ཞིག་འདིར་བརྗོད་པར་བྱ་སྟེ། བརྗོད་པར་བྱ་བ་གཞན་ལ་གནས་ པའི་ཚིག་གིས་བརྫུན་ནའོ་ཞེས་བྱ་བ་ལ། བརྗོད་པར་བྱ་བ་གཞན་ཞེས་བྱ་བ་ནི། གང་ཟག་འདིས་ཕམ་པར་འགྱུར་བ་ལྷག་པར་སྤྱད་པ་བྱས་སོ་ཞེས་བྱ་བའི་བརྗོད་པར་བྱ་བ་དོན་གསལ་བ་དེ་ལས་གཞན་པའི་བརྗོད་པར་བྱ་བ་དོན་མི་གསལ་བའོ། །དེ་ལ་གནས་པའི་ཚིག་ཅེས་བྱ་བ་ ནི་གནས་དེ་ལ་གནས་པའི་ཚིག་གང་ཡིན་པ་དེ་ནི་བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་གོ། །བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་དེས་དགེ་སློང་ཉམས་པ་ལ་ཡང་བརྫུན་གྱིས་ཕམ་པར་འགྱུར་བས་སྐུར་པ་འདེབས་སམ། གང་ཡང་རུང་བ་ལ་གོ་ བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་འདིར་མདོའི་དོན་ནི་དེ་ཡིན་ནོ། །འདིར་དཔེ་ནི་དཔེར་ན་ཁོ་བོ་ཅག་གིས་ཚེ་དང་ལྡན་པ་གྱད་བུ་ནོར་མཐོང་ངོ་། །དགེ་སློང་མ་ཨུཏྤ་ལའི་མདོག་མཐོང་ངོ་། །མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་མཐོང་ངོ་ཞེས་སྒྲ་དེ་གསུམ་གཅིག་ ལ་གཅིག་མ་སྦྱར་བར་ཁོ་བོ་ཅག་གིས་མཐོང་ངོ་མཐོང་ངོ་ཞེས་ཟེར་བ་ལྟ་བུ་སྟེ། དེ་དང་འདིར་ལྷན་ཅིག་དེ་བྱས་སོ་ཞེས་བྱེད་པ་པོ་དང་བྱ་བར་སྦྱར་བ་སྨྲ་བར་འདོད་པའི་དོན་གོ་བར་བྱེད་པའི་ཚིག་མ་བརྗོད་པའི་ཕྱིར་འདིས་ཕམ་པར་འགྱུར་བའི་ཆོས་ལྷག་པར་སྤྱོད་དོ་ཞེས་བྱ་བའི་དོན་གསལ་ བ་དེ་ལས་གཞན་པ་མི་ཚངས་པར་སྤྱོད་པ་བསྟེན་པ་མཐོང་ངོ་ཞེས་ཆ་དང་བག་ཙམ་སྨྲ་བར་བྱེད་དེ། བརྗོད་པར་བྱ་བ་གཞན་གྱི་དོན་དེ་ལ་མི་ཚངས་པར་སྤྱོད་པ་བསྟེན་པ་མཐོང་ངོ་ཞེས་བྱ་བའི་ཚིག་དེ་གནས་ཏེ། བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་དེས་དགེ་སློང་ཉམས་པ་ལ་ཡང་ ཕམ་པར་འགྱུར་བ་ལྷག་པར་སྤྱོད་དོ་ཞེས་གང་ཡང་རུང་བ་ལ་གོ་བར་བྱས་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བརྗོད་པར་བྱ་བ་གཞན་ལ་གནས་པའི་ཚིག་ཡང་དག་པ་ཡང་སྲིད་པས་དེ་བསལ་བའི་ཕྱིར། བརྫུན་ནའོ་ཞེས་བྱ་བ་སྨོས་སོ། །གཞན་གྱི་ཆ་དང་མཐུན་ པའི་དགེ་འདུན་ལྷག་མ་རྣམ་པར་འབྱེད་པའོ་ཞེས་བྱ་བ་དེ་རྣམ་པར་འབྱེད་པའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་གཞི་མེད་པ་དང་བག་ཙམ་སྨྲ་བ་ཞུ་བའི་སྐབས་ནས་འབྱུང་བ་བསྡུ་བའི་ཕྱིར། མི་བསྟེན་པས་སྐུར་པ་འདེབས་ན་སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ ལ་ཕོའི་དབང་པོ་མེད་པའི་བསྟེན་པར་བྱེད་པས་སྐུར་པ་འདེབས་ན་སྦོམ་པོ་སྟེ། དཔེར་ན་མ་ནིང་ཕོ་ལྟ་བུའོ། །དགེ་སློང་ལ་མོའི་དབང་པོ་མེད་པའི་བསྟེན་པར་བྱ་བས་སྐུར་པ་འདེབས་ན་ཡང་སྦོམ་པོ་སྟེ། དཔེར་ན་མ་ནིང་མོ་ལྟ་བུའོ། །དེ་གཉིས་ཀྱང་ཁ་དང་བཤང་བའི་ལམ་གྱི་དབང་དུ་ བྱས་པ་ནི་མ་ཡིན་ནོ། །ཁ་དང་བཤང་བའི་ལམ་གྱིས་སྐུར་པ་འདེབས་ན་ནི་དགེ་འདུན་ལྷག་མར་འགྱུར་རོ། །མིང་མ་སྨོས་པ་ཡང་ངོ་ཞེས་བྱ་བ་ནི། ཉམས་པར་བྱ་བའི་མིང་མ་སྨོས་པར་སྐུར་པ་འདེབས་པ་ཡང་སྦོམ་པོའོ། །འདིར་གཞུང་ནི་དགེ་འདུན་གྱི་དབུས་སུ་ངེས་པ་མེད་པར་ འདི་སྐད་ཅེས་མི་ཚངས་པར་སྤྱོད་པ་བྱས་སོ། །མ་ཤ་ཀ་ལྔ་ལས་ལྷག་པར་བརྐུས་སོ། །མི་སྲོག་དང་ཕྲལ་ལོ། །མིའི་ཆོས་བླ་མ་ལ་ཡང་དག་པ་མ་ཡིན་པ་སྨྲས་སོ་ཞེས་ཟེར་ཞིང་ཆེ་གེ་མོས་སོ་ཞེས་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ངན་ སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱས་པའོ་ཞེས་བྱ་བ་ནི་མཚམས་མེད་པ་འདི་གཉིས་ནི་སྦོམ་པོའོ། །དེ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་གཏོགས་པའི་ཉེས་པ་སྦོམ་པོ་ནི་མི་གསོད་པའི་ཕམ་པར་འགྱུར་བའི་ཕྱོགས་དང་མཐུན་པ་ཡིན་པར་ཤེས་པར་བྱ་སྟེ། གསོད་པའི་ བསམ་པས་ཞུགས་པ་ཡིན་པའི་ཕྱིར་རོ། །དགེ་འདུན་གྱི་དབྱེན་དུ་གཏོགས་པ་གང་ཡིན་པ་དེ་ནི་དགེ་འདུན་དབྱེ་བར་བརྟུལ་བ་མི་སྤོང་བའི་ཕྱོགས་དང་མཐུན་པ་ཡིན་གྱི། སྐུར་པ་འདེབས་པའི་ཕྱོགས་དང་མཐུན་པ་ནི་མ་ཡིན་ཏེ། དེར་གཏོགས་པའི་བྱ་བ་མེད་པའི་ཕྱིར་རོ། །དེ་གཉིས་ ཀྱིས་སྐུར་པ་འདེབས་ན་ཉེས་བྱས་སོ། །བསམས་ཏེ་སྨྲས་སོ་ཞེས་བྱ་བ་ལ་སོགས་པས་གཞོགས་སྨོས་བྱེད་ན་ཉེས་བྱས་སོ་ཞེས་བྱ་བ་ནི། བསམས་ཏེ་སྨྲས་སོ་ཞེས་རྣམ་པ་དེ་ལྟ་བུས་གཞོགས་སྨོས་བྱེད་ན་ཉེས་བྱས་སོ། །འདིར་སོགས་པ་ཞེས་བྱ་བའི་སྒྲ་ནི་རྣམ་པ་གཞན་གྱི་དོན་བསྟན་ པའི་ཕྱིར་རོ། །ཞུ་བ་ལས་དགེ་སློང་སྟན་ལས་ལངས་ཏེ་བདག་གིས་བསམས་ཏེ་སྨྲས་སོ་ཞེས་ཟེར་ཞིང་སྐྱེ་བོ་ཐམས་ཅད་ལས་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །བག་ཙམ་ལའང་རྣམ་པ་དེ་དག་ཤེས་པར་བྱ་སྟེ། བདག་གིས་དགེ་སློང་མ་ཆེ་གེ་མོ་ཞེས་བྱ་བ་མ་ནིང་ཕོ་དང་མི་ཚངས་ པར་སྦྱོར་བ་འཁྲིག་པའི་ཆོས་བསྟེན་པ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའོ། །གཞི་མེད་པ་དང་བག་ཙམ་གྱི་ཞུ་བའོ་ཞེས་བྱ་བ་དེ་གཉིས་ཞུ་བའི་སྐབས་ནས་འབྱུང་བ་རྫོགས་སོ།། །།ད་ནི་དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མ་བརྗོད་པར་འདོད་ནས་དེའི་ཞར་ལ་འདི་ བརྗོད་དོ། །གཞན་གྱི་འཁོར་ཁ་འདྲེན་ན་སྦོམ་པོའོ་ཞེས་བྱ་བ་ནི། གཞན་གྱི་འཁོར་ནི་གཞན་གྱི་འཁོར་ཏེ། དེ་ཁ་འདྲེན་པ་ནི་བདག་ཉིད་ཀྱི་ཕྱོགས་སུ་ཁ་འདྲེན་ཞིང་གཞོག་པ་སྟེ། དེ་ནི་སྦོམ་པོའོ། །འདི་མན་ཆད་ནི་བཟློག་པའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་ པས་དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པའི་དགེ་འདུན་ལྷག་མ་བསྒོ་བ་ལས་འབྱུང་བ་བཞི་པོ་དག་གི་ཐུན་མོང་གི་རྣམ་པ་བརྗོད་པར་བྱ་སྟེ། བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་དག་བཟློག་པའི་ཚུལ་གྱིས་བཟློག་པ་ནི་མི་གཏོང་མི་སྤོང་བར་དེ་རྗེས་སུ་སྒྲུབ་པ་བྱ་བ་རྩོམ་པར་མི་བྱེད་ཅིང་མི་གཏོང་བར་རྗེས་སུ་སྒྲུབ་པའི་བདག་ཉིད་དེའི་རང་བཞིན་རྣམ་པ་ལུས་དང་ངག་གི་རྣམ་པར་རིག་བྱེད་དུ་གྱུར་པ་གང་ཡིན་པའམ་ ཅང་མི་སྨྲ་བའི་གནས་སྐབས་སུ་གྱུར་པ་གང་ཡིན་པའམ། གཉི་གར་གྱུར་པ་གང་ཡིན་པ་སྟེ། བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་དེ་ནི་གསོལ་བ་ཞེས་བྱ་བ་ངག་གི་རྣམ་པར་རིག་བྱེད་ཀྱི་མཚན་ཉིད་ཀྱིས་རྗེས་སུ་མཐུན་ཏེ། རྗེས་སུ་འགྲོ་བ་དང་འདྲ་བ་དང་མཚུངས་ པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། གང་གི་ཕྱིར་དགེ་འདུན་ལྷག་མ་བཞི་པོ་དེ་དག་བཟློག་པ་དང་། འབྲེལ་པ་ཡིན་པ་དེའི་ཕྱིར་བཟློག་པ་ཇི་སྙེད་བྱེད་པ་ལྟུང་བ་ཡང་དེ་སྙེད་དུ་འགྱུར་རོ། །དེའི་ཕྱིར་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་དེ་ནི་བཟློག་པའི་ཚུལ་གྱིས་རྗེས་སུ་མཐུན་པ་ཡིན་ཏེ། བཟློག་པ་གཅིག་ལ་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་ཡང་གཅིག་ཁོ་ནའོ། །བཟློག་པ་སྦྱོར་བར་གྱུར་པ་ལ་ནི་ལྟུང་བ་ཡང་སྦྱོར་བར་གྱུར་པ་ཉིད་དོ། །མཐར་ཐུག་པར་གྱུར་པ་ལ་ནི་དགེ་འདུན་ལྷག་མ་ཞེས་བྱ་བའི་མཐར་ཐུག་པར་གྱུར་པ་ཉིད་དོ། །གསོལ་བ་ནི་བཟློག་པ་དང་འདྲ་བ་ཉིད་དོ་ ཞེས་བྱ་བ་ནི། བཟློག་པར་བྱ་བ་ཉིད་ལ་ནི་དགེ་འདུན་ལ་གསོལ་བ་གོ་བར་བྱ་བ་གང་ཡིན་པ་དེ་ནི་དངོས་སུ་བཟློག་པ་ཉིད་མ་ཡིན་གྱི། བཟློག་པའི་ཐབས་གང་ཡིན་པས་དེའི་ཕྱིར་འདྲ་བ་ཉིད་དུ་སྟོན་པར་བྱེད་དེ། ཇི་ལྟར་ལས་བརྗོད་པ་དག་མི་གཏོང་བར་རྗེས་སུ་སྒྲུབ་པའི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་པ་ བཞིན་དུ་གསོལ་བ་ཡང་དེ་དང་འདྲའོ། །བཟློག་པ་དང་འདྲ་བར་གྱུར་པས་ན་བཟློག་པ་དང་འདྲའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེའི་ཕྱིར་འདིར་སྦྱོར་བར་གྱུར་པ་ལ་ཡང་ལྟུང་བར་འགྱུར་བ་ཁོ་ན་ཡིན་ནོ། །གསོལ་བའི་ཚིག་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་སྨྲས་པ་ལ་ཚིག་དེ་ཡང་ཆ་ཤས་དུ་མ་ ཡོད་ན། ཅི་ཆ་ཤས་ཇི་སྙེད་ཡོད་པ་དེ་སྙེད་ཁོ་ནའི་ལྟུང་བར་འགྱུར་རམ་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཚིག་གི་སྐད་ཅིག་མ་གཅིག་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཚིག་གང་ལ་སྐད་ཅིག་མ་གཅིག་ལ་ལྟུང་བ་འབྱུང་བར་འགྱུར་བའི་སྐད་ཅིག་མ་དེའི་ཁོངས་སུ་ཚིག་མཐའ་དག་འདུས་སོ། །དེས་ ན་ཤིན་ཏུ་རྒྱུན་རིང་དུ་ཟིན་ན་ཡང་ཚིག་གཅིག་ཏུ་ཟད་དེ། ལྟུང་བ་ཡང་གཅིག་ཁོ་ན་འབྱུང་བ་ཡིན་གྱི། ཆ་ཤས་རེ་རེ་ལ་ཡང་མ་ཡིན། རྩ་བ་རེ་རེ་ལ་ཡང་མ་ཡིན་ནོ། །སྐད་ཅིག་མ་གང་ལ་ཚེ་དང་ལྡན་པ་ལྷ་སྦྱིན་ཁྱོད་དགེ་འདུན་དབྱེ་བར་བྱེད་པའི་དངོས་པོ་འདི་ལྟ་བུ་ཐོང་ཤིག་ཅེས་བྱ་བ་ལ་སོགས་པ་བརྗོད་ པ་ནི་ཚིག་ཕལ་ཆེར་བྱས་པ་ཉིད་ཡིན་པས་དེ་ནི་འདིར་དངོས་གཞིའི་དུས་ཡིན་ཏེ། གསོལ་པ་དང་། ལས་བརྗོད་པའི་དུས་དེ་གཉིས་ནི་ལྟུང་བའི་བྱེད་པ་པོ་ཉིད་ཡིན་གྱི། དུས་ཕྱི་མ་གཞན་ནི་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར། དེའི་ཁོངས་སུ་གཏོགས་པ་ཉིད་དོ། །འདིར་གཞུང་ནི་གསོལ་བ་བྱེད་ པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལས་བརྗོད་པ་བྱས་པ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཟླས་པ་རྣམས་ཀྱང་གཅིག་ཏུ་དོགས་པ་བསལ་བའི་ཕྱིར་རོ། །བཟླས་པ་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ལས་བརྗོད་པ་རྣམས་ཀྱི་བཟླས་པ་ གང་དག་ཡིན་པ་དེ་དག་ནི་ཐ་དད་པ་ཉིད་དེ། ཡང་དང་ཡང་དུ་བཟླས་པ་རྩོམ་པའི་ཕྱིར་རོ། །དེ་ལྟར་ན་ལས་བརྗོད་པ་ལན་རེ་རེ་ལ་ལྟུང་བ་རེ་རེར་འགྱུར་རོ། །འདིར་གཞུང་ནི་ལས་བརྗོད་པ་དང་པོ་མ་རྫོགས་པར་གཞི་དེར་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་རྫོགས་པར་བརྗོད་པ་ན་ཉེས་ པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་གསུམ་པ་མ་རྫོགས་པར་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལས་བརྗོད་པ་གཉིས་པ་རྫོགས་པར་བརྗོད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་བརྗོད་པ་གསུམ་པ་རྫོགས་པར་བརྗོད་ན་དགེ་འདུན་ལྷག་ མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཇུག་སྡུད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་ལྷ་སྦྱིན་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་ དུ་འཛིན་ཏོ་ཞེས་བྱ་བ་ལྟ་བུ་མཇུག་སྡུད་པའི་ཚིག་དེ་ནི་ཐ་དད་པ་ཉིད་མ་ཡིན་ཏེ། འདི་ལྟར་མཇུག་སྡུད་པ་ནི་འདིར་ལས་བྱེད་པ་གོ་བར་བྱེད་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ཡང་བཟླས་པ་ཐ་མའི་ནང་དུ་གཏོགས་པར་རིགས་སོ། །འཇུག་པ་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི། དགེ་འདུན་གྱི་དབྱེན་ བྱ་བ་ལ་སོགས་པའི་འཇུག་པ་ནི་སྦྱོར་བ་ཉིད་དེ་སྦོམ་པོ་ཡིན་ནོ། །འཇུག་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་མ་བསྟན་པས་ན་བཞོམས་ཏེ་བསྒོ་བ་དང་། གསོལ་བ་བྱ་བ་ལ་སོགས་པ་དག་གི་འོག་དང་སྔ་རོལ་ཡང་ཡིན་པར་རིག་པར་བྱའོ། །བཞམས་ཏེ་བསྒོ་བ་ཞེས་བྱ་བ་ནི། འདིར་དགེ་འདུན་དུ་མ་གྱུར་པའི་དགེ་སློང་ཚངས་པ་མཚུངས་པར་སྤྱོད་པས་གཅུགས་པས་ཕན་ཚུན་ཟློག་པར་བྱེད་པ་ཡིན་པར་རིག་པར་བྱའོ། །འཇུག་པ་ཉིད་ནི་མི་གཏོང་བའི་བདག་ཉིད་ཀྱི་འཇུག་པ་བས་ཤས་ཆུང་བ་ཡིན་ནོ། །དེས་ན་འདི་སྐད་བསྟན་ཏེ། ཐ་མ་མ་གཏོགས་པའི་ མི་གཏོང་བ་ནི་སྦྱོར་བ་ཉིད་དོ། །ཐ་མ་ལ་ནི་དངོས་གཞིའོ། །དེ་ལྟ་ན་དགེ་སློང་བསྐྲད་པ་ལ་སོགས་པའི་ལས་མ་བྱས་པར་འདུན་པས་འགྲོ་ཞེས་ཟེར་བ་ལ་ཡང་སྦྱོར་བ་ཉིད་དུ་ཐལ་བར་འགྱུར་ལ། གླེང་བ་དང་དྲན་པར་མ་བྱས་པར་ངག་མི་ཉན་པ་ཡང་སྦྱོར་བ་ཉིད་དུ་ཐལ་བར་འགྱུར་བ་ དེ་བསལ་བའི་ཕྱིར། བསྐྲད་པ་དང་གླེང་བ་དང་དྲན་པར་མ་བྱས་པ་ནི་དེའོ་ཞེས་བྱ་བ་སྨྲས་ཏེ། སྦྱོར་བ་ཉིད་དེའིའོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་བསྐྲད་པ་མ་བྱས་པར་འདུན་པས་འགྲོའོ་ཞེས་བྱ་བ་ལ་སོགས་པ་ཟེར་བ་དང་། གླེང་བ་དང་དྲན་པར་མ་བྱས་པས་ངག་མི་ཉན་པར་བྱེད་པ་ནི་སྦྱོར་བ་ ཉིད་དེའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །འདི་སྐད་བསྟན་ཏེ། དགེ་སློང་ཁྱིམ་སུན་འབྱིན་པ་ལ་ཇི་སྲིད་དུ་བསྐྲད་པའི་ལས་མི་བྱེད་པར་འདུན་པས་འགྲོའོ་ཞེས་བྱ་བ་ལ་སོགས་པ་ཟེར་བ་ནི་སྦྱོར་བའི་སྦྱོར་བ་ཉིད་དོ། །དེ་བཞིན་དུ་དགེ་སློང་བཀའ་བློ་མི་བདེ་བ་ལ་ཇི་སྲིད་དུ་གླེང་བ་དང་དྲན་པར་མི་བྱེད་པར་ ངག་མི་ཉན་པ་ཉིད་དུ་བྱེད་པ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ། སྦྱོར་བ་སྦོམ་པོའི་སྦྱོར་བ་ཉིད་ནི་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་བསྐྲད་པའི་ལས་མ་བགྱིས་པར་དགེ་འདུན་ལ་འདུན་པས་མཆིའོ་ཞེས་མཆི་བ་དང་། འཇིགས་པས་མཆིའོ་ཞེས་བགྱི་བའི་བར་དུ་མཆི་ན་ ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བསྒོ་བར་བགྱིའམ་འོན་ཏེ་བསྒོ་བར་མི་བགྱི། བཀའ་སྩལ་པ། བསྒོ་བར་མི་བྱའོ། །བསྒོ་བ་འཆགས་སམ། མི་འཆགས་བཀའ་སྩལ་པ། མི་འཆགས་སོ། །གླེང་བ་མ་བགྱིས་དྲན་པར་མ་བགྱིས་པར་བདག་ཉིད་ངག་མི་ཉན་པ་ ཉིད་དུ་འཇིག་པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བསྒོ་བར་བགྱིའམ་འོན་ཏེ་བསྒོ་བར་མི་བགྱི། བཀའ་སྩལ་པ། བསྒོ་བར་མི་བྱའོ། །བསྒོ་བ་འཆགས་སམ་མི་འཆགས། བཀའ་སྩལ་པ། མི་འཆགས་སོ་ཞེས་གསུངས་པ་ཡིན་ནོ། །གནས་སྐབས་འདི་ལ་ནི་ མངོན་པར་ཞེན་པ་ཉིད་དང་། སྡིག་པའི་བསམ་པ་ཤས་ཆུང་བའི་ཕྱིར་རོ། །དེས་ན་ཉེས་བྱས་སུ་གསུངས་སོ། །དྲན་པར་བྱས་པའི་གནས་སྐབས་ན་ནི། བདག་ཉིད་ཀྱི་ཁ་ན་མ་ཐོ་བ་དྲན་དུ་ཟིན་ཀྱང་ཡོངས་སུ་མི་གཏོང་བས་མངོན་པར་ཞེན་པ་ཆེས་དམ་པ་ཉིད་དང་། སྡིག་པའི་བསམ་པ་ ཡང་ཆེས་ལྕི་བ་ཉིད་ཡིན་པར་ཤེས་པས་དེའི་ཚེ་ན་ནི་སྦོམ་པོར་གསུངས་སོ། །གླེང་བ་ནི་ཕྱོགས་གཅིག་ཏུ་གྱུར་པ་གླེང་བ་ཡིན་ནོ། །དྲན་པར་བྱེད་པ་ནི་ཡོངས་སུ་རྫོགས་པར་དྲན་པར་བྱེད་པ་སྟེ། ཚིག་འདི་གཉིས་ཀྱིས་ནི་གླེང་བ་ཡོངས་སུ་རྫོགས་པར་བསྟན་པ་བྱས་པ་ཡིན་ནོ། །དེ་ལ་ནི་བསྒོ་ བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། བསྐྲད་པའི་ལས་མ་བྱས་པ་དང་། གླེང་བ་དང་དྲན་པར་མ་བྱས་པའི་དགེ་སློང་དེ་ལ་བསྒོ་བར་མི་བྱ་བ་ཉིད་དོ། །བསྒོ་བ་ཞེས་བྱ་བ་བྱེ་བྲག་ཏུ་མ་བྱས་པས་ལས་ཀྱིས་བསྒོ་བ་འབའ་ཞིག་ཏུ་མ་ཟད་ཀྱི། བཞམས་ཏེ་བསྒོ་བ་ཡང་མི་བྱ་བར་ཤེས་པར་བྱའོ། །དེ་དག་ ལ་བཞམས་པ་དང་ལས་ཀྱིས་མི་བསྒོ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བའི་བསླབ་པའི་གཞིའི་ཡུལ་དུ་གྱུར་པ་དེ་དག་ལ་བཞམས་ཏེ་བསྒོ་བ་དང་ལས་ཀྱིས་བསྒོ་བས་མི་བསྒོ་བར་མི་ བྱ་སྟེ་གདོན་མི་ཟ་བར་བསྒོ་བར་བྱའོ། །དེ་ལྟར་ཡང་དགེ་སློང་དག་ཁྱེད་ཀྱིས་བཞམས་པ་དང་། གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བར་གྱིས་ཤིག་ཅེས་གསུངས་པ་ཡིན་ནོ། །བསྒོ་བ་ལས་གྱུར་པའི་དགེ་འདུན་ལྷག་མ་བཞི་པོ་འདི་དག་གནས་སྐབས་གང་ ལས་འབྱུང་བར་འགྱུར་ཞེ་ན་དེའི་ཕྱིར། དེའི་མཐའ་ལ་ནི་མི་གཏོང་ནའོ་ཞེས་བྱ་བ་སྨྲས་ཏེ། དེའི་ཞེས་བྱ་བ་ནི། བསྟན་མ་ཐག་པའི་མདོ་ལས། ལས་ཀྱིས་ཞེས་སྨོས་པ་དེའིའོ། །དེའི་མཐའ་ནི་ལས་ཀྱིས་བསྒོ་བའི་མཐའ་སྟེ་དེ་ལའོ། །དེ་ཡང་ལས་བརྗོད་པ་གསུམ་པའི་མཐའ་ལའོ། །དེ་ ལ་བརྟུལ་བ་མི་གཏོང་ན་དེ་ལ་བསྒོ་བ་ལས་འགྱུར་བའི་དགེ་འདུན་ལྷག་མ་བཞི་པོ་དེ་དག་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རེ་ཞིག་བསྒོ་བ་ལས་འགྱུར་བའི་དགེ་འདུན་ལྷག་མ་བཞི་པོ་དེ་དག་གི་མཚན་ཉིད་ཐུན་མོང་བ་བསྟན་ནས། ད་ནི་དེ་དག་ཉིད་ཀྱི་བྱེ་བྲག་གོ་རིམས་བཞིན་དུ་བརྗོད་ པར་བྱའོ། །དོན་གང་མི་གཏོང་ན་དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་རྟུལ་བར་བྱེད་པ་ཉིད་དོ་ཞེས་བྱ་བ་སྨྲས་སོ། །གང་ལ་རྟུལ་བར་བྱེད་པའི་ངང་ཚུལ་ཡོད་པ་དེ་ནི་རྟུལ་བར་བྱེད་པའོ། །ཡང་ན་ཕ་རོལ་གནོན་པར་བྱེད་པས་རྟུལ་བར་བྱེད་ པའོ། །དེའི་དངོས་པོ་ནི་དེ་ཉིད་དེ། དེ་མི་གཏོང་ནའོ། །ཡུལ་གང་ལ་རྟུལ་བར་བྱེད་པ་ཉིད་ཅེ་ན། དེའི་ཕྱིར་དབྱེན་ལའོ་ཞེས་བྱ་བ་སྨྲས་ཏེ། དབྱེན་བྱེད་པའི་ཡུལ་ལའོ། །གང་གི་དབྱེན་བྱེད་པ་ལ་ཞེ་ན། དེའི་ཕྱིར་དགེ་འདུན་གྱིའོ་ཞེས་བྱ་བ་སྨྲས་ཏེ། འདི་སྐད་བསྟན་ཏེ། དགེ་ འདུན་གྱི་དབྱེན་བྱ་བའི་ཡུལ་ལ་རང་གི་བརྟུལ་བས་བརྗོད་པ་གསུམ་པའི་མཐར་མི་གཏོང་ན་དགེ་འདུན་དབྱེན་བྱེད་པའི་དགེ་འདུན་ལྷག་མར་འགྱུར་རོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་རྫོགས་སོ།། །།ད་ནི་དེའི་རྗེས་སུ་ཕྱོགས་པའི་དགེ་ འདུན་ལྷག་མ་བརྗོད་པར་བྱ་སྟེ། གང་ཞིག་མི་གཏོང་ན་དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་དེའི་གྲོགས་ཉིད་རྗེས་སུ་སྒྲུབ་པར་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། དེའི་ཞེས་བྱ་བའི་སྒྲ་ནི་དགེ་འདུན་གྱི་དབྱེན་ཞེས་བྱ་བ་ལ་བསྙེགས་སོ། །གྲོགས་ཞེས་ བྱ་བ་ནི་དགེ་འདུན་གྱི་དབྱེན་བྱེད་པའི་ཡུལ་ལ་གྲོགས་བྱེད་པའོ། །གྲོགས་ཀྱི་དངོས་པོ་ནི་དེའི་གྲོགས་ཉིད་དོ། །དེའི་གྲོགས་ཀྱི་དངོས་པོ་དེ་རྗེས་སུ་སྒྲུབ་པར་བྱེད་པ་ནི་ནན་ཏན་བྱེད་པ་ཉིད་དེ། དེ་མི་གཏོང་ན་དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མར་འགྱུར་རོ། །རྗེས་སུ་ཕྱོགས་པའི་ དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་རྫོགས་སོ།། །།ཐུན་མོང་གི་རྣམ་པ་སྔར་བསྟན་པ་ཐམས་ཅད་ཁས་བླངས་ནས་གང་ཞིག་མི་གཏོང་ན་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་རང་སྐྲོད་པར་བྱེད་པའི་དགེ་འདུན་ལ་ལོག་པའི་བསམ་པས་དེ་དེ་ལ་དེ་ལྟར་ཞུགས་ སོ་ཞེས་བརྫུན་དུ་སྨྲ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་འབྱིན་པ་པོ་རང་བསྐྲད་པ་གང་ཡིན་པའི་སྐྲོད་པར་བྱེད་པའི་དགེ་འདུན་གང་ཡིན་པའི་དགེ་འདུན་རང་སྐྲོད་པར་བྱེད་པ་ཡུལ་དུ་གྱུར་པ་དེ་ལ་ལོག་པའི་བསམ་པ་ལོག་པའི་སེམས་འདུན་པ་དང་། ཞེ་སྡང་དང་གཏི་མུག་དང་འཇིགས་པའི་དབང་ ཉིད་གང་ཡིན་པས་དགེ་འདུན་དེ་བསྐྲད་པའི་ལས་གང་ཡིན་པ་དེ་ལས་དེ་ལྟར་ཞུགས་པར་གྱུར་ཏོ་ཞེས་ལྕེ་དེ་ཉིད་དུ་བརྫུན་དུ་སྨྲ་བ་ཉིད་མི་གཏོང་ནའོ། །འདི་སྐད་བསྟན་ཏེ། གལ་ཏེ་ཁྱིམ་སུན་འབྱིན་པར་བྱེད་པའི་དགེ་སློང་རང་སྐྲོད་པར་བྱེད་པའི་བྱེད་པ་པོ་གང་ཡིན་པའི་དགེ་འདུན་ཡུལ་དུ་གྱུར་པ་ལ་བརྫུན་དུ་སྨྲ་ བ་ཉིད་ཀྱིས་དགེ་འདུན་འདིས་ལོག་པ་ཉིད་དུ་འདུན་པ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པ་ཞེས་བྱ་བས་བདག་བསྐྲད་པའི་ལས་བྱས་སོ་ཞེས་ཟེར་ཞིང་བརྫུན་དུ་སྨྲ་བ་རྣམ་པ་དེ་ལྟ་བུ་ཉིད་དེ་མཐར་མི་གཏོང་ན་དེ་ལ་བསྐྲད་པའི་དགེ་འདུན་ལྷག་མར་འགྱུར་རོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་ མའོ་ཞེས་བྱ་བ་དེ་རྫོགས་སོ།། །།གང་ཞིག་མི་གཏོང་ན་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གིས་ལྷག་པའི་ཚུལ་ཁྲིམས་ཀྱིས་གླེངས་པ་ཉིད་ན། བདག་ཉིད་ཀྱི་དེ་ལ་དགེ་སློང་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་ལྟུང་བ་ འབྱིན་པ་པོ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་སྟེ། གླེངས་པ་ཉིད་ན་འདི་སྐད་ཅེས་བདག་ལ་དགེ་སློང་གང་གིས་ཀྱང་ཚུལ་ཁྲིམས་འགའ་ལ་ཡང་གླེང་བར་མི་བྱའོ་ཞེས་ཟེར་ཞིང་དེ་ལྟར་བདག་ཉིད་ཀྱི་རྒྱུད་དུ་གཏོགས་པའི་ཚུལ་ཁྲིམས་དེ་ལ་དགེ་སློང་ཐམས་ཅད་དག་གིས་བརྗོད་པར་མི་བྱ་བ་ ཉིད་དུ་བྱེད་པའི་བྱེད་པ་དེ་མཐར་མི་གཏོང་ན་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་དག་གིས་ཞེས་སྨྲས་ན། དགེ་སློང་གང་དག་གིས་ཤེ་ན། ཕྱོགས་བཅུ་ན་གནས་པ་དེ་བཞིན་གཤེགས་པའི་དགེ་སློང་དག་སྟེ། དེ་དག་གིས་བདག་ཉིད་ལ་བརྗོད་ པར་མི་བྱ་བར་བྱེད་པའོ། །ལྷག་པའི་ཚུལ་ཁྲིམས་ཞེས་བྱ་བས་ནི་འདིར་འདུལ་བའི་རྣམ་པ་ཐམས་ཅད་བསྟན་པ་ཡིན་ནོ། །དེ་ལྟ་བུ་ཡོངས་སུ་རྫོགས་པར་གྱུར་ན་བཀའ་བློ་མི་བདེ་བར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ། །དགེ་སློང་དམིགས་ཀྱིས་བསལ་བ་དག་གཅིག་གིས་བརྗོད་པར་མི་ བྱ་བར་བྱེད་པས་ནི་དེར་མི་འགྱུར་ཏེ། དགེ་སློང་ཇི་སྙེད་ཁ་ཅིག་གི་རྒྱུད་དུ་གཏོགས་པ་དག་གིས་བརྗོད་པར་མི་བྱ་བར་བྱེད་པའི་ཚིག་གིས་ནི་ཉེས་བྱས་སུ་འགྱུར་བར་རིག་པར་བྱའོ། །བསླབ་པའི་གཞི་དམིགས་ཀྱིས་བསལ་བ་ཁ་ཅིག་གིས་བདག་ལ་བརྗོད་པར་མི་བྱ་བར་བྱེད་ན་ཡང་ཉེས་བྱས་ཁོ་ ནའོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་རྫོགས་སོ། །དགེ་འདུན་ལྷག་མ་རྣམས་རྫོགས་སོ་ཞེས་བྱ་བ་དགེ་འདུན་ལྷག་མ་བཅུ་གསུམ་བཤད་ཟིན་ཏོ།། །།སྤང་བའི་ལྟུང་བྱེད་རྣམས་བརྗོད་པར་འདོད་ནས། དང་པོ་ཁོ་ནར་འཆང་བ་དང་། འབྲལ་བ་ལ་སོགས་པའི་ བསླབ་པའི་གཞི་རྣམས་ཀྱི་ཐུན་མོང་གི་མཚན་ཉིད་རྣམ་པར་གཞག་པ་བསྟན་པའི་ཕྱིར། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མདོ་འདི་དང་འོག་མ་གཉིས་ཀྱང་ཐུན་མོང་གི་མཚན་ཉིད་ཁོ་ན་ཡིན་ནོ། །ཉིན་མཚན་གང་ལ་ཉིན་མཚན་གྱི་དང་པོ་མེད་པ་ དེ་ནི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ། མཐའི་སྐད་ཅིག་མའོ། །མཐའི་སྐད་ཅིག་མ་ཞེས་བྱ་བའི་ཉིན་མཚན་དེ་ལ་སྐད་ཅིག་མ་གཅིག་མ་གཏོགས་པ་ཐ་མ་མ་ཡིན་པ་ཐུན་ཚོད་བཅུ་ཞེས་བྱ་བའི་ཉིན་མཚན་མེད་པ་ཉིད་དོ། །འདི་སྐད་བསྟན་ཏེ། ཞག་བཅུ་འདས་པ་དང་། ཟླ་བ་གཅིག་འདས་ པ་དང་། ཞག་དྲུག་འདས་པ་དང་། ཞག་བདུན་འདས་པ་ལ་ཡང་ཉིན་མཚན་དང་པོའི་མཐར་གྱུར་པའི་སྐད་ཅིག་མ་གང་ཡིན་པ་དེ་ཁོ་ན་ལ་ཉིན་མཚན་ཞེས་བྱ་བའི་མིང་འཐོབ་པས་སྤང་བ་ལ་ཡང་དེ་ཉིད་ཡན་ལག་ཏུ་གྱུར་པ་ཡིན་པར་རིག་པར་བྱའོ། །སྐད་ཅིག་མ་ལྷག་མ་ཐུན་བཅུའི་ཁོངས་སུ་ གཏོགས་པ་རྣམས་ནི་སྤང་བ་རྣམ་པར་གཞག་པའི་ཡན་ལག་ཉིད་མ་ཡིན་ནོ། །འདིར་ལུང་ནི་འཆང་བའི་བསླབ་པའི་གཞི་ལས་དགེ་སློང་གིས་ཚེས་ལ་ཆོས་གོས་རྙེད་དམ། ཚེས་ལ་ལྷུང་བཟེད་རྙེད་ན་ཞེས་གསུངས་པས། ཚེས་དེའི་དང་པོ་ཐུན་ཚོད་ངེས་པར་མ་སྨོས་པར་ཚེས་ བཅུ་གཅིག་གི་ཉིན་པར་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་མཐའི་སྐད་ཅིག་མ་མ་གཏོགས་པའི་སྐད་ཅིག་མ་ལྷག་མ་རྣམས་ཀྱང་ཡན་ལག་ཉིད་ཡིན་པར་གྱུར་ན་ནི་དེའི་ཚེ་ན་འདི་སྐད་ཅེས་ཚེས་ཀྱི་སྔ་དྲོ་ནས་ཚེས་བཅུ་གཅིག་གི་སྔ་དྲོས་སོ་ཞེ་འམ། དེ་ བཞིན་དུ་ཚེས་ཀྱི་གུང་ཚིགས་སམ། ཕྱི་དྲོ་ནས་ཚེས་བཅུ་གཅིག་གི་གུང་ཚིགས་སམ། ཕྱི་དྲོ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པར་འགྱུར་བ་ཞིག་ན་དེ་སྐད་མ་གསུངས་ཏེ། དེ་བས་ན་ཉིན་མཚན་དང་པོའི་ཐུན་ཚོད་ཀྱི་ཚིགས་ནི་ངེས་པ་མེད་དེ། ཉིན་མཚན་དང་པོ་དེ་ཉིད་ཀྱི་མཐའི་སྐད་ ཅིག་མ་གཅིག་ལ་ཉིན་མཚན་ཞེས་བྱ་བའི་མིང་འཐོབ་བོ། །དེས་ན་མཐའི་སྐད་ཅིག་མ་དེ་ཉིད་མ་གཏོགས་པ་དེའི་ལྷག་མ་ཐུན་བཅུ་པོ་དག་གི་སྐད་ཅིག་མ་གཞན་ནི་འདིར་སྤང་བའི་ཡན་ལག་ཉིད་མ་ཡིན་གྱི། མཐའི་སྐད་ཅིག་མ་གཅིག་པོ་དེ་ཉིན་མཚན་དང་པོ་གཅིག་ཏུ་བརྩིས་ཏེ། དེ་ཚུན་ཆད་ནས་ ཉིན་ཞག་བརྩི་ཞིང་ཞག་བཅུའམ། ཟླ་བ་གཅིག་གམ། ཞག་དྲུག་གམ། ཞག་བདུན་འདས་ན་སྤང་བར་འགྱུར་བ་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། །གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ་ཞེས་བྱ་བ་ནི། གནས་པ་ལ་ཞེས་བྱ་བ་གནས་པ་དང་འབྲེལ་པའི་བསླབ་པའི་གཞི་ལ་ནི་མཐའི་སྐད་ཅིག་ མ་གཅིག་གི་ལྷག་མ་སྔ་མ་རྣམས་སྦྱོར་བའི་སྣོད་ཉིད་དེ། ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདི་ལྟ་སྟེ་བསྙེན་པར་མ་རྫོགས་པ་དང་། ལྷན་ཅིག་གནས་པ་དང་། བསྙེན་པར་རྫོགས་ན་ཡང་ལྟ་བ་མི་གཏོང་བ་དང་། ལྷན་ཅིག་གནས་པ་དང་། དགེ་ཚུལ་བསྙིལ་བ་དང་། མཚན་ མི་མཐུན་པ་དང་། གནས་གཅིག་ན་ལྷན་ཅིག་ཉལ་བ་དང་། མར་མེ་དང་བཅས་པར་ཉལ་བ་དང་། དམག་གི་ནང་ན་གནས་པ་ལ་མཐའི་སྐད་ཅིག་མ་མ་ཡིན་པའི་དུས་རྣམས་ཀྱང་མེད་པ་ཉིད་མ་ཡིན་ཏེ། སྦྱོར་བའི་སྣོད་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། བསྙེན་པར་མ་ རྫོགས་པ་དང་ལྷན་ཅིག་ཉལ་བ་ལ་སོགས་པའི་བསླབ་པའི་གཞི་རྣམས་དང་། དམག་གི་ནང་ན་གནས་པའི་བསླབ་པའི་གཞི་ལ་མཐའི་སྐད་ཅིག་མ་མ་གཏོགས་པའི་ཉིན་མཚན་གྱི་དུས་ཀྱི་ཆ་ཡང་སྦྱོར་བའི་སྣོད་ཉིད་ཡིན་ཏེ། ཉེས་བྱས་ཉིད་ཡིན་པས་ཉེས་པ་མེད་པ་ མ་ཡིན་ནོ། ཞེས་བྱ་བའི་ཐ་ཚིག་གོ། །དམག་གི་ནང་ན་གནས་པ་མ་གཏོགས་པ་གནས་པའི་བསླབ་པའི་གཞི་གཞན་དག་ལ་ནི་མཚན་མོར་གཏོགས་པའི་དུས་ཁོ་ན་སྦྱོར་བའི་སྣོད་ཉིད་ཡིན་གྱི། ཉིན་པར་གནས་པ་ནི་མ་ཡིན་ནོ། །དེ་དག་གིས་དེ་མཚན་མོ་གསུམ་པ་ལ་འདྲོན་པ་དག་གི་ ཕྱི་རོལ་དུ་དགར་བར་བྱའོ་ཞེས་གསུངས་པ་ལས་མཚན་མོ་ཞེས་སྨོས་པའི་ཕྱིར་རོ། །དམག་གི་ནང་ན་གནས་པ་ལ་ནི་ཉིན་པར་གནས་ན་ཡང་སྦྱོར་བའི་སྣོད་ཉིད་ཀྱི་རྒྱུའི་དངོས་པོར་འགྱུར་ཏེ། དེར་གནས་པ་ཙམ་ཉིད་ཉེས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །ཉིན་མཚན་གྱི་དང་པོ་སྨྲ་བར་ འདོད་ནས། དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའི་འོ་ཞེས་བྱ་བ་སྨྲས་ཏེ། ཉིན་མཚན་དེའི་དང་པོ་ནི། སྐྱ་རེངས་དང་པོ་དང་། སྐྱ་རེངས་བར་མ་དང་། སྐྱ་རེངས་ཐ་མ་དག་ལས་སྐྱ་རེངས་དང་པོ་དེའི་སྐད་ཅིག་མ་དང་པོར་གྱུར་པ་གང་ཡིན་པ་དེའོ། །མཚན་ཉིད་འདི་ནི་ཆོས་གོས་དང་ འབྲལ་བ་ལ་སོགས་པ་དག་ལ་དགོས་ཏེ་ཉི་མ་བཅུ་གཅིག་གི་སྐྱ་རེངས་ཤར་ནའོ་ཞེས་གསུངས་པའི་ཕྱིར་རོ། །མཚན་ཉིད་འདིའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ལས་ལ་ནི་འདས་ན་ཉི་མ་ཤར་བའི་འོ་ཞེས་བྱ་བ་སྨྲས་ཏེ། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ཚེས་གྲངས་ ཀྱི་བྱེ་བྲག་དང་འབྲེལ་པའི་ལས་དག་ལ་ནི་དུས་འདས་ཤིང་ཡོལ་བར་གྱུར་ན། ཉི་མ་ཤར་བའི་སྐད་ཅིག་མ་དེའི་དང་པོར་གྱུར་པ་གང་ཡིན་པ་དེ་ཉིན་མཚན་གྱི་དང་པོ་ཡིན་ནོ། །འདི་སྐད་བསྟན་ཏེ། ཚེས་ཞེས་བྱ་བའི་སྐྱ་རེངས་ཤར་དུ་ཟིན་ཀྱང་ཇི་སྲིད་དུ་ཉི་མ་ཤར་བར་མ་གྱུར་ན་དེའི་ཚེ་གསོ་ སྦྱོང་ལ་སོགས་པའི་ལས་བྱའོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་དག་གིས་སྐྱ་རེངས་ཤར་བ་ན་བདག་ཅག་གིས་གསོ་སྦྱོང་མ་བྱས་སོ་སྙམ་དུ་དྲན་པ་སླར་རྙེད་པར་གྱུར་ནས་དེ་དག་དེའི་ཚེ་ན་གསོ་སྦྱོང་བགྱིད་ཅིང་སོ་སོར་ཐར་པ་འདོན་པར་བགྱིད་ན་དགེ་འདུན་གྱིས་གསོ་སྦྱོང་ བགྱིས་པ་དང་། སོ་སོར་ཐར་པ་བཏོན་པ་ཞེས་བགྱིའམ། ཉེ་བ་འཁོར་དགེ་འདུན་དག་གིས་གསོ་སྦྱོང་བྱས་པ་དང་། སོ་སོར་ཐར་པ་བཏོན་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་བྱ་བ་ནི་སྤང་བའི་དངོས་པོ་ལ་ནི་འདུ་ཤེས་ལས་གཙོ་ ཆེར་རང་གི་ཉིད་ཡིན་གྱི། གཞན་གྱི་དངོས་པོ་ལས་ནི་མ་ཡིན་ནོ། །མ་བྱིན་པར་ལེན་པ་དང་། ཤི་བའི་ཡོ་བྱད་གཉིས་ནི་དངོས་པོ་ལས་གཙོ་ཆེར་རང་གི་ཉིད་ཡིན་གྱི། འདུ་ཤེས་ལས་ནི་མ་ཡིན་ནོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས་དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་ བསྐུར་ཞིང་འདི་ནས་བཏང་ལ་དེར་མ་ཕྱིན་པ་དག་ལ་ནི་གང་ལ་ཡང་སྤང་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། འདི་ལྟར་ཆོས་གོས་ལ་སོགས་པ་བསྐུར་བ་དེ་ཐག་རིང་པོ་ན་གནས་པའི་དགེ་སློང་དེ་དབང་བར་བྱས་སུ་ཟིན་ཀྱང་དངོས་པོ་དེ་ལ་དགེ་སློང་དེ་རང་གི་ཉིད་ཡིན་ པའི་འདུ་ཤེས་མེད་པས་དེས་ན་སྤང་བར་མི་འགྱུར་རོ། །གལ་ཏེ་བརྐུས་པའི་དངོས་པོ་དེ་ཉིད་ལ་ལས་བསྐུར་ན་ཡང་གང་ལ་བསྐུར་བ་དེ་ལས་བརྐུས་པར་མི་འགྱུར་གྱི། གང་གིས་བསྐུར་བ་དེ་ལས་བརྐུས་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་དགེ་སློང་ཡང་དག་པར་བྱིན་པའི་འདུ་ཤེས་ཅན་ གྱིས་བསྐུར་བའི་དངོས་པོ་དེ་མ་ཐོབ་པ་དེ་ཁོ་ནར་ཤིའམ། སྐུར་བར་བྱེད་པ་དང་གཉི་ག་ཤི་བར་གྱུར་ན་དེ་ལྟ་ན་ཡང་དངོས་པོ་དེ་སྐུར་བར་བྱེད་པའི་ཤི་བའི་ཡོ་བྱད་ཁོ་ན་ཡིན་པར་རིག་པར་བྱའོ། །ཡང་དག་པར་བྱིན་པ་ནི་མ་ཡིན་ཏེ། དེ་ལ་ནི་དངོས་པོ་ལས་རྣམ་པར་གཞག་གི། འདུ་ཤེས་ལ་ ནི་མ་ཡིན་ནོ། །དེ་ལྟར་ན་འདུ་ཤེས་ཡོད་པ་ཉིད་ལ་ནི་དངོས་གཞིར་འགྱུར་ལ། འདུ་ཤེས་མེད་པ་ཉིད་ལ་ནི་ལྟུང་བར་མི་འགྱུར་རོ། །དེ་ལས་ཀྱང་རང་གི་མ་ཡིན་པ་ལ་རང་གིར་འདུ་ཤེས་པ་ནི་ཉེས་བྱས་སོ། །རང་གི་ལ་ཡིད་གཉིས་ཟ་བ་ནི་སྤང་བར་འགྱུར་ཏེ། དོན་ཇི་ལྟ་བ་ཉིད་ལ་ནི་དངོས་ གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །རང་གི་མ་ཡིན་པ་ལ་ཡིད་གཉིས་ཟ་བ་ལ་ནི་ཉེས་བྱས་ཏེ། ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནི་བསྔོས་པ་ཉིད་ན་བྲལ་བ་ཉིད་དོ་ཞེས་བྱ་བ་ནི། སྤང་བར་ འགྱུར་བ་རང་གི་ཉིད་གང་ཡིན་པ་དེ་ནི་སེམས་ཀྱིས་ཡོངས་སུ་བཏང་སྟེ། བསྔོས་པ་ཉིད་ན་བྱིན་གྱིས་མ་བརླབས་སམ་རྣམ་པར་མ་བརྟགས་སུ་ཟིན་ཀྱང་རང་གི་ཉིད་དང་བྲལ་བ་ཉིད་དེ། རང་གི་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་ཆོས་གོས་ལ་ སོགས་པ་དག་དགེ་འདུན་ལའམ་གང་ཟག་ལའམ་གཞན་ལ་སྔོ་བར་བྱེད་ན། གང་ལ་སྔོ་བར་བྱེད་པ་དེས་དེ་ཤེས་ཀྱང་རུང་མི་ཤེས་ཀྱང་རུང་། དེའི་གན་དུ་བསྐུར་ཡང་རུང་མ་བསྐུར་ཡང་རུང་སྟེ། རང་གི་ཉིད་དང་བྲལ་བའི་ཕྱིར་བྱིན་གྱིས་མ་བརླབས་སམ་རྣམ་པར་མ་བརྟགས་ཀྱང་སྤང་བར་ བྱ་བར་མི་འགྱུར་རོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས་གང་གིས་གོས་བསྐུར་བ་དེ་ལ་སྤང་བ་འབྱུང་བར་མི་འགྱུར་རོ་ཞེས་གསུངས་པ་གང་ཡིན་པ་དེ་ཉིད་ཡིན་ནོ། །ཤི་བའི་ཡོ་བྱད་ལ་ནི་དངོས་པོ་ལས་རྣམ་པར་གཞག་གི། འདུ་ཤེས་ལས་ནི་མ་ཡིན་ཏེ། དེ་ལྟར་ཡང་འདིར་ གཞུང་ནི་དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་བ་གང་གིས་བསྐུར་བ་དེས་ཀྱང་སྤངས་པར་གྱུར། གང་ལ་བསྐུར་བ་དེས་ཀྱང་སྤངས་པར་གྱུར་ན་དེ་ལ་དེ་དག་གང་ལ་བསྐུར་བ་དེ་ལ་བྱིན་གྱིས་རློབ་པར་བྱེད་ན་ནི་བྱིན་གྱིས་མ་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེ་ལ་བྱིན་ གྱིས་རློབ་པར་བྱེད་ན་ནི་བྱིན་གྱིས་བརླབས་པ་ཡིན་ཏེ། ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་རྫས་དེ་གང་གིས་བསྒྲུབས་པ་དེ་ཉིད་ཀྱི་ཤི་བའི་ཡོ་བྱད་དུ་རྣམ་པར་གཞག་གི། གང་ལ་བསྔོས་པ་དེའི་ནི་མ་ཡིན་ནོ། །རབ་ཏུ་བྱུང་བའི་དོན་དུ་ངེས་ པར་བྱས་པ་ཡང་དེ་ཉིད་དོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་རྒྱུར་ངེས་པར་བྱས། རྣམ་པར་གཞག་པ་ངེས་པར་བསྔོས་པ་ཡང་དེ་ཉིད་དེ་བསྔོས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་རབ་ཏུ་འབྱུང་བའི་དོན་དུ་སྲེལ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་འདི་ལྟར་ལྷུང་ བཟེད་ལ་གསུངས་མོད་ཀྱི། འོན་ཀྱང་ཆོས་གོས་ལ་སོགས་པ་དག་ལ་ཡང་རུང་བས་སྤྱིར་བསྟན་ཏོ། །ཆོས་གོས་ལས་ཀྱང་རྣམ་པར་བརྟགས་ནའོ་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བས་ནི་རྣམ་པར་བརྟགས་པའི་བསྔོ་བ་བྱས་ན་ཆོས་གོས་ལས་ཀྱང་རང་གི་ཉིད་དང་འབྲལ་བར་སྟོན་ཏོ། ། རྣམ་པར་བརྟགས་པ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རྣམ་པར་མ་བརྟགས་པ་རྣམ་པར་བརྟག་པར་འོས་པ་འདི་མཁན་པོའི་ལགས་པར་རྣམ་པར་བརྟག་པར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ། ། རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ་ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་རྣམ་པར་བརྟགས་པ་ཡིན་པར་རིག་པར་བྱའོ། །མཁན་པོ་ལས་གཞན་པ་ཞིག་ལ་རྣམ་པར་བརྟགས་ན་ཡང་ཆེ་གེ་མོ་ཞེས་བྱ་བར་མིང་བརྗོད་པར་བྱའོ།། །།བམ་པོ་བཅུ་དྲུག་པ། འདི་ལ་རྗེས་སུ་ཞུགས་ པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི། རང་གི་ཉིད་ཅེས་བྱ་བའི་ལྟུང་བ་འདི་ལ་བསྔོས་པ་ཉིད་དང་རྣམ་པར་བརྟགས་པ་ཉིད་ཀྱི་ཐབས་ཀྱིས་ནི་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་ཅེས་བྱ་བ་རྒྱུན་འབྲེལ་པ་ཉིད་ཀྱང་ཉམས་པ་ཡིན་པར་རིག་པར་བྱའི། རང་གི་ཉིད་འབའ་ཞིག་ཉམས་པར་མ་ཟད་ དོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་གིས་ཚེས་ལ་ཆོས་གོས་རྙེད་ལ། ཚེས་ལྔའི་ཉིན་པར་ཆོས་གོས་དེ་རྣམ་པར་རྟོག་པར་བྱེད་དམ་སྔོ་བར་བྱེད་ན། ཕྱིས་དེའི་ཉིན་མོ་ཉིད་ལ་ཆོས་གོས་གཞན་ཞིག་རྙེད་ཀྱང་། སྔ་མའི་ཤན་དེས་ཤན་འདྲེས་པར་མི་འགྱུར་ཏེ། རྗེས་སུ་ཞུགས་ པ་ཉིད་ཉམས་པའི་ཕྱིར་རོ། །རང་བཞིན་ལས་ཉམས་པ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་རྗེས་སུ་ཞུགས་པ་ཉིད་ཉམས་པ་ཉིད་དེ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་རོ། །རང་བཞིན་ལས་ཞེས་བྱ་བ་ནི། །ངོ་བོ་ཉིད་ལས་སོ། །ཉམས་ན་ཞེས་བྱ་བ་ནི་སེམས་རྣམ་པར་འཁྲུགས་ ན་སྟེ། དེའི་ཚེ་ན་ཡང་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་ཉམས་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་རང་ཉིད་སེམས་རྣམ་པར་འཁྲུགས་པ་ལ་སོགས་པས་རང་བཞིན་ཐ་མལ་པའི་ངོ་བོ་ཉིད་ལས་ཉམས་པར་གྱུར་ན་ཡང་། དེའི་ཚེ་ཡང་རང་གི་ཉིད་ཀྱི་རྗེས་སུ་མཐུན་པའི་ རྒྱུན་འབྲེལ་བ་ཉམས་པ་ཡིན་པས་སྔར་རང་བཞིན་ལས་མ་ཉམས་པའི་རྗེས་སུ་མཐུན་པའི་ཤན་དེས་ཕྱིས་རང་གི་སེམས་ཕྱིར་རྙེད་པའི་གནས་སྐབས་ཀྱི་རང་གི་ཉིད་ལ་ཤན་འདྲེས་པར་མི་འགྱུར་རོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་དགེ་སློང་གིས་ཆོས་གོས་ རྙེད་ནས་དགུང་ལྔ་ལགས་ན། སེམས་རྣམ་པར་འཁྲུགས་པར་གྱུར་ན། དེའི་དགུང་བཅུ་པོ་སླད་མ་གང་ཚུན་ཆད་ནས་བགྲང་བར་བགྱི། ཉེ་བ་འཁོར་གང་ཚུན་ཆད་ནས་རང་གི་སེམས་ཕྱིར་རྙེད་པ་ནས་སོ་ཞེས་གསུངས་པ་ཡིན་ནོ། །ཞག་ལྔ་པོ་སྔ་མ་དག་མི་ བགྲང་བ་ལས་ན། རྗེས་སུ་ཞུགས་པའི་རྒྱུན་འབྲེལ་པ་ཉམས་པར་མངོན་ཏེ། སེམས་རྣམ་པར་འཁྲུགས་པའི་ཕྱིར་རོ། །དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ་ཞེས་བྱ་བ་ནི། རྗེས་སུ་ཞུགས་པ་ཉིད་དེ། ཡོད་ཅིང་མེད་པ་མ་ཡིན་ན་ཕྱིས་རྙེད་པའི་དངོས་པོ་དེ་ལྟ་ བུ་གཞན་ལ་ཡང་འབྱུང་བ་ཉིད་དོ། །དངོས་པོ་དེ་ལྟ་བུ་ཞེས་བྱ་བ་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། དངོས་པོ་གང་ལ་རྗེས་སུ་མཐུན་པ་ཉིད་དེ་ཡོད་པ་དེ་ལྟ་བུའི་དངོས་པོ་ལ་སྟེ། འདི་ལྟ་སྟེ་ཆོས་གོས་ཞག་བཅུ་པར་གཏོགས་པའི་ནི་ཞག་བཅུ་པ་ལས་འབྱུང་བ་ཉིད་དོ། །ཟླ་བ་གཅིག་པར་ གཏོགས་པའི་ནི་ཟླ་བ་གཅིག་པ་ལའོ། །ལྷུང་བཟེད་དུ་གཏོགས་པའི་ནི་ལྷུང་བཟེད་ལའོ། །སྨན་ཞག་བདུན་པར་གཏོགས་པའི་ནི་སྨན་ཞག་བདུན་པ་ལ་འབྱུང་བ་འདི་ལྟ་བུའོ། །འདི་སྐད་བསྟན་ཏེ། ཆོས་གོས་སྔར་རྙེད་པ་ལ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་དེ་ཡོད་ན། ཆོས་གོས་ ཕྱིས་རྙེད་པ་ལ་ཡང་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་འབྱུང་བ་ཉིད་དུ་རིག་པར་བྱའོ། །དེ་བས་ན་ཆོས་གོས་སྔར་རྙེད་པ་དེ་ཉིད་དང་། ལྷན་ཅིག་ཏུ་ཕྱིས་རྙེད་པའི་ཆོས་གོས་དེ་ཡང་ཞག་བཅུའི་ནང་རོལ་དེ་ཉིད་དུ་བྱིན་གྱིས་བརླབ་པར་བྱ་བའམ་སྤང་བར་བྱ་བ་ཡིན་གྱི། ཆོས་གོས་ཕྱིས་རྙེད་ པ་དེའི་ཞག་བཅུར་བགྲང་བ་ལོགས་ཤིག་ཏུ་ནི་མི་བྱ་སྟེ། ཆོས་གོས་སྔར་རྙེད་པ་དེ་ཉིད་ཀྱི་ཤན་དེས། ཕྱིས་རྙེད་པ་དེ་ཡང་ཤན་འདྲེས་པར་འགྱུར་བར་བྱས་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་གིས་ཚེས་ལ་ཆོས་གོས་ཤིག་རྙེད་ལ་དེས་ཚེས་གཉིས་ལ་ཆོས་གོས་གཞན་ཞིག་ཀྱང་རྙེད་པར་ གྱུར་ན། དགེ་སློང་དེས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་རོལ་དུ་སྔ་མ་ཤོས་བྱིན་གྱིས་བརླབ་པར་བྱ་ཞིང་། ཕྱི་མ་ཤོས་གཞན་ལ་གཏང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཏོང་བར་མི་བྱེད་དམ། རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་སྦྱིན་ པར་མི་བྱེད་ན་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་ན་ཡང་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཞག་བདུན་པའི་བྱེ་བྲག་བསྟན་པའི་ཕྱིར། ཞག་བདུན་པ་ལ་ནི་རིགས་མཐུན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཞག་བདུན་པ་ལ་ནི་ཞེས་བྱ་བ་ནི་མར་དང་འབྲུ་མར་ལ་སོགས་པའི་རྫས་ ཞག་བདུན་པ་ཉིད་དུ་བྱིན་གྱིས་བརླབས་པ་ལའོ། །རིགས་མཐུན་པ་ལའོ་ཞེས་བྱ་བ་ནི། ཕྱིས་རྙེད་པའི་རྫས་ཀྱི་རིགས་མཐུན་པ་རང་བཞིན་འདྲ་བ་ལ། རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་དེ་འབྱུང་བ་ཉིད་དུ་ཤེས་པར་བྱའི། དངོས་པོ་དེ་ལྟ་བུ་ཐམས་ཅད་ལ་འབྱུང་བ་ནི་མ་ཡིན་པ་སྟེ། འདི་ལྟ་ སྟེ་རང་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་མར་དུ་གཏོགས་པ་ནི་མར་ཕྱིས་རྙེད་པ་ལ་འབྱུང་བ་ཉིད་ཡིན་གྱི། འབྲུ་མར་ལ་སོགས་པ་དག་ལ་མི་འབྱུང་བ་དང་། དེ་བཞིན་དུ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་འབྲུ་མར་ཕྱིས་རྙེད་པ་ལ་འབྱུང་བ་ཉིད་ཡིན་གྱི། མར་ལ་སོགས་པ་དག་ལ་མི་འབྱུང་བ་ལྟ་བུའོ། ། འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དགེ་སློང་གིས་ཚེས་ལ་མར་རྙེད་ལ་དེས་ཚེས་གཉིས་ལ་གཞན་ཞིག་ཀྱང་རྙེད་པར་གྱུར་ན། དགེ་སློང་དེས་སྔ་མ་ཤོས་བཟའ་བར་བྱ་ཞིང་། ཕྱི་མ་ཤོས་གཏོང་བར་བྱ་བའམ། རྣམ་པར་བརྟག་པར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །གཏོང་བར་མི་བྱེད་ དམ་རྣམ་པར་རྟོག་པར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ལྟུང་བ་དེ་ཡོད་ན་ཡོ་བྱད་ཙམ་བདག་གིར་བྱས་པ་ལ་སྤང་བ་ཉིད་དོ་ཞེས་བྱ་བ་ནི། འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །ལྟུང་བ་དེ་ཡོད་ན་ཞེས་བྱ་བ་ནི། སྤང་བའི་ལྟུང་བྱེད་དེ་ཡོད་ནའོ། །ཡོ་བྱད་ཙམ་བདག་གིར་བྱས་པ་ལ་ཞེས་བྱ་བ་ནི། ཕྱིས་རིགས་མཐུན་པའམ། རིགས་མི་མཐུན་པའི་ཡོ་བྱད་ཙམ་བདག་གིར་བྱས་པ་ལའོ། །སྤང་བ་ཉིད་དོ་ཞེས་བྱ་བ་ནི། སྤང་བར་བྱ་དགོས་པ་ཉིད་འབྱུང་གི་ལྟུང་བ་ནི་མི་འབྱུང་བའོ། །འདི་སྐད་བསྟན་ ཏེ། དགེ་སློང་གང་ལ་སྤང་བའི་ལྟུང་བྱེད་ཡོད་པའི་དགེ་སློང་དེས། གལ་ཏེ་ཕྱིས་རིགས་མཐུན་པའམ། རིགས་མི་མཐུན་པའི་ཡོ་བྱད་ཙམ་རྙེད་ན། དེའི་ཚེ་བཤགས་པའི་དུས་ན། དགེ་སློང་དེས་དེ་ཡང་སྤང་བར་བྱའོ། །དེའི་ཕྱིར་ལྟུང་བ་ནི་བཤགས་པར་བྱ་མི་དགོས་ཏེ། དེའི་གཞི་ལས་ལྟུང་བ་མ་ བྱུང་བའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་གིས་ཆོས་གོས་སྤང་བ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་དེ་ཡང་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྤང་བ་ཡིན་ཏེ། སྔ་མའི་ཤུགས་ཀྱིས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆུང་བ་ཉིད་ཀྱི་ དུམ་བུ་དེ་ནི་མི་འགྱུར་རོ་ཞེས་བྱ་བ་ནི། ཁྲུ་གང་ཁོར་ཡུག་ལས་ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་སྤང་བ་ཉིད་དུ་མི་འགྱུར་རོ། །འདི་སྐད་བསྟན་ཏེ། སྤང་བར་བྱ་བའི་དངོས་པོ་དམ་དུམ་དུ་གྱུར་ན། བཤགས་པའི་དུས་ན་སྤང་བར་བྱ་མི་དགོས་ཏེ། ཁྲུ་གང་ཁོར་ཡུག་པས་ཆུང་བའི་ཕྱིར་དང་ཆུང་བ་ནི་ སྤང་བར་འོས་པ་མ་ཡིན་པའི་ཕྱིར་རོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་དགེ་སློང་གི་ཆོས་གོས་སྤང་བ་ཚིག་གམ། སྲོག་ཆགས་དག་དང་སྲིལ་དག་གིས་འཚལ་བར་གྱུར་ནས། དེ་ལ་དམ་དུམ་གང་དག་མཆིས་པ་དག་སྤང་བར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། ལྟུང་ བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །དགེ་འདུན་གྱི་ཡང་ངོ་ཞེས་བྱ་བ་ནི། དགེ་འདུན་མངའ་བའི་རྫས་རིས་སུ་མ་བཅད་པ་ཡང་སྤང་བར་མི་བྱ་བ་ཉིད་དོ། །དགེ་འདུན་མངའ་བའི་དངོས་པོ་ནི་རྣམ་པ་གཉིས་ཏེ། དགེ་འདུན་མངའ་བ་གང་ཟག་གི་བདག་ ཉིད་དུ་རིས་སུ་བཅད་པ་དང་། དགེ་འདུན་མངའ་བ་རིས་སུ་མ་བཅད་པའོ། །དེ་ལ་དགེ་འདུན་མངའ་བ་གང་ཟག་གི་བདག་ཉིད་དུ་རིས་སུ་བཅད་པའི་དངོས་པོ་ལ་ནི་འཆང་བ་དང་། འབྲལ་བ་དང་། འཇོག་པའི་རྒྱུས་སྤང་བའི་ལྟུང་བྱེད་དག་འབྱུང་སྟེ། དེ་ལ་ཐམས་ཅད་གང་ཟག་གི་དང་འདྲ་བར་བདག་གིར་བྱ་ བ་འབྱུང་བའི་ཕྱིར་རོ། །དགེ་འདུན་མངའ་བའི་རིས་སུ་མ་བཅད་པ་ལ་ནི། གང་ཟག་གཞན་གྱི་དང་འདྲ་བར་བདག་གིར་བྱ་བ་མི་འབྱུང་བས་དེ་ལ་ནི་སྔར་བསྟན་པ་ཐམས་ཅད་མི་འབྱུང་ངོ་། །གལ་ཏེ་དགེ་འདུན་མངའ་བ་རིས་སུ་མ་བཅད་པའི་ཆོས་གོས་གང་ཟག་འགའ་ཞིག་གིས་བྱིན་གྱིས་རློབ་པར་ བྱེད་ཅིང་། ཆོས་གོས་དེ་དང་འབྲལ་བར་བྱེད་ན་དེའི་ཚེ་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའི། ཆོས་གོས་དེ་སྤང་བར་ནི་མི་བྱའོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་དགེ་སློང་གིས་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས། མཚམས་ཀྱི་སླད་རོལ་དུ་དབྲལ་ བར་བགྱིད་ན། ཆོས་གོས་དང་བྲལ་ཞེས་བགྱིའམ། མ་བྲལ་ཞེས་བགྱི། བཀའ་སྩལ་པ། ཆོས་གོས་དང་བྲལ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་བགྱི་འམ། ཉེ་བ་འཁོར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེའི་མ་ཡིན་པའི་ཕྱིར་ཏེ། དེ་ལ་ དབྲལ་བར་བྱ་བ་མི་དགོས་སོ། །འདི་ལ་མེད་པ་དེ་ཉིད་གཙོ་བོའོ་ཞེས་བྱ་བ་ནི། སྤང་བར་བྱ་བ་འདི་ལ་དངོས་པོ་དེ་གང་ཟག་དེ་ལ་མི་བདོག་པ་ནི་མེད་པ་དེའོ། །དེའི་དངོས་པོ་ནི་མེད་པ་དེ་ཉིད་དོ། །དེ་ཉིད་སྤང་བ་དེ་ཉིད་ལ། གཙོ་བོ་ཡིན་གྱི། སྤང་བར་བྱ་བའི་རྫས་ནི་གཙོ་བོ་མ་ཡིན་ནོ། །དེ་བས་ ན་ཚིག་པ་ལ་སོགས་པས། ཉམས་པའི་ཆོས་གོས་ལ་ནི་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་གིས་ཆོས་གོས་སྤང་བ་ཉམས་པར་གྱུར་ན། ལྟུང་བྱེད་བཤགས་པར་བགྱིའམ། ཉེ་བ་འཁོར་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ ཞེས་གསུངས་པ་ཡིན་ནོ། །འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་ཞེས་བྱ་བ་ནི། འོག་ཁོ་ན་ནས་འབྱུང་བ་འཆང་བ་དང་འབྲལ་བ་དང་། འཇོག་པ་ཞེས་བྱ་བའི་སྤང་བའི་ལྟུང་བྱེད་འདི་གསུམ་ནི། དགེ་སློང་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་། །གང་གིས་སྲ་བརྐྱང་བཏིང་བ་ལ་དེའི་སྲ་ བརྐྱང་བཏིང་བ་སྟེ་དེ་ལའོ། །སྤང་བའི་ལྟུང་བྱེད་རྣམས་ཀྱི་ཐུན་མོང་གི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་སོ་སོའི་སྐབས་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་འཆང་བའི་སྤང་བའི་ལྟུང་བྱེད་ཀྱི་མཚན་ཉིད་བརྗོད་པར་འདོད་ནས་ཡོད་ནའོ་ཞེས་བྱ་བ་སྨྲས་ཏེ། བདོག་ནའོ། །སུའི་ཡོད་ཅེ་ན། དེའི་ ཕྱིར་རང་གི་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བདག་ཉིད་ཀྱི་ཉིད་དོ། །རང་གི་ཉིད་ཐམས་ཅད་ཀྱང་ཡན་ལག་ཉིད་མ་ཡིན་ཏེ། འོ་ན་གང་ཞེ་ན་དེའི་ཕྱིར་ཞག་བཅུར་རྗེས་སུ་ཞུགས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དངོས་པོ་དེ་ཞག་བཅུར་བྱིན་གྱིས་མ་བརླབས་སམ། རྣམ་པར་མ་བརྟགས་པར་རང་གི་ ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་ཡིན་ནོ། །དུས་གང་གི་ཚེ་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱིས། ཉི་མའི་དང་པོ་ལའོ་ཞེས་བྱ་བ་སྨྲས་ཏེ། སྔར་ཞག་བཅུར་རྗེས་སུ་ཞུགས་པ་ཉིད་ཅེས་སྨྲས་མ་ཐག་པ་གང་ཡིན་པ་དེ་ལས་གཞན་པའི་ཉི་མའི་དང་པོ་སྐྱ་རེངས་འཆར་བའི་སྐད་ཅིག་མ་དང་པོ་ལ་ སྤང་བར་འགྱུར་རོ། །འདི་སྐད་བསྟན་ཏེ། ཞག་བཅུར་རྒྱུན་མ་ཆད་པར་རྗེས་སུ་ཞུགས་པ་ཉིད་དུ་བདག་གིར་བྱས་པ་ཡོད་ན་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་འཆར་བའི་ཚེ་ན། འཆང་བའི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཡུལ་གང་ལ་རང་གི་ཉིད་ཡོད་ ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་གོས་ལའོ་ཞེས་བྱ་བ་སྨྲས་ཏེ། གོས་ལ་སྟེ། ལྷུང་བཟེད་དང་སྨན་ལ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གོས་ཐམས་ཅད་ལ་ཡང་མ་ཡིན་ཏེ། འདི་ལྟར་འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ་ཞེས་བྱ་བ་ལ། འཁོར་གསུམ་ཞེས་བྱ་བ་ནི། ལྟེ་ བའི་དཀྱིལ་འཁོར་དང་། པུས་མོའི་ལྷ་ངའི་ཚིགས་གཉིས་སོ། །འཁོར་གསུམ་པོ་དེ་དག་ཆུབ་པར་ཁེབས་པའི་མཐར་གྱུར་པའི་ཁྱོན་གྱི་ཚད་གོས་གང་ལ་ཡོད་པ་གོས་རྣམ་པ་དེ་ལྟ་བུ་རང་གི་ཉིད་དུ་བདོག་པ་དེ་ལ་སྤང་བ་འབྱུང་ངོ་། །གོས་རྣམ་པ་དེ་ལྟ་བུ་ལའང་ཐམས་ཅད་དུ་མ་ཡིན་ཏེ། འདི་ལྟར་ བྱིན་གྱིས་བརླབས་པ་དང་མ་འབྲེལ་བ་ལའོ་ཞེས་བྱ་བ་ནི། རྣམ་པར་བརྟག་པ་ལ་སོགས་པའི་བྱིན་གྱིས་མ་བརླབས་པའི་གོས་ལའོ། །དེ་འབའ་ཞིག་ལ་ཡང་མ་ཡིན་ཏེ། གཞན་ཡང་འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་། བཅས་པ་ལའོ་ཞེས་བྱ་བ་ལ། འབྲེལ་ཀྱང་ཞེས་བྱ་བ་ནི། བྱིན་གྱིས་ བརླབས་པ་དང་འབྲེལ་ཀྱང་ངོ་། །རྗེས་སུ་ཞུགས་པ་དང་བཅས་ཏེ་ཞེས་བྱ་བ་ནི། རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པའོ། །དེ་ལ་ཡང་སྤང་བ་འབྱུང་ངོ་། །འདི་སྐད་བསྟན་ཏེ། གལ་ཏེ་གོས་དེ་བྱིན་གྱིས་བརླབས་པ་དང་། འབྲེལ་པ་ཡིན་དུ་ཟིན་ཀྱང་རང་གི་ཉིད་ཀྱི་རྗེས་སུ་ ཞུགས་པ་དང་བཅས་པ་ཡིན་ན་གོས་དེ་ལ་ཡང་སྤང་བ་འབྱུང་བ་ཁོ་ནར་འགྱུར་རོ། །རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པའི་ཆོས་གོས་ནི་རྣམ་པ་གཉིས་ཏེ། རང་ཉིད་ལས་བྱུང་བ་དང་གཞན་ལས་བྱུང་བའོ། །དེ་ལ་འདིར་ནི་གཞན་ལས་བྱུང་བའི་གོས་རང་གི་ཉིད་ཀྱི་རྗེས་སུ་ཞུགས་ པ་དང་བཅས་པ་གང་ཡིན་པའི་གོས་དེ་ལ་ནི་བྱིན་གྱིས་བརླབས་པ་དང་འབྲེལ་ཀྱང་སྤང་བར་འགྱུར་བར་བསྟན་ཏོ། །ད་ནི་བྱིན་གྱིས་བརླབས་པ་དང་འབྲེལ་བའི་གོས་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པ་དེའི་ཡུལ་བྱེ་བྲག་ཅན་བསྟན་པའི་ཕྱིར། འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་ པ་དེའི་ཤན་ཚུན་ཆད་ནས་སོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་ཞེས་བྱ་བ་ནི། གཞན་གྱི་ཤན་ལས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་པ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པ་འདི་ལའོ། །གཞན་ཡོད་ན་ཞེས་བྱ་བ་ནི། གཞན་ལས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་གྱིས་ བརླབས་པ་དང་འབྲེལ་བ་རང་གི་ཉིད་རྗེས་སུ་ཞུགས་པ་དེ་ལས་གཞན་པའི་གོས་སྔར་རྙེད་པ་བྱིན་གྱིས་མ་བརླབས་པར་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པ་ཡོད་ནའོ། །བྱིན་གྱིས་མ་བརླབས་པ་དེའི་ཞེས་བྱ་བ་ནི། སྔར་རྙེད་པ་བྱིན་གྱིས་མ་བརླབས་པར་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་ བཅས་པ་དེའོ། །ཤན་ཚུན་ཆད་ནས་སོ་ཞེས་བྱ་བ་ནི། སྔར་རྙེད་པ་བྱིན་གྱིས་མ་བརླབས་པ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དེའི་ཤན་ཚུན་ཆད་ནས་ཏེ། དེ་ཚུན་ཆད་ནས་བརྩམས་ཏེ། གཞན་ལས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་པ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ དང་བཅས་པ་དེ་ལ་ཡང་། སྔ་མ་ཤོས་ཀྱི་ཞག་བཅུར་བགྲང་བ་འདས་ན་སྤང་བ་ཉིད་འབྱུང་བར་འགྱུར་བའོ། །འདི་སྐད་བསྟན་ཏེ། གཞན་ལས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་བ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པ་དེ་ལ། དེ་ལས་གཞན་པའི་གོས་སྔར་རྙེད་པ་བྱིན་ གྱིས་མ་བརླབས་པ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པ་ཞིག་ཡོད་ན། དེ་བྱིན་གྱིས་མ་བརླབས་པའི་ཤན་ཞག་ཏུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ་ཞག་བཅུ་འདས་པའི་སྤང་བ་ལ་ཐུག་པ་ན། དེའི་ཤུགས་ཀྱིས་གཞན་ལས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་ བ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དེ་ཡང་འཆང་བའི་སྤང་བ་ཁོ་ནར་འགྱུར་རོ། །འདིར་གཞན་ལས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་པ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་དང་བཅས་པ་དེ་ལ། སྔ་མ་ཤོས་ཀྱི་ཤན་གྱིས་ལྟུང་བ་འདི་རྣམ་པར་གཞག་གི། ཕྱི་མ་ཤོས་དེ་ བདག་ཉིད་ལས་བྱུང་བ་ཡིན་ན་ནི་དེ་ལ་ལྟུང་བ་འདི་མེད་དོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། གལ་ཏེ་དགེ་སློང་གིས་ཉིན་མཚན་དུ་རིམ་གྱིས་ཆོས་གོས་གཉིས་ཤིག་བདག་གིར་བྱེད་ལ། ཆོས་གོས་སྔ་མ་ཤོས་བྱིན་གྱིས་རློབ་པར་བྱེད་ལ་ཕྱི་མ་ཤོས་ནི་བྱིན་གྱིས་རློབ་པར་མི་བྱེད་ ན། དེ་ལ་ནི་ཆོས་གོས་ཕྱི་མ་ཤོས་བདག་གིར་བྱས་པའི་ཉིན་མཚན་ཚུན་ཆད་ནས་ཞག་བཅུ་འདས་ན། འཆང་བའི་སྤང་བར་འགྱུར་གྱི། ཆོས་གོས་སྔ་མ་ཤོས་བྱིན་གྱིས་བརླབས་པའི་ཉིན་མཚན་ཚུན་ཆད་ནས་ནི་མ་ཡིན་ཏེ། བྱིན་གྱིས་བརླབས་པས་ན་ དེའི་རང་གི་ཉིད་དང་བྲལ་བའི་ཕྱིར་དེ་སྤང་བར་མི་འགྱུར་རོ། །གང་ཕྱི་མ་ཤོས་བྱིན་གྱིས་རློབ་པར་བྱེད་ལ། སྔ་མ་ཤོས་མི་བྱེད་ན་ནི་དེ་ལ་ཆོས་གོས་སྔ་མ་ཤོས་བདག་གིར་བྱས་པའི་ཉིན་མཚན་ཚུན་ཆད་ནས་ཞག་བཅུ་འདས་ན། ཆོས་གོས་སྔ་མ་དང་ཕྱི་མ་གཉིས་ཀ་སྤང་བར་འགྱུར་ཏེ། རང་ ཉིད་ཀྱི་རྒྱུད་དུ་གཏོགས་པ་སྔ་མ་ཤོས་ཤན་འདྲེས་པར་གྱུར་པའི་ཕྱིར་དེའི་ཤན་གྱིས་ཕྱི་མ་ཤོས་ཀྱང་ཤན་འདྲེས་པར་འགྱུར་རོ། །གང་གིས་ཉིན་གཅིག་ཁོ་ནར་དུས་གཅིག་ཏུ་ཆོས་གོས་གཉིས་བདག་གིར་བྱེད་ལ། ཆོས་གོས་གཅིག་ནི་བྱིན་གྱིས་རློབ་པར་བྱེད་ལ། ཅིག་ཤོས་ནི་མི་བྱེད་ན། དེ་ལ་ནི་ཆོས་གོས་དེ་གཉི་ག་ཞག་བཅུ་འདས་ན་སྤང་བ་ཁོ་ནར་འགྱུར་ཏེ། གཉི་ག་ཡང་ཉིན་གཅིག་ཁོ་ནར་བདག་གིར་བྱས་པའི་ཕྱིར་རོ། །སྔ་མའི་ཤན་གྱིས་དབང་གིས་ནི་ཕྱི་མ་ཡང་ཤན་འདྲེས་པར་འགྱུར་གྱི། ཕྱི་མའི་ཤན་གྱི་དབང་གིས་ནི་སྔ་མ་ཤན་འདྲེས་པར་མི་འགྱུར་བར་ཤེས་པར་བྱའོ། ། འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་དགེ་སློང་གི་ཆོས་གོས་དེ་ཉིད་ཞག་བཅུ་འདས་པ་ཡང་ལགས་ལ། དེ་ཉིད་ཞག་གཅིག་བྲལ་བ་ཡང་ལགས་པ་མ་མཆིས་སམ། ཉེ་བ་འཁོར་ཡོད་དེ་འདི་ལྟ་སྟེ་དགེ་སློང་གི་ཆོས་གོས་རྒྱུན་མ་ཆད་པར་རྒྱུན་འབྱུང་བཞིན་པ་ལས། ཞག་བཅུ་ པ་ལ་ཆོས་གོས་ཤིག་རྙེད་ལ་དེ་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་དུ་ཆོས་གོས་དེ་མེད་པར་སྐྱ་རེངས་འཆར་བར་བྱེད་ན་དེ་ལྟ་ན་ཆོས་གོས་དེ་ནི་དེ་ཉིད་ཞག་བཅུ་འདས་པ་ཡང་ཡིན་ལ། དེ་ཉིད་ཞག་གཅིག་བྲལ་བ་ཡང་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གཞུང་དེ་ནི་མདོ་གཉིས་པོ་འབྲེལ་ཀྱང་ རྗེས་སུ་ཞུགས་པ་དང་བཅས་པ་ལའོ་ཞེས་བྱ་བ་དང་། འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ་ཞེས་བྱ་བ་དེ་དག་གི་ཁུངས་ཡིན་ཏེ། དེ་ལ་མདོ་སྔ་མ་