Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 161

Văn bản gốc(Tây Tạng)

Trang 16 / 19 (50.000 ký tự/trang)
་ནི་གཞག་པ་ཉིད་མ་ཡིན་ཏེ། དེ་ལྟ་ན་མི་འབྱུང་
བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེས་པས་བུད་མེད་ཀྱི་འཇོག་པ་ནི་འབྱུང་བ་ཁོ་ན་ཡིན་ནོ། །མི་འབྱུང་བས་རྗེས་སུ་འཇུག་པ་མེད་དོ། །དེ་ལྟ་བས་ན་བུད་མེད་ཀྱིས་འཇོག་ཏུ་བཅུག་ན་སྐྱེས་པ་ཉིད་དུ་གྱུར་ཀྱང་གཞན་པ་ཉིད་དགག་དབྱེའི་གཞི་ཞུ་བ་ལས། བཙུན་པ་རེ་
ཞིག་དགེ་སློང་གིས་དགེ་སློང་གི་དགག་དབྱེ་འཇོག་པར་བགྱིད་ཅིང་གང་གིས་བགྱི་བ་དེ་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན་གཞག་པར་བགྱིའམ། ཉེ་བ་འཁོར་གཞག་པར་བརྗོད་པར་བྱའོ། །འཇོག་པར་བགྱི་པ་གང་ལགས་པ་དེ་མཚན་གྱུར་ཏེ། དགེ་སློང་མར་གྱུར་ན་གཞག་
པར་བརྗོད་པར་བགྱིའམ། ཉེ་བ་འཁོར་གཞག་པར་བརྗོད་པར་མི་བྱའོ། །བཙུན་པ་རེ་ཞིག་དགེ་སློང་མས་དགེ་སློང་མའི་དགག་དབྱེ་འཇོག་པར་བགྱིད་ཅིང་གང་གིས་འཇོག་པར་བགྱིད་པ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་གཞག་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་
གཞག་པར་བརྗོད་པར་མི་བྱའོ། །འཇོག་པར་བགྱིད་པ་གང་ལགས་པ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་གཞག་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་གཞག་པར་བརྗོད་པར་བྱའོ། །དེ་བཞིན་དུ་དགེ་སློང་དང་དགེ་སློང་མས་དགག་དབྱེ་བྱེད་པ་ལ་ཡང་བརྗོད་པར་བྱའོ་ཞེས་
གསུངས་པ་ཡིན་ནོ། །རང་བཞིན་དུ་ཉམས་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་སྨྱོན་པ་ལ་སོགས་པས་གཞག་པ་ཉིད་ཀྱང་གཞག་པ་ཉིད་མ་ཡིན་ནོ། །ཚུལ་ཁྲིམས་མེད་པ་དང་གཅིག་པ་ཉིད་མ་ཡིན་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་ཉམས་པའམ་རྣམ་པ་ཐམས་ཅད་དུ་གང་

ལ་ཚུལ་ཁྲིམས་མེད་པ་དེ་ནི་ཚུལ་ཁྲིམས་མེད་པའོ། །ཆོས་དང་ཆོས་མ་ཡིན་པའི་ཕྱོགས་སུ་གྱུར་པ་ཕན་ཚུན་བློ་གཅིག་པ་ཉིད་མ་ཡིན་པ་དེ་གཉིས་ཀྱིས་གཞག་པ་ཉིད་ཀྱང་གཞག་པ་ཉིད་མ་ཡིན་ནོ། །གཅིག་པ་ཉིད་མ་ཡིན་པའི་གཞུང་ནི་དགག་
དབྱེའི་ཞུ་བ་ལས། བཙུན་པ་རེ་ཞིག་ཁས་བླངས་པ་དག་གིས་ཁས་མ་བླངས་པ་དག་གི་དགག་དབྱེ་འཇོག་པར་བགྱིད་ན་གཞག་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་གཞག་པར་བརྗོད་པར་མི་བྱའོ། །བཙུན་པ་རེ་ཞིག་ཁས་མ་བླངས་པ་དག་གིས་ཁས་བླངས་པ་དག་གི་
དགག་དབྱེ་འཇོག་པར་བགྱིད་ན་གཞག་པར་བརྗོད་པར་བགྱི་འམ། ཉེ་བ་འཁོར་གཞག་པར་བརྗོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་གཉིས་ཀྱིས་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་ཉམས་པ་སྨྱོན་པ་ལ་སོགས་པ་ཞེས་བྱ་བ་དེ་དང་ཚུལ་ཁྲིམས་མེད་པ་དང་གཅིག་
པ་ཉིད་མ་ཡིན་པས་གཞག་པ་ཉིད་ཀྱང་གཞག་པ་ཉིད་མ་ཡིན་ནོ། །ཡང་ཅིའི་ཕྱིར་གསོ་སྦྱོང་གཞག་པའི་གཞི་འདིའི་མིང་ཡོངས་སུ་སྦྱང་བའི་གཞི་ཞེས་གཞན་དུ་བྱས་ཤེ་ན། གཞི་འདིས་གདམས་ངག་གཞག་པ་དང་ཕུར་པ་དང་བཅས་པ་ལ་སོགས་པས་ལས་ཀྱིས་སྦྱང་
བར་བྱ་བ་ཐམས་ཅད་བསྡུས་པ་ཡིན་གྱི། གསོ་སྦྱོང་གཞག་པ་འབའ་ཞིག་ཏུ་མ་ཟད་པས་ཞེས་བྱ་བ་འདི་སྒྲུབ་པས་དེ་ཤེས་པར་བྱའོ། །རྣམ་པ་ཐམས་ཅད་དུ་མིང་དུ་གཞན་དུ་བྱས་པ་ནི་བཞི་པོ་ལ་ཡང་ཡོངས་སུ་སྦྱང་བའི་གཞི་ཞེས་པ་བདེ་བར་གཏོགས་པའི་དོན་དུའོ། །
ཡོངས་སུ་སྦྱང་བའི་གཞི་ཞུ་བའི་སྐབས་སོ། །ཡོངས་སུ་སྦྱང་བའི་གཞི་རྫོགས་སོ།། །།དགེ་འདུན་ཐ་དད་པ་ཉིད་དུ་ནུས་པ་ལ་མི་འདོད་པར་གླེང་བ་དང་། གླེང་བར་བྱེད་པ་ན་ལོག་པར་མི་བྱའོ། །འདའ་བར་བྱ་བ་གང་ན་མི་མཐུན་པ་ཡོད་པ་དེ་དང་ལྷན་ཅིག་ཏུ་
འཁོད་པར་མི་བྱའོ་ཞེས་བྱ་བ་ནི་གནས་གང་དུ་འདའ་བར་བྱེད་པ་ནི་འདའ་བར་བྱེད་པའོ། །འཐབ་ཀྲོལ་གྱི་སྐབས་བཅད་པའི་ཕྱིར་འདི་བཅའ་བ་མཛད་དོ། །གཞན་དུ་ན་གོ་གཉིས་སམ་གསུམ་གྱི་བར་དུ་བཅད་དེའོ་ཞེས་བྱ་བ་ཡང་གནས་གང་ན་གང་ཟག་མི་མཐུན་པ་ཡོད་པ་དེ་དང་

ལྷན་ཅིག་ཏུ་འདའ་བར་བྱེད་པ་ལས་གཞན་ལ་གོ་གཉིས་སམ་གསུམ་གྱི་བར་དུ་བཅད་དེ་སྟན་ལ་འཁོད་པར་བྱའོ། །འདི་ནི་ལུས་ཀྱིས་ཕ་རོལ་གནོན་པ་དང་དེ་དང་དེ་རེག་པ་སྤང་བའི་ཕྱིར་རོ། །འདའ་བར་བྱ་བ་ལ་ཡང་ལངས་ནས་དེ་ལ་ཕ་རོལ་གནོན་པའི་ཕྱིར་སྦྱོར་བ་ཞེས་བྱ་བ་
དེར་དེ་མི་གནང་བའོ། །དེས་ཅིག་ཤོས་དང་ཡང་དེ་བཞིན་ནོ་ཞེས་བྱ་བ་ཡང་འདིར་གང་ཞིག་གང་ལ་ཞེས་བྱ་བའི་ཡུལ་ཉིད་ཀྱིས་སྨོས་པ་དེས་ཀྱང་དེ་དང་ལྷན་ཅིག་ཏུ་འཁོད་པར་མི་བྱ་བ་དང་དེ་ནི་དེ་ལྟ་ཉིད་དུ་བསྡུས་པ་སྟེ། གཉིས་སམ་གསུམ་གྱིས་བཅད་དེ་འཁོད་པར་བྱའོ། །
འདི་ནི་ལུས་ཀྱི་ལས་དེ་མི་མཐུན་པ་དེས་ཀྱང་འགྲོགས་བཤེས་ཉིད་མ་ཡིན་པ་དེ་ལྟ་ན་ཡང་ལྟུང་བ་སྤང་བའི་ཕྱིར། དེ་གཉིས་ཀྱི་གཙུག་ལག་ཁང་བར་དུ་ཆོད་པ་སྦྱིན་པར་བྱ་བ་ཉིད་དང་མནོད་པ་བྱ་བ་ཉིད་དོ་ཞེས་བྱ་བ་ནི་མི་མཐུན་པ་དང་། ཅིག་ཤོས་དེ་གཉིས་ཀྱི་གཙུག་ལག་ཁང་
ཞེས་བྱ་བ་གནས་པའི་གཞི་གཡོགས་པ་འམ། མ་གཡོགས་པ་བསྒྲུབ་པར་བྱ་བའི་དོན་དུ་གནས་ཁང་གིས་བར་དུ་ཆོད་པ་གནས་ཁང་བསྐོ་བས་ཀྱང་སྦྱིན་པར་བྱ་བ་ཉིད་ཡིན་ལ་རང་གིས་ཀྱང་མནོད་པར་བྱ་བ་ཉིད་ཡིན་ནོ། །འདིར་སྦྱིན་པ་པོ་དང་མནོད་པ་པོས་ཀྱང་གཞན་དུ་
བྱེད་ན་ཉེས་བྱས་སུ་འགྱུར་ཏེ། དེ་ལྟ་བས་ན་ལྟུང་བ་དང་ལྡན་པར་རིག་པར་བྱའོ། །དགེ་འདུན་ཐམས་ཅད་ཀྱིས་གྲོས་བྱས་སམ་ལས་སུ་སྩལ་ཏེ་དེར་གནས་ཁང་སྦྱིན་པར་བྱེད་ན་ཡང་ཐམས་ཅད་ཉེས་བྱས་སུ་རིག་པར་བྱའོ། །འདིར་གནས་ཀྱི་གཞི་གཡོགས་པ་ནི་གཙུག་
ལག་ཁང་ངོ་། །ཆོས་དང་འདུལ་བ་ལ་གལ་ཏེ་དེ་དང་ལྡན་པར་ཤེས་ནས་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་ལ་དགེ་འདུན་མཐུན་པ་མེད་དོ་ཞེས་བྱ་བ་ལ་ཆོས་དང་ཞེས་བྱ་བ་ནི་དངོས་པོར་གཏོགས་པ་དང་སྤྱོད་པར་གཏོགས་པའི་ཆོ་གའོ། །འདུལ་བ་ཞེས་བྱ་བ་ནི་བྱ་བ་དང་བྱ་
བ་མ་ཡིན་པ་དག་ལ་བྱས་པ་དང་མ་བྱས་པ་ཉིད་དོ། །དེ་དང་ལྡན་པར་ཞེས་བྱ་བ་ནི་དེ་ལྟར་ཆོས་དང་འདུལ་བའི་རྣམ་པ་ལ་མི་མཐུན་པ་ཉིད་དང་ལྡན་པའོ། །གལ་ཏེ་ཤེས་ནས་ཆོས་མ་ཡིན་པ་ལ་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པར་བྱེད་པ་དེ་ལ་དགེ་འདུན་

མཐུན་པ་མེད་དོ། །གང་གི་ཕྱིར་ཆོས་དང་འདུལ་བའི་ཕྱིར་དགེ་འདུན་མི་མཐུན་པ་ཡིན་གྱི། དོན་གཞན་གྱི་ཕྱིར་ནི་མ་ཡིན་པས་དེའི་ཕྱིར་མི་མཐུན་པ་ལ་ནི་དགེ་འདུན་མི་མཐུན་པ་བྱེད་པར་མི་རིགས་སོ། །དེའི་ཕྱིར་དེ་ལས་གཞན་པ་དག་དང་ཚོགས་ཏེ་ལས་
བྱས་ན་ཡང་མི་འཆགས་ལ་ཕན་ཚུན་མི་མཐུན་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་དགེ་འདུན་མཐུན་པ་མེད་པ་དེའི་ཕྱིར་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་དང་དེ་ལས་གཞན་པ་ཆོས་ཀྱི་ཕྱོགས་དང་མཐུན་པ་གཞན་དག་ལ་ཡང་བསྡུས་ཏེ་བྱས་པ་ལ་ལས་
བྱས་ན་ཡང་མི་འཆགས་པ་དང་ཕན་ཚུན་མི་མཐུན་པའི་དངོས་པོར་མི་འགྱུར་རོ། །དེ་དག་དེའི་མི་མཐུན་པའི་ཕྱོགས་དང་འཐབ་པར་གྱུར་པ་ཉིད་ན་ཆོས་འདི་པ་དག་གིས་ཕྱག་མི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་དེ་དག་ཅེས་བྱ་བ་ནི་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་
དེ་རྣམས་ལ་དེའི་མི་མཐུན་པའི་ཕྱོགས་ཆོས་དང་མཐུན་པའི་ཕྱོགས་སུ་གཏོགས་པ་དང་ལྷན་ཅིག་འཐབ་པར་འགྱུར་བ་ཉིད་ན་དེ་དག་ལ་ཆོས་འདི་པ་དགེ་སློང་དང་དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མ་དང་དགེ་བསྙེན་དང་དགེ་བསྙེན་མ་རྣམས་ཀྱིས་ཕྱག་མི་བྱ་བ་ཉིད་
ཡིན་ནོ། །མངོན་དུ་ལྡང་བ་དང་སྟན་ལ་བོད་པ་དང་། གཏམ་འདྲེ་བ་དང་། ཕེབས་པར་སྨྲ་བ་དང་། ཀུན་དགའ་བར་འགྱུར་བ་དང་རྣམ་པར་ལྟ་བ་དང་ཅུང་ཟད་ལྟ་བ་དག་ཀྱང་མི་བྱའོ། །ལག་པའི་ཐ་སྙད་ཀྱིས་གནས་མལ་ངན་པ་རྗེས་སུ་སྦྱིན་ནོ། །ཁ་ཅིག་ལས་ནི་
ཚིག་གིས་ཐོས་པ་དང་བཅས་པར་གཞན་ལའོ་ཞེས་བྱ་བ་ནི་གཞུང་ཁ་ཅིག་ལས་ནི་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་འོངས་ན་ཚིག་གིས་ཅི་ནས་ཀྱང་དེ་དག་གིས་ཐོས་པ་དང་བཅས་པར་གང་ཟག་གཞན་ལ་བརྟེན་ཏེ་དེ་དག་འདི་ཙམ་ཐོབ་པོ་ཞེས་བྱ་བའི་ཚིག་གིས་གནས་
མལ་ངན་པ་རྗེས་སུ་སྦྱིན་པར་བྱའོ་ཞེས་འབྱུང་ངོ་། །གཙུག་ལག་ཁང་མཇུག་ཏུའོ་ཞེས་བྱ་བ་ནི་སྦྱིན་ནོ་ཞེས་བྱ་བར་སྦྱར་རོ། །ཁོ་བོ་ཅག་རྒན་ནོ་ཞེས་ཟེར་ན་ཁྱེད་ཅག་ཀྱང་བདག་ཅག་ཤཱཀྱའི་སྲས་ཀྱི་དགེ་སློང་དག་ཡིན་ནོ་སྙམ་དུ་བདག་ཉིད་ཁས་འཆེའམ། ཁྱེད་ཅག་གང་

དག་གི་སྤྱོད་ཚུལ་འདི་ལྟ་བུ་དང་གཏམ་འདི་ལྟ་བུ་འདི་ཡང་མི་ཐོབ་པ་ཡིན་ན། ཁྱེད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པ་དེས་ན་འདི་རྗེས་སུ་གནང་ངོ་ཞེས་གཞན་ལ་ལན་གདབ་པར་བྱའོ་ཞེས་བྱ་བ་ནི། དེ་དག་ལ་དངོས་སུ་ལན་མི་གདབ་པར་གང་ཟག་གཞན་ལ་བརྟེན་ཏེ་ལན་འདི་སྐད་གདབ་
པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྤྱོད་ཚུལ་འདི་ལྟ་བུ་ཞེས་བྱ་བ་ནི་གང་ཞིག་དེ་རྣམས་ཀྱིས་སྤྱད་པའི་སྤྱོད་པ་ལ་སོགས་པ་དེ་དག་བརྗོད་པར་བྱའོ། །གཏམ་འདི་ལྟ་བུ་ལ་ཞེས་བྱ་བ་ནི་གང་ཞིག་སྤྱོད་ཚུལ་དེ་ལ་ཉེས་དམིགས་གང་བྱུང་བ་སྟེ། སྟོན་པ་གུང་དུ་གཤེགས་པ་ལ་
སོགས་པ་གང་ཡིན་པ་དེ་དག་བརྗོད་པར་བྱའོ། །དགེ་སློང་མ་ལ་སྟན་ལས་ལྡང་བ་དབྲི་བར་མི་བྱའོ་ཞེས་བྱ་བ་ནི་འཐབ་ཀྲོལ་བྱེད་པ་རྣམས་ལའོ། །དགེ་བསྙེན་གྱིས་བསོད་སྙོམས་དབུལ་བར་བྱའོ། །བཟོད་པར་བྱས་པ་དེ་དག་ལ་མཐུན་པ་ཐོབ་པ་མེད་པར་མཐུན་པ་
མི་འབྱུང་ངོ་ཞེས་བྱ་བ་ལ་དེ་དག་ལ་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་དེ་དག་ལའོ། །བཟོད་པར་བྱས་པ་རྣམས་ལ་ཡང་བཟོད་པ་བྱས་སུ་ཟིན་ཀྱང་མཐུན་པ་སྦྱིན་པ་ཐོབ་པ་མེད་པར་མཐུན་པ་འབྱུང་བར་མི་འགྱུར་རོ། །གསོ་སྦྱོང་མེད་པར་རང་བཞིན་དུ་གནས་
པ་ཉིད་མི་ཐོབ་བོ་ཞེས་བྱ་བ་ནི་མཐུན་པ་ཐོབ་ཏུ་ཟིན་ཀྱང་ཇི་སྲིད་དུ་དགེ་འདུན་ལས་མཐུན་པའི་གསོ་སྦྱོང་མ་གསོལ་ཞིང་མཐུན་པའི་གསོ་སྦྱོང་མ་ཐོབ་ཀྱི་བར་དུ་རང་བཞིན་དུ་གནས་པ་ཉིད་མི་འཐོབ་སྟེ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་གཉིས་ཀྱི་འོས་ཉིད་མ་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །མཐུན་པའི་གསོ་སྦྱོང་ཞེས་བྱ་བའི་དོན་དང་མཐུན་པ་ཡིན་ཏེ། གསོ་སྦྱོང་ཞེས་བྱ་བའི་དོན་ནི་གང་ཞིག་འདི་ལ་འཐབ་ཀྲོལ་ལ་མངོན་པར་སྤྱོད་པ་ཉིད་ཀྱི་ཕྱིར་ངེས་པར་སྤྱོད་པ་ལ་མངོན་པར་གནས་པ་སྤང་བར་བྱ་བ་ཉིད་དོ། །ཐ་དད་པའི་དངོས་པོ་ལ་ཡང་ཐ་དད་པའི་བློ་ལ་
མངོན་པར་ཞེན་པར་གནས་པས་རང་བཞིན་དུ་མི་གནས་པ་ཉིད་དོ། །དེ་ལྟ་བས་ན་མཐུན་པ་རྙེད་པ་དང་མཐུན་པའི་གསོ་སྦྱོང་དག་མེད་པར་ཡང་མི་བྱ་བ་ཉིད་ལ། རང་བཞིན་དུ་གནས་པ་དག་དང་དེ་མི་འགྲུབ་པས་དེའི་ཕྱིར་དེ་བརྟེན་པའོ། །དེ་བྱིན་ནས་བྱའོ་ཞེས་བྱ་བ་ལ་དེ་ཞེས་བྱ་

བྱ་ནི་གསོ་སྦྱོང་སྟེ། དེ་བཞིན་མི་བྱ་བར་འོན་ཀྱང་བྱིན་ནས་བཟོད་པར་བྱའོ། །དེ་ནི་ལས་ཀྱིས་སོ་ཞེས་བྱ་བ་ནི་གང་ཞིག་གསོ་སྦྱོང་བྱིན་པ་དེ་ནི་ལས་ཀྱིས་ཏེ། དེ་ཐམས་ཅད་ཉིད་ཀྱིས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྔ་མ་ཡང་ངོ་ཞེས་བྱ་བ་ནི་མཐུན་
པ་སྦྱིན་པ་ཞེས་བྱ་བ་བསྟན་པ་དེ་ཡང་ལས་ཀྱིས་ཏེ་དེ་བཞིན་དུ་མཐུན་པ་སྦྱིན་པ་དང་མཐུན་པའི་གསོ་སྦྱོང་སྦྱིན་པ་དེ་དག་ལ་ལས་ཀྱིས་སྦྱིན་པ་དང་། གསོལ་བའི་ལས་ཀྱིས་སྦྱིན་པ་དང་རྣམ་པར་གཞག་པ་ལས་གསོལ་བའི་ལས་སྔོན་དུ་འགྲོ་བ་ཉིད་དུ་ཤེས་པར་བྱའོ། །མཐུན་པ་
དང་བཀྲ་ཤིས་དང་གནོད་པ་བྱུང་བའི་དོན་དུ་གསོ་སྦྱོང་བྱར་རུང་ངོ་ཞེས་བྱ་བ་ནི་གཞན་འདི་རྣམས་ཚུལ་ཁྲིམས་རྣམ་པར་དག་པ་སྦྱིན་པའི་རྒྱུད་ཀྱིས་གསོ་སྦྱོང་ཞེས་བྱ་བ་འདི་ལས་སུ་རུང་ངོ་ཞེས་བྱ་བ་སྨོས་པས་སོ། །བྱ་བ་རྣམས་ཀྱི་མཐུན་པ་སྒྲུབ་པའི་ཕྱིར་མཐུན་པའི་གསོ་སྦྱོང་
བྱར་རུང་བ་ཡིན་ཏེ། བཀྲ་ཤིས་ཀྱི་དོན་དང་ཆོས་དང་འདུལ་བའི་སྐབས་སམ་དགེ་འདུན་བདེ་བའི་སྐབས་སུ་ཅུང་ཟད་བཀྲ་མི་ཤིས་པ་ཉེ་བར་ཞི་བ་མཐོང་ནས་གསོལ་བ་བསྒྲུབ་པའི་དོན་དུ་འདི་བྱེད་པའོ། །གནོད་པ་ཡང་དག་པར་བསྡུམ་པར་བྱ་བའམ་དོགས་པར་གྱུར་པ་ལ་དེ་དག་
ཉེ་བར་ཞི་བར་བྱ་བའི་དོན་དུ་གྲོང་ཁྱེར་ཡངས་པ་ཅན་དུ་གང་དག་སྡུད་པར་བྱེད་པ་ན། གསོ་སྦྱོང་བྱས་པ་གང་ཡིན་པ་དེ་ནི་མི་རུང་བའི་གཞི་བཅུ་བྱུང་བ་དེ་དག་ཉེ་བར་ཞི་བར་བྱ་བའི་ཕྱིར་ཏེ། ཆོས་དང་འདུལ་བ་ཀུན་ནས་འཁྲུག་པ་མཐོང་བས་ཞེས་བྱ་བར་རིག་པར་བྱའོ། །བཀྲ་མི་ཤིས་
པ་ཉེ་བར་ཞི་བར་བྱ་བའི་དོན་དུ་འདི་བྱེད་པ་རིགས་པ་ཡིན་ཏེ། ཉེ་བར་འཚེ་བ་མ་ཞི་བ་ལ་ནི་མ་ཡིན་ནོ། །དེ་ལྟར་ཡང་གྲོང་ཁྱེར་ཡངས་པ་ཅན་དུ་བྱས་པའོ། །འདི་ལ་དུས་ནི་དེ་ཁོ་ནའི་རྒྱུ་ཉིད་དུའོ་ཞེས་བྱ་བ་ནི་གསོ་སྦྱོང་བྱེད་པ་འདི་ལ་དེ་དག་ཚེས་བཅུ་བཞི་པའམ་བཅོ་ལྔའི་དུས་
མ་ཡིན་མོད་ཀྱི། འོན་ཀྱང་མཐུན་པ་ལ་སོགས་པ་དེ་དག་གི་དུས་ཡིན་པའི་དུས་དེ་ཁོ་ནའི་རྒྱུ་ཉིད་དུ་བྱ་བ་ཡིན་ནོ། །འདིར་གཞུང་ནི་ཉེ་བ་འཁོར་གསོ་སྦྱོང་ལྔ་པོ་འདི་དག་ཡིན་ཏེ་བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་བྱུང་བའི་གསོ་

སྦྱོང་དང་། མཐུན་པའི་གསོ་སྦྱོང་ངོ་། །དགེ་སློང་གིས་གསོ་སྦྱོང་མ་ཡིན་པར་གསོ་སྦྱོང་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཀྲ་ཤིས་ཀྱི་གསོ་སྦྱོང་བྱ་བ་དང་གནོད་པ་བྱུང་བའི་གསོ་སྦྱོང་དང་མཐུན་པའི་གསོ་སྦྱོང་ནི་མ་གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །
ལས་བྱེད་པའི་གཞིའོ།། །།ཆོས་མ་ཡིན་པ་སྨྲ་བ་དག་གིས་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ལས་ཐ་དད་པ་བྱས་ན་བྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ནང་དུ་བཅས་པ་འདི་རྣམས་བདག་ཅག་ལ་ནི་ཅི་དགོས། འདི་རྣམས་ཁོ་བོ་ཅག་ལས་ཐ་དད་པར་གྱུར་ཅིག་སྙམ་དུ་དབྱེ་བའི་
སེམས་ཀྱིས་ཆོས་སྨྲ་བ་རྣམས་ཀྱི་མཚམས་ཀྱི་ནང་དུ་ཆོས་མ་ཡིན་པ་སྨྲ་བ་དག་ལས་ཐ་དད་པའི་ལས་བྱས་པ་ལས་དེ་བྱེ་བ་ནི་ལས་བྱེ་བ་ཞེས་བྱ་བའི་དོན་ནོ། །འདིར་གཞུང་ནི་སིལ་བུ་དག་གིས་ཀཽ་ཤཱམྦཱི་པའི་དགེ་འདུན་ཕྱེ་བར་འགྱུར། ཆོས་མ་ཡིན་པ་དག་གིས་མཚམས་
ཀྱི་ནང་དུ་གསོ་སྦྱོང་མ་འདྲེས་པར་བྱས་པས་སོ་ཞེས་གསུངས་པ་ཡིན་ནོ། །ཡང་ན་ཆོས་སྨྲ་བ་རྣམས་ཀྱིས་ཆོས་མ་ཡིན་པ་སྨྲ་བའི་ཕྱོགས་དག་ལ་ཐ་དད་པར་བྱས་པ་ནི་མཚམས་ཀྱི་ནང་དུ་ལས་བྱེད་པ་མ་ཡིན་ནོ། །ཆོས་ལས་མི་གཡོ་བ་དེ་རྣམས་ཀྱིས་དེ་བྱས་པས་གནས་
ནས་དབྱུང་བ་རྣམ་པ་དེས་ཆོས་མ་ཡིན་པ་སྨྲ་བ་རྣམས་ལ་ཞེས་བྱ་བའོ། །འདི་ལ་སོ་སོ་རང་གི་ལས་ནི་འཆགས་སོ་ཞེས་བྱ་བ་ནི་ལས་བྱེད་པའི་བདག་ཉིད་ཀྱི་དགེ་འདུན་བྱེ་བ་འདི་ལ་ཕྱོགས་སོ་སོའི་ལས་ཐ་དད་པར་བྱས་པ་ནི་ཐ་དད་པར་འཆགས་པའོ། །རང་གི་ཕྱོགས་དང་
མཐུན་པ་མ་ཡིན་པ་ལ་ནི་མི་འཆགས་སོ་ཞེས་བྱ་བ་ནི་རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་གང་ཟག་ལ་ནི་ལས་མི་འཆགས་སོ། །འདིར་གཞུང་ནི་དགེ་སློང་བྱེ་བར་རྣམ་པར་གནས་ནས་ཕན་ཚུན་གྱི་ཕྱོགས་ནས་འབྱིན་པར་བགྱིད་ན། གནས་ནས་ཕྱུང་བར་བརྗོད་པར་
བགྱིའམ། བཀའ་སྩལ་པ། གནས་ནས་མ་ཕྱུང་བ་བརྗོད་པར་བགྱིའོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱི་ནི་ཆོས་སྨྲ་བར་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་གྱི་མཚམས་བཅད་པ་ལ་སོགས་པའི་ལས་གང་ཡིན་པ་དེ་ནི་ཆོས་སྨྲ་བ་དག་

གིས་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་གྱི་ཆོས་མ་ཡིན་པ་སྨྲ་བ་དག་གིས་བྱས་པ་ཉིད་ན་ནི་བྱས་པ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་དགེ་འདུན་བྱེ་ན་གཅིག་གམ་ཅིག་ཤོས་ཀྱིས་མཚམས་དགྲོལ་བར་བགྱིད་ན་མཚམས་དགྲོལ་བར་བྱེད་པར་བརྗོད་པར་
བགྱི་འམ། གལ་ཏེ་ཆོས་སྨྲ་བས་དགྲོལ་བར་བྱེད་ན་དགྲོལ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་གལ་ཏེ་གཟུ་བོ་དག་ཡོད་ན་དགེ་སློང་མ་རྣམས་ལ་བསྟན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་དབྱེ་བ་འདི་ལ་གལ་ཏེ་གཟུ་བོ་དག་ཡོད་ན་དེ་དག་གིས་
དགེ་སློང་མ་རྣམས་ལ་བསྟན་པར་བྱ་བ་དག་ཡིན་ནོ། །གལ་ཏེ་དེ་དག་མེད་ན་ཆོས་སྨྲ་བ་དག་ཉིད་ཀྱིས་སོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་ཀཽ་ཤཱམྦཱི་བའི་དགེ་སློང་ཕྱོགས་གཉིས་སུ་འདུས་ཤིང་མཆིས་པར་གྱུར་ན། དེ་གཉིས་གང་གིས་དགེ་སློང་མ་
རྣམས་ལ་བསྟན་པར་བགྱི། ཉེ་བ་འཁོར་གཟུ་བོ་དག་གིས་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་བསྟན་པར་བྱའོ་ཞེས་གསུངས་པ་དང་བྲམ་ཟེའི་བུ་མོས་ཞུས་པ་ལས་ཀྱང་གལ་ཏེ་གཟུ་བོ་དག་མེད་ན་ཆོས་སྨྲ་བ་དག་ཁོ་ནས་སོ་ཞེས་གསུངས་པ་ཡིན་ནོ། །དེ་དག་གིས་ནི་ཆོས་ཀྱི་
ཕྱོགས་དང་མཐུན་པ་དག་གིས་མི་མཐུན་པ་ཉིད་དོ་ཞེས་བྱ་བ་ནི་གཟུ་བོ་དེ་དག་གི་ལས་ནི་ཆོས་ཀྱི་ཕྱོགས་དང་མཐུན་པ་དག་གིས་མི་མཐུན་པར་འགྱུར་བ་སྟེ། དེ་དག་ནི་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་ཕྱིར་དང་དགེ་འདུན་ལས་ཐ་མི་དད་པའི་ཕྱིར་རོ། །ཆོས་མ་ཡིན་
པའི་ཕྱོགས་དང་མཐུན་པ་དག་གིས་ནི་མ་ཡིན་ནོ། །གཟུ་བོ་འམ་དགེ་སློང་དག་གིས་ལས་ལ་ཆོས་སྨྲ་བ་དག་དང་མི་མཐུན་པ་སྤང་བར་བྱ་ཞིང་དེ་དག་ལྷན་ཅིག་ཏུ་གནས་ན་ཡང་འཆགས་སོ། །ཆོས་མ་ཡིན་པ་སྨྲ་བ་དག་ཀྱང་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་ལ་འདི་
བསྟན་པའོ། །རྗེས་སུ་ཞུགས་ན་དེ་ཉིད་ཉམས་སོ་ཞེས་བྱ་བ་ནི་གཟུ་བོ་རྣམས་གང་ཡང་རུང་བའི་ཕྱོགས་ཀྱི་རྗེས་སུ་ཞུགས་ན་གཟུ་བོ་ཉིད་ཉམས་སོ། །གང་གི་ཕྱིར་དབུས་ན་གནས་པ་ཉིད་ནི་ཞལ་ཅེ་བ་ཉིད་ཡིན་ནོ། །ཕྱོགས་དེ་གཉིས་ལས་ཕྱོགས་གང་ཡང་རུང་བ་

ཅིག་ཤོས་སུ་ཡང་མ་ལྟུང་ལ་ཅིག་ཤོས་སུ་ཡང་མ་ལྟུང་བ་ཉིད་ཀྱིས་སྐབས་ལ་གནས་པ་ནི་གཟུ་བོ་ཞེས་བྱ་བར་བསྟན་པའོ། །དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ལས། ཡངས་པ་ཅན་གྱི་དགེ་སློང་གི་གཞི་བཅུ་བྱུང་བ་ན། དགེ་སློང་གནས་བརྟན་གང་དག་ཕྱོགས་
ཅིག་ཤོས་སུ་ཡང་མ་གཏོགས་ལ་ཕྱོགས་གཉིས་པར་ཡང་མ་གཏོགས་པ་དེ་དག་ཅི་ལགས་པར་བརྗོད་པར་བགྱི། སྐམ་ལ་གནས་པ་གཟུ་བོ་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཕྱོགས་འགའ་ཞིག་སྒྲུབ་པ་ལ་གཟུ་བོ་དང་། དབུས་ན་
གནས་པ་དང་ཞལ་ཅེ་བ་མིན་པར་རིག་པར་བྱའོ། །དེ་ནི་མི་བྱའོ་ཞེས་བྱ་བ་ནི་གཟུ་བོ་ཉིད་ཉམས་པ་ཉིད་མི་བྱའོ། །འདིར་གཞུང་ནི་དགེ་འདུན་བྱེ་བར་རྣམ་པར་གནས་པ་ན་གཟུ་བོ་རྣམས་ཀྱིས་ཇི་ལྟར་བསྒྲུབ་པར་བགྱི། ཕྱོགས་ཅིག་ཤོས་སུ་ཡང་རང་འགྲོ་བར་མི་བྱའོ། །
མངག་པ་གཏང་བར་མི་བྱ་ཞིང་། ཕྱོགས་གཉིས་པར་ཡང་རང་འགྲོ་བར་མི་བྱ་ལ་མངག་པ་གཏང་བར་མི་བྱ་བར་ལུས་ཀྱིས་ཀྱང་བསྡམ་པར་བྱ། ངག་གིས་ཀྱང་བསྡམ་པར་བྱ་ཞིང་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་གསོ་སྦྱོང་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་
མའི་དགེ་འདུན་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ལ་གདམས་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། འདིར་གཞུང་ནི་དགེ་སློང་མའི་དགེ་འདུན་ཕྱོགས་དང་ཕྱོགས་ལ་རྣམ་པར་གནས་པ་ལ་དགུང་ཟླ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་
སྩལ་བར་བགྱི་འམ་བཀའ་སྩལ་པ། དགེ་སློང་མའི་དགེ་འདུན་བྱེ་བར་མི་འགྱུར་བའི་ཕྱིར་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱེ་བ་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་ལས་དང་འཁོར་ལོ་བྱེ་བས་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་
གནས་པ་ལ་ནི་སྔ་མ་ལྟར་གདམས་པར་མི་བྱ་བ་ཉིད་ཡིན་ནོ། །འཁོར་གྱི་བྱེ་བས་གནས་ཐ་དད་པ་རྣམས་ཡང་ངོ་། །མཚམས་གཞན་དུ་གཏོགས་པ་ཉིད་ཀྱིས་ཐ་དད་པ་ཉིད་རྙེད་པ་ཉིད་ཀྱིས་བྱེ་བྲག་ཏུ་བསྐུལ་བར་བྱ་བ་མ་ཡིན་པ་ཉིད་དོ། །གསོལ་བ་ན་མཐུན་པར་

བྱེ་བ་ཉིད་ལ་ངེས་པར་སྦྱར་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་དགེ་སློང་མ་བྱེ་བ་ཕྱོགས་གཞན་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་དག་གདམས་ངག་གསོལ་བ་ནི་སྲིང་མོ་དག་རྗེས་སུ་མཐུན་པར་གྱིས་ཤིག་ཅེས་མཐུན་པ་ཉིད་ལ་ངེས་པར་སྦྱར་
བར་བྱའོ། །དབྱར་གྱི་རྙེད་པ་ནི་ཆོས་སྨྲ་བ་དབང་བ་ཉིད་དོ་ཞེས་བྱ་བ་ནི་དགེ་འདུན་བྱེ་བ་ན་དབྱར་གནས་པའི་རྒྱུ་ལས་བྱུང་བའི་རྙེད་པ་ནི་ཆོས་སྨྲ་བ་དག་དབང་བ་ཡིན་གྱི་ཆོས་མ་ཡིན་པ་སྨྲ་བ་དག་མི་དབང་ངོ་། །གཉིས་ཀ་འདུས་པ་ལ་བྱེ་བྲག་ཏུ་མ་བྱས་པར་བགོ་བཤའ་བྱ་བ་དགེ་
འདུན་ལ་ཕུལ་བ་ཡང་ངོ་ཞེས་བྱ་བ་ནི་ཆོས་དང་ཆོས་མ་ཡིན་པ་སྨྲ་བའི་ཕྱོགས་གཉིས་ཀ་འདུས་པ་ལ་བྱེ་བྲག་ཏུ་མ་བྱས་པར་དགེ་འདུན་ཙམ་ལ་ཕུལ་བའི་བགོ་བཤའ་བྱ་བར་འོས་པ་གང་ཞིག་བདག་གིས་མ་ཡིན་ཞིང་། ཆོས་གོས་ལ་སོགས་པའི་དངོས་པོ་ཕུལ་བ་དེ་
གཉིས་ཀ་མ་ཡིན་པ་དང་། ཆོས་མ་ཡིན་པར་སྨྲ་བ་དག་ཀྱང་མི་དབང་ངོ་ཞེས་བགོ་བཤའ་བྱས་ནས་དེ་ལ་ཆོས་སྨྲ་བ་རྣམས་དབང་བ་ཉིད་དོ། །ཆོས་མ་ཡིན་པ་སྨྲ་བ་དག་ནི་མི་དབང་ངོ་། །ཅི་ཐམས་ཅད་ལ་དེ་ལྟར་རྣམ་པར་གཞག་ཅེ་ན། དེའི་ཕྱིར་དེ་ལ་གལ་ཏེ་དགེ་འདུན་
གྱི་ཚད་ཉིད་ཡིན་ན་དེ་དག་གོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཆོས་སྨྲ་བ་དག་བཞི་ཡན་ཆད་ཡིན་ན་དེའི་ཚེ་རྙེད་པ་དེ་དག་དབང་བ་རྣམ་པར་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཉུང་བ་ཉིད་ཡིན་ན་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར་གལ་ཏེ་ཉུང་བ་ཉིད་ཡིན་ལ་ཅིག་ཤོས་
ཀྱིས་ནི་དེ་ཉིད་ཡིན་ན་གང་གིས་ཕང་བར་ཕུལ་བའི་འོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དེ་ན་ཆོས་སྨྲ་བ་དག་ནི་དགེ་འདུན་གྱི་ཚད་ལ་ཉུང་བ་ཉིད་ཡིན་ལ་ཆོས་མ་ཡིན་པ་སྨྲ་བ་ཅིག་ཤོས་ན་དགེ་འདུན་གྱི་ཚད་དེ་ཡིན་ན་ནི་ཕྱོགས་དེ་གཉིས་ཀྱི་གང་ཟག་གི་ཕང་བར་རྙེད་པ་དེ་ཕུལ་
བའི་ཕྱོགས་དེ་རྙེད་པ་དེ་དབང་ངོ་། །ཕང་པ་ཞེས་སྨོས་པ་ནི་ལག་པ་དང་རྐང་པའི་དྲུང་དག་ཀྱང་དཔེ་ཡིན་ནོ། །གང་དུ་བཞག་པའི་གང་ཟག་དེ་ལ་གཞག་པ་ཉིད་ཅེས་བྱ་བ་ཡིན་ཏེ། དེ་ལ་རྣམ་པར་གཞག་པ་ཉིད་དོ། །གང་ཞིག་འདིར་ཆོས་སྨྲ་བ་རྣམས་ཉུང་ལ་ཅིག་

ཤོས་ཚད་པ་ཉིད་ལ་དགེ་སློང་གཉིས་ཀ་ལ་གཅིག་ལ་གཅིག་གི་ཕྱོགས་དང་གཞན་ལ་གཞན་གྱི་ཕྱོགས་པའི་ཕང་ལ་སོགས་པའི་ཕུལ་བ་དེ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་གལ་ཏེ་གཉིས་ཀའི་ན་གཉིས་ཀའི་འོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཕྱོགས་གཉིས་
ཀའི་དགེ་སློང་དག་གི་ཕྱོགས་གཅིག་དང་འབྲེལ་པ་ཅན་གཅིག་དང་། ཕྱོགས་གཞན་དང་འབྲེལ་པ་ཅན་གཞན་གྱི་ཕང་བ་ལ་སོགས་པར་ཕུལ་ན་ཕྱོགས་གཉིས་ཀ་དབང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕྱོགས་གཉིས་ཀས་དབང་བ་ཉིད་ལ་ནི་ཅི་ཕྱོགས་བརྒྱ་ལ་གང་
ཟག་གི་ལ་བགོ་བར་བྱ་བ་འམ་ཞེ་ན་དེའི་ཕྱིར། དེ་ལ་གང་ཟག་ལས་ཆ་ཉིད་ཡིན་གྱི་དགེ་འདུན་ལས་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་ཟག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཆ་ཉིད་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་བྱེ་བའི་གཞི་ཞུ་བ་དང་བྲམ་ཟེའི་བུ་མོའི་སྐབས་སོ། །ལས་བྱེ་
བའི་གཞི་རྫོགས་སོ།། །།འཁོར་ལོ་བྱེ་བའི་བདག་ཉིད་དགེ་འདུན་གྱི་དབྱེན་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར། དགེ་འདུན་གྱི་དབྱེན་ནི་ཆོས་ལས་ཐ་དད་པར་དངོས་པོར་གསོལ་བས་སམ། དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་སོ་ཞེས་བྱ་བ་སྨོས་ཏེ། འདིར་ཆོས་
ཞེས་བྱ་བ་ནི་ཐར་པའི་ལམ་ཡང་དག་པར་གྱུར་པ་སྟེ། དགེ་འདུན་གྱི་དབྱེན་ནི་ཆོས་ལས་ཐ་དད་པའི་དངོས་པོར་ཞེས་པའམ་གསོལ་བའི་བདག་ཉིད་ཀྱི་ལས་ཀྱིས་སོ། །དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་དབྱེན་བྱེད་པའོ། །དེ་ལས་ཐ་དད་པའི་དངོས་པོས་གང་དག་ལ་
དེ་འདོད་པའི་ཚུལ་ཤིང་ལོང་ཤིག་ཅེས་བྱ་བའི་དོན་འདིས་ལེན་དུ་འཇུག་པའོ། །དབྱེ་བར་བྱ་བ་དག་དགེ་འདུན་གྱི་ཚད་ཉིད་མ་ཡིན་པ་དང་མཚམས་ཀྱི་ནང་ན་གཞན་དགེ་འདུན་ཚད་དག་ཀྱང་མེད་པ་ཉིད་ཡིན་ནོ། །དེ་མི་འཆགས་སོ་ཞེས་བྱ་བ་ནི་འདིར་དགེ་འདུན་གྱི་ཚད་ནི་
བཞི་ལ་སོགས་པ་ཡན་ཆད་དོ། །དབྱེ་བར་བྱ་བའི་དགེ་འདུན་གྱི་ཚད་དག་ཀྱང་མེད་པ་ཉིད་ཡིན་ན་དགེ་འདུན་གྱི་དབྱེན་དེ་མི་འཆགས་སོ། །དབྱེ་བར་བྱེད་པ་པོ་ལས་དབྱེ་བར་བྱ་བ་ཉིད་ནི་མ་ཡིན་ནོ། །དེ་ལྟ་བས་ན་ལྷན་ཅིག་ཏུ་འདི་རྣམས་ལ་དགེ་འདུན་གྱི་ཚད་ཉིད་རྟེན་པར་

ཤེས་པར་བྱའོ། །ཕྱོགས་གཞན་དུ་གྱུར་པའི་དགེ་འདུན་གྱི་ཚད་གཞན་རྣམས་ལ་མཚམས་ཀྱི་ནང་དུ་དགེ་འདུན་རྣམས་མེད་པ་ཉིད་ལ་དགེ་འདུན་གྱི་དབྱེན་མི་འཆགས་པའོ། །ཅི་འབྱེད་པ་ཐམས་ཅད་ལ་མཚམས་མེད་པར་འགྱུར་རམ་ཞེ་ན།
དེའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་གཉིས་ཀ་དེ་བཞིན་ཉིད་དུ་ཤེས་ན་མཚམས་མེད་པའོ་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱང་ཆོས་ཉིད་དུ་ཤེས་ལ་ཆོས་མ་ཡིན་པ་ཡང་ཆོས་མ་ཡིན་པ་ཉིད་དུ་འདུ་ཤེས་བཞིན་དུ་དགེ་འདུན་འབྱེད་པར་བྱེད་ན་དེ་ལ་མཚམས་མེད་པའི་ཁ་ན་མ་ཐོ་བར་
འགྱུར་གྱི་ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ལ་ནི་མ་ཡིན་ཏེ། དེ་ལ་བསམ་པས་ལོག་པར་སྒྲུབ་པ་མེད་པའི་ཕྱིར་རོ། །དབྱེ་བ་ལ་ཆོས་སུ་འདུ་ཤེས་པས་ཀྱང་ངོ་ཞེས་བྱ་བ་ཡང་མཚམས་མེད་པ་ཉིད་དུ་འགྱུར་རོ་ཞེས་
བྱ་བར་སྦྱར་ཏེ། ཕུང་པོའི་ལྷག་མ་མེད་པ་ཆུད་ཟ་བ་དེ་ལས་བཟློག་ཅིང་དབྱེན་བྱེད་པས་འགྲོ་བ་རྣམས་ཐར་པ་ལས་བཟློག་པ་གང་ཡིན་པ་དེ་ནི་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་ཕན་པ་ཆེན་པོ་ཡིན་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འབྱེད་པ་ལ་ཆོས་སུ་འདུ་ཤེས་པས།
དགེ་འདུན་གྱི་དབྱེན་བྱེད་ན་དེས་ནི་ཆོས་དང་ཆོས་མ་ཡིན་པ་དག་དེ་བཞིན་དུ་ཤེས་པ་ཡིན་པས་མཚམས་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡིད་གཉིས་ནི་འདུ་ཤེས་པ་དང་འདྲ་བར་དེའི་ཕྱིར་འདི་ལ་ཡིད་གཉིས་ཟ་བ་ན་ཡང་དེ་མཚམས་མེད་པར་འགྱུར་བར་རིག་པར་
བྱའོ། །འཁོར་ལོ་བྱེ་བའི་གཞིའོ།། །།རྩོད་པ་ནི་རྣམ་པ་བཞི་སྟེ། འགྱེད་པའི་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པ་སྟེ། རྩོད་པ་བཞི་པོ་གང་དག་ཡིན་པ་དེ་དག་གི་རང་གི་ངོ་བོ་ངེས་པར་གཟུང་བའི་ཕྱིར་
འཁྲུག་ལོང་གི་རྒྱུ་བཞིའོ་ཞེས་བྱ་བ་སྨོས་ཏེ། ཚིག་གི་ཕྱིར་སེམས་གཞོལ་བ་གང་ཡིན་པ་དེ་ནི་འདིར་འཁྲུག་ལོང་ཞེས་བྱའི་ཁྲོ་བ་ནི་མ་ཡིན་ནོ། །འདིར་ཚིག་ཅེས་བྱ་བ་ནི་དགྲ་བོས་མི་མཐུན་པར་སྨྲ་བ་ཡིན་པར་དགོངས་ཀྱི་ཚིག་ཙམ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ལ་

འཁྲུག་ལོང་ཉིད་དུ་ཉེ་བར་གདགས་སོ། །གཙུག་ལག་ལས་དེ་ལ་བརྟེན་ཏེ་འཐབ་པ་དང་མཚང་འདྲུ་བ་དང་རྩོད་པ་དང་འགྱེད་པ་གང་ཡིན་པ་དེ་འགྱེད་པའི་ཕྱིར་རྩོད་པ་ཞེས་གསུངས་ཏེ། འཁྲུག་ལོང་ནི་འདིའི་འཁོར་དུ་གྱུར་པ་ཡིན་པའི་ཕྱིར་རོ། །ཡང་དག་པར་འཁྲུག་
ལོང་ཉིད་རྩོད་པ་ཡིན་ཏེ། འདི་ལྟར་རྩོད་པའི་གཞི་ཡིན་པས་གཞིར་གྱུར་པའི་དངོས་པོར་ནི་འགྱེད་པའི་ཕྱིར་རྩོད་པ་ཡིན་པར་རིགས་པ་ཡིན་ནོ། །དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། སྤོང་བ་དང་ལྟུང་བ་དང་བཅས་པ་ཉིད་དང་ལས་ལ་མཐུན་པ་མི་སྦྱིན་པའོ་
ཞེས་བྱ་བ་ནི་ཆོས་ཡིན་ནོ་ཞེ་འམ་ཆོས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་དངོས་པོ་རྣམས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་ལས་ལོག་པར་བསྒྲུབ་པ་དེ་ནི་འཁྲུག་ལོང་གི་རྒྱུ་དང་པོ་ཡིན་ནོ། །འདི་ལྟར་དངོས་པོའི་རྣམ་པ་ལ་སྤྱོད་པ་ལས་ཀྱང་འགྱེད་པ་འབྱུང་བའི་ཕྱིར་ཏེ། ཅིའི་
ཕྱིར་ཁྱོད་ཀྱིས་བླངས་ཤེའམ་བྱིན་ཞེ་འམ་ལས་སུ་བསྐོས་པ་ནི་མ་བྱས་ཞེས་འགྱེད་པ་ཡིན་པ་དེ་ཡང་དངོས་པོའི་དེ་བཞིན་ཉིད་ཡིན་ནམ་མ་ཡིན་ཏེ་འདི་ནི་བྱ་བའོ་ཞེའམ་བྱ་བ་མ་ཡིན་ནོ་ཞེས་ཞུགས་པའི་ཕྱིར་རོ་ཞེ་ན། འདི་ལྟ་སྟེ། དེ་ལྟ་བུའི་རིགས་ཅན་འདིར་མ་བསྡུས་
པས་ཤེས་པར་མི་བྱའོ། །སྤོང་བ་ཞེས་བྱ་བ་ནི་གདམས་ངག་ལ་སོགས་པ་འཇོག་པར་འགྱུར་བས་གཞན་སྤོང་བ་སྟེ་དེ་ནི་འཁྲུག་ལོང་གི་རྒྱུ་གཉིས་པ་ཡིན་ནོ། །རྒྱུ་དེ་ལས་མི་གདམས་པའི་ཕྱིར་རྩོད་པ་འདི་བརྗོད་པའོ། །ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ནི་འཁྲུག་ལོང་གི་རྒྱུ་
གསུམ་པ་ཡིན་ཏེ་དེ་ལས་ལྟུང་བའི་ཕྱིར་རྩོད་པ་འབྱུང་ངོ་། །ལས་ལ་མཐུན་པ་མི་སྦྱིན་པ་ཞེས་བྱ་བ་ནི་གསོལ་བ་ལ་སོགས་པའི་ལས་ལ་མཐུན་པ་མི་སྦྱིན་པ་སྟེ་དེ་ནི་འཁྲུག་ལོང་གི་རྒྱུ་བཞི་པ་ཡིན་ཏེ། དེ་བས་ན་བྱ་བའི་ཕྱིར་རྩོད་པ་ཞེས་བྱ་བའི་ཚིག་འདི་འབྱུང་ངོ་། །རྒྱུ་དང་
པོ་ལས་བྱུང་བ་ནི་རྒྱུ་དག་ཅིག་ཏུ་བྱ་བས་ཉེ་བར་ཞི་བའོ་ཞེས་བྱ་བ་ནི། དང་པོ་ཞེས་བྱ་བ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་ཞེས་བྱ་བ་དེའི་རྒྱུ་འཁྲུག་ལོང་གང་ལ་དེ་ནི་རྒྱུད་གཅིག་ཏུ་བྱས་པས་ཉེ་བར་ཞི་བར་འགྱུར་ཏེ་མངོན་སུམ་གྱིས་འདུལ་བར་འགྱུར་ཞེས་བྱ་བ་ཡང་དེ་ཡིན་ནོ། །

གང་ཞིག་སླར་ངོ་བོ་ཉིད་ཚོལ་དུ་གཞུག་པས་གཞན་བལྟ་བར་བྱའོ། །རྒྱུད་ཅེས་བྱ་བ་ནི་ངེས་པར་རྟོགས་པས་ཏེ་དངོས་པོ་གང་ལ་ངེས་པར་རྟོགས་པ་གཅིག་ཡོད་པའི་དངོས་པོ་དེ་ནི་རྒྱུད་གཅིག་བྱ་བ་སྟེ་ངེས་པ་སྐྱེས་པས་མཐའ་གཅིག་ཏུ་བྱ་བ་དེས་ཞེས་
བྱ་བའི་དོན་ཏོ། །རྒྱུ་གཉིས་པ་ལས་བྱུང་བ་ནི་འདི་དང་དག་པ་སྦྱིན་པས་སོ་ཞེས་བྱ་བ་ནི་སྤོང་བའི་རྒྱུ་འཁྲུག་ལོང་ལ་གཅིག་ཏུ་ཞེས་བྱ་བ་སྨོས་པ་འདི་དང་དག་པ་སྦྱིན་པས་ཉེ་བར་ཞི་བར་འགྱུར་ཏེ། དྲན་པས་འདུལ་བ་དང་། མ་མྱོས་པས་འདུལ་བ་ཞེས་བྱ་བ་ཡང་དེ་བཞིན་ནོ། །
རྒྱུ་གསུམ་པ་ལས་བྱུང་བ་ནི་ཕྱིར་བཅོས་པ་དང་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་སོ་ཞེས་བྱ་བ་ནི་ལྟུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ལས་བྱུང་བའི་རྒྱུ་འཁྲུག་ལོང་ཕྱིར་བཅོས་པ་ཞེས་བྱ་བ་བཤགས་པས་ཉེ་བར་ཞི་བར་བྱ་བ་དང་། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་
ངེས་པར་འབྱུང་བར་གཏོགས་པའི་ངེས་པས་སྦྱར་བ་ཉིད་དོ། །དེ་སྦྱིན་པས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ཞེས་བྱ་བའི་དོན་ཏོ། །ཐ་མའི་ནི་སྦྱིན་དུ་གཞུག་པས་སོ་ཞེས་བྱ་བས་ནི་མཐུན་པར་མི་སྦྱིན་པ་ཞེས་བྱ་བའི་རྒྱུ་ལས་བྱུང་བའི་འཁྲུག་ལོང་སྦྱིན་དུ་གཞུག་པས་ཕྱིར་བཅོས་
པའོ། །མཐུན་པ་སྦྱིན་པས་མཐུན་པ་ཉིད་དུ་གྱུར་ན་བྱ་བའི་ཕྱིར་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་རྒྱུད་གཅིག་ཏུ་བྱ་བས་ཉེ་བར་ཞི་བར་བྱའོ་ཞེས་གང་བསྟན་པ་དེ་ཇི་ལྟར་རྒྱུད་གཅིག་ཏུ་བྱ་ཞེ་ན། དེའི་ཕྱིར་འགྱེད་པ་གཉིས་རང་གིས་མི་ནུས་ན་ཚོགས་པར་དབྱུང་
བ་དག་གིས་ལེགས་པར་བསྒྲུབ་པོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་འགྱེད་པར་བྱེད་པ་དེ་གཉིས་རང་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མི་ནུས་ན་ཚོགས་པར་དབྱུང་བ་དག་གིས་དོན་དེ་ལེགས་པར་བསྒྲུབ་ཅིང་མཐའ་གཅིག་ཏུ་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ཉེ་བར་ཞི་བ་ནི་དགོས་པ་
ཡིན་ཏེ། དེ་བས་ན་རང་ལ་བསྒྲུབ་པ་ལ་དེ་བྱ་བ་ཉིད་དུ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་དེ་བསྟན་ཏེ། འོ་ན་འགྱེད་པ་མང་པོ་དག་བྱུང་ན་ཅིའི་ཕྱིར་འགྱེད་པ་གཉིས་ཞེས་གཉིས་ཀྱི་ཚིག་ཏུ་བྱས་ཤེ་ན། བདེན་མོད་ཀྱི་དེ་ནི་ཕྱོགས་གཉིས་སུ་རྣམ་པར་གནས་པས་དེ་ལ་གཉིས་ཉིད་དུ་བྱུང་བ་

ཉིད་དོ། །ཚོགས་པར་དབྱུང་བ་ཇི་ལྟ་བུ་དག་གིས་སོ་ཞེ་ན། དེའི་ཕྱིར་དགེ་སློང་དག་གིས་སོ་ཞེས་བྱ་བ་སྨོས་སོ། །དགེ་སློང་ཇི་ལྟ་བུ་དག་གིས་ཤེ་ན། དེའི་ཕྱིར་འགྲང་བ་དག་གིས་སོ་ཞེས་བྱ་བ་སྨོས་སོ། །སུ་འགྲང་བ་དག་གིས་ཤེ་ན། དེའི་ཕྱིར། དེ་གཉིས་སོ་ཞེས་བྱ་བ་
སྨོས་ཏེ་འགྱེད་པ་དེ་གཉིས་སོ། །ཇི་སྙེད་དག་གིས་ཤེ་ན། དེའི་ཕྱིར་གཅིག་ཡན་ཆད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། འདི་ཡན་ཆད་ཀྱི་སྒྲ་བྲི་བར་རིག་པར་བྱ་སྟེ་གཅིག་ཡན་ཆད་དུ་རུང་བར་ཞེས་བྱ་བའི་དོན་ཏོ། །ཡང་དགེ་སློང་གཅིག་གམ་དུ་མ་ཇི་ལྟ་བུ་ལ་དེ་གཉིས་ཀྱིས་འགྲང་
བར་བྱ་ཞེ་ན། དེའི་ཕྱིར་གཟུ་བོ་དག་ལ་བགྲང་བར་བྱའོ་ཞེས་བྱ་བ་སྨོས་ཏེ། ཕྱོགས་གཉིས་ཀའི་དབུས་ན་གནས་པ་གཅིག་གམ་དུ་མ་ཕྱོགས་ཀྱི་ཁོངས་སུ་མི་བསྡུ་ཞིང་གཟུ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་སོ་སོར་ཐར་པའི་སྐབས་ཀྱི་རྩོད་པ་
ཞི་བར་བྱ་བའི་ཞུ་བའི་གཞུང་ཁ་ཅིག་ལས། དགེ་སློང་གཟུ་བོ་གང་ཞེ་ན་ཕྱོགས་ཅིག་ཤོས་སུ་ཡང་མ་སོང་ལ་གཉིས་པར་མ་སོང་བ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་དག་དགེ་འདུན་གྱི་གཏན་དུ་བསྒོའོ་ཞེས་བྱ་བ་ནི། གཟུ་བོ་དེ་དག་དགེ་འདུན་གནས་དེར་
གཏན་ཏུ་དགེ་འདུན་ཐམས་ཅད་ཀྱིས་བསྐོ་བ་ནི་རྩོད་པ་བྱུང་བ་རྣམས་རྣམ་པར་ཞི་བར་བྱ་བའི་ཕྱིར་ཡིན་གྱི། རྩོད་པ་གཅིག་གི་ཕྱིར་འཕྲལ་ལ་བསྐོ་བའི་ཕྱིར་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་འཐབ་མོ་མི་སྐྱེད་པར་བསྐོ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གཟུ་བོ་བསྐོ་བ་འདིར་གང་
ཞིག་འདི་ལྟ་བུ་བསྐོ་བར་བྱ་བ་ཉིད་ཡིན་ནོ། །ངོ་ཚ་ཤེས་ཤིང་བསླབ་པ་འདོད་པའོ་ཞེས་བྱ་བ་ནི་འདིར་ངོ་ཚ་ཤེས་པ་ཞེས་བྱ་བ་བསླབ་པའི་གཞི་ཡང་དག་པར་བླངས་པ་ཐམས་ཅད་ལ་བག་རྐྱོང་བ་ཞུམ་པར་བྱེད་པ་ཡིན་གྱི་ཕན་པར་འགྱུར་བ་ཙམ་ཉི་ཚེར་མ་ཟད་དོ། །མ་མོ་ལས་
འདི་སྐད་གསུངས་ཏེ། དེ་དགེ་སློང་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་བཙལ་བར་བྱ་སྟེ། ཉི་ཤུ་རྩ་གཉིས་གང་ཞེ་ན་ཅི་ཚེ་དང་ལྡན་པ་དེ་ལ་ཚུལ་ཁྲིམས་དང་ལྡན་ཞིང་དང་པོ་ནས་ཕུན་སུམ་ཚོགས་པ་དང་ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་ལ་སྡོམ་པ་དང་བསླབ་པ་འདོད་པ་དང་།

འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་པ་འཛིན་ལ་ཐོས་པ་བསགས་པ་དང་། ལུང་ཐོན་པ་དང་། རྩོད་པ་ལ་མཁས་པ་དང་། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང་། རྩོད་པའི་བྱེ་བྲག་ལ་མཁས་པ་དང་། རྩོད་པ་འགོག་པ་ལ་མཁས་པ་དང་།
རྩོད་པ་འགགས་ནས་ཕྱིས་མི་འབྱུང་བ་ལ་མཁས་པ་དང་། བསྟན་བཅོས་ལ་མཁས་པ་དང་། གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པར་སྨྲ་བ་དང་། ཉེས་རྩོམ་བྱེད་དུ་མི་འཇུག་པ་དང་། ལུས་དང་ངག་གིས་མི་འཇུག་པ་དང་། སྨྲ་བར་བྱེད་ཅིང་སྨྲ་བ་བརྡ་ཕྲད་པར་
བྱེད་པ་དང་། གོ་བར་བྱེད་ཅིང་གོ་བ་བརྡ་ཕྲད་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་ཅིང་རྣམ་པར་རིག་པར་བྱ་བ་བརྡ་ཕྲད་པར་བྱེད་པ་དང་། ངེས་པར་རྟོགས་པར་བྱེད་ཅིང་ངེས་པར་བརྟགས་པ་བརྡ་ཕྲད་པར་བྱེད་པ་དང་། འདུན་པས་འགྲོ་བ་མ་ཡིན་པ་དང་། ཞེ་སྡང་གིས་འགྲོ་བ་
མ་ཡིན་པ་དང་། གཏི་མུག་གིས་འགྲོ་བ་མ་ཡིན་པ་དང་། འཇིགས་པས་འགྲོ་བ་མ་ཡིན་པ་སྟེ། གཟུ་བོའི་ཆོས་ཉིད་ཉི་ཤུ་རྩ་གཉིས་པོ་དེ་དག་དང་ལྡན་པའི་ཆོས་ཀྱི་ལོངས་སྤྱོད་དམ། ཟང་ཟིང་གི་ལོངས་སྤྱོད་ཀྱི་ཕྱོགས་གཉིས་ཀ་ལ་མི་བརྟེན་པ་ཡིན་ནོ་ཞེས་གསུངས་པ་དེ་དག་འདིར་
བསྡུས་པར་ཤེས་པར་བྱའོ། །འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་པའོ་ཞེས་བྱ་བ་ནི་ལྟུང་བ་དང་ལྟུང་བ་མ་ཡིན་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །རྩོད་པའི་འབྱུང་བ་སྤྱོད་པ་ལ་མཁས་པའོ་ཞེས་བྱ་བ་ནི་རྩོད་པ་ལ་མཁས་པ་དང་། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང་།
རྩོད་པའི་བྱེ་བྲག་ལ་མཁས་པ་དང་། རྩོད་པ་འགོག་པ་ལ་མཁས་པ་དང་། རྩོད་པ་འགགས་ནས་ཕྱིར་མི་འབྱུང་བ་ལ་མཁས་པ་ནི་འབྱུང་བ་སྤྱོད་པ་ལ་མཁས་པའོ། །སྤྱོད་པ་ལ་མཁས་པ་ཞེས་བྱ་བ་ནི་འདི་རྗེས་སུ་སྒྲུབ་པ་དང་འདི་བྱེད་པར་འགྱུར་བ་ལ་མཁས་པ་ཞེས་བྱ་བའོ། །
ཐོབ་པའི་གཞི་ལ་སོགས་པ་གསུམ་པོ་རང་གི་རྣམ་པར་ངེས་པ་ལ་ཇི་སྲིད་དུ་རྣམ་པར་ཞེན་པའི་ཞེས་བྱ་བ་འདི་ལ་རྗེས་སུ་ཞུགས་པར་རིག་པར་བྱའོ། །རྣམ་པར་ཞེན་པའོ་ཞེས་བྱ་བ་ནི་དོན་རྣམ་པར་ངེས་པས་མི་འགྱུར་ཏེ་དེས་ནི་བསྟན་བཅོས་ལ་མཁས་པ་བསྡུས་སོ། །བརྟན་

ཞིང་ཉེས་རྩོམ་མེད་པར་འཇུག་པའོ་ཞེས་བྱ་བ་ལ། བརྟན་པ་ནི་བརྟེན་པའོ། །ལུས་དང་ངག་གིས་མི་འཇུག་པ་བསྡུས་སོ། །ཉེས་རྩོམ་མེད་པར་འཇུག་པའོ་ཞེས་བྱ་བ་ནི་ཉེས་རྩོམ་མེད་པར་སྨྲ་བ་དང་ཉེས་རྩོམ་བྱེད་དུ་མི་འཇུག་པ་བསྡུས་སོ་སྙམ་པའོ་ཞེས་བྱ་བ་ནི། འདུན་པ་
དང་ཞེ་སྡང་དང་འཇིགས་པས་མི་འགྲོ་བ་བསྟན་ཏོ། །བརྡ་ཕྲད་པའོ་ཞེས་བྱ་བ་ནི་གཞན་གྱིས་བསྒོ་བ་བརྡ་ཕྲད་པར་བྱེད་པ་གང་ཡིན་པ་དེ་ནི་བརྡ་ཕྲད་པར་བྱ་བ་སྟེ་དེས་ནི་སྨྲ་བ་བརྡ་ཕྲད་པར་བྱེད་པ་དང་ཞེས་བྱ་བ་ནས་ངེས་པར་རྟོགས་པར་བྱེད་པ་ཞེས་བྱ་བའི་ཚིག་འོག་མ་བཞི་བསྡུས་སོ། །
བརྡ་སྤྲོད་པར་བྱེད་པའོ་ཞེས་བྱ་བ་ནི་གང་ཞིག་ཕ་རོལ་པོ་ལ་བརྡ་ཕྲད་པར་བྱེད་ནུས་པ་དེ་ནི་མཁས་པའོ། །བརྡ་སྤྲོད་པར་བྱེད་ནུས་པ་ཞེས་བྱ་བ་ལ་སོགས་པ་སྔ་མའི་ཚིག་བཞི་པོ་རྣམས་བསྡུ་བའོ། །མཁས་པ་ཞེས་བྱ་བ་ནི་རྨོངས་པ་མེད་ཅིང་མཁས་པ་སྟེ་དེས་ནི་གཏི་མུག་གིས་འགྲོ་
བ་མ་ཡིན་པ་ཞེས་བྱ་བ་ཡན་ཆད་ཐམས་ཅད་བསྡུས་པར་རིག་པར་བྱའོ། །དེ་དག་གིས་ཉེ་བར་མ་ཞི་ན་དགེ་འདུན་ལ་དབུལ་ལོ་ཞེས་བྱ་བ་ནི་གཟུ་བོ་དེ་དག་གིས་རྩོད་པ་དེ་ཉེ་བར་མ་ཞི་ན་དགེ་འདུན་ལ་དབུལ་བར་བྱའོ། །དེས་མ་ནུས་ན་གསལ་བ་དག་བསྐོའོ་ཞེས་བྱ་བ་ནི་དགེ་འདུན་དེས་
རྩོད་པ་ཉེ་བར་ཞི་བར་བྱེད་མ་ནུས་ན་དགེ་སློང་གསལ་བ་དག་བསྐོ་བར་བྱའོ། །འདིའི་བསྐྲད་པའི་རྣམ་པ་ཡིན་ཏེ། ཇི་ལྟར་བསྐྲད་པ་སྐྱེ་བོ་ཆེན་པོས་སྒྲུབ་པར་མི་ནུས་ན་དེ་བཞིན་དུ་འདིར་དོན་སྒྲུབ་པའོ། །ཇི་ཙམ་དུ་གསལ་བ་དག་བསྐོ་བར་བྱ་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་ཚད་
ལས་མི་ཉུང་བ་དག་གོ་ཞེས་བྱ་བ་སྨོས་ཏེ། མཚམས་ཀྱི་ཕྱི་རོལ་དུ་སོང་ནས་དགེ་འདུན་ཚང་བ་ཇི་སྙེད་པ་དག་བསྐོའོ་ཞེས་བྱ་བའི་དོན་ཏོ། །སྡེ་ཚན་དེས་མི་ནུས་ན་རང་གིས་གསལ་བ་དག་བསྐོ་བ་ཉིད་དོ་ཞེས་བྱ་བ་ནི་གཟུ་བོའི་སྡེ་ཚན་ནམ་གསལ་བའི་སྡེ་ཚན་ནམ། གསལ་
བའི་ཡང་གསལ་བའི་སྡེ་ཚན་གང་ཡང་རུང་བས་རྩོད་པ་དེ་ཉེ་བར་ཞི་བར་མ་ནུས་ན། སྡེ་ཚན་དེ་རང་གིས་གསལ་བ་དག་བསྐོ་བར་རིགས་པ་ཉིད་ཡིན་ཏེ་ཆོས་དང་ལྡན་པ་དེ་ནི་མཉམ་པ་སྟེ། སྡེ་ཚན་དེ་རྣམས་ཀྱིས་ཀྱང་རང་གིས་གསལ་བ་དག་བྱེད་པ་ཞེས་བྱ་བའི་དོན་ཏོ། །དགེ་འདུན་

གྱི་ཚད་ལས་མི་ཉུང་བ་དག་གོ་ཞེས་སྔར་སྨོས་པའི་བདག་པོའི་དབང་གིས་ཤེས་པར་བྱའོ། །འདིར་གཞུང་ནི་ཁ་ཅིག་ལས་གཟུ་བོ་རྣམས་ཀྱིས་གསལ་བ་དག་བསྐོ་བར་གསུངས་ཏེ། གལ་ཏེ་དགེ་སློང་གཟུ་བོ་དག་གིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་
མ་ནུས་ན་དགེ་སློང་གཟུ་བོ་རྣམས་ཀྱིས་དགེ་སློང་གསལ་བ་དག་བསྐོ་བར་བྱའོ་ཞེས་གསུངས་པ་དང་། ཁ་ཅིག་ལས་དགེ་འདུན་ལས་གསལ་བ་དག་བསྐོ་བར་གསུངས་ཏེ་གལ་ཏེ་དགེ་འདུན་གྱིས་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ན་དགེ་འདུན་གྱིས་དགེ་སློང་གསལ་བ་དག་
བསྐོ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདིར་དེ་གཉིས་ཀ་ཡང་སྦྱར་བའི་དོན་གྲུབ་པ་ཞེས་བྱ་བ་དེ་གཉིས་ཀ་ཡང་ཁོངས་སུ་བསྡུ་བར་བྱའོ། །ཁ་ཅིག་ལས་འདིར་གསལ་བ་དང་གསལ་བའི་གསལ་བ་རྣམས་བྱེད་པ་འབྱུང་བ་ཡིན་ནོ། །གཞན་དག་ནི་
གསལ་བ་དང་གསལ་བའི་གསལ་བ་འདིར་དེ་གཉིས་ཀའི་དཔེ་ཙམ་འདིར་ཞེས་བྱ་བ་དེས་འདི་རིག་པར་བྱའོ། །མི་ནུས་ཤིང་གཞན་མི་བྱེད་ན་གང་ལས་བླངས་པ་དེ་ལ་དབུལ་ལོ་ཞེས་བྱ་བ་ནི་གང་དུ་རང་ལས་གཞན་གྱི་ཚོགས་མི་བྱེད་ཅིང་དེས་ཉེ་བར་ཞི་བར་མི་ནུས་ན་དེའི་ཚེ་དང་པོ་
རྩོད་པ་དེ་གང་ལས་བླངས་པ་དེ་ཉིད་ལ་ཕྱིར་དབུལ་བར་བྱ་བ་སྟེ་གསལ་བའི་ཡང་གསལ་བ་དག་གིས་ནི་གསལ་བ་དག་ལའོ། །གསལ་བ་དག་གིས་ནི་གཟུ་བོ་དག་གམ་དགེ་འདུན་དག་ལའོ། །གཟུ་བོ་དག་གིས་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་ལའོ། །གནས་
བརྟན་དག་གིས་རྩོད་པ་སྦེད་པ་ལའོ། །དེས་ནི་དགེ་འདུན་ལའོ། །ཕྱིར་འོངས་ན་དགེ་འདུན་གཞི་བོས་རྩོད་པ་སྦེད་པ་བསྐོའོ་ཞེས་བྱ་བ་ནི་གསལ་བ་དག་ལས་རྩོད་པ་དེ་ཕྱིར་འོངས་ན་དགེ་འདུན་གཞི་བོས་རྩོད་པ་སྦེད་པ་བསྐོ་བར་བྱ་སྟེ། དེ་ཡང་དགེ་འདུན་གྱིས་སྤྲོ་བར་བྱས་
ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེས་ན་གནས་བརྟན་དང་བཅས་ཤིང་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གཞན་ལ་དབུལ་ལོ་ཞེས་བྱ་བ་ནི་རྩོད་པ་སྦེད་པ་དེ་གནས་བརྟན་དང་བཅས་པ་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་དབུལ་བར་བྱའོ། །

སྔར་བྱུང་བ་བརྗོད་དེ་དུས་ཟླ་བ་གསུམ་དུ་དབུལ་ལོ་ཞེས་བྱ་བ་ནི་འདིར་ཁ་ཅིག་ནི་ཟླ་བ་དྲུག་གི་བར་དུ་བརྟན་ནས་ཞེས་བྱ་བ་ནི་འདིར་གཞུང་དུ་སྨོས་པ་ཡིན་ཏེ་མདོ་སྡེ་འཛིན་པ་ལ་སོགས་པ་རྣམས་ལ་ལོ་གཅིག་གི་བར་དུ་བརྟེན་ནས་ཞེས་གསུངས་པ་ཡིན་ནོ། །ཤིན་ཏུ་ཡུན་རིང་
པོར་འདིར་མང་པོ་རྣམས་ལ་འདི་ཀུན་ནས་ཉོན་མོངས་པར་རིགས་པ་མ་ཡིན་ནོ། །དེ་བས་ན་དེ་ལ་མ་བརྟེན་ནོ། །དེ་ནི་དེའི་འོ་ཞེས་བྱ་བ་ནི་དེ་ནི་རྩོད་པ་སྦེད་པར་བསྐོས་པ་དེའི་ཡིན་པ་སྟེ། དབུལ་བའི་བདག་ཉིད་ཀྱི་ལས་དེ་ནི་དབུལ་བ་ཐམས་ཅད་བསྡུས་པའི་ཕྱིར་མདོ་འདི་བྱས་སོ། །
ཕྱིར་ཕུལ་བ་ན་དེས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལའོ་ཞེས་བྱ་བ་ནི་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱི་རྩོད་པ་དེ་ཉེ་བར་ཞི་བར་བྱེད་མ་ནུས་ཏེ། དེ་ཉིད་ལ་ཕུལ་བ་ན་མདོ་སྡེ་ལ་སོགས་པ་འཛིན་པ་དག་ལ་དབུལ་བར་བྱའོ། །ཟླ་
བ་དྲུག་ཏུའོ་ཞེས་བྱ་བ་ནི་སྔར་བྱུང་བ་བརྗོད་དེ་དུས་ཟླ་བ་དྲུག་ཏུ་དབུལ་ལོ་ཞེས་བྱ་བར་སྦྱར་རོ། །དེ་དག་གིས་གནས་བརྟན་མཐུ་དང་ལྡན་པ་ལའོ་ཞེས་བྱ་བ་ནི་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་དག་གིས་རྩོད་པ་དེ་ཉིད་ཕྱིར་ཕུལ་བ་གང་ཞིག་གནས་
བརྟན་གྲགས་པ་བས་ཀྱང་ཆེས་གྲགས་པ་གཙོ་བོ་བས་ཀྱང་ཆེས་གཙོ་བོ་དེ་ལ་དབུལ་བར་བྱའོ། །ཐུག་པ་མེད་པར་རོ་ཞེས་བྱ་བ་ནི་དུས་ཐུག་པ་མེད་པར་དབུལ་ལོ་ཞེས་བྱ་བར་སྦྱར་ཏེ། འགྲོ་ས་གནས་མེད་པའི་ཕྱིར་ཕུལ་བ་གང་ཞིག་གནས་བརྟན་གྲགས་པ་བས་ཀྱང་ཆེས་
གྲགས་པ་གཙོ་བོ་བས་ཀྱང་ཆེས་གཙོ་བོ་ལ་དབུལ་བར་བྱའོ། །ཐུག་པ་མེད་པར་རོ་ཞེས་བྱ་བ་ནི་དུས་ཐུག་པ་མེད་པར་དབུལ་ལོ་ཞེས་བྱ་བར་སྦྱར་ཏེ། འགྲོ་ས་གནས་མེད་པའི་ཕྱིར་འདིར་དུས་དཔག་ཏུ་མེད་པ་ལ་བརྟེན་པར་མཛད་དོ། །གནས་བརྟན་དེས་གདུལ་བར་བྱ་བ་
དེ་གཉིས་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་དེས་དེ་གཉིས་ལས་བདག་གིར་བྱ་བ་ཐ་ན་འདག་རྫས་དང་སོ་ཤིང་ཡན་ཆད་ཅུང་ཟད་ཀྱང་སྤང་བར་བྱའོ་ཞེས་བྱ་བ་སྨོས་ཏེ། འདིར་ཡན་ལག་གི་སྒྲ་བྲི་བར་བྱ་བ་སྟེ་ཐ་ན་འདག་རྫས་དང་སོ་ཤིང་ཡན་ཆད་ཅེས་བྱ་བའི་དོན་ཏོ། །ལྷན་

ཅིག་འགྲོ་བ་དང་འདུག་པ་དང་ལྷན་ཅིག་འཆག་སར་འཆག་པ་དང་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་ཡང་ངོ་ཞེས་བྱ་བ་ཡང་། དེས་དེ་གཉིས་ལས་ལྷན་ཅིག་ཏུ་སྤང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་འབྲེང་ན་དེ་དག་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་
ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར་མཚང་འདྲུ་བར་གྱུར། རྩོད་པར་གྱུར་འགྱེད་པར་གྱུར་ཅིང་གནས་པ་ནི་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་གྱི། ཚེ་དང་ལྡན་པ་དག་མ་འཐབ་ཅིག་མཚང་མ་འདྲུ་ཤིག །
མ་འགྱེད་ཅིག་འགྱེད་པ་གཉིས་ཀ་རྒྱལ་བ་མེད་དོ། །རྒྱུག་པ་གཉིས་ཀ་རྒྱལ་བ་མེད་དོ། །གཅིག་རྒྱལ་གཅིག་འཕམ་དུ་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་དེ་དག་གནས་བརྟན་དེའི་རྗེས་སུ་འབྲང་བ་ན་དེས་དེ་དག་ལ་དེ་སྐད་ཅེས་
བརྗོད་པར་བྱའོ། །ཆེས་མང་བའི་བློས་ལེགས་པར་གཞག་པ་ནི་ལེགས་པ་སྒྲུབ་པའི་རྣམ་པ་གཞན་ཡིན་ནོ་ཞེས་བྱ་བ་ནི་ཚོགས་པར་བྱུང་བ་དག་གིས་རྒྱུད་གཅིག་ཏུ་བྱའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པའི་རྣམ་པ་དེ་དག་ལས་འདི་ལྟ་སྟེ། ཆེས་མང་བའི་བློས་ལེགས་པར་
གཞག་པ་ཞེས་བྱ་བ་འདི་ནི་ལེགས་པར་སྒྲུབ་པའི་རྣམ་པ་གཞན་ཡིན་པར་ཤེས་པར་བྱའོ། །འདི་ནི་ཆོས་ཀྱི་རྣམ་པར་གཏན་ལ་དབབ་པ་ལ་སྲིད་ཀྱི་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་མི་སྲིད་དོ་ཞེས་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་ཆེས་མང་བའི་བློས་ལེགས་པར་གཞག་
པ་འདི་ནི་ཞེས་བྱ་བར་སྦྱར་རོ། །ཆོས་རྣམ་པར་གཏན་ལ་དབབ་པའི་ཞེས་བྱ་བ་ནི་ཅི་འདི་ཆོས་མ་ཡིན་ནམ་འོན་ཏེ་ཡིན་འདུལ་བ་ཡིན་ནམ་འོན་ཏེ་འདུལ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཆོས་རྣམ་པར་གཏན་ལ་དབབ་པ་ལ་ཡིན་གྱི་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལ་
ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེའི་སྐབས་ཀྱིས་ཤེས་པ་ནི་འགྱེད་པ་གཉིས་དང་འབྲེལ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བ་ནི་འདིས་གཞི་བྱས་སམ་འོན་ཏེ་མ་བྱས་ཞེས་བྱ་བ་ལ་སོགས་པས་གཏན་ལ་ཕེབས་

པ་ཡིན་པས་དེ་ནི་འགྱེད་པ་གཉིས་ལས་གཞན་པ་དག་གིས་ཤེས་པའི་ཡུལ་མ་ཡིན་པས་དེའི་ཕྱིར་རྟོག་པ་པོ་ཉིད་ཀྱིས་བསྟེན་པར་བྱ་བ་མེད་པར་ཤིན་ཏུ་མང་བ་འདི་དང་གནས་པ་ཞེས་བྱ་བ་བསྟེན་པའི་རྣམ་པ་གཞན་ནི་མེད་དོ། །ཅི་འདི་ལ་དེ་བཞིན་དུ་བརྟེན་པར་བྱ་བའམ་ཞེ་ན།
དེའི་ཕྱིར་རྒོལ་བ་དག་གིས་གཅེས་པར་གཟུང་བ་ཉིད་དང་། རབ་ཏུ་དམ་པ་ཉིད་དང་མི་ཟད་པ་ཉིད་ཡིན་ཞིང་དེ་དག་བྱེ་བར་དོགས་པ་ཉིད་ཀྱིས་དེ་ལ་བརྟེན་པར་བྱའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རྒོལ་བ་དང་ཕྱིར་རྒོལ་བ་དག་མངོན་པར་ཞེན་པ་རྣོན་པོས་རྩོད་པ་གཅེས་པར་གཟུང་བ་ཉིད་
དང་། མངོན་པར་ཞེན་པ་མི་ཕྱེད་པས་གལ་ཏེ་རྩོད་པ་དེ་ཡལ་བར་བོར་ན་དེ་དག་རྣོན་པོས་ཕྱེ་བ་དོགས་པ་ཉིད་ཤེས་ཀྱང་བསམ་པ་ཁྱད་པར་ཅན་དང་། མངོན་པར་ཞེན་པས་མི་ཟད་པ་ཉིད་དུ་འགྱུར་ཞིང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་ཉིད་རྣམ་པར་གནོན་པ་ཉིད་ཀྱིས་
སོ། །གལ་ཏེ་རྩོད་པ་དེ་ཡལ་བར་བོར་ན་དེ་དག་བྱེ་བར་དོགས་པ་ཉིད་ཀྱང་ཡོད་ན་དེའི་ཚེ་དགེ་འདུན་བྱེ་བར་གྱུར་ན་མི་རུང་ངོ་སྙམ་པའི་བསམ་པས་ཆེས་མང་བའི་བློས་ལེགས་པར་གཞག་པའི་ཞེས་བྱ་བ་ལེགས་པར་སྒྲུབ་པའི་རྣམ་པ་གཞན་ལ་བརྟེན་པར་བྱ་ཞིང་གཞན་དུ་
མི་བྱའོ། །བསྡམ་པར་བྱ་བ་མ་ཡིན་པའི་དོན་ལའོ་ཞེས་བྱ་བ་ནི་འདི་ལ་ལྟུང་བ་ཡིན་ནམ་མ་ཡིན་རྣམ་པར་གཏན་ལ་དབབ་པའི་དོན་ཏོ། །གལ་ཏེ་ལྟུང་བ་ལས་བསྡམ་པར་བྱ་བའི་བདག་ཉིད་མ་ཡིན་གྱི་བཤགས་པར་བྱ་བའི་བདག་ཉིད་ཡིན་ན་དེས་ཀྱང་དོན་དེ་ལ་ཆེས་
མང་བའི་བློས་ལེགས་པར་གཞག་པ་ཞེས་བྱ་བའི་ལེགས་པར་སྒྲུབ་པའི་རྣམ་པ་གཞན་ལ་བརྟེན་པར་བྱའི་བསྡམ་པར་བྱ་བའི་དོན་ཡིན་ན་དེ་ལ་ནི་རྣམ་པ་འདི་ལ་བརྟེན་པར་མི་བྱ་སྟེ་ཕྲན་ཚེགས་ཙམ་དུ་ཟད་པའི་ཕྱིར་རོ། །ཅི་དང་པོ་ཉིད་ནས་འདི་ལ་བརྟེན་པར་བྱའམ་ཞེ་ན།
དེའི་ཕྱིར་གནས་བརྟེན་གྱི་མཐར་ཐུག་པ་དག་ཡོངས་སུ་ཉོན་མོངས་པར་གྱུར་པ་དག་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་གཞི་པོ་དང་གསལ་བ་ལ་སོགས་པའི་རིམ་གྱིས་གནས་བརྟན་གྱི་མཐར་ཐུག་པའི་བར་དག་གིས་ཉོན་མོངས་པ་བརྩལ་ཀྱང་ཉེ་བར་མ་ཞི་བར་གྱུར་པ་ཉིད་

ཡིན་ན་འདི་ལ་བརྟེན་པར་བྱའོ། །གང་གིས་འདི་ལ་བརྟེན་པར་བྱ་ཞེ་ན། དེའི་ཕྱིར་དགེ་འདུན་གཞི་བོས་སོ་ཞེས་བྱ་བ་སྨོས་སོ། །དོན་འདི་ལ་ཆེས་མང་པོ་དག་ལ་བགྲང་བར་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་འདི་ལ་ཚུལ་ཤིང་བྲིམ་པས་བློ་གཟུང་བར་བྱ་བ་ཉིད་
དོ། །ཚུལ་ཤིང་འདྲིམ་པ་བསྐོ་བར་བྱའོ། །དེས་ཚུལ་ཤིང་རྣམ་པ་གཉིས་དག་ཉེ་བར་གཞག་གོ། །ཆོས་ཀྱི་ཚུལ་ཤིང་དག་ནི་ཡ་ཡོ་མེད་པ་དང་ཁྱར་ཁྱོར་མེད་པ་དང་ཆས་ཆུས་མེད་པ་དང་། ཁ་དོག་བཟང་བ་དང་དྲི་ཞིམ་པ་དང་རེག་པ་འཇམ་པ་དག་ཡིན་ལ། །ཅིག་ཤོས་
ཀྱི་ནི་དེ་ལས་བཟློག་པའོ། །དགེ་འདུན་ལ་འདུ་བར་གསོལ་ལོ། །ཚུལ་ཤིང་འདྲིམ་པར་འགྱུར་གྱི་ཐམས་ཅད་ཀྱིས་འདུ་བར་བྱའོ། །གལ་ཏེ་འདི་ལྟར་འདུན་པ་སྦྱིན་པས་ཚོགས་པ་དང་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པར་འགྱུར་བ་སེམས་ན་བྲིམ་པར་མི་བྱའོ། །འདྲིམ་
པའི་ཚེ་ན་ལག་པ་གཡས་པས་ཆོས་ཀྱི་ཚུལ་ཤིང་དག་བཟུང་ཞིང་གཡོན་པས་ཅིག་ཤོས་དག་གོ། །དེ་དག་གཡོགས་ཏེ་སྔ་མ་དག་སྣང་བར་བྱས་ནས་བརྗོད་པར་བྱའོ། །གནས་བརྟན་འདི་དག་ནི་ཆོས་ཀྱི་ཚུལ་ཤིང་ཡ་ཡོ་མེད་པ་ཁྱར་ཁྱོར་མེད་པ་ཆས་ཆུས་མེད་པ་
ཁ་དོག་བཟང་བ་དྲི་ཞིམ་པ་རེག་ན་འཇམ་པ་དག་ཡིན་གྱི་ལོང་ཤིག་ཅེས་སོ། །ཅིག་ཤོས་ཚོལ་ན་ཚིག་གཉིས་ཀྱི་བར་དུ་མི་དབུལ་ལོ་ཞེས་བྱ་བ་སྨོས་ཏེ། ཅིག་ཤོས་ཅེས་བྱ་བ་ནི་ཆོས་མ་ཡིན་པའི་ཚུལ་ཤིང་ངོ་། །གཡོགས་སམ་ཕྱེ་བ་གང་གིས་ཆོས་ཀྱི་མང་
བར་འགྱུར་བ་དེ་ལྟར་བྲིམ་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་གཡོགས་ཏེ་བྲིམ་ན་ཆོས་ཀྱི་ཚུལ་ཤིང་མང་བ་ལྟ་ན་ཡང་གཡོགས་ཏེ་བྲིམ་པར་བྱའོ། །ཇི་སྟེ་ཕྱེ་སྟེ་བྲིམ་ན་ཆོས་ཀྱི་ཚུལ་ཤིང་མང་བར་འགྱུར་བ་ལྟ་ན་ཡང་ཕྱེ་སྟེ་བྲིམ་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོ་དང་
སློབ་དཔོན་དང་མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང་སྨོས་འདྲིན་དང་འགྲོགས་པ་ཤེས་ཀྱི་ཆོས་ཀྱི་ཚུལ་ཤིང་བླངས་ཀྱིས་ཁྱོད་ཀྱིས་ཀྱང་ཆོས་ཀྱི་ཚུལ་ཤིང་ལོང་ཤིག །ཁྱོད་དེ་དག་ལྷན་ཅིག་རྩོད་པར་གྱུར་ན་མ་ལེགས་

སོ་ཞེས་རྣ་དྲུང་དུ་བཤུབ་བོ་ཞེས་བྱ་བ་ནི་བརྡ་སྤྲད་པའི་ཕྱིར་རྣ་དྲུང་དུ་བཤུབ་ཅིང་དེ་སྐད་ཡང་དང་ཡང་དུ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་མ་ཡིན་པའི་ཚུལ་ཤིང་བླང་བར་མི་བྱའོ་ཞེས་བྱ་བ་ནི་ལེན་ན་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ལྟུང་བ་བཤགས་པར་
བྱའོ་ཞེས་བྱ་བ་དེའི་འདི་བསྡུས་པའོ། །མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལ་མ་དྲིས་པར་མི་བྱའོ་ཞེས་བྱ་བ་ནི་ཚུལ་ཤིང་བླང་བར་བྱ་ཞེས་བྱ་བར་སྦྱར་ཏེ། འདི་ནི་ཐམས་ཅད་ཀྱི་དབང་དུ་བྱེད་པའོ། །མདོ་སྡེ་འཛིན་པ་ལ་སོགས་པ་ལ་དྲི་བ་ནི་ཆོས་ཡོངས་སུ་ཤེས་
པར་བྱ་བའི་ཕྱིར་རོ། །དེ་ལ་རང་གི་མ་ཡིན་པ་ཤིན་ཏུ་རྣམ་པར་གཏན་ལ་དབབ་པ་ཉིད་ལ་སྡེ་སྣོད་འཛིན་པ་རྣམས་ལ་དྲི་བ་འདི་བྱས་པ་ཉིད་དོ། །ཆོས་ཀྱི་དོན་ཤེས་པར་གྱུར་ནས། དེའི་ཚེ་ཚིག་དང་དོན་བླང་བར་བྱ་བ་ཉིད་མ་ཡིན་ཞེས་བྱ་བར་ཤེས་པར་བྱའོ། །དབྱེན་དུ་
འགྱུར་བའི་བཟོད་པས་མི་བྱའོ་ཞེས་བྱ་བ་ནི་ཨེ་མའོ་བྱེ་བར་གྱུར་ན་ཅི་མ་རུང་སྙམ་པའི་མངོན་པར་འདོད་པས་ཀྱང་ཞེས་བྱ་བའི་དོན་ཏོ། །ཆོས་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི་བྱུང་བར་གྱུར་ན་ཅི་མ་རུང་སྙམ་པས་ཚུལ་ཤིང་བླང་བར་མི་བྱ་སྟེ། ཆོས་མ་ཡིན་པ་འབྱུང་
བར་འདོད་པས་ཀྱང་བླང་བར་མི་བྱའོ། །དེ་གཉིས་འབྱུང་བར་འགྱུར་བ་ཉིད་དོགས་པར་ཤེས་ན་མི་བྱའོ་ཞེས་བྱ་བ་འདི་ལྟར་ཨེ་མའོ་བྱེ་བར་གྱུར་ན་ཅི་མ་རུང་སྙམ་པའི་དང་། ཨེ་མའོ་ཆོས་མ་ཡིན་པ་བྱུང་བར་གྱུར་ན་ཅི་མ་རུང་སྙམ་པ་མེད་དུ་ཟིན་ཀྱང་དེ་གཉིས་འབྱུང་བར་
འགྱུར་བ་ཉིད་དུ་ཤེས་པ་སྟེ། དོན་ཇི་ལྟ་བུ་དང་འདི་ན་དགེ་སློང་གང་དག་དབྱེན་ལ་མངོན་པར་ཞེན་པར་བྱེད་པ་དེ་ལྟ་བུ་དག་ཡོད་པས་སྟོན་པ་ཉིད་ཀྱང་འགའ་ཞིག་འབྱུང་བར་འགྱུར་རོ་སྙམ་དུ་ཤེས་ན། དེ་ལྟར་ཡང་ཚུལ་ཤིང་དག་བླང་བར་མི་བྱའོ། །མཉམ་པ་ཉིད་ན་ཉན་ཐོས་ཆེན་
པོའི་ཕྱིར་ཆོས་ཀྱི་ཚུལ་ཤིང་གཅིག་བླང་ངོ་ཞེས་བྱ་བ་ནི་ཆོས་དང་ཆོས་མ་ཡིན་པའི་ཚུལ་ཤིང་གྲངས་མཉམ་པ་ཉིད་ཡིན་ན་ཉན་ཐོས་ཆེན་པོ་ལ་གཅིག་བསྔོས་ཏེ་ཆོས་ཀྱི་ཚུལ་ཤིང་བླང་བར་བྱ་སྟེ། དེ་ལྟར་ན་རྩོད་པ་དེ་ཆོས་ཀྱིས་ཉེ་བར་ཞི་བར་འགྱུར་བ་ཡིན་ནོ། །ཆོས་མ་

ཡིན་པའི་ཚུལ་ཤིང་ལྷག་ན་ནི་རྩོད་པ་དེ་ཆོས་མ་ཡིན་པས་ཉེ་བར་ཞི་བར་འགྱུར་རོ། །ཆོས་མ་ཡིན་པས་ཉེ་བར་ཞི་བ་ལ་སྐྱོ་སྔོགས་མི་བྱའོ་ཞེས་བྱ་བ་ནི་ཆོས་ཀྱིས་ཉེ་བར་ཞི་བ་ལ་སྐྱོ་སྔོགས་བྱེད་དུ་འགྱུར་བ་ལ་འདི་ནི་ཉེས་བྱས་སུ་གསུངས་སོ། །འགྱེད་
པའི་ཕྱིར་རྩོད་པ་དེ་ཆོས་ཀྱིས་ཉེ་བར་ཞི་བའི་ཆོ་ག་བཤད་ཟིན་ཏོ། །མི་གདམས་པའི་ཕྱིར་རྩོད་པ་ནི་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་ཞེས་བྱ་བ་གཉིས་ཀྱིས་ཉེ་བར་ཞི་བར་བསྟན་པ་དེ་ལ་རྒྱུད་གཅིག་ཏུ་བྱ་བ་ནི་བསྟན་ཟིན་པས་དག་པ་སྦྱིན་པར་བརྗོད་པར་བྱ་སྟེ། དེའི་ཕྱིར་
གླེང་བའི་ཁ་ན་མ་ཐོ་བ་མེད་པ་ལ་ནི་དག་པ་སྦྱིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དགེ་སློང་དེ་ལ་ལྟུང་བ་གང་གིས་གླེང་བར་བྱ་བའི་ལྟུང་བ་དེ་ནི་ཁ་ན་མ་ཐོ་བ་མེད་པར་གྱུར་ན་དེའི་ཕྱིར། དེ་ལ་དྲན་པས་འདུལ་བ་དང་། མ་སྨྱོས་པས་འདུལ་བའི་བདག་ཉིད་ཀྱིས་དག་པ་སྦྱིན་པར་བྱའོ། །
གླེང་བ་ནི་རྣམ་པ་བཞི་སྟེ། གཞི་མེད་པ་དང་གཞན་རྗེས་སུ་སྒྲུབ་པའི་དབང་གིས་དང་ཕྱིར་བཅོས་པ་ལ་མ་ལྟོས་པའི་ཕྱིར་དང་སྨྱོས་པས་བྱས་པས་སོ་ཞེས་བྱ་བ་ནི་གླེང་བའི་ཁ་ན་མ་ཐོ་བ་མེད་པ་ནི་རྣམ་པ་བཞི་སྟེ། གཞི་མེད་པ་ནི་ལྟུང་བ་མ་བྱུང་བ་ཉིད་ལ་གླེང་བ་གང་ཡིན་པའོ། །
གཞན་རྗེས་སུ་བསྒྲུབ་པའི་དབང་གིས་ནི་དེ་གཞན་རྗེས་སུ་བསྒྲུབས་ལ་གཞན་གྱིས་གླེང་བར་བྱེད་པ་སྟེ། ལྟུང་བྱེད་ལ་དགེ་འདུན་ལྷག་མ་ལ་སོགས་པས་གླེང་བས་སོ། །ཕྱིར་བཅོས་པ་ལ་མི་ལྟོས་པའི་ཕྱིར་ནི་འདི་ལ་ལྟུང་བ་བྱུང་བར་གྱུར་ཏོ་ཞེས་བྱ་བ་དེ་དེས་ཆོས་བཞིན་
དུ་ཕྱིར་བཅོས་པ་ཉིད་ན་ཕྱིར་བཅོས་པ་ཉིད་ལ་མ་ལྟོས་པར་གླེང་བའོ། །སྨྱོས་པས་བྱ་བ་ནི་སྨྱོས་པའི་གནས་སྐབས་སུ་དེས་རུང་བ་མ་ཡིན་པ་ཀུན་དུ་སྤྱད་པ་དེས་གླེང་བར་བྱེད་པའོ། །དང་པོ་གསུམ་ལ་ནི་དྲན་པས་འདུལ་བ་སྦྱིན་ནོ་ཞེས་བྱ་བ་ནི་གཞི་མེད་པ་དང་གཞན་རྗེས་
སུ་བསྒྲུབ་པའི་དབང་གིས་དང་། ཕྱིར་བཅོས་པ་ལ་མི་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་གསུམ་གྱིས་གླེང་བར་བྱ་བ་དེ་དག་ལ་ནི་དགེ་འདུན་གྱི་དྲན་པས་འདུལ་བ་སྦྱིན་པར་བྱ་སྟེ། དེ་བྱིན་པ་ན་དགེ་སློང་དེ་ལ་དགེ་སློང་དག་གིས་དྲན་པ་དང་ལྡན་པར་འཛིན་གྱི་ལྟུང་བ་དང་བཅས་པར་མི་འཛིན་ཏེ།

དེ་ལྟར་ན་དེའི་རྩོད་པ་ཉེ་བར་ཞི་བ་བརྗོད་པར་བྱའོ། །ཐ་མ་ལ་ནི་མ་སྨྱོས་པས་འདུལ་བ་སྦྱིན་པའོ་ཞེས་བྱ་བ་ནི་སྨྱོས་པས་བྱས་པ་གླེང་བ་ལ་ནི་དགེ་འདུན་གྱི་མ་སྨྱོས་པས་འདུལ་བ་སྦྱིན་པར་བྱ་བ་སྟེ། དེ་སྦྱིན་ན་དགེ་འདུན་དེ་ལ་དགེ་སློང་གིས་རང་བཞིན་དུ་གནས་པ་ཉིད་དུ་འཛིན་གྱི་
ལྟུང་བ་དང་བཅས་པར་མི་འཛིན་ཏེ། མི་གདམས་པ་ལ་རྩོད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་ཆོ་ག་བཤད་ཟིན་ཏོ། །ལྟུང་བའི་ཕྱིར་རྩོད་པ་ནི་ཕྱིར་བཅོས་པས་ཉེ་བར་ཞི་བར་བྱའོ་ཞེས་བསྟན་པ་དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་ལྟུང་བ་དང་བཅས་པ་ཉིད་ཀྱི་ཕྱིར་འཁྲུག་ལོང་རྣམ་པ་གསུམ་
སྟེ། ཕྱིར་འཕྲོས་པ་མེད་པ་དང་ཕྱིར་འཕྲོས་པ་དང་བཅས་པས་རྣམ་པ་གཉིས་སོ། །ཉི་ཚེ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་པའོ་ཞེས་བྱ་བ་སྟེ། གལ་ཏེ་ལྟུང་བ་དང་བཅས་པ་ཉིད་ཀྱི་རྒྱུས་འཁྲུག་ལོང་གི་ཕྱིར་དགེ་འདུན་མཐའ་དག་ཕྱོགས་དང་གཞན་གྱི་ཕྱོགས་སུ་གནས་པར་
གྱུར་ན་འདི་ནི་དགེ་འདུན་མཐའ་དག་གི་ཁོངས་སུ་གཏོགས་པ་ཁ་ཅིག་ལ་ཡང་འཁྲུག་ལོང་འབྱུང་བའོ། །དང་པོ་ལས་ནི་ཁས་བླངས་པའི་བྱ་བ་ཕྱིར་བཅོས་སོ་ཞེས་བྱ་བ་ནི་ཕྱིར་འཕྲོས་པ་མེད་པར་འཁྲུག་ལོང་དུ་གྱུར་པའི་འོག་ཏུ་ལྟུང་བའི་ཕྱིར་རྩོད་པ་ནི་ཁས་བླངས་པའི་བྱ་བས་ཕྱིར་
བཅོས་པར་བྱ་སྟེ། ཁས་བླངས་པ་ཙམ་གྱི་དབང་གིས་བྱེད་པ་ནི་བྱ་བ་སྟེ་དེའི་ཕྱིར་བཅོས་པའི་མིང་ངོ་། །གཉིས་པ་ལས་ནི་མངོན་སུམ་གྱིས་འདུལ་བས་སོ་ཞེས་བྱ་བ་ནི་ཕྱིར་འཕྲོས་པ་དང་བཅས་པ་ཉི་ཚེ་བའི་འཁྲུག་ལོང་དུ་གྱུར་པ་གང་གི་འོག་ཏུ་ནི་མངོན་སུམ་གྱིས་འདུལ་བས་
ཕྱིར་བཅོས་ཏེ། འདི་ལ་རྒོལ་བ་དང་ལན་གྱི་ཚིག་དག་མངོན་སུམ་དུ་བྱུང་གི་གླེང་བ་པོས་དམ་བཅས་པ་ཙམ་གྱིས་འདི་ལ་རྣམ་པར་ངེས་པར་སྦྱིན་པ་མ་ཡིན་པར་རིག་པར་བྱའོ། །ཕྱིར་འཆོས་པར་བྱེད་པ་གང་ཡིན་པ་དེ་ནི་མངོན་སུམ་གྱིས་འདུལ་བར་བརྗོད་དོ། །དེ་ལྟར་ཡང་གང་
ཟག་ལ་གང་ཟག་གིས་གླེང་བར་བྱེད་ན་ཆོས་འདུལ་བས་མངོན་སུམ་དུ་སྲུང་བ་ཐོབ་པ་ཞེས་བྱ་བ་ལ་སོགས་པས་སོ། །གསུམ་པ་ལ་ནི་རྩྭ་བཀྲམ་པ་ལྟ་བུས་སོ་ཞེས་བྱ་བ་ནི་དགེ་འདུན་དུ་གཏོགས་པ་ཐམས་ཅད་ཕྱོགས་སུ་རྣམ་པར་གནས་པའི་དགེ་འདུན་དུ་གྱུར་པའི་དགེ་སློང་

ཐམས་ཅད་ཕྱིར་འཕྲོས་པ་དང་བཅས་པས་འཁྲུག་ལོང་གི་འོག་ཏུ་སྟེ། ཕྱིར་བཅོས་པ་ནི་རྩྭ་བཀྲམ་པའོ། །རྩ་བཀྲམ་ན་རྩྭ་ཐམས་ཅད་ཕན་ཚུན་ནས་རྩེ་སྤྲོད་དུ་ཉལ་བ་དང་འདྲ་བས་འདིའི་མིང་དེ་ཡིན་ནོ། །འདི་ལ་མང་པོ་དག་གི་དོན་དུ་དགེ་འདུན་མ་ཡིན་པ་ལ་
བཤགས་པར་བྱ་བ་དག་ནི་གཅིག་གིས་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི་ཉེས་པ་སྦོམ་པོ་དང་། དགེ་འདུན་ལྷག་མར་གཏོགས་པའི་ཉེས་པ་སྦོམ་པོར་དོར་ནས་དགེ་འདུན་ལ་བཤགས་པར་བྱ་བ་ཉིད་དོ། །དེའི་ཕྱིར་ལྟུང་བ་གཞན་རྣམས་ལ་འདི་གང་ཟག་མང་པོ་དག་གི་དོན་
གང་ཟག་གི་རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པར་བྱར་རུང་བ་ཞེས་བྱ་བའི་དོན་ཏོ། །དུ་མ་དག་ཅིག་ཅར་དུ་ཡང་ཞེས་བྱ་བ་ནི་འདིར་མང་པོ་དག་གི་དོན་དུ་ལྟུང་བ་དུ་མ་དག་ཅིག་ཅར་དུ་ཕྱིར་འཆོས་སུ་ཡང་རུང་བའོ། །གང་ཡིན་པ་ཞེས་སྨོས་པ་དང་ཤེས་པ་སྣང་བར་བྱས་པས་སོ་ཞེས་བྱ་
བ་ནི་གཞི་འདི་ལས་ཁྱེད་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང་། ཁོ་བོ་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ལྟུང་བའི་མིང་དང་རིགས་སྨོས་པས་གཞན་ལ་ལྟུང་བའི་རིགས་ཤེས་པ་སྣང་བར་བྱ་ཞིང་གོ་བར་བྱས་པས་ཕྱིར་བཅོས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་གཞན་གྱིས་
ཀྱང་མཐུན་པ་དེ་དག་ལའོ་ཞེས་བྱ་བ་ནི་གཞན་གྱིས་ཀྱང་བློ་གཅིག་ཏུ་གྱུར་པ་དེ་དག་ལ་དེ་ཕྱིར་བཅོས་པར་བྱའི་གཞན་གང་ལ་ཡང་མ་ཡིན་ནོ། །ཁས་མི་ལེན་པ་དང་དོན་མེད་པ་ལ་ནི་བཤགས་པའི་མི་འཆགས་སོ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ཁས་མི་ལེན་པ་དང་དོན་མེད་པར་ཁས་བླངས་པས་
འཆགས་པ་གང་ཡིན་པ་དེ་ལ་ནི་བཤགས་པ་མི་འཆགས་ཏེ། གང་ཞིག་ལྟུང་བ་བྱུང་བ་དག་ལ་ལྟུང་བ་མ་བྱུང་ངོ་ཞེས་ཁས་མི་ལེན་པ་དང་། ལྟུང་བ་མ་བྱུང་བ་དག་ལ་ལྟུང་བ་བྱུང་ངོ་ཞེས་ཁས་ལེན་པར་བྱེད་པ་ནི་ཆོས་མ་ཡིན་པའོ་ཞེས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །ལྷན་
ཅིག་གི་དངོས་པོས་གླེང་བ་ཉིད་དུ་རུང་ངོ་ཞེས་བྱ་བ་ནི་གང་ཟག་གིས་གང་ཟག་ལ་གླེང་བར་བྱེད་པ་དང་། གང་ཟག་གིས་གང་ཟག་གཉིས་ལ་དང་། གང་ཟག་གིས་གང་ཟག་མང་པོ་ལ་དང་། གང་ཟག་གིས་དགེ་འདུན་ལ་དང་། གང་ཟག་གཉིས་ཀྱིས་གང་ཟག་ལ་དང་། ཇི་སྲིད་

དགེ་འདུན་གྱིས་གང་ཟག་མང་པོ་ལ་དང་། དགེ་འདུན་གྱིས་དགེ་འདུན་ལ་གླེང་བར་བྱེད་ན་ཞེས་བྱ་བའི་བར་དུ་གླེང་བར་བྱེད་པའི་སྐབས་ལྷན་ཅིག་གི་དངོས་པོར་བསྟན་པ་དེ་དག་བསྡུའོ། །གླེང་བ་པོ་ཉིད་ཀྱང་དེ་བཞིན་ནོ། །འདི་ལ་གྲངས་ཀྱི་བྱེ་བྲག་ནི་ངེས་པ་མེད་དོ་ཞེས་བྱ་བ་
ནི་གླེང་བར་བྱ་བ་དང་གླེང་བ་པོ་གཉིས་ལ་གླེང་བར་བྱ་བ་ཇི་སྙེད་པ་དེ་སྙེད་པ་ཁོ་ནའི་གླེང་བ་པོ་དག་གིས་བྱ་བར་མ་ངེས་པའོ། །གླེང་བ་པོ་ལུས་དང་ངག་དག་གིས་བསྡམས་པ་ཉིད་དང་། སྡེ་སྣོད་དག་ཤེས་པ་ཉིད་དང་། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཆོས་དང་འདུལ་བ་ལོག་པ་དང་།
དེ་བཟློག་པ་དག་མི་སྟོན་པ་ཉིད་ཅེས་བྱ་བ་གསུམ་དང་ལྡན་པ་ལ་གུས་པར་བྱའོ་ཞེས་བྱ་བ་ལ། དེ་ལས་བཟློག་པར་ཞེས་བྱ་བ་ནི་ཆོས་དང་འདུལ་བ་མ་ཡིན་པ་ལས་ཏེ། ཆོས་ཀྱང་ཤེས་བྱ་རྣམ་པར་གཞག་པ་ལས་རིག་པར་བྱའོ། །འདུལ་བ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་
ཆོ་གའོ། །གླེང་བ་པོ་གང་ཞིག་ལུས་དང་ངག་དག་གིས་བསྡམས་པ་ཉིད་དང་། སྡེ་སྣོད་དག་ལ་མཁས་པ་ཉིད་དང་། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཆོས་དང་ཆོས་མ་ཡིན་པར་མི་སྟོན། ཆོས་མ་ཡིན་པ་ཆོས་སུ་མི་སྟོན་པ་དང་། འདུལ་བ་འདུལ་བ་མ་ཡིན་པར་མི་
སྟོན་པ་དང་། འདུལ་བ་མ་ཡིན་པ་འདུལ་བར་མི་སྟོན་པའི་གླེང་བ་པོ་འདི་ལྟ་བུ་ལ་གུས་པར་བྱའོ། །ཚུལ་ཁྲིམས་འཆལ་པ་དང་ལོག་པར་སྟོན་པ་ལ་མི་བྱའོ་ཞེས་བྱ་བ་ནི་གླེང་བ་པོ་ཚུལ་ཁྲིམས་འཆལ་པ་དང་། ཆོས་དང་འདུལ་བ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པར་
ལོག་པར་སྟོན་པ་ལ་ནི་མཐུན་པར་མི་བྱ་སྟེ། མི་བགྲང་ཞིང་སྨད་པ་དང་ཚིག་གིས་ཅུང་ཟད་ཀྱང་བསྒྲུབ་པར་མི་བྱའོ། །དགོས་པ་དང་ལྡན་པ་ཉིད་ཀྱིས་གླེང་བ་ལ་རྣམ་པ་གཞན་གྱིས་དེར་འདི་ལ་གླེང་བ་ལ་འཇུག་པ་ཞེས་བྱ་བ་ངེས་པར་ཤེས་པ་ལ་མཐུན་པར་བྱ་བའོ། །ངེས་པར་
ཤེས་པ་མེད་པ་ལ་འདི་ལ་གུས་པར་མི་བྱ་བ་ཉིད་དོ། །ཁ་ཅིག་ནི་ལོག་པར་སྟོན་པ་ལ་སྣང་བ་དང་། རབ་ཏུ་སྣང་བ་དེ་དཔྱད་པར་བྱ་ཞེས་ཟེར་བ་སྟེ། འཇོམས་པ་དང་རབ་ཏུ་འཇོམས་པ་མ་ཡིན་པར་ཞེས་བྱ་བར་སྨྲ་སྟེ་དེ་ནི་མི་རིགས་སོ། །འདི་ལྟ་བུའི་དོན་རྣམས་ལ་ཚུལ་

ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་ལས་གུས་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་མ་ཡིན་པ་སྡེ་སྣོད་དག་འཛིན་ཅིང་མི་ཤེས་པ་ལ་ནི་བློན་གདབ་པར་བྱའོ་ཞེས་བྱ་བ་ནི་གླེང་བ་པོ་ལོག་པར་སྟོན་པའི་རྣམ་པ་དེ་ལྟ་བུ་མ་ཡིན་པ་ལུས་
དང་ངག་དག་གིས་བསྡམས་པ་དེ་ལ་སྡེ་སྣོད་འཛིན་པ་པོ་སྟེ་མི་ཤེས་པ་ལ་བློན་གདབ་པར་བྱའོ། །མི་ཤེས་པ་ཉིད་ཀྱིས་གླེང་བར་བྱེད་པ་ལ་ཞེས་བྱ་བ་གང་དུ་ངེས་པར་ཤེས་པར་བྱ་བ་ལ་དེར་ལན་གདབ་པ་ངེས་པར་བྱའི་ཤེས་པ་ལ་གུས་པར་མི་བྱ་བ་ཉིད་དོ། །གང་ཞིག་གླེང་བ་པོ་
ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱའོ་ཞེས་ཇི་སྐད་བསྟན་པ་དེ་ལ་བརྟག་པ་ཙམ་ཡང་མི་བྱའམ་ཞེ་ན། དེའི་ཕྱིར། དེ་ལ་བསམ་པ་རྟོགས་པར་བྱ་བའི་ཕྱིར་བརྒལ་ཞིང་བརྟག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། སེམས་ཀྱི་སྤྱོད་པ་ནི་གཡོ་བ་ཡིན་པས་སྔར་སྡིག་པ་ལ་མ་ཞུགས་
སུ་ཟིན་ཀྱང་ཕྱིས་འཇུག་སྲིད་པས་དེའི་ཕྱིར་སེམས་ཀྱི་སྤྱོད་པ་བསྒོམ་པའི་ཕྱིར་བརྒལ་ཞིང་བརྟག་པར་བྱའོ། །བསམ་པ་རྟོགས་པར་བྱ་བ་ནི་འདིར་བསམ་པ་རྟོགས་པར་བྱ་བ་སྟེ། འདིའི་བསམ་པ་ཇི་ལྟ་བུས་ཞེས་བྱ་བ་དེའི་དོན་དུའོ། །ཇི་ལྟར་བརྒལ་ཞིང་བརྟག་པར་བྱ་ཞེ་ན། དེའི་
ཕྱིར་གནས་སུ་མི་གཞག་པས་སོ་ཞེས་བྱ་བ་སྨོས་ཏེ། འདི་ནི་ལོག་པའི་བསམ་པ་རྗེས་སུ་བརྩལ་བ་ཡིན་གྱི། ཡང་དག་པའི་བསམ་པ་རྗེས་སུ་བརྩལ་བར་བྱ་བ་ནི་མ་ཡིན་ནོ། །དུས་ལ་སོགས་པའི་གནས་སུ་གླེང་བའི་ཚིག་གིས་འཇོག་པར་མི་བྱེད་ན་ལོག་པར་གླེང་བ་ལ་ཞུགས་པར་ངེས་པ་ཡིན་
པས་དེའི་ཕྱིར། གནས་སུ་མི་འཇོག་ན་བསམ་པ་ལོག་པར་ཤེས་པར་བྱའོ། །གལ་ཏེ་གང་ཟག་དེ་ལ་བརྒལ་ཞིང་བརྟགས་པ་ན་དུས་ལ་སོགས་པའི་གླེང་བའི་ཚིག་འཇིག་པར་མི་བྱེད་ན་ཞེས་བྱ་བའོ། །གང་དུ་མི་འཇོག་ན་བསམ་པ་ལོག་པར་མཚོན་པར་བྱ་བའི་གནས་དེ་དག་
གང་ཞེ་ན་དེའི་ཕྱིར། གནས་སུ་ནི་དུས་དང་ཡུལ་དང་སྤྱོད་ལམ་དང་རྗེས་སུ་སྒྲུབ་པ་དག་གོ་ཞེས་བྱ་བ་སྨོས་ཏེ། དུས་ཞེས་སྨོས་པས་ནི་མཚན་མོ་བྱས་པས་གླེང་བ་དང་ཉིན་མོ་བྱས་པས་གླེང་བ་ལ་སོགས་པ་བསྡུས་སོ། །ཡུལ་ཞེས་སྨོས་པས་ནི་ལྐོག་ཏུ་བྱས་པ་དང་གསལ་

བར་བྱས་པ་དང་ལམ་དུ་བྱས་པ་དང་ལམ་གོལ་བར་བྱས་པ་དང་གྲོང་དུ་བྱས་པ་དང་དགོན་པར་བྱས་པ་ལ་སོགས་པ་བསྡུས་སོ། །སྤྱོད་ལམ་ཞེས་སྨོས་པ་ནི་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་ཉལ་བས་བྱས་པས་གླེང་བ་བསྡུས་སོ། །རྗེས་སུ་བསྒྲུབ་པ་ཞེས་སྨོས་པས་ནི་
ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་ཉེས་བྱས་སུ་བསྒྲུབ་པས་གླེང་བ་བསྡུས་སོ། །གནས་གཞན་དུ་འཕོ་བ་དང་། རྙོག་པ་ཅན་དུ་གྱུར་ན་གླེང་བ་མི་འཆགས་སོ་ཞེས་བྱ་བ་ནི་གལ་ཏེ་གླེང་བ་པོ་དེ་ལ་གལ་ཏེ་དེ་ལྟར་བརྒལ་ཞིང་བརྟགས་
པ་ན་གནས་ནས་གཞན་དུ་འཕོ་བ་དང་འཁྲུག་པའི་རྙོག་པ་ཅན་དུ་གྱུར་ན་དེའི་ཚེ། དེ་ལ་གླེང་བ་མི་འཆགས་པ་ཉིད་ཡིན་ཏེ། གླེང་བའི་བྱ་བ་མ་བྱས་པ་ཉིད་དང་། མ་བྱུང་བ་ཉིད་དང་མི་སྐྱེད་པ་ཉིད་ཡིན་ནོ། །དེ་ཡོད་པ་ན་གླེང་བ་ཉིད་དང་གླེང་བ་པོ་མེད་པ་ཉིད་ཡིན་ཏེ། དེ་ཉིད་ཀྱིས་འདིར་
དགོས་པ་འགྲུབ་པར་འགྱུར་ཏེ། དེ་ཡོད་ན་རྩོད་པ་ཉེ་བར་ཞི་བ་ཉིད་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་བས་ན་དེ་ལ་གླེང་བ་ལ་མི་འཆགས་སོ་ཞེས་སྨོས་སོ། །གླེང་བས་ཁས་བླངས་ན་མཐར་ཐུག་པ་ཡིན་ནོ་ཞེས་བྱ་བ་ནི། གང་ཟག་གང་ལ་གླེངས་པ་དེས་ལྟུང་བ་དེ་ཁས་བླངས་ན་དེ་
ནི་འདིར་རྩོད་པའི་མཐར་ཐུག་པ་ཡིན་ཏེ། ཁས་བླངས་ན་རྩོད་པ་དེ་ཉེ་བར་ཞི་བར་འགྱུར་རོ། །སྨྲ་བ་པོ་བདེན་པ་མཐོང་བ་ཉིད་དང་། ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ་ཁྱིམ་པ་ཡང་རུང་བ་གཞན་ཚད་མར་བྱའོ་ཞེས་བྱ་བ་ནི་འདིར་ཐམས་ཅད་ཉིད་དེ་དོན་ཚོལ་བ་དང་དོན་བརྗོད་པའི་
དབང་པོ་གླེང་བར་བྱ་བ་དང་། གླེང་བར་བྱེད་པ་སྨྲ་བ་པོ་ཉིད་ཀྱིས་གཟུང་བར་རིག་པར་བྱའི་ཆེ་བཞིར་གྱུར་པ་ཉིད་ཀྱིས་ནི་མ་ཡིན་ནོ། །རབ་ཏུ་བྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྨྲ་བ་པོ་བདེན་པ་མཐོང་བ་ཉིད་དམ་ཁྱིམ་པ་ཡང་རུང་བ་གཞན་དག་ཚད་མར་བྱས་ཏེ། འདི་ནི་མི་གཡོ་བའི་ཆོས་དང་ལྡན་
པ་ཉིད་ལ་དཔེ་ཙམ་དུ་རིག་པར་བྱ་སྟེ། ཡོན་ཏན་གཞན་གྱིས་ཀྱང་གང་ཞིག་བདེན་པ་ལས་མི་གཡོ་བ་དེ་ཡང་འདིར་བསྡུས་པ་ཉིད་དོ། །མི་གཡོ་བའི་ཆོས་བྱེད་པ་ལས་གཞན་གང་ཡིན་པ་དེ་ལ་ཡོན་ཏན་ལས་ཆོས་མཆོག་ཏུ་གྱུར་པ་ཉིད་ཚད་མར་བྱ་སྟེ། དེ་དག་ཆེ་བཞིར་དྲིའོ་ཞེས་བྱ་བའི་དོན་

ཏོ། །འདིར་གཞུང་ནི་སིལ་བུ་དག་ལས་བཙུན་པ་རེ་ཞིག་དགེ་སློང་གཉིས་ལ་ཐ་དད་པར་སྨྲ་བ་དང་འགལ་བར་སྨྲ་བ་དང་མི་མཐུན་པར་སྨྲ་བ་དག་བྱུང་བ་ན། གང་གི་ཚིག་གཟུང་བར་བགྱི། གང་ཚུལ་ཁྲིམས་དང་ལྡན་པའི་འོ། །གཉིས་ཀ་ཚུལ་ཁྲིམས་དང་ལྡན་ན་
གང་མང་དུ་ཐོས་པའི་འོ། །གཉིས་ཀ་མང་དུ་ཐོས་པ་ལགས་ན་གང་ཡང་དག་པར་བསྡམས་པའི་འོ། །གཉིས་ཀ་ཡང་དག་པར་བསྡམས་པ་ལགས་ན་གང་ཆེས་ཡང་དག་པར་བསྡམས་པའི་འོ། །གཉིས་ཀ་ཆེས་ཡང་དག་པར་བསྡམས་པ་ལགས་ན་དེ་ནི་གནས་མ་
ཡིན་སྐབས་མ་ཡིན་ཏེ། གལ་ཏེ་གཉིས་ཀ་ཆེས་ཡང་དག་པར་བསྡམས་པ་ལ་ཐ་དད་པར་སྨྲ་བ་དང་འགལ་བར་སྨྲ་བ་དང་མི་མཐུན་པར་སྨྲ་བ་དག་འབྱུང་བ་དེ་ནི་གནས་མེད་དོ་ཞེས་གསུངས་པ་ཡིན་ནོ། །གཞན་དང་བཅས་པ་ཉིད་ན་ཚིག་བསྟུན་པར་བྱའོ་ཞེས་བྱ་བ་ནི་ཆེ་བཞི་དེ་ལ་
གལ་ཏེ་གཞན་ཕ་རོལ་པོ་ཉེ་བར་གནས་པར་གྱུར་ན་གཞན་དེ་ལ་དྲི་བར་བྱ་བ་ཡིན་ཞིང་དེ་དང་ལྷན་ཅིག་དེའི་ཚིག་གོ་བར་བྱའོ། །མི་གཡོ་བ་རྙེད་པ་འདི་དག་གིས་འཁྲུལ་བ་མེད་པ་ཤེས་པར་བྱ་བའི་ཕྱིར་དེ་བསྐོའོ། །མ་རྙེད་པ་མི་གཡོ་བའི་ཆོས་དང་ལྡན་པ་ལ་མ་ཤེས་པ་ཤེས་པའི་དོན་
དུ་བསྐོ་བ་འདིའོ། །འདིར་གཞུང་ནི་བཙུན་པ་དགེ་བསྙེན་མ་དད་པ་ཅན་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ཏེ། འདི་སྐད་ཅེས་བཙུན་པ་དག་བདག་གིས་དགེ་སློང་ཞིག་རྒྱལ་རིགས་མོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པས་ཉམས་པར་བགྱིད་པ་མཐོང་ངོ་ཞེས་མཆི་ན། བགྱིད་
དུ་སྩལ་ཅིང་དེ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་བསྩལ་བར་བགྱིའམ་ཉེ་བ་འཁོར་མི་བྱ་སྟེ། དྲི་བར་བྱ་ཞིང་གལ་ཏེ་དེ་ན་སྲིང་མོ་གཞན་གང་ཞིག་ཀྱང་ཡོད་དོ་ཞེས་ཟེར་ན་གཉིས་ཀ་དྲི་བར་བྱའོ། །གལ་ཏེ་མཐུན་ན་དགེ་བསྙེན་མ་དད་པ་ཅན་གྱི་ཚིག་གིས་བྱེད་དུ་གཞུག་ཅིང་དེ་ལ་དེའི་ངོ་
བོ་ཉིད་ཚོལ་བ་དང་མཐུན་པ་ཡང་སྦྱིན་པར་བྱའོ། །གལ་ཏེ་འདིས་རྒྱལ་རིགས་མོ་དང་མི་ཚངས་པར་སྤྱོད་པ་མ་བྱས་ཀྱི། འདིས་བྲམ་ཟེ་མོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་བྱས་སོ་ཞེས་ཟེར་ན་དགེ་སློང་གིས་དམ་བཅས་པས་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །

ཐེ་ཚོམ་ཉིད་དུ་གྱུར་ན་ཤེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་འདི་དོན་གང་ལ་ཐེ་ཚོམ་ཉིད་དུ་གྱུར་པ་དེས་དོན་དེ་ཤེས་པ་ཉིད་མ་ཡིན་ཏེ། འདི་ལྟར་ངེས་པའི་ཤེས་པ་མ་བསྐྱེད་པའི་ཕྱིར་རོ། །གང་ལ་བརྗོད་པ་གཞན་ལ་གླེང་བར་བྱས་པ་ལ་དུས་མ་ཡིན་པར་ལི་ཁ་རའི་ཆུ་འཐུང་བ་ལ་སོགས་
པ་མཐོང་ནས་དཔང་པོ་དང་གླེང་བ་པོ་དག་གིས་ཅིག་ཤོས་བྱས་པར་ཐེ་ཚོམ་ཟ་བ་ཉིད་དུ་ཐོབ་པར་གྱུར་པ་ལ་དེས་བརྗོད་པར་གྱུར་པ་ལ་དེས་ཤེས་པ་དང་བྲལ་བ་ཉིད་སྐྱེ་བར་འགྱུར་རོ། །དེས་རྩོད་པ་དེ་ལ་རྣམ་པར་གཞག་པ་མེད་པར་དེ་བས་ན་འདི་ལ་དོན་གྱིས་བྱས་པའོ། །འདིར་ཐེ་
ཚོམ་ཟ་བར་གྱུར་པ་ཉིད་འདི་ནི་དཔེ་ཡིན་ཏེ་གཡོ་བའི་དབང་གིས་བརྗོད་པ་ལའོ། །ངག་གི་རྣམ་པར་འགྱུར་བ་ནི་རྙོག་པ་ལ་སོགས་པའོ། །ལུས་ཀྱི་རྣམ་པར་འགྱུར་བ་ངལ་བ་ནི་རྨྱ་བ་ཉིད་ལས་སོ། །དུ་མའི་རྣམ་པར་འགྱུར་བ་ངལ་བ་ནི་གླགས་རྙེད་ཅིང་གནས་པ་ལ་རྩོད་
པའོ་ཞེས་བྱ་བ་སུ་ཞིག་གིས་གླེང་བ་ལ་རང་ཉིད་ཀྱིས་གཡོ་བར་གྱུར་པ་ཁས་ལེན་པ་བསྒྲུབ་པ་དེ་ལ་ཡང་དེ་ཤེས་པ་ཉིད་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་དགེ་བསྙེན་མ་དད་པ་ཅན་གྱིས་དགེ་སློང་དུས་མ་ཡིན་པར་ལི་ཁ་རའི་ཆུ་འཐུང་བ་མཐོང་ནས། དེས་དགེ་སློང་
རྣམས་ལ་འདི་སྐད་ཅེས་བདག་གིས་དགེ་སློང་དུས་མ་ལགས་པར་སྐྱོ་མ་འཐུང་བ་མཐོང་ངོ་ཞེས་མཆི་ན། ཆོས་བཞིན་དུ་བགྱིད་དུ་སྩལ་ཅིང་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པར་བསྩལ་པར་བགྱིའམ་ཉེ་བ་འཁོར་མི་བྱ་སྟེ། ཇེ་དགེ་སློང་ལ་དྲི་བར་བྱ་ཞིང་གལ་ཏེ་འདི་སྐད་ཅེས་བདག་གིས་
ལི་ཁ་རའི་ཆུ་འཐུངས་སོ་ཞེས་ཟེར་ན་དགེ་སློང་གིས་དམ་བཅས་པས་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ངེས་པར་གྱུར་པ་ནི་ཁས་བླངས་པ་དང་འདྲའོ་ཞེས་བྱ་བ་ནི་དེ་ལྟར་རང་གིས་ཁས་བླངས་པ་དང་འདྲ་སྟེ། དེ་ལས་ཆོ་ག་ངེས་པར་བལྟ་བར་བྱའོ། །དེའི་ངོ་བོ་
ཉིད་ཚོལ་བ་ནི་གང་ལ་སྒྲུབ་པ་དེ་ལ་སྦྱིན་པར་བྱ་བ་ཉིད་མ་ཡིན་ནོ། །དེའི་རྒྱུ་མཚན་བརྗོད་པས་བསྟན་པར་བྱ་སྟེ། དེའི་ཕྱིར། ལྟུང་བའི་ཕྱིར་རྩོད་པ་འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་ལ་ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་

བྱེད་ན་དེ་ནི་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པའི་རྒྱུ་ཡིན་ཏེ། དེ་ལ་ཁས་བླངས་པས་ནི་ཡོད་པ་བསྟན་པ་ཡིན་ལ་ཁྱད་དུ་གསོད་པ་ནི་མེད་པ་སྟོན་པ་ཡིན་པའི་ཕྱིར་ངེས་པ་དང་བྲལ་བ་ནི་ཁྱད་དུ་གསོད་པ་ཡིན་ནོ་ཞེས་བྱ་བ་ལ། ཁྱད་དུ་གསོད་པ་ཞེས་བྱ་བ་ནི་གུས་པ་མ་
ཡིན་པའི་ཚིག་གིས་ཁྱད་པར་རྣམ་པ་གཞན་གྱིས་ཉེ་བར་བསྡུ་བ་བརྗོད་པ་ནི་ཉེ་བར་བསྡུ་བ་བརྗོད་པའོ། །འདི་ནི་མ་མཐོང་བ་ལ་བརྗོད་པ་ཡིན་ཏེ། དེ་ལ་ཡང་གནས་ནས་དབྱུང་བའི་ལས་བྱེད་པ་སྟེ་འོན་ཀྱང་ངེས་པའོ། །འདི་ལ་རྩོད་པ་སྒྲུབ་པ་ནི་ཁྱད་དུ་གསོད་པའོ། །དེ་ལྟ་ན་འདི་
ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་བྱེད་ན་རྒྱུ་ཡོད་པའི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་འགྱུར་རོ། །དགེ་འདུན་ལ་ཁས་བླངས་ནས་ཁྱད་དུ་གསོད་ན་ངེས་པར་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་ནོ་ཞེས་བྱ་བ་ནི་གང་ཞིག་དགེ་འདུན་ལ་ལྟུང་བ་ཁས་བླངས་ནས་
ཡང་ཁྱད་དུ་གསོད་པར་བྱེད་ན་དེ་ངེས་པར་ལྟུང་བ་དེ་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་པར་བྱ་སྟེ་འཛིན་དུ་གཞུག་གོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་དུ་དགེ་འདུན་མཐུན་པ་ལ་དེ་རང་གིས་ཁས་བླངས་པའི་དབང་གིས་རང་བཞིན་ཉམས་པ་ལ་ཞུགས་པ་སྐྱེས་པ་ཞེས་བྱ་བ་དེའི་
ངོ་བོ་ཚོལ་བ་ཉིད་ལས་རྒྱུ་རིག་པར་བྱའོ། །ཅིའི་ཕྱིར། འདིའི་མིང་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཞེས་བྱ་ཞེ་ན། དེའི་ཕྱིར། དེ་ནི་དེའི་ངོ་བོ་ཉིད་ཚོལ་བ་ལ་ཕན་པ་ཡིན་པའི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཚོལ་བར་བྱེད་པས་ན་ཚོལ་བའོ། །ལྟུང་
བ་དེས་དེའི་ངོ་བོ་ཉིད་ཚོལ་བ་ནི་དེའི་ངོ་བོ་ཉིད་ཚོལ་བའོ། །དེ་ལ་ཕན་པ་ཉིད་ནི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་ཉིད་དོ། །དེ་ནི་བསླབ་པ་བྱིན་པ་དང་ཡོངས་སུ་གནས་པ་དང་མགུ་བ་སྦྱིན་པ་ལ་སོགས་པས་ས་གཞན་ན་གནས་པ་ཁས་བླངས་པའི་ཚུལ་ཡང་ཡིན་པར་
བལྟ་བར་བྱ་སྟེ། གང་གི་ཕྱིར་འདི་བླངས་པས་དེའི་ངོ་བོ་ཉིད་ཚོལ་བར་བྱེད་པ། ལྟུང་བ་དེའི་ངོ་བོ་ཉིད་ཡོངས་སུ་ཤེས་ན་དགེ་འདུན་གྱིས་དེ་ལ་བཟོད་པར་བྱས་ཤིང་དེའི་འོག་ཏུ་རང་བཞིན་དུ་གནས་པ་ཉིད་དུ་འགྱུར་བ་ཡིན་ནོ། །ཁ་ཅིག་གིས་འདི་ནན་ཏུར་གྱི་ཚུལ་དུ་བསྟན་ཏོ་ཞེས་བྱ་བ་

ནི་ཇི་ལྟར་བསྡིགས་པ་ལ་སོགས་པའི་ནན་ཏུར་གྱི་ལས་མི་འདོད་བཞིན་དུ་དགེ་འདུན་གྱིས་བྱེད་པ་དེ་བཞིན་དུ་འདི་ཡང་དགེ་འདུན་གྱིས་སྦྱིན་པ་ཡིན་པས། ཁ་ཅིག་གིས་ནན་ཏུར་གྱི་ལས་ཀྱི་ངོ་བོ་འདི་སྟོན་ཅིང་འདོད་པ་ལ་སོགས་པའི་ངོ་བོས་ནི་མ་ཡིན་ནོ་ཞེས་ཟེར་ཏེ། དགེ་འདུན་ཐམས་
ཅད་འདུག་ཅིང་མཐུན་པར་གྲུབ་པའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱ་བ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དགེ་སློང་ཤི་རི་ཀ་འདི་དགེ་འདུན་གྱི་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་གྱི། དགེ་སློང་ཤི་རི་ཀ་ཉིད་ཀྱིས་རྒན་པའི་
མཐར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ཤི་རི་ཀ་དགེ་འདུན་གྱི་དབུས་སུ་ཞེས་བྱ་བ་ནས། ཐུགས་བརྩེ་བའི་སླད་དུ་བདག་ལ་དེའི་ངོ་བོ་ཉིད་ཚོལ་