Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 161

Văn bản gốc(Tây Tạng)

Trang 10 / 19 (50.000 ký tự/trang)
བྱ་བ་ནི། སྐབས་འགའ་ཙམ་གཞག་པའི་སྐབས་དགག་པ་ནི་སྔར་བྱས་ཟིན་པས། དེ་ནི་མཛོད་དུ་གྱུར་པའི་
གནས་གང་ཡིན་པ་དེའི་དགག་པ་ཡིན་ནོ། །དེའི་དོན་དུ་གདང་བུ་བཅའོ་ཞེས་བྱ་བ་ནི་ཆོས་གོས་གཞག་པའི་དོན་དུའོ། །དེའི་དོན་དུ་སྦུབས་ཁུང་བྱའོ་ཞེས་བྱ་བ་ནི་བཅའ་བའོ། །དེའི་དོན་དུ་ཞེས་བྱ་བ་ནི་ཆོས་གོས་ཀྱི་གདང་བཅའ་བ་དེའི་དོན་དུའོ། །གང་གི་ཚེ་ཞེ་ན། དེའི་ཕྱིར་གཙུག་ལག་ཁང་རྩིག་པའི་ཚེ་ནའོ་ཞེས་

བྱ་བ་སྨོས་ཏེ། གལ་ཏེ་དུས་དེ་ལ་སྦུབས་ཁུང་དེ་གདོད་པར་བྱའི། །བརྩིགས་ཟིན་པའི་འོག་ཏུ་མི་བྱའོ། །རྩིག་པའི་སྟེང་ནས་དབུག་པར་བྱ་བའམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་བྱས་ཟིན་ན་བུ་གུ་མི་བྱའོ་ཞེས་བྱ་བ་སྨོས་ཏེ། གཙུག་ལག་ཁང་ལ་ཞེས་བྱ་བ་ལ། འདི་ལ་གཙུག་ལག་
ཁང་བརྩིགས་ཟིན་ན་ཞེས་བྱ་བར་སྦྱར་རོ། །གཙུག་ལག་ཁང་ནི་དཔེ་ཙམ་ཡིན་ཏེ། ཁང་ཁྱིམ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་གདང་བུའི་སྦུབས་ཁུང་བཅའ་བའོ། །དེ་ནི་ཤིང་བུའམ་ཐག་པས་འགྲུབ་པོ་ཞེས་བྱ་བ་ནི། གདང་བུ་དེ་བྱ་བ་ཉིད་ལ་འབྲས་བུ་མ་ཉམས་པར་གཞག་པ་ལ་དགོན་པ་རྣམས་སུ་དེ་
གསུངས་ཏེ། ཡོད་པ་ཙམ་ཉིད་ལས་དེ་རྣམས་ལ་བསྟན་པ་རྣམ་པར་གནས་པ་ཡིན་ནོ། །དེ་རྣམས་ཀྱིས་སམ་གཞན་རྣམས་ཀྱིས་ཀྱང་བྱེད་པ་མ་ཡིན་ཏེ། དེ་ལ་མ་ཡིན་ནོ་ཞེས་བྱ་བ་དེ་གཙོ་བོ་སྙམ་པ་ལ་དེ་སྐད་ཅེས་སྨོས་སོ། །གཏུར་བུར་གོས་དག་བསྐུར་ན་བཟང་ངོ་ཞེས་བྱ་བ་ནི་ཆོས་གོས་དག་
ཆུད་ཟ་བར་འགྱུར་བ་སྤོང་བ་དང་འབྲེལ་བའི་ཕྱིར་དེ་ཞུགས་པའོ། །དེ་བྱའོ་ཞེས་བྱ་བ་ནི་གཏུར་བུ་དེ་ལའོ། །ཁྲུ་གསུམ་དང་ཕྱེད་དང་གསུམ་གཉིས་བལྟབ་ཏུ་བྱས་ཏེ་བཙེམ་མོ་ཞེས་བྱ་བ་ནི་སྲིད་དུ་ནི་ཁྲུ་གསུམ་མོ། །ཞེང་དུ་ནི་ཁྲུ་ཕྱེད་དང་གསུམ་ལས་གང་གི་ཚད་དེ་ཉིས་བལྟབ་ཏུ་བྱས་པ་ནི་ཞེང་དུ་ཡིན་
གྱི། སྲིད་དུ་མ་ཡིན་པ་ནི་དོན་གྱིས་གོ་བར་བྱའོ། །དབུས་སུ་ཁ་གདོད་དོ་ཞེས་བྱ་བ་ནི་གཏུར་བུ་དེའིའོ། །དེར་ཁ་རན་སྦུ་གུ་ཅན་དུ་བྱའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་ཁར་རོ། །ཁ་རན་སྦུག་གུ་ཅན་ཅི་ལས་བྱ་ཞེ་ན། དེའི་ཕྱིར་ཐ་གུ་ལས་སོ་ཞེས་བྱ་བ་སྨོས་སོ། །ཁ་རྒྱུན་གཞན་ཡང་ངོ་ཞེས་བྱ་བ་ནི་
ཐ་གུས་སོ། །སྤྱད་པར་བྱ་བ་དག་སྟེང་དུ་གཞུག་གོ་ཞེས་བྱ་བ་ནི་གོས་རྣམས་ལའོ། །སང་འགྲོ་བར་འགྱུར་བ་ཉིད་ན་བླ་མ་ལ་ཞུས་ཏེ་གནང་ན་འགྲོ་བར་བྱའོ། །རང་གི་གནས་སུ་ཆག་ཆག་ལ་སོགས་པ་བྱས་ཏེ་ཞེས་བྱ་བ་ནི་གནས་ཁང་ན་གནས་པ་དེ་ནི་འདིར་དེའི་རང་གི་ཞེས་བྱ་བ་སྨོས་སོ། །དེར་
གང་གིས་ཆག་ཆག་ལ་སོགས་པ་བྱས་པ་དེའི་ནི་རང་གི་གནས་དེར་ཆག་ཆག་ལ་སོགས་པ་བྱས་པའོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི་ཕྱག་དར་དང་ལྕི་བ་འཇམ་པོས་བྱུག་པ་དག་བསྡུའོ། །མ་མོ་ལས། འགྲོ་བར་འགྱུར་བ་ཞེས་བྱ་བའི་ཚིག་འདིའོ། །ལམ་དུ་ཆོས་དང་ལྡན་པའི་གཏམ་

གྱིས་སམ། འཕགས་པའི་མི་སྨྲ་བ་ཉིད་ཀྱིས་འགྲོ་བར་བྱའོ། །ངལ་བསོ་བའི་གནས་སུ་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ནོ། །ཆུ་བཅུས་པར་ཡང་ངོ་ཞེས་བྱ་བ་ནི་གནས་སུ་དྲང་སྲོང་གིས་གསུངས་པའི་ཚིགས་སུ་བཅད་པ་གདོན་པའོ། །སུའི་ཕྱིར་ཞེ་ན། དེའི་ཕྱིར་ཆུ་གང་གི་ཡིན་
པ་དེའི་ཕྱིར་རོ། །ལྷ་རྣམས་ཀྱི་ཕྱིར་ཡང་ངོ་ཞེས་བྱ་བ་ནི། ཆུ་བཅུས་པའི་གནས་སུ་ཡང་དྲང་སྲོང་གིས་གསུངས་པའི་ཚིགས་སུ་བཅད་པ་གཞན་གདོན་ནོ་ཞེས་བྱ་བ་ནི་ཆུའི་ལྷ་རྣམས་ཀྱི་ཕྱིར་ཞེས་བྱ་བ་དོན་གྱིས་རྟོགས་པའོ། །གནས་པར་རྒྱུན་ཆགས་གསུམ་པའོ་ཞེས་བྱ་བ་ནི་ཞག་ཏུ་གནས་པའི་གནས་སུ་
རྒྱུན་ཆགས་གསུམ་པ་གདོན་པར་བྱའོ། །དཔྱང་ཐག་བཅང་བར་བྱའོ། །དེའི་ཚད་ཀྱིའོ་ཞེས་བྱ་བ་ནི་ཁྲོན་པ་དེའི་འོ། །ཁྲུ་བརྒྱ་ཡན་ཆད་ནས་བརྒྱ་ལྔ་བཅུ་མན་ཆད་དོ། །ཁ་ཅིག་ལས་ནི་ཡུལ་གྱི་རྗེས་སུ་མཐུན་པའོ་ཞེས་སོ་ཞེས་བྱ་བ་ནི་ཁ་ཅིག་ནི་ཚིགས་སུ་བཅད་པ་རྣམས་ལ་འདོད་དོ། །དེ་མེད་པར་ཞེས་
བྱ་བ་ནི་ཁྲོན་པའི་ཆུ་དེའོ། །ཁྲོན་པའི་ཆུ་མ་ཡིན་པ་དཀོན་པའི་ཡུལ་དུ་ཀུན་དུ་རྒྱུ་བར་མི་བྱའོ་ཞེས་བྱ་བ་ལ། ཁྲོན་པའི་ཆུ་མ་ཡིན་པ་ལ་ནི་འབབ་ཆུ་ལ་སོགས་པའི་ཆུ་ཕྱོགས་གང་ན་རྙེད་པར་དཀའ་བ་དེའི་ཁྲོན་པའི་ཆུ་མ་ཡིན་པ་དཀོན་པའི་ཡུལ་ལོ། །ལམ་དུ་འགྲོ་བས་ཆོས་གོས་སྤྲུགས་ཤིང་ཁྲུས་བྱས་
པའམ། རྐང་ལག་བཀྲུས་ཏེ་ཆུ་ཐོགས་ནས་མཆིལ་ལྷམ་ཕྱིས་ཤིང་ཆོས་གོས་གསུམ་གྱོན་ཏེ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པར་བྱའོ་ཞེས་བྱ་བ་ནི་སིལ་བུ་དག་ལས་འདི་བསྟན་ནོ། །རྒན་རིམས་བཞིན་ལ་ཕྱག་བྱས་ནས་ཐ་མལ་པའི་ཕྱོགས་སུ་བསྡད་པར་བྱའོ་ཞེས་བྱ་བ་ནི་ཐ་མལ་པའི་ཕྱོགས་ལྐོག་ཏུ་
གྱུར་པ་མ་ཡིན་པ་དགེ་སློང་ཐམས་ཅད་འདུན་པ་གང་ཡིན་པ་དེར་བསྡད་པར་བྱའོ། །སྒྲ་བསྐྱུང་བ་དང་མཛེས་པ་དང་ཤིན་ཏུ་བསྡམས་པ་དང་སྤྱོད་ལམ་རན་པར་རོ་ཞེས་བྱ་བ་ནི། ཤིན་ཏུ་བསྡམས་པ་དང་སྤྱོད་ལམ་རན་པར་རོ། །འདིར་ནི་མ་མོ་དག་ལས། ཐ་མལ་པའི་ཕྱོགས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
མི་ཤེས་ན་ཞེས་བྱ་བ་ནི། འདིར་སིལ་བུ་དག་ལས། དེ་ལ་སོགས་པ་བྱའོ་ཞེས་གསུངས་པ་ཡིན་ནོ། །རྒྱུས་ཤེས་པ་དང་ལྡན་པས་བསུ་བར་བྱའོ་ཞེས་བྱ་བ་ནི་གང་གིས་དེའི་རྒྱུས་ཤེས་པ་ནི་དེ་ལ་འདི་ནི་ཆེ་གེ་མོ་ཞིག་ནས་འོངས་སོ། །ཆེ་གེ་མོ་ཞིག་གི་ལྷན་ཅིག་གནས་པ་དང་ཉེ་གནས་ཡིན་ནོ་ཞེས་དེས་བསུ་ཞིང་

རང་གནས་སུ་ངལ་བསོར་གཞུག་པ་དང་ཆམ་དུ་དབབ་པར་བྱའོ། །རྒྱུས་ཀྱི་སྒྲས་ནི་དེ་ཤེས་པ་བརྗོད་པ་ཡིན་ཏེ། དེ་གང་ལ་ཡོད་པ་དེས་ཞེས་བྱ་བའི་དོན་ཏོ། །མི་ཤེས་ན་མུ་གཅིག་པ་ཡིན་ཡང་བསུ་བར་མི་བྱའོ་ཞེས་བྱ་བ་ནི་གཞན་དུ་མུ་གཅིག་པ་དང་བསུ་བར་མི་བྱ་བ་འབའ་ཞིག་ཏུ་མ་ཟད་
དོ། །སྒོ་ཆོད་ཅིག་ཚོལ་ན་མ་སྦྱིན་ཅིག་ལེན་ན་བཟློག་ཅིག་ཅེས་བཅོལ་བ་ཁས་བླངས་ནས་ཡལ་བར་བོར་རམ། འདི་ཁོ་བོའི་གྲོགས་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཡིད་གཅུགས་པའི་དངོས་པོ་ཉིད་དུ་བསྒྲུབས་པ་ལ་བརླག་པར་གྱུར་ན་གཞལ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། ཇི་ལྟར་ཡིད་
གཅུགས་པའི་དངོས་པོ་ཉིད་དུ་བསྒྲུབས་པ་ལས་ཡིན་ཞེ་ན། དེའི་ཕྱིར་འདི་ཁོ་བོའི་གྲོགས་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ཁས་བླངས་ནས་ཡལ་བར་བོར་ན་རྣམ་པ་འདི་གཉིས་ནི་གཉུག་མར་གནས་པ་དང་། གློ་བུར་དུ་འོངས་པ་གཉིས་ཀ་ལ་བྱེ་བྲག་མེད་པ་ཉིད་དུ་ཤེས་པར་བྱ་སྟེ། དེའི་ཕྱིར་
ཡིད་ཆེས་པ་ལ་བརྟེན་པར་བྱའོ་ཞེས་བྱ་བ་སྨོས་སོ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་གཞན་གྱིས་མི་ཤེས་པའི་བྱེ་བྲག་བརྟག་པ་ནི་ཐབས་ཡིན་ནོ། །དབུལ་བར་བྱ་བ་ལྟུང་ནའོ་ཞེས་བྱ་བ་ནི་དབུལ་བར་བྱ་བའི་དངོས་པོ་ལེན་པར་བྱེད་པའི་ལག་ཏུ་མ་སོང་བར་འབབ་ཆུ་ལ་སོགས་པའི་ནང་དུ་ལྷུང་ནས་འཛིན་མ་ནུས་ན་ཞེས་བྱ་བ་དོན་གྱིས་
རིག་པར་བྱའོ། །ཅི་རྣམ་པ་ཐམས་ཅད་དུའམ་ཞེ་ན། དེའི་ཕྱིར་གལ་ཏེ་མ་བླངས་པར་བཏང་ནའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གང་ལ་དབུལ་བ་དེས་མ་བླངས་པར་འབུལ་བར་བྱེད་པས་བཏང་ན་ནི་དེས་ན་འབུལ་བར་བྱེད་པས་གཞལ་བར་བྱ་བ་ཉིད་མ་ཡིན་ནོ། །དེ་ལ་བག་མེད་པར་མི་འགྱུར་བར་བྱ་བའི་ཕྱིར་དྲི་བར་བྱའོ་
ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་མ་བླངས་པ་དེ་ལའོ། །ཁྱོད་ཀྱིས་ཟིན་ཏམ་འོན་ཏེ་མ་ཟིན་ཅེས་བྱ་བའི་ཚིག་གིས་ཐ་སྙད་དུ་བྱ་བའོ། །དེའི་ཕྱིར་ཟིན་ཏམ་མ་ཟིན་ཅེས་བརྗོད་ན་ཟིན་པ་ཉིད་དུ་རྣམ་པར་གཞག་པར་བྱའོ། །བརྙས་པ་མི་གཙང་བས་མ་རུང་བར་འགྱུར་བ་བཀྲུ་བ་ལ་སོགས་པས་སེམས་གཟུང་
བར་མ་གྲུབ་ན་རིན་སྦྱིན་ནོ་ཞེས་བྱ་བ་ནི། གང་གི་ཕྱིར་དེ་སོན་པ་ལ་སྨོས་ཏེ། གཞན་དུ་ཡང་ཆོ་ག་འདི་སྦྱར་བ་ཞེས་བྱ་བ་བྱེ་བྲག་མ་སྨོས་པའོ། །ཞར་ལ་བྱུང་བའི་སྐབ་སོང་ཟིན་ཏོ།། །།རྒྱུས་ཤེས་པ་དང་ལྡན་པས་བསུ་བར་བྱའོ་ཞེས་གང་སྨོས་པ་དེ་ལ་ཇི་ལྟར་བསུ་བར་བྱ་ཞེ་ན་ལྷུང་བཟེད་དང་ཆོས་

གོས་བླང་བར་བྱའོ། །སྟན་གདིང་བར་བྱའོ། །རྐང་པ་བཀྲུ་བར་འགྲོན་དུ་གཉེར་བར་བྱའོ། །ཆུས་ཀྱང་ངོ་ཞེས་བྱ་བ་ནི་བཏུང་བའི་དོན་དུ་ཆུས་འགྲོན་དུ་བསྙེན་པར་བྱའོ་ཞེས་བྱ་བ་དོན་གྱིས་རྟོགས་པར་བྱའོ། །ཕྱག་བྱའོ། །སྤྱོད་པ་བདེའམ་འདྲིའོ། །ཅི་ནུས་ཀྱིས་ཡང་དག་པར་དགའ་བར་འགྱུར་བར་བྱའོ། །
གནས་མལ་རྐྱེན་དུ་འབབ་པ་སྦྱིན་ནོ་ཞེས་བྱ་བ་ནི་མ་མོ་དག་ལས་མཐུན་པས་ལྷུང་བཟེད་དང་ཆོས་གོས་ཞེས་བྱ་བ་ལ་སོགས་པའོ། །དགེ་འདུན་གྱི་གནས་བརྟན་གྱི་གན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་གློ་བུར་བའོ། །ཚིག་དེ་ནི་གློ་བུར་བ་ལམ་དུ་མི་འགྲོ་བ་དག་གི་ཕྱིར་གསུངས་པ་ཡིན་ནོ། །དེས་དེ་གནས་འཆའ་བ་
ལ་སྦྱར་བར་བྱའོ་ཞེས་བྱ་བ་ལ། དེས་དེ་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་དེས་སོ། །དེ་ལ་ཞེས་བྱ་བ་ནི་གློ་བུར་དུ་འོངས་པ་དེ་ལའོ། །གལ་ཏེ་རྒན་ན་དེ་གནས་མལ་བསྟབས་པའི་ཕྱིར་དེའི་དགེ་སྐོས་ལའོ་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་གྱིས་གནས་མལ་སྟོབས་པའི་དགེ་སྐོས་ལ་བསྒོ་བར་བྱའོ། །
བབ་ཅོལ་དུ་གནས་མལ་གསོལ་བར་མི་བྱའོ་ཞེས་བྱ་བ་ལ། འདི་ནི་མ་མོ་དག་ལས་ལེགས་པར་སོ་སོར་བརྟགས་ཏེ་མནོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གློ་བུར་དུ་འོངས་པའི་སྐབས་སོང་ཟིན་ཏོ།། །།ཆོས་གོས་ཀྱི་མཐའ་ཟེགས་ན་མཐའ་སྐོར་གྱིས་གླན་ཞིང་ཕྱིར་བཅོས་སོ། །སྨྱུང་ཚམས་ལྟ་བུ་
དག་གིས་དེའི་གཟུངས་གདབ་པོ་ཞེས་བྱ་བ་ནི་མཐའ་སྐོར་བསྡུས་པའོ། །རོའི་གོས་ནི་བླ་གབ་མེད་པར་ཞེས་བྱ་བ་སྨོས་ན་ཕྱོགས་གང་དུ་ཞེ་ན། དེའི་ཕྱིར། ཤིང་ལྗོན་པ་ལ་སོགས་པའི་སྟེང་དུའོ་ཞེས་བྱ་བ་སྨོས་སོ། །ཉི་མ་བདུན་ནམ་བརྒྱད་དམ་ཁ་ཅིག་ལས་ལྔའམ་དྲུག་བཞག་སྟེ་ཞེས་བྱ་བ་སྨོས་སོ། །དེ་ལྟར་
རོའི་གོས་ལའོ། །གོས་འཁྲུར་བཅུག་ནས་སྤྱད་པར་བྱའོ། །བདག་དུར་ཁྲོད་པའོ་ཞེས་གོ་བར་བྱས་ནས་ཞེས་བྱ་བ་ལ་གོ་བར་བྱས་ནས་ཞེས་བྱ་བ་ནི་བརྗོད་ན་དོན་གང་ལ་ཡིན་ཞེ་ན། དེའི་ཕྱིར་བདག་དུར་ཁྲོད་པའོ་ཞེས་འབོད་ནའོ། །གཙུག་ལག་ཁང་དང་ཁྱིམ་བདག་ཏུ་འཇུག་པར་བྱའོ། །དུར་ཁྲོད་པས་བདག་
གིར་བྱ་བ་མ་བཏང་བ་ལ་ཡང་སྤྱད་པ་བསྟེན་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་དེ་སྐད་ཅེས་བརྗོད་པ་ན། བདག་གིར་བྱ་བ་མ་བཏང་བ་ལ་ཡང་དེ་ལྟར་ལོངས་སྤྱོད་པ་ཉིད་ཀྱིས་བསྟེན་པར་བྱ་བའི་དོན་ཏོ། །ཁྱིམ་གྱི་སྒྲས་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་པ་གཟུང་བར་རིག་པར་བྱའོ། །གང་གིས་ལོངས་སྤྱད་པར་བྱ་ཞེ་ན།

དེའི་ཕྱིར་བདག་གིར་བྱ་བ་མ་བཏང་བར་ཡང་ཞེས་བྱ་བ་སྨོས་ཏེ། དེའི་ལྷུང་བཟེད་ལ་རེག་པ་ཡོངས་སུ་མ་བཏང་ཞིང་སྦྱིན་པ་གང་ཡིན་པ་དེ་ལ་ཞེས་བྱ་བའི་དོན་ཏོ། །དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི་དུར་ཁྲོད་པས་སོ། །མཆོད་རྟེན་ལས་འདོམ་གང་ཙམ་གྱིས་འགྱེད་
དོ་ཞེས་བྱ་བ་ཡང་དུར་ཁྲོད་པས་སོ། །སྦྲང་ཡབ་བཅང་བར་བྱའོ་ཞེས་བྱ་བ་ལ། དེ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་བལ་ལས་བྱས་པ་དང་། ཤ་ན་ལས་བྱས་པའི་རས་མའམ་འདབ་མའི་དོག་པའོ། །གླང་པོ་ཆེ་དང་རྟ་དང་བ་ལང་གི་སྤུ་ལ་སོགས་པ་ལས་བྱས་པ་མི་རུང་ངོ་ཞེས་བྱ་བ། སྦྲང་བུ་དག་གསོད་པའི་
བདག་ཉིད་གང་ཡིན་པ་དེ་ཡང་འདིར་བཀག་པ་ཡིན་ནོ། །བལ་ལ་སོགས་པ་ནི་དཔེ་ཙམ་དུ་ཟད་ཀྱི། དེ་བས་ན་གཞན་ཡང་རྟོགས་པར་བྱའོ། །འདིར་ཡང་སྦྲང་སྐྱབས་ནི་དོན་མཚུངས་པ་ཉིད་དེ་དེའི་ཕྱིར་དེ་དང་བཅས་པར་སྨོས་པར་གྱུར་ཅིག་ཅེས་བྱ་བ་འདིར་འདི་རྣམ་པར་གཞག་པའོ། །ཐམས་ཅད་དུ་
གང་ཟག་གིས་འཁར་བ་རྩི་ཅན་ཉིད་དང་ཁྲ་བོ་ཉིད་མི་རུང་ངོ་ཞེས་བྱ་བ་ལ། ཐམས་ཅད་དུ་ཞེས་བྱ་བ་ནི་སྦྲང་ཡབ་ཀྱི་ཡུ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་གཞན་ཐམས་ཅད་ལ་ཡང་ཕྱོགས་གཅིག་ཏུ་གྱུར་པ་དང་ཡན་ལག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །སྦྲང་སྐྱབས་ཀྱང་ངོ་ཞེས་བྱ་བ་ཡང་བཅང་བར་བྱའོ་
ཞེས་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར། ཤིང་བུའི་སྟེང་དུ་རས་ཀྱིས་གཡོགས་པའོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཤིང་བུལ་གཡོགས་པར་བྱ་ཞེ་ན། དེའི་ཕྱིར་བཅིངས་པས་སོ་ཞེས་སྨོས་སོ། །རས་ཇི་ཙམ་ཞིག་ཅེ་ན། ཁྲུ་བཞི་དང་དོ་པའོ་ཞེས་སྨོས་ཏེ། སྲིད་དུ་ཁྲུ་བཞི་ལ་ཞེང་ཁྲུ་དོ་པའི་ཚད་གང་ལ་ཡོད་པའི་
ཞེས་བྱ་བའི་དོན་ཏོ། །རས་ཁྲུ་བཅུ་གཉིས་པས་གཡོག་གོ་ཞེས་བྱ་བ་ལ། ཇི་ལྟར་གཡོགས་པར་བྱ་ཞེ་ན། དེའི་ཕྱིར་འབྱར་བ་དང་བཅས་པར་རོ་ཞེས་བྱ་བ་སྨོས་ཏེ། རས་ཀྱི་མཐའ་མ་རྣམས་འབྱར་བ་ཞེས་བྱ་བ་འདི་སྐབས་ཉིད་ཀྱི་ཕྱིར་ཤེས་པར་བྱའོ། །དེའི་མ་མཐའ་ནི་མལ་ཆས་སྦྱར་རོ་ཞེས་བྱ་བ་ལ། དེའི་ཞེས་
བྱ་བ་ནི་གཡོགས་མའི་རས་དེ་ལའོ། །སྒོ་བསེགས་ཁར་འདོད་དོ་ཞེས་བྱ་བ་ནི། སྦྱང་སྐྱབས་ཀྱི་སྒོ་སྣོལ་མར་འདོད་པའོ། །ཚ་བར་ནི་བསིལ་བ་སྦྱར་རོ། །བསིལ་ཡབ་བཅང་བར་བྱའོ་ཞེས་བྱ་བ་ལ། རླུང་བསྐྱབ་པར་བྱའོ་ཞེས་བྱ་བ་ནི་བསིལ་ཡབ་བོ། །འདིར་བཅོས་མ་ཉིད་ནི་གཙོ་བོ་སྟེ། གང་ཟག་ནི་མ་ཡིན་

ནོ། །དེ་བས་ན་མ་ཞེན་པར་བྱས་པ་ནི་འདིར་མ་བསྡུས་པ་ཉིད་དོ། །བསིལ་ཡབ་མཁན་གྱིས་བྱས་པ་དང་། ཏ་ལའི་ཆང་བུའོ་ཞེས་བྱ་བ་ནི་སྐྱེད་པའི་ཆ་བྱད་ནི་ཏ་ལའི་ལོ་མའི་ཚོགས་ཡིན་པའི་ཕྱིར་རོ། །ཁྲ་ཁྲ་བོ་མི་རུང་ངོ་ཞེས་བྱ་བ་ལ། འདི་ན་དབྱིག་པར་གཏོགས་པའི་ལུས་སྤྱི་ལ་བསྙེགས་ཏེ། དེའི་ཕྱིར་ལྷག་
མའི་དོན་དུ་འདིའོ། །དགེ་འདུན་གྱིས་ནི་གཞན་ཡང་ངོ་ཞེས་བྱ་བ་ལ། དགེ་འདུན་གྱིས་ནི་བསིལ་ཡབ་མཁན་གྱིས་བྱས་པ་དང་ཏ་ལའི་ཆང་བུ་ལས་གཞན་ཀོ་ལྤགས་ལས་བྱས་པ་དང་རྨ་བྱའི་གཤོག་པ་ལ་སོགས་པ་ལས་བྱས་པ་དང་། ཁྲ་ཁྲ་བོ་མ་ཡིན་པ་ལས་གཞན་པ་ཁྲ་ཁྲ་བོར་འདུག་པ་དང་། ཡུ་བ་
རྩི་ཅན་དང་ཁྲ་བོ་ཡང་བཅང་བར་བྱའོ་ཞེས་ཏེ་དབྱུག་པ་དེ་ལྟ་བུ་ནི་གང་ཟག་ལ་བཀག་པར་རིག་པར་བྱའོ། །ནོར་བུ་དང་རྔ་མའི་བསིལ་ཡབ་རྙེད་ན་མཆོད་རྟེན་ལ་དབུལ་ལོ་ཞེས་བྱ་བ་ནི་དེའི་ཆེད་དུ་འདི་རྙེད་པར་གྱུར་པ་བླངས་པ་ཞེས་བྱ་བར་འདིར་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ནི་མ་མོ་དག་ལས་སོ། །མཆོད་
རྟེན་ཀུན་ལ་ཡིན་ནམ་ཅི་སངས་རྒྱས་ཁོ་ནའི་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ཉན་ཐོས་ཀྱི་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་འབའ་ཞིག་ཏུ་མ་ཟད་དོ། །འདིར་གཞུང་ནི་དགེ་སློང་གིས་རྔ་མའི་བསིལ་ཡབ་ནོར་བུ་ཅན་བཅང་བར་མི་བྱའོ། །ཇི་སྟེ་རྙེད་ན་བླངས་ཏེ་སངས་རྒྱས་ཀྱི་མཆོད་རྟེན་ནམ་ཉན་ཐོས་ཀྱི་མཆོད་རྟེན་
ལ་དབུལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྟན་ནང་ཚངས་ཅན་དང་ལ་བ་དང་སྔས་ནང་ཚངས་ཅན་དང་གོར་བུ་དག་བཅང་བར་བྱའོ་ཞེས་བྱ་བ་ནི་མ་མོ་ལས། དགེ་སློང་རྣམས་ཀྱིས་གནས་མལ་དང་། སྟན་གྱི་རྗེས་སུ་གནང་བ་ནི་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་དང་སྔས་ནང་ཚངས་ཅན་དང་། གོར་བུ་དང་
བགོ་བའི་དགེ་འདུན་གྱི་ཡང་རུང་གང་ཟག་གི་ཡང་རུང་བའོ་ཞེས་གསུངས་པ་ཡིན་ནོ། །བུ་དང་ཆུང་མའི་རྙེད་པ་ནི་སྦྱིན་པར་བྱེད་པའི་དབང་གིས་བསྒྲུབ་པོ་ཞེས་བྱ་བ་ནི་སྦྱིན་པར་བྱེད་པས་ཇི་ལྟར་རྣམ་པར་ངེས་པ་བྱེད་པ་དེ་བཞིན་དུ་འདི་ལ་རྣམ་པར་ངེས་པར་བྱ་སྟེ། སིལ་བུ་དག་ལས་དེ་དང་པོར་བྱས་ནས་གཞན་ཞེས་བྱ་བའི་མཐར་
ཐུག་པ་དང་། སྣོད་སྤྱད་སྦེད་པ་ཞེས་བྱ་བ་དང་པོར་བྱས་ཏེ་འདུག་པར་བྱའོ་ཞེས་བྱ་བའི་མཐར་ཐུག་པ་དང་། དཀོན་མཆོག་གི་དོན་དུ་ཞེས་བྱ་བ་དང་པོར་བྱ་སྟེ། འཁོར་ལོ་བཅང་བར་བྱའོ་ཞེས་བྱ་བའི་མཐར་ཐུག་པ་དང་། བཅུ་སྟོན་ལ་སོགས་པའི་རྙེད་པ་ཞེས་བྱ་བ་དང་པོར་བྱ་སྟེ། འཆང་བ་བསྟན་པ་ཞེས་བྱ་བའི་

མཐར་ཐུག་པའོ། །འདིར་གཞུང་ནི་མ་མོ་དག་ལས། གླེང་གཞི་རྣམས་ལས་སྦྱར་བ་ཞེས་བྱ་བ་དང་པོར་བྱས་ནས་སྦྱིན་པ་ཞེས་བྱ་བའི་མཐར་ཐུག་པ་དང་། ལྷུང་བཟེད་ཅེས་བྱ་བ་དང་པོར་བྱ་སྟེ། བྱིན་གྱིས་བརླབ་པར་མི་བྱའོ་ཞེས་བྱ་བའི་མཐར་ཐུག་པར་གསུངས་པ་ཡིན་ནོ། །གལ་ཏེ་སླུ་
བར་བྱེད་ན་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་བཙོང་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། གལ་ཏེ་སླུ་བར་བྱེད་ན་ཞེས་བྱ་བ་གལ་ཏེ་སྦྱིན་པར་བྱེད་པས་རང་གི་བུ་དང་ཆུང་མ་ཕུལ་བ་ཕྱིར་སླུ་བར་འདོད་ནའོ། །ཇི་ཙམ་དུ་འདོད་པ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སྦྱིན་པར་བྱེད་པ་ལའོ། །དེ་ཙམ་དུ་བཙོང་བར་འདོད་པ་ཉིད་ཡིན་ནོ་ཞེས་བྱ་བ་ཇི་
ཙམ་དུ་བུ་དང་ཆུང་མ་སྦྱིན་པར་འདོད་པས་སླུ་བར་འདོད་ན། སྦྱིན་པར་བྱེད་པ་དེ་རིན་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་བཙོང་བ་ཉིད་ཡིན་ནོ། །ཡང་དང་ཡང་འབུལ་དུ་རུང་བའོ་ཞེས་བྱ་བ་ནི་ཕུལ་ཟིན་པའི་དངོས་པོ་ལེན་པ་པོ་ཉིད་ལ་ཡང་དང་ཡང་འབུལ་དུ་རུང་བ་སྟེ། སྦྱིན་པར་བྱེད་པའི་དད་པ་སྤེལ་བའི་ཕྱིར་རོ། །ཤིང་ལྗོན་པ་
ལ་ཕུལ་ན་གལ་ཏེ་རྒྱན་ཡིན་ན་གལ་ཏེ་དུས་སྟོན་གྱི་ཚེ་དེ་ཉིད་བརྒྱན་པའི་ཕྱིར་གཞག་གོ་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་ཤིང་ལྗོན་པ་དེ་ཉིད་དོ། །དུས་སྟོན་གྱི་ཚེ་དེ་ཉིད་བརྒྱན་པའི་ཕྱིར་གཞག་གོ་ཞེས་བྱ་བ་ནི་དེ་དང་རིགས་མཐུན་པ་གཞན་མེད་ན་རིགས་མི་མཐུན་པ་གཞན་བརྒྱན་པའི་ཕྱིར་གཞག་པ་ལ་ལྟུང་བ་མེད་དོ། །
ཡོངས་སུ་བཙལ་ནས་མ་རྙེད་ན་ཞེས་བྱ་བ་ཡང་ལྷག་མ་ཟ་བ་ལ་སྨོས་པའི་ཕྱིར་རྟོགས་པར་བྱའོ། །རྩིག་པ་ལ་གལ་ཏེ་གནས་ཁང་གི་ནི་རི་མོ་བྱ་བའི་ཕྱིར་རོ་ཞེས་བྱ་བ་ལ། གལ་ཏེ་གནས་ཁང་ལ་ཕུལ་བར་གྱུར་ན། དེ་ནས་གནས་ཁང་གི་རྩིག་པ་ལ་རི་མོ་བྱ་བའི་ཕྱིར་གཞག་གོ་ཞེས་བྱ་བའི་དོན་ཏོ། །འདིར་
མེ་ཁང་ལ་སོགས་པར་གཏོགས་པའི་རྩིག་པ་དང་ཀ་བ་དག་ལ་ཕུལ་བས་ལས་སར་པ་བྱ་ཞེས་བྱ་བའི་གཞུང་ཡང་། འདིར་རྩིག་པ་གནས་ཁང་གི་ཡིན་ལ་རྫས་དེ་གནས་ཁང་གི་ཡིན་ན་རྫས་དེ་གནས་ཀྱི་རྩིག་པའི་རི་མོ་བྲི་བའི་ཕྱིར་སྤྱད་པར་བྱའོ་ཞེས་གསུངས་པ་མཐོང་བ་ཡིན་ཏེ། དེ་གནས་ཁང་གི་རྩིག་པ་འདིར་
བྱེ་བྲག་ཏུ་བརྗོད་པར་རྣམ་པར་གནས་པ་ཡིན་ནོ། །གལ་ཏེ་དེ་མ་ཡིན་ནམ་ཀ་བ་ལ་ནི་ལས་སར་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་རྩིག་པ་དེ་གནས་ཁང་གི་མ་ཡིན་ནམ་ཀ་བ་ལ་ཕུལ་ན་མཁར་ལེན་གྱི་ཕྱིར་གཞག་པར་བྱའོ། །ས་ལ་ནའོ་ཞེས་བྱ་བ་འདི་ནི་འོག་མ་རྣམས་ལ་སྦྱར་བར་བྱའོ། །མེ་ཁང་གི་ནི་སྣང་བར་རོ་ཞེས་བྱ་བ་

ནི་མེ་བུད་པའི་མེ་ཁང་གི་ས་ལ་ཕུལ་བའི་རྫས་ནི་དགེ་འདུན་གྱི་སྣང་བ་གང་དང་གང་དུ་དགོས་པའི་རྒྱུར་སྤྱད་ཀྱི་མེ་ཁང་དེ་ཉི་ཚེར་ནི་མ་ཡིན་ནོ། །ཡང་ན་སྣུམ་བག་གི་རྙེད་པར་རོ་ཞེས་བྱ་བ་ནི་མེ་ཁང་གི་ས་ལ་ཕུལ་བའི་རྫས་ཞེས་བྱ་བར་སྦྱར་རོ། །རུང་བའི་ཁང་པའི་ནི་ན་བའི་སྨན་དུ་གཞག་གོ་ཞེས་བྱ་བ་ནི་ཕུལ་བའི་རྫས་དེའོ། །
བཀད་སའི་ནི་ཟས་སུ་བྱའོ། །སྐྱེམས་མལ་གྱི་ནི་བཏུང་བར་རོ་ཞེས་བྱ་བ་ནི། སྐྱེམས་མལ་གྱི་ས་ལ་ཕུལ་བའི་རྫས་ནི་བཏུང་བར་བསྒྱུར་བར་བྱའོ། །བསྲོ་ཁང་གི་གནས་ཀྱི་ནི་བསྲོ་ཁང་གི་ལམ་སྣུམ་བག་གི་རྙེད་པར་རོ། །འཁོར་གྱི་ཁྱམས་དང་དཔོང་སའི་ར་བའི་ནི་སྣུམ་བག་གི་རྙེད་པར་རོ། །ཡང་ན་སྐྱེས་པའི་རབས་ཀྱི་སྡེ་བྲི་
བར་རོ་ཞེས་བྱ་བ་ནི། དཔོང་སའི་ར་བའི་རྣམ་པ་ཉིད་དང་། འཁོར་གྱི་ཁྱམས་ལ་ཆོས་ཀྱི་གཉེར་ལ་དབང་བྱེད་པ་ཕལ་ཆེར་དེ་དག་གནས་པ་ཞེས་བྱ་བས་སྐྱེས་པའི་རབས་ཀྱི་སྡེ་བྲི་བར་རིགས་པ་ཡིན་ནོ་ཞེས་བྱ་བའི་དགོངས་པའོ། །བང་རིམ་དང་འཆག་ས་དང་སྒོ་ཁང་དང་། ཁྱམས་དག་ལ་ཕུལ་བའི་སྣོད་སྒོའོ། །རྫིང་
བུའི་ཡང་ངོ་ཞེས་བྱ་བ་ནི། སྣོད་སྒོ་ཁང་ཞེས་བྱ་བ་འདོན་པ་འདི་འདིར་འདོན་པར་འདོད་པ་ཉིད་ཀྱིས་ཉེ་བར་བཏགས་པའོ། །ཁ་ཅིག་ལས་དེ་ནི་ཕྱོགས་བཞིའི་དགེ་འདུན་གྱི་ཉིད་དུ་གཞག་གོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་རྫིང་བུ་ལའོ། །ཁ་ཅིག་ལས་ཞེས་བྱ་བ་ནི་འདོད་པའོ། །དཀོན་མཆོག་གི་དོན་དུ་བླང་དུ་
རུང་ངོ་། །བསྒྲག་ཏུ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་གི་བྱར་མི་རུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་བསྒྲགས་པར་བྱ་ཞེ་ན། དེའི་ཕྱིར་ལེན་པའི་ཚེའོ་ཞེས་སྨོས་ཏེ། རྙེད་པ་འབུལ་བ་ལེན་པའི་ཚེ་ནའོ་ཞེས་བྱ་བའི་དོན་གྱིས་སོ། །མཐོང་བར་བྱ་བའི་ཕྱིར་འཕང་ལོ་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་དེར་
སྒྲོགས་པར་བྱེད་པ་མཐོང་བ་ཡིན་ནོ། །འཕང་ལོ་གཉིས་སྨོས་པ་ནི་ཤིང་རྟའི་འཕང་ལོའི་རྣམ་པ་ལ་འདིར་འཁོར་ལོར་འདོད་པ་ཡིན་ནོ། །ཚ་བ་དང་རླུང་དང་ཆར་བའི་གནོད་པས་མི་རེག་པར་བྱ་བའི་ཕྱིར་ཁང་པ་བརྩེགས་པ་སྒོ་བཞི་དང་ལྡན་པའོ། །དུས་སྟོན་གྱི་རྗེས་ལ་འཕང་ལོ་བརྟུལ་ལོ་ཞེས་བྱ་བ་ནི་དུས་སྟོན་ལ་
འཕང་ལོ་གང་ཡིན་པ་དེ་ལ་ཆོ་ག་འདི་ཞེས་བྱ་བ་འདི་ལས་རྟོགས་པའོ། །སྣོད་སྤྱད་འབྲུབ་པས་རྙེད་པ་འབྲུབ་པར་བྱའོ། །གཉིས་ཀ་ལ་མ་བསྔོས་པ་སྟོན་པ་མཆོད་པའི་ཚེ་ཕུལ་བ་དགེ་འདུན་གྱི་ལ་དགེ་སློང་མ་རྣམས་ཀྱི་འཇུག་པ་མེད་དོ་ཞེས་བྱ་བ་ལ། གཉིས་ཀ་ལ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་དང་།

དགེ་སློང་མའི་དགེ་འདུན་ནོ། །སྟོན་པ་མཆོད་པའི་ཚེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱང་སྟོན་པ་ཡིན་པས་སོ། །དགེ་སློང་བྱེད་པ་པོ་རྣམས་ཀྱིས་མཆོད་པ་ལ་འདི་ཆོ་ག་ཞེས་བྱ་བའོ། །དགེ་སློང་མ་རྣམས་ཀྱིས་བྱས་པའི་ཚེ་ལ་བསྔོས་པའི་རྙེད་པ་བྱུང་བ་གང་ཡིན་པ་དེ་ཉིད་
ཀྱིས་རྟོགས་པའོ། །གཉིས་ཀ་བྱས་པ་ན་གཉིས་ཀ་ལ་བསྔོས་པ་རྙེད་པ་འབྱུང་བ་གང་ཡིན་པ་དེ་ལ་ནི་རྗེས་སུ་མ་བརྗོད་པར་ཕུལ་བ་ལ་ཐུན་མོང་བ་ཉིད་ཀྱི་ཕྱིར་སྟོན་པ་ལ་དོགས་པ་དེ་བཟློག་པའི་དོན་དུ་འདིར་བྱས་སོ། །འདི་ལ་གཅིག་གི་ནང་དུ་དེ་དག་གིས་འཕང་ལོ་ཐ་དད་པ་བཙུགས་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་
ལ། འདི་ལ་ཞེས་བྱ་བ་ནི་མཆོད་པ་ལའོ། །ཁ་ཅིག་གིས་ཞེས་བྱ་བ་ནི་གང་དུ་དགེ་སློང་རྣམས་ཀྱིས་འཕང་ལོ་བཙུགས་པ་དེ་ལས་གཞན་པ་དག་ལས་དགེ་འདུན་གྱི་དབྱེན་གྱི་སྐབས་སུ་འདི་གཏོགས་པར་རིག་པར་བྱའོ། །སྣོད་སྤྱད་འགྱེད་པས་བགོ་བར་བྱའོ། །དེ་བསྐོར་བར་བྱའོ་ཞེས་བྱ་བ་ནི། སྣོད་སྤྱད་
འགྱེད་པ་པོ་དེས་སོ། །དེས་ཇི་ལྟར་བགོ་བར་བྱ་བ་ཞེ་ན། དེའི་ཕྱིར་བཙོང་བར་བྱ་བ་རྣམས་བཙོངས་ཏེའོ་ཞེས་བྱ་བ་སྨོས་ཏེ། སུ་ལ་བཙོངས་ཏེ་ཞེ་ན། དེའི་ཕྱིར་དགེ་འདུན་འདུས་པ་ལའོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་བཙོངས་ཏེ་ཞེ་ན། དེའི་ཕྱིར་བསྐྱེད་པས་སོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱིས་དེར་འདུ་བའི་
སྐབས་སུ་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། སྣོད་སྤྱད་འགྱེད་པའི་གང་ཟག་དེ་ཉིད་ཀྱིས་གནས་མལ་བཤམ་པ་ལ་སོགས་པ་འདུ་བ་དང་འབྲེལ་བའི་ལས་ཞེས་བྱ་བའི་དོན་ཏོ། །དགེ་འདུན་གྱི་གནས་བརྟན་གྱིས་རིན་ཐང་གང་བ་པོ་ཞེས་བྱ་བ་ནི། བཙོང་བར་བྱ་བའི་དངོས་པོ་རྣམས་ཀྱིའོ། །རིན་ཐང་ཇི་ཙམ་དུ་
གདབ་པར་བྱ་ཞེ་ན། དེའི་ཕྱིར་རན་པར་རོ། །དེས་ནི་དེ་ལ་མི་དབབ་པ་ཉིད་དོ་ཞེས་བྱ་བ་ནི། རིན་ཐང་བཏབ་པ་དེས་ནི་དགེ་འདུན་གྱི་གནས་བརྟན་དེ་ལ་རྫས་དེ་ཉོ་བ་དང་དེའི་རིན་ཐང་གཞལ་བ་མི་དབབ་པ་ཉིད་དོ། །ཡང་མི་འབྱུང་བར་ངེས་པར་བྱས་ནས་བསྐྱེད་པ་ལ་དབབ་བོ་ཞེས་བྱ་བ་ནི་གལ་ཏེ་སླར་མི་བསྐྱེད་ཅེས་བྱ་བ་
ངེས་པར་གྱུར་ན་དེ་ལ་ཡང་དབབ་པ་ཉིད་ཡིན་ནོ། །མི་ཉོ་བས་བསྐྱེད་པར་མི་བྱའོ། །བུད་མེད་མི་བྱའོ་ཞེས་བྱ་བ་ནི། རིན་ཐང་དེ་ལྟར་བསྐྱེད་པར་མི་བྱའོ། །རིན་མ་ཕུལ་གྱི་བར་དུ་སྤྱད་པ་དང་བྱི་དོར་ཡང་མི་བྱའོ་ཞེས་བྱ་བ་ནི། བཀྲུ་བ་དང་ཁ་བསྒྱུར་བ་ལ་སོགས་པའི་བྱི་དོར་ཡང་མི་བྱའོ་ཞེས་བྱ་བའི་དོན་ཏོ། །བགོ་

སྐལ་བ་རྣམས་མང་བ་ཉིད་ཡིན་ན་བཅུ་ལ་སོགས་པའི་ཚོམས་ཀྱིས་བགོ་བར་བྱའོ་ཞེས་བྱ་བ་ལ། འདིར་བགོ་སྐལ་བ་རྣམས་ཀྱི་སྒྲ་ནི་ཚོམས་བརྗོད་པའོ། །ཕོག་པ་མ་བགོས་པར་ཚོམས་ལས་འགའ་ཞིག་ཤི་ན་དེའི་སྐལ་བ་ཚོམས་དེ་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཚོགས་ལ་ཕུལ་བ་དེའི་ཆ་མ་བསྒོས་པར་
ཚོགས་དེར་འགའ་ཞིག་ཤི་ན། འགའ་ཞིག་ཤི་བ་དེའི་སྐལ་བ་གང་ཞིག་ཐོབ་པའི་སྐལ་བ་དེ་ལ་ཚོགས་གང་ཞིག་འབྱུང་བ་རྣམས་ལ་དེ་དབང་བ་ཉིད་ཡིན་ནོ། །བགོས་པའི་འོག་ཏུ་ཤི་ན་ནི་དེའི་སྐལ་བ་མཚམས་སུ་གཏོགས་པའི་རབ་ཏུ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་
བརླབ་པར་བྱའོ། །མྱ་ངན་ལས་འདས་བའི་བསམ་པས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་དང་། ཁ་ཟས་རོ་བརྒྱ་པ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་འོས་སོ། །དགེ་འདུན་གྱི་རྫས་ཀྱང་ངོ་ཞེས་བྱ་བར་ཡང་འོས་སོ་ཞེས་བྱ་བར་ཡང་སྦྱར་རོ། །དགེ་འདུན་གྱི་རྫས་རྣམ་པ་
ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར་མི་སློབ་པ་མན་ཆད་ཀྱིའོ་ཞེས་བྱ་བ་སྨོས་ཏེ། མི་སློབ་པའི་དགེ་འདུན་མན་ཆད་ཀྱི་རྫས་དེ། ཇི་སྲིད་དུ་དགྲ་བཅོམ་པའི་དགེ་འདུན་དབང་བའི་རྫས་ཀྱང་འོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གང་ལ་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་ལ་ནི་ཞེས་བྱ་བ་སྨོས་སོ། །སོ་སོའི་སྐྱེ་
བོ་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་འཕགས་པ་འབའ་ཞིག་ལ་འོས་པར་ནི་མ་ཟད་དོ་ཞེས་བྱ་བ་བསྟན་ཏོ། །ཚུལ་ཁྲིམས་འཆལ་བ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་གྱི་རྫས་འོས་པ་མ་ཡིན་པའོ་ཞེས་སྨོས་པའི་ཚིག་གི་ལྷག་མའོ། །ལེ་ལོ་ཅན་ལ་ནི་བླངས་པ་དང་ཉེ་བར་སྤྱད་པ་བུ་ལོན་དུ་
འགྱུར་རོ་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པ་ལ། རྣམ་པ་ཐམས་ཅད་དུ་མི་འོས་པའི་ཕྱིར་རོ། །དེ་ནི་ཚུལ་ཁྲིམས་དང་ལྡན་པ་ལ་རིག་པར་བྱའོ། །མཚམས་ཀྱི་ནང་ཉིད་ན་གང་ཟག་གི་གཙུག་ལག་ཁང་ངམ་དེའི་རྙེད་པས་འཚོ་བ་ལ་ནི་དགེ་འདུན་གྱི་རྙེད་པ་འོས་སོ་ཞེས་བྱ་བ་ནི་གང་ཟག་གི་གཙུག་ལག་ཁང་
ཡོད་པ་དེ་རྙེད་པས་འཚོ་བའོ། །གཙུག་ལག་ཁང་དེའི་མཚམས་ཀྱི་ནང་རོལ་དུ་རྙེད་པ་དེ་འོས་པ་ཡིན་ཏེ། ཇི་ལྟར་འགའ་ཞིག་གཙུག་ལག་ཁང་འདི་ལ་སུ་གནས་པ་དེ་ལ་རྙེད་པ་འདི་ཙམ་ཞིག་ཁུད་པར་འབུལ་ལོ་ཞེས་དེའི་རྣམ་པ་ན་རྙེད་པ་དེའོ། །དེ་བས་ན་འདི་ལ་དགེ་འདུན་གྱིས་བགོ་བར་བྱ་བ་མ་ཡིན་ཏེ་

རྙེད་པ་བྱུང་ནའོ། །ངེས་པའི་གནས་ཁང་ན་ཡང་ངོ་ཞེས་བྱ་བ་ནི། རྙེད་པས་འཚོ་ཞིང་དགེ་འདུན་གྱི་རྙེད་པ་ལ་འོས་པའོ། །དེ་རེ་མོར་བསྐོའོ་ཞེས་བྱ་བ་ནི་རྙེད་པ་ངེས་པའི་གནས་ཁང་དེ་ཇི་ལྟར་བསྐྱེད་པ་ཉིད་ཀྱིས་ཞེས་བྱ་བ་དེ་འདིར་ཐམས་ཅད་དུ་ཇི་ལྟར་བསྐྱེད་པ་ཞེས་བྱ་བ་འདི་ལས་གྲུབ་པ་
རིག་པར་བྱའོ། །ལྕགས་ལས་བྱས་པའི་སྣོད་སྤྱད་དག་ལས་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་དང་ཚ་སྣོད་དང་ཟོ་ཕོར་དང་ལྡེ་མིག་ཀྱོག་པོ་དང་གྲི་གུ་དང་ཁབ་དང་སེན་མོ་གཅོད་པ་དང་། ནལ་ཟེ་དང་ཐལ་ཕྱགས་དང་སྟ་རེ་དང་སླང་ང་དང་ཕོར་བུ་དག་ནི་བགོ་བར་བྱ་བ་ཉིད་དོ། །སའི་སྣོད་སྤྱད་དག་ལས་ནི་ལྷུང་བཟེད་
དང་ལྷུང་བཟེད་ཆུང་ངུ་དང་སླང་ང་དང་བུམ་པ་དང་བྱ་མ་བུམ་དང་། གཞོང་པ་དང་རིལ་བ་སྤྱི་བླུགས་དང་ཆུ་སྣོད་རྣམས་སོ་ཞེས་བྱ་བ་ནི་བགོ་བར་བྱ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །ཁྲི་ནི་རིན་པོ་ཆེ་ལས་བྱས་པ་ལ་སོགས་པ་མན་ཆད་ནས་ལྕགས་ལས་བྱས་པའི་བར་དག་གོ་ཞེས་བྱ་བ་ནི། ཁྲི་རིན་པོ་ཆེ་ལས་བྱས་པ་ནས་
ལྕགས་ལས་བྱས་པའི་བར་ཡན་ཆད་བགོ་བར་བྱ་བ་ཉིད་ཡིན་ནོ། །ཇི་ལྟར་བགོ་བར་བྱ་ཞེ་ན། དེའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རིན་དུ་བཙོངས་ཏེ་བགོ་བར་བྱ་བའི་དོན་ཏོ། །ཤིང་ལས་བྱས་པ་ནི་ཡིན་ནོ་ཞེས་བྱ་བ་ནི་ཁྲི་ནི་བགོ་བར་བྱ་བ་ཉིད་མ་ཡིན་ནོ། །ཚོན་རྩི་ནི་ལྔ་ལས་གཞན་པའོ་ཞེས་བྱ་བ་ནི་ཚོན་ཆེན་པོ་ལྔ་
ལས་གཞན་པ་དག་བགོ་བར་བྱ་བ་ཉིད་དོ། །ཚོན་ཆེན་པོ་རྣམས་ཐམས་ཅད་ཀྱི་ལྔ་པོ་ཉིད་ནི་དཔེ་ཙམ་ཡིན་ཏེ། འདིར་བསྡུས་པ་ཉིད་དུ་རིག་པར་བྱའོ། །ཅི་གནས་སྐབས་ཐམས་ཅད་དམ་ཞེ་ན། དེའི་ཕྱིར་མ་བསྐོལ་བའོ་ཞེས་བྱ་བ་སྨོས་ཏེ་བཀོལ་བ་ནི་ཁ་བསྒྱུར་བར་བྱ་བ་ལ་སྦྱར་བར་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་
ཏོ། །ཁ་བསྒྱུར་བར་བྱ་བ་གང་ལ་སྦྱར་བར་བྱ་ཞེ་ན། དེའི་ཕྱིར། དགེ་འདུན་གྱི་ལའོ། །ཀུན་དགའ་ར་བ་དང་གཙུག་ལག་ཁང་དང་དེ་དག་གི་གཞི་དང་གནས་མལ་དག་ནི་བཙོང་བར་བྱ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་བགོ་བར་བྱ་བ་ཡང་མ་ཡིན་པར་བསྟན་ཏོ། །དེ་དག་གི་གཞི་
དང་ཞེས་བྱ་བ་ནི་ཀུན་དགའ་ར་བ་དང་གཙུག་ལག་ཁང་གིའོ། །གཞག་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གཏར་གཞག་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བའི་དོན་གྱིས་ཤེས་པར་བྱའོ། །བྱིན་གྱིས་བརླབ་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཟག་དང་འབྲེལ་པ་ཉིད་ཀྱིས་སྙམ་དུ་དོན་གྱིས་ཤེས་པར་

བྱའོ། །ཕ་མ་ལ་ཟས་དང་གོས་ཀྱིས་གཏང་བར་བྱའོ་ཞེས་བྱ་བ་སྨོས་ན། ཇི་ལྟར་གཏང་བར་བྱ་ཞེ་ན། དེའི་ཕྱིར། གལ་ཏེ་ལྷུང་བཟེད་དང་ཆོས་གོས་ལས་ལྷག་པའི་རྙེད་པ་མེད་པ་ན་བསླངས་ཏེའོ། །མ་གྲུབ་ན་ཟན་གྱི་སྐལ་བ་ལས་ཕྱེད་སྦྱིན་ནོ་ཞེས་བྱ་བ་ལ། མ་གྲུབ་ན་ཞེས་བྱ་བ་ནི་བསླངས་པ་ལ་དེ་རུང་བའི་གང་
ཟག་མ་བརྗོད་པའམ། བསླང་བར་མི་ནུས་པ་ལ་རྙེད་པ་སྟེ། ཕྲན་ཚེགས་ཀྱི་གཞི་ལ་སོགས་པར་གཏོགས་པའོ། །བྱེ་བྲག་ཤེས་པར་བྱ་བའི་ཕྱིར་ཆོས་གོས་དག་ལ་ཐིག་ལེ་བྱའོ་ཞེས་བྱ་བ་ནི་མི་ནོར་བར་བྱ་བའི་ཕྱིར་མཚན་མ་འདིའོ། །སྲི་ཥུ་སྲི་ཥུ་སྲི་ཥུ་ཆག་ཆག་འདེབས་པར་བྱེད་པའོ་ཞེས་འདིར་ཟུར་ཆག་
པའི་ཁམས་སོ། །འདིར་གཞུང་ནི་དགེ་སློང་དག་ཁྱེད་ཀྱིས། དགེ་སློང་མཛེས་དགའ་བོའི་ཆོས་གོས་དག་ལ་ཐིག་ལེ་བྱོས་ཤིག་དང་འདི་ནི་མཛེས་དགའ་བའོ། །འདི་ནི་བཅོམ་ལྡན་འདས་སོ་ཞེས་ཤེས་པར་འགྱུར་རོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་དག་ལ་མཚན་མ་གདབ་བོ་ཞེས་བྱ་བ་ལ། དེ་དག་ལ་
ཞེས་བྱ་བ་ནི་ཆོས་གོས་དེ་དག་ལའོ། །སྣག་ཚའི་ཐིག་ལེ་ནི་དེས་ཞེས་བྱ་བའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་མཚན་མ་གདབ་པ་དེའོ། །ལུང་དག་ཀྱང་ངོ་ཞེས་བྱ་བ་ནི་ཆོས་གོས་དག་ལ་གདགས་སོ་ཞེས་པར་སྦྱར་རོ། །ཁ་ཚར་དང་ཕུན་ཚར་གྱི་མཐའ་རང་ཆག་བྱའོ། །སྣམ་སྦྱར་མ་ཡིན་པ་དག་ལ་
དྲས་ཏེ་བྱིན་གྱིས་བརླབ་པར་ངེས་པ་མེད་དོ་ཞེས་བྱ་བ་ནི། དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ལས་སྣམ་སྦྱར་གྱི་ཆོ་ག་གང་ཞིག་མི་འདོད་པ་འདི་དང་འདྲ་བའི་དབྱེ་བས་སོ། །རྐྱེན་དེ་ལྟ་བུ་དག་ལ་དེ་དང་དེའི་རྒྱན་མེད་ན་གཞན་ལ་དངོས་གཞིའི་རྙེད་པ་མ་གྲུབ་པ་ལ། གདོད་
ཁས་བླངས་པ་དབུལ་བ་ཞེས་བྱ་བ་ནི་ཕ་མ་དག་རུང་བའི་བསམ་པས་དྲས་ཤིང་དྲུབས་པ་མ་ཡིན་པ་ལ་ཡང་དེ་ཡོད་པར་འགྱུར་ཞེས་བྱ་བ་དེ་བས་ན་དེ་ལ་འདི་བྱེད་པའོ། །འདིར་གཞུང་ནི་བཙུན་པ་ཆོས་གོས་མ་དྲས་པ་བྱིན་གྱིས་བརླབ་ཏུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །རྐྱེན་དེ་ལྟ་བུ་དག་ན་ནི་རུང་ངོ་ཞེས་གསུངས་
པ་ཡིན་ནོ། །འདི་ལྟར་འདིར་ཆོས་གོས་གསུངས་པ་ནི་སྣམ་སྦྱར་ཁོ་ན་ཡིན་པར་རྣམ་པར་གནས་པའི་ཕྱིར་རོ། །དེར་ཇི་ལྟར་མངོན་ཞེ་ན། འདི་ལྟར་བླ་གོས་དང་མཐང་གོས་གཉིས་མ་དྲས་པ་གང་ཡིན་པ་དེས་ནི་ཆ་ལུགས་རྫོགས་པའི་ཕྱིར་རོ། །མ་མོ་ལས། སྣམ་སྦྱར་འདི་དྲ་བར་བྱའོ། །བླ་གོས་ནི་ངེས་

པ་མེད་པ་དང་། མཐང་གོས་ཀྱང་ངེས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རྐྱེན་དེ་ལྟ་བུ་དག་མེད་པར་མ་དྲས་པ་དེས་གྲོང་དང་ཁྱིམ་གཞན་དག་ཏུ་འདུག་པ་དང་འཇུག་པར་མི་བྱའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་སྣམ་སྦྱར་དེས་སོ། །འདིར་གཞུང་ནི། བཙུན་པ་ཆོས་གོས་མ་དྲས་
པས་གྲོང་ཁྱེར་དུ་འཇུག་པར་རུང་ངམ་ཞེས་བྱ་བ་ལ་སོགས་པའོ། །འདིར་སྣམ་སྦྱར་གྱི་དགོངས་པ་ཡང་ལུང་དང་རིགས་པ་འདི་དང་སྔ་མ་གཉིས་ཀྱིས་ནི་འདིར་ཆོས་གོས་ཞེས་སྨོས་པ་ནི་སྣམ་སྦྱར་ཡིན་པར་དགོངས་པར་རིགས་སོ། །དེ་བས་ན་འདི་ལྟར་འདིར་མདོར་བྱས་པའོ། །མུ་སྟེགས་ཀྱི་འདུག་གནས་སུ་
ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རྐྱེན་དེ་ལྟ་བུ་མེད་པར་སྣམ་སྦྱར་མ་དྲས་པ་དེས་མུ་སྟེགས་ཅན་གྱི་འདུག་གནས་སུ་འཇུག་པ་དང་འདུག་པར་མི་བྱ་སྟེ། ཉེ་བར་ཞུགས་པའི་ཆོ་ག་འདི་འདུག་གནས་དེ་ན་མུ་སྟེགས་ཅན་དག་ཉེ་བར་མི་འཁོད་ཀྱང་མངོན་པར་འདོད་པ་ཡོད་བཞིན་དུ་དཔེར་བྱས་སོ། །འཁོད་ན་འདུག་པ་
དང་འཇུག་པར་མི་བྱའོ་ཞེས་བྱ་བ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ཀྱང་མུ་སྟེགས་ཅན་གྱི་འདུག་གནས་དེར་འདུག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཆོས་གོས་མ་དྲས་པ་ནི་ཀུན་དུ་རྒྱུ་ལ་སོགས་པ་མུ་སྟེགས་ཅན་རྣམས་ཀྱི་གོས་དང་འདྲ་བ་བསྟེན་པས་དེར་ཞུགས་པ་དང་འདུག་པར་འགྱུར་བ་གང་ཡིན་པ་དེའི་
ཕྱོགས་ཀྱི་ནང་དུ་བསྟེན་པ་ཡིན་པར་དོགས་པར་འགྱུར་བས་ན་འདིར་དེ་དག་ག་པར་མཛད་དོ། །འདིར་གཞུང་ནི་བཙུན་པ་ཀུན་དུ་རྒྱུའི་འདུག་གནས་སུ་སྣམ་སྦྱར་མ་མཆིས་པར་མཆིར་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །གལ་ཏེ་ཀུན་དུ་རྒྱུ་དག་ཕྱི་རོལ་དུ་བྱུང་བར་གྱུར་ན་ནི་རུང་ངོ་ཞེས་བྱ་བ་ཡིན་ནོ། །སྤུ་ཅན་
ཆོས་གོས་གསུམ་ཉིད་དུ་བྱིན་གྱིས་མི་བརླབ་བོ། །དེ་བགོ་བའི་ཆོས་གོས་སུ་མི་བསྟེན་ནོ་ཞེས་བྱ་བ་སྤུ་ཅན་དེ་བགོ་བར་མི་བྱའོ། །སེང་བདག་བདག་གིར་བྱའོ་ཞེས་བྱ་བ་ནི་རུང་བར་བྱ་སྟེ་བཅང་བ་ལ་འདིར་བདག་གིར་བྱའོ་ཞེས་བྱ་བའི་སྒྲས་གསུངས་སོ། །དེའི་རྣམ་པ་བཞིའོ་ཞེས་བྱ་བ་ནི་སེང་བ་དེའོ། །བཞི་
གང་ཞེ་ན། དེའི་ཕྱིར་བལ་ལས་བྱས་པ་དང་ཟར་མ་ལས་བྱས་པ་དང་དུ་གུ་ལ་ལས་བྱས་པ་དང་རས་བལ་ལས་བྱས་པས་སོ་ཞེས་བྱ་བ་སྨོས་ཏེ། འདི་ལ་ལེགས་པར་མ་ཡིན་པའི་ངོ་བོ་ཉིད་དུ་ཚོགས་ལ་སོགས་པ་རྣམས་སུ་འགྱུར་རོ། །དེ་བས་ན་གཞན་མི་རུང་བ་ནི་མ་ཡིན་མོད་ཀྱི་འདིར་རྣམ་པ་བཞི་སྨོས་པ་

མཐོང་བ་ཡིན་ནོ། །སྤུ་དམའ་བ་ལ་སོགས་པ་རས་ཀྱི་རྣམ་པ་ཡང་བ་གཞན་དག་ཀྱང་ངོ་ཞེས་བྱ་བ་ཡང་། སྤུ་དམའ་བ་ལ་སོགས་པའི་རྣམས་ལ་ཡང་ངོ་། །གཞན་དག་ཀྱང་ངོ་ཞེས་བྱ་བ་ནི་དེ་ལྟ་བུའི་སྤུ་ཅན་ལ་སོགས་པ་ལ་འདི་ལྟར་བརྒལ་བར་བྱས་པ་རྣམས་ལ་ངོ་བོ་བསྟན་པར་བྱེད་དེ་སྤུ་དམའ་བ་ལ་
སོགས་པ་ཞེས་བྱ་བའི་མཐར་ཐུག་པ་དེ་བཟུང་བ་ཡིན་ནོ། །ལ་བ་ཡང་ངོ་ཞེས་བྱ་བ་ཡང་བདག་གིར་བྱར་རུང་ངོ་ཞེས་བྱ་བའི་ལྷག་མའོ། །དེ་སྤུ་དམའ་བ་མ་ཡིན་པའི་ཕྱིར་བརྩམས་སོ། །གནོད་པ་མེད་ན་སྤུ་ཕྱིར་བསྟན་ཏེ་བགོ་བར་མི་བྱ་སྟེ། གཞན་དུ་ནའོ་ཞེས་བྱ་བ་ལ། གནོད་པ་མེད་ན་ཞེས་བྱ་བ་ནི་དྲི་མ་དང་
ཤིག་ལ་སོགས་པ་རྣམས་ཀྱིས་སོ། །འདིར་གཞུང་ནི། དྲི་མ་ཅན་དང་ཤིག་ཅན་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ཏེ། དེ་ཡང་དཔེ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་བསྙེགས་པར་བྱས་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་ལ་བ་དེའོ། །གཞན་དུ་ན་ཞེས་བྱ་བ་ནི་སྤུ་མེད་པ་གྱོན་
པ་ལ་གནོད་པ་མེད་པའོ། །དེ་དེ་བཞིན་དུ་གྱོན་པས་འཆག་པར་མི་བྱའོ་ཞེས་བྱ་བ་ལ། དེ་བཞིན་དུ་ཞེས་བྱ་བ་ནི་ཕྱིར་བཟློག་ཏུའོ། །འདི་ནི་གནོད་པ་ཡོད་ན་ཞེས་བྱ་བ་དམིགས་ཀྱིས་བསལ་ལོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལ་བ་སྤུ་ཕྱིར་བསྟན་ཏེ་བགོ་བར་མི་བྱའོ་ཞེས་
གསུངས་པ་དང་། དགེ་སློང་དག་གིས་བ་གླང་རྫིའི་ཁྱིམ་ནས་ལ་བའི་གོས་དག་རྙེད་ནས་དེ་དགེ་སློང་དེ་དག་ཤིག་མང་བས་ཤིག་དག་གིས་ཟོས་པ་ན་མོས་པར་མ་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཀའ་སྩལ་པ། ལ་བ་སྤུ་ཕྱིར་བསྟན་ཏེ་གྱོན་ལ་འདུག་པར་
བྱ་ཞིང་ཉལ་བར་ཡང་བྱའོ། །བཅག་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །པར་སིག་གི་ལ་བ་དང་། བེའུ་ཕྲུག་དང་། པར་ཐང་ཁྲ་བོ་གང་ཟག་གིས་བདག་གིར་མི་བྱའོ་ཞེས་བྱ་བ་ནི་རྙེད་པ་རྙེད་པ་ཡང་བྱེ་བྲག་མེད་པར་རྟོགས་པའོ། །འཆག་སར་པར་ཐང་གདིང་བ་མནོད་པར་བྱའོ་ཞེས་བྱ་བ་ལ།
གལ་ཏེ་ཁྲ་བོ་ཡིན་ན་བདག་གིར་མི་བྱའོ། །གལ་ཏེ་མ་ཡིན་ན་ཅི་དགར་བྱའོ། །ཁྲ་བོ་བདག་གིར་བྱེད་པ་བཀག་པ་ཡིན་པར་རྟོགས་པར་བྱའོ། །རྟག་ཏུ་མལ་གཅིག་ཏུ་བཅག་པར་མི་བྱའོ་ཞེས་བྱ་བ་ནི་པར་ཐང་གིའོ། །ནུས་པ་ཉིད་ཡིན་ན་བཙེམས་པ་དང་ལྷན་པ་རིང་པོར་གླན་པས་ཕྱིར་བཅོས་པར་

བྱའོ། །མི་ནུས་པ་ཉིད་ན་འཆགས་པ་དེ་ཉིད་དུ་ལྕི་བ་དང་སས་བྱུག་པར་བྱའོ་ཞེས་བྱ་བ་ནི་གཞན་བཅང་བར་བྱའོ་ཞེས་བྱ་བ་ནི་སྤུ་ཅན་ནས་བརྩམས་ཏེ་འདི་རྣམས་ལས་གཞན་སྤུ་ཅན་ཇི་ལྟར་བཅང་བར་བྱ་བ་ཞེ་ན། དེའི་ཕྱིར་སྦྱིན་བདག་ལ་ཡིད་བརྟེན་པས་སོ་ཞེས་བྱ་བ་སྨོས་ཏེ། དེ་
དབང་བའི་བསམ་པས་དེ་ལ་ཡིད་བརྟན་ཏེ་ལོངས་སྤྱོད་པ་ཉིད་ལ་མངོན་པར་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །སྣམ་སྦྱར་དང་བླ་གོས་དང་། མཐང་གོས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་དང་། གདོང་ཕྱིས་དང་། རྣག་གཟན་དང་།
གཡན་པ་དགབ་པ་དང་། སྐྲ་བཟེད་དང་། གདིང་བ་དང་། དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ་ཞེས་བྱ་བ་ནི་ཡོ་བྱད་བཅུ་གསུམ་པོ་དེ་དག་བཅང་བར་བྱ་སྟེ། ཆོས་གོས་གནང་བ་དེ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ་ཞེས་བྱ་བ་ལ། དེ་ཉིད་དུ་ཞེས་བྱ་བ་ནི་གང་ཞིག་ཆོས་གོས་དེ་ཉིད་དང་། དབྱར་
གྱི་གོས་རས་ཆེན་ལ་སོགས་པ་དེའི་དངོས་པོར་དེ་གནང་བའོ། །སྣམ་སྦྱར་ལ་སོགས་པའི་གོས་གནང་བ་དག་སྣམ་སྦྱར་ལ་སོགས་པ་དེ་ཉིད་ཀྱི་མིང་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ། །དེ་དག་གི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ་བདག་མིང་འདི་ཞེས་བྱ་བའི་ཆོས་གོས་བགྱིས་
ལགས་པ་རུང་བར་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །ལན་གསུམ་བཟླས། དེ་བཞིན་དུ་བླ་གོས་ནས་དབྱར་གྱི་གོས་རས་ཆེན་གྱི་མཐར་ཐུག་པ་རྣམས་ལ་ཡང་བརྗོད་པར་བྱའོ། །ཡོ་བྱད་ཀྱི་གོས་ཀྱང་ངོ་། །དེ་ནི་དཀར་པོ་ཉིད་དང་། ཁ་ཚར་དང་། ཕུན་ཚར་དང་བཅས་པ་
ལ་ཡང་ཉེས་པ་མེད་དོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་ཡོ་བྱད་ཀྱི་གོས་འཆང་བ་དེའོ། །དགེ་འདུན་གྱི་ཡང་ངོ་ཞེས་བྱ་བ་ནི་ཡོ་བྱད་ཀྱི་གོས་ཀྱང་དཀར་པོ་དང་། ཁར་ཚར་དང་ཕུན་ཚར་དང་བཅས་པ་འཆང་བ་ལ་ཡང་ཉེས་པ་མེད་པའོ། །འདིར་གཞུང་ནི། དེ་ལྟ་བས་ན་དགེ་འདུན་གྱིས་གོས་དག་ནི་སར་པ་
དང་། ཁར་ཚར་དང་ཕུན་ཚར་རིང་པོ་དག་ཀྱང་བཅང་བར་གནང་ངོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་མ་ཡང་རུང་བར་བྱ་སྟེ་བཅང་བར་བྱའོ་ཞེས་བྱ་བ་ནི་འདིར་འཆང་བའི་ཉེས་པ་མེད་པར་རྗེས་སུ་གནང་བར་བྱས་སོ། །སྐྱོན་མང་པོ་མཐོང་བ་མི་རིགས་པའི་བློ་ལ་འབབ་སྟེ། དེ་བཟློག་པའི་དོན་དུ་

དེའོ། །སེམས་མི་བརྟན་པ་ལ་རུང་བར་མི་བྱའོ། །བསྙེན་པར་མ་རྫོགས་པ་ལ་མི་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི། དགེ་སློང་དག་དགེ་ཚུལ་ལ་གོས་དག་ཏུ་རུང་བར་བྱེད་ན། དེས་གོས་ཀྱི་ཕྲེང་བ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྙེན་པར་མ་རྫོགས་པ་ལ་གོས་
དག་རུང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མངོན་སུམ་དུ་མི་བྱའོ་ཞེས་བྱ་བ་ནི། གང་ལ་རུང་བར་བྱ་བ་དེའི་མངོན་སུམ་དུ་རུང་བར་མི་བྱའོ། །ཡུལ་གཞན་དུ་གནས་པར་གྱུར་པ་ཉིད་ཡིན་ན་ཡང་རུང་བ་མི་ཉམས་སོ། །ཤིན་ཉམས་སོ་ཞེས་བྱ་བ་ནི་གང་གི་མིང་གིས་རུང་བར་བྱས་པ་དེ་ཡུལ་
གཞན་དུ་གནས་པར་གྱུར་ཀྱང་རུང་སྟེ། དེ་མི་ཉམས་སོ། །གང་ལ་རུང་བར་བྱས་པ་དེ་ཤིན་ཏུ་རུང་བར་ཉམས་པའོ། །ཅི་གང་གི་ཚེ་ཤི་བ་དེའི་ཚེ་ཁོ་ན་ན་དེ་ཉམས་སམ་ཞེ་ན། དེའི་ཕྱིར་ཤེས་ནའོ་ཞེས་བྱ་བ་སྨོས་ཏེ། དེ་ཤི་བར་ཤེས་ནའོ། །འདི་ལ་རུང་བར་བྱེད་པ་བདག་ཉིད་དོ་ཞེས་བྱ་བ་ནི་
རུང་བར་བྱས་པའི་དངོས་པོ་འདི་ལ་གང་ཞིག་རུང་བར་བྱེད་པའོ། །སྤངས་པ་བདག་གིར་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱིས་སམ་གང་ཟག་གིས་སོ། །དགེ་སློང་ལ་སྤང་བར་བྱའོ་ཞེས་བྱ་བ་ནི་དགེ་འདུན་ལ་ནི་མ་ཡིན་ནོ། །མི་གསལ་བ་ལ་ཡང་མི་བྱའོ། །མ་བྱིན་པར་ནི་བླང་ངོ་ཞེས་བྱ་བ་
ནི་སྤངས་པའི་གོས་གང་ལ་དེས་ཕྱིར་མ་བྱིན་ན་སྤོང་བར་བྱེད་པས་ཕྱིར་བླང་བར་བྱའོ། །མཐུས་ཀྱང་དགུག་གོ་ཞེས་བྱ་བ་ནི་མ་བྱིན་ན་ཞེས་རྗེས་སྙེགས་པའི་ཕྱིར་ཀྱང་ཞེས་བྱ་བའི་སྒྲ་སྨོས་སོ། །གོས་དྲི་མ་དག་གིས་གོས་པ་བཀྲུས་ཏེ་བགོ་བར་བྱའོ། །ཕྱེ་མ་དག་གིས་ནི་སྤྲུགས་ཏེའོ་ཞེས་བྱ་བ་ནི་
ཡོངས་སུ་དག་པའི་གོས་ལ་ལོངས་སྤྱད་པའོ། །སྣུམ་གྱིས་ནི་རྩུབ་པར་བྱས་ཏེའོ་ཞེས་བྱ་བ་ནི་གོས་སྣུམ་གྱིས་གོས་ན་ཐལ་ཆུ་ལ་སོགས་པས་རྩུབ་པར་བྱས་ཏེ་བགོ་བར་བྱའོ། །དེ་དག་གི་ནི་མི་སྡུག་པ་བསལ་བ་ཡིན་གྱི། གསོག་འཇོག་ཏུ་གྱུར་པ་ནི་མ་ཡིན་ཏེ། མི་བདེན་པ་དེ་གང་ཞིག་འདིར་ཁ་
ཅིག་ནི་འདོད་པ་དེ་གསོག་འཇོག་ནི་ཟས་དང་འབྲེལ་པ་ཡིན་པའི་ཕྱིར་རོ། །ཆར་འབབ་པའི་ཚེ་བླ་གབ་མེད་པར་དགེ་འདུན་གྱི་མི་བགོའོ་ཞེས་བྱ་བ་ནི་བགོ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །བཀྲུ་བཤལ་དང་ཚོན་དང་ལྷུང་བཟེད་ཀྱི་ལས་དང་ཤིང་གཤེག་པ་ལ་སོགས་པ་དེའི་ཚེ་མི་བགོའོ་ཞེས་བྱ་

བ་ནི་དགེ་འདུན་གྱི་གོས་མི་བགོ་བའོ། །ལྷན་ཅིག་ཉིད་ལ་ཞེས་བྱ་བ་མི་བགོ་ན་ལྷན་ཅིག་དང་བྲལ་བའི་ཕྱིར་འདོམས་པ་ལ་བྱིན་པ་ནི་ཡང་དག་པ་ཉིད་ཀྱི་གྲངས་ཡིན་ནོ་ཞེས་བྱ་བ་ལ། ལྷན་ཅིག་ཉིད་ལ་ཞེས་བྱ་བ་ནི་ཁོ་བོ་ཅག་ལ་འདི་སྦྱིན་པར་བྱའོ། །འདོམས་པ་པོ་རྣམས་
ཀྱིས་བྱ་བ་མ་བསྒོ་ན་གང་ཞིག་དེར་གཞན་གཅིག་གམ་དུ་མ་གྲོགས་བྱེད་པ་འདོམས་པར་བྱེད་པ་པོ་དེ་སྤངས་ནས་འདོམས་པར་བྱེད་པ་ལ་བྱིན་པ་ནི་ཡང་དག་པ་ཉིད་ཀྱི་གྲངས་དེའོ། །འདིར་གཞུང་ནི། བཙུན་པ་རེ་ཞིག་སྐྱེ་བོ་བཞིས་གོས་གཏམས་པར་གྱུར་པ་གཅིག་གིས་ལེན་ན་སྩལ་བར་བགྱིའམ།
ཉེ་བ་འཁོར་སྦྱིན་པར་བྱའོ་ཞེས་གསུངས་སོ། །བྱེ་བྲག་འདི་མ་སྨོས་ཏེ། ཤུགས་ཀྱིས་འདི་ལ་ལྟ་བ་མཐོང་བ་དེ་བས་ན་འདི་སྨོས་སོ། །འདོམས་པར་བྱེད་པ་དང་བཅས་པ་ལ་མི་སྦྱིན་ནོ་ཞེས་བྱ་བ་ནི་འདོམས་པར་བྱེད་པ་མ་ཡིན་པའི་གང་ཟག་དང་ལྷན་ཅིག་ལེན་དུ་འོངས་ན་བསྐུར་བར་མི་བྱ་ཞེས་བྱ་བའི་
དོན་ཏེ། དངོས་པོ་དེ་བདག་པོ་མ་ཡིན་པ་གཞན་ལ་ཡང་སྦྱིན་པར་འགྱུར་བ་དང་། བསྐུར་བར་འགྱུར་བ་དང་། བདག་པོ་ལ་ཞེས་བྱ་བ་ནི་དེའི་རྒྱུ་རིག་པར་བྱའོ། །སྨྱོན་པས་ཉེ་དུ་མ་ཡིན་པ་དང་དེའི་ཁྱིམ་ནས་བླངས་པ་ལ་བླང་བར་མི་བྱའོ་ཞེས་བྱ་བ་ནི་སྨྱོན་པས་རང་གི་ཉེ་དུ་མ་ཡིན་པའི་ཁྱིམ་ནས་བླངས་པ་དང་།
དེ་ལས་གཞན་པ་ཡང་རུང་སྟེ་དེས་གང་བླངས་པ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་གང་ན་ཕའམ་མའམ་ཕུ་ནུའམ་སྲིང་མོ་མངོན་པར་རང་གི་ཁྱིམ་ནས་སྦྱིན་པར་བྱེད་པ་དེ་ལས་བླང་བར་བྱའོ། །གང་ལས་བླང་བར་མི་བགྱི། གང་ན་ཕ་མ་ལ་སོགས་པ་མི་མངོན་པ་ནས་སོ་ཞེས་བྱ་བ་ལ་སོགས་པ་འདིར་
གསུངས་པ་ཡིན་ནོ། །ཉེ་བ་དང་འབྲེལ་པ་དེ་ལ་ནི་སྦྱིན་པའམ་ཉེ་དུས་གང་གིས་བླངས་པའམ་ཞེས་བྱ་བ་ཡིད་ཆེས་པའི་གཙོ་བོ་ཕ་མ་ལ་སོགས་པར་གཏམས་པ་ཡིན་ནོ། །གསལ་མི་གསལ་གྱིས་འདིར་བྱ་བ་ཉིད་དུ་རྣམ་པར་གཞག་པས་དེ་ལྟ་བས་ན་དེ་ལྟར་ཉེ་བར་བཏགས་པའོ། །དགེ་སློང་བྲམ་
ཟེའི་བུ་མོས་ཞུས་པ་ལས། མདོ་འདི་དང་ཕྱི་མ་གཉིས་རིག་པར་བྱའོ། །བུ་བསྐྲད་པ་ལས་བླང་བར་བྱའོ་ཞེས་བྱ་བ་ནི་ཕས་བུ་རེ་ཞིག་བསྐྲད་པའི་ལག་ནས་རྫས་བླང་བར་བྱ་བ་སྟེ། བུ་དེ་ཕའི་ཁྱིམ་གྱི་བདག་པོ་ལས་ཕྱིར་མི་ལྡོག་པའི་ཕྱིར་སྙམ་དུ་དགོངས་པའོ། །དུར་ཁྲོད་ནས་ཕྱིར་ཟློག་པ་ལ་ཡང་ངོ་

ཞེས་བྱ་བ་ནི་ཟློག་པ་བླང་བར་བྱའོ། །དུར་ཁྲོད་པས་ནི་གཙུག་ལག་ཁང་དུ་འཇུག་པར་བྱ་བ་ཉིད་དང་བཟའ་བར་བྱ་བ་ཉིད་མ་ཡིན་ཏེ། གཙུག་ལག་ཁང་དུ་གནས་པ་རྣམས་ཀྱིས་ཞེས་བྱ་བ་གཞན་ལ་བླང་བར་བྱ་བ་ཉིད་འདི་ལས་བསམ་པར་བྱེད་པ་རྣམས་ལ་འདི་སྨོས་སོ། །ཕྱིར་འགུགས་ན་སྦྱིན་པར་
བྱའོ་ཞེས་བྱ་བ་ནི་དུར་ཁྲོད་ནས་ཕྱིར་བཟློག་པ་རྙེད་པ་ལའོ། །དམན་ལ་མངོན་པར་ཞེན་པ་འདི་ལྟ་བུ་མ་ཡིན་པ་གཞན་ལ་དེ་བས་ན་འདི་མ་གྲུབ་པ་ཉིད་སྨོས་པར་རིག་པར་བྱའོ། །ཡང་རྙེད་ན་བླང་ངོ་ཞེས་བྱ་བ་ནི་གོ་སྐབས་དབྱེ་བའམ་ཕུལ་བ་དེ་བླང་བར་བྱ་སྟེ། དེ་ནི་དེས་ཁྲོ་བ་མི་བརྟན་པར་བྱས་པར་
འགྱུར་རོ་ཞེས་བྱ་བ་འདིར་རྒྱུའོ། །མཆོད་རྟེན་གྱི་དཀོར་དང་འབྱུང་ཁུང་དང་རྩ་བ་དང་། འབྲས་བུ་དང་བུ་རམ་ཤིང་ལས་གཞན་པའི་ཟས་ཀྱི་དོན་དང་། བསྐོ་བས་ཉེ་བར་འཚོ་བར་བྱ་བ་དང་། ན་བའི་རུང་བ་ནི་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། མཆོད་རྟེན་གྱི་དཀོར་ཞེས་བྱ་
བྱ་ནི་དགེ་འདུན་གྱིས་ཐོབ་པར་བྱ་བ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ལ་ཤི་བའི་ཡོ་བྱད་འདི་ལ་ཞེས་བྱ་བ་ཐོབ་པ་ལ་སོགས་པའོ། །རྣམ་པ་ཐམས་ཅད་དུ་དཀོན་མཆོག་ཐ་དད་པ་ཡིན་པའི་ཕྱིར། བཅོམ་ལྡན་འདས་དང་དེ་དག་ཀྱང་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །འབྱུང་ཁུང་
ཞེས་བྱ་བ་ནི་བྱེ་བྲག་མ་སྨོས་པས་དངོས་གཞིའི་འཇུག་པ་འདི་ལྟ་སྟེ་ཞིང་དང་ལོ་ཐང་དང་ཀུན་དགའ་ར་བ་ལ་སོགས་པ་དང་། ཚོང་འདུས་ལ་སོགས་པའི་འཇུག་པ་དང་དཀོར་གྱི་འཇུག་པ་དང་། འདུ་བའི་སྒོ་མི་ཟད་པར་ངེས་པ་ཉིད་བྱས་གཞན་པ་དག་དང་། བ་ལང་དང་མ་ཧེ་ལ་སོགས་པ་དང་། ལྷ་འབངས་དང་
རྩེ་རྒོད་ལ་སོགས་པ་དག་ལ་ཡང་བཟའ་བར་བྱེད་པ་རྣམས་ཡིན་ནོ། །རྩ་བ་དང་ཞེས་བྱ་བ་ནི་རྩ་བ་དང་འབྲས་བུ་དང་བུ་རམ་ཤིང་ལས་གཞན་པའི་ཟས་ནི་བགོ་བར་བྱ་བ་ཉིད་དོ། །དེ་དག་ལས་གཞན་པ་ཟས་ཀྱི་དོན་དུ་སྦྱོར་བ་དེ་དག་ལ་སོགས་པའི་དངོས་པོའི་ཁ་འདུ་བའི་སྒོ་དག་ཅེས་བྱ་བ་དེ་ཙམ་འདིར་བརྗོད་
དེ། གཞན་དུ་ན་འདི་རྣམས་ལ་བགོ་བར་བྱ་བ་ཉིད་དུ་གསུངས་སོ། །དེ་བས་ན་དེ་གསལ་བའོ། །བསྐོ་བས་ཉེ་བར་འཚོ་བ་ཞེས་བྱ་བ་ནི་བསྐོ་བས་ཉེ་བར་འཚོ་བར་འགྱུར་བ་གང་ཡིན་པ་དང་། གནས་ཁང་དང་གནས་མལ་དང་བགོ་བ་ལ་སོགས་པའོ། །ན་བའི་རུང་བ་ཞེས་བྱ་བ་ནི་སྨན་དུ་གྱུར་པ་དང་། དགེ་

སློང་གི་ལྷག་མ་བཏང་བ་དང་། གཞན་མ་གྲུབ་པའམ། དེའི་རིན་ཐང་ལའོ། །བདག་གིར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བདག་གིར་བྱ་བའི་དོན་དུ་མཆོད་རྟེན་གྱི་དཀོར་ལ་སོགས་པ་ལྔ་པོ་དེ་རྣམས་ཀྱིས་བགོ་བ་བྱ་བ་གང་ཡིན་པ་དེ་ལ་བཀག་པ་འདི་ཡིན་གྱི་འདུས་བྱས་པའི་ཕྲིན་ལ་
སོགས་པའི་དོན་དུ་ནི་མ་ཡིན་ནོ། །རྙེད་པ་ལས་ནི་དབྱར་གྱི་མཚམས་འཇུག་གོ་ཞེས་བྱ་བ་ནི་དགེ་འདུན་ཙམ་ལ་བརྟེན་ནས་རྙེད་པ་གང་ཡིན་པ་དེ་འབུལ་བར་བྱེད་དེ་དེ་ལ་དབྱར་གྱི་དུས་སུ་གྱུར་པའི་མཚམས་འཇུག་པ་སྟེ། འདིར་གཞུང་ནི་གཏན་པའི་གཞི་ཞུ་བ་ལས། དགེ་སློང་དག་དབྱར་གནས་པར་ཁས་
བླངས་ནས་སྤྱོད་ཡུལ་གྱི་གྲོང་གི་ཉེན་ཀོར་དུ་མཚམས་བགྱིད་ཅིང་དེ་དག་གིས་དགག་དབྱེ་བགྱིས་ནས་ཕྱི་རོལ་དུ་མཚམས་བགྱིས་ཏེ། དེར་ཡང་མིས་དགེ་འདུན་གཞན་བཙུད་ན་དགེ་འདུན་ལ་ཆོས་གོས་འབུལ་ན་གང་གིས་འཐོབ་པར་འགྱུར། གང་དག་དེར་དབྱར་གནས་པ་དག་གིས་སོ། །ཅིའི་
ཕྱིར་ཞེ་ན། རྙེད་པ་དེ་གནས་ཀྱིས་བསྟབས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །འོན་ཏེ་དགེ་སློང་གཞན་དག་གནས་དེར་སྦྱིན་བདག་གིས་བཙུད་པ་ལ་རྙེད་པ་ཡང་ཅིའི་ཕྱིར་དེ་དག་མི་དབང་ཞེ་ན། ཁོ་བོས་དགེ་འདུན་ཙམ་གྱི་ཕྱིར་དབུལ་བར་བྱ་སྟེ། འདི་དག་རང་གིས་དབང་བ་ཉིད་དུ་རྣམ་པར་
འཇོག་ཅིང་ལེན་གྲང་སྙམ་པའི་ཕྱིར་ཏེ། འདི་དག་དང་གཞན་དག་ཞུགས་པར་བྱེད་པ་ནི་རིགས་པའི་ཕྱིར་རོ། །གལ་ཏེ་ཡང་འདི་དག་དང་གཞན་དག་ལ་ཡང་རྙེད་པ་དེ་དབུལ་བར་བྱའོ་ཞེས་ཡོངས་སུ་ཆད་པར་བྱེད་ན་ནི། དེའི་ཚེ་གཞན་དག་ཀྱང་དབང་བར་ཐེ་ཚོམ་མེད་དོ། །དེའི་སྤྱོད་ཡུལ་གྱི་གྲོང་ཞེས་བྱ་
བ་ཉམས་པར་བལྟ་བར་བྱའོ། །རླུང་དང་ཆར་པ་འབྱུང་བར་ཞེས་བྱ་བ་དེའི་དབྱར་གྱི་གནས་ངེས་པར་བསྒྲུབས་པའི་རྙེད་པའི་ཚོགས་ནི་འདིར་དབྱར་གནས་པ་རྣམས་ལ་རྣམ་པར་གཞག་པའི་ཕྱིར་རོ། །རྙེད་པ་དེ་གནས་ཀྱིས་བསྟབས་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ལ་འདིར་གནས་ཞེས་བྱ་བ་ནི་འདིར་
དབྱར་གྱི་གནས་ལ་བརྗོད་དོ། །འདི་ལ་གཙོ་བོ་བསྟན་པ་ལ་དངོས་གཞིར་གྱུར་པའི་ལུས་ལ་མངོན་པར་བརྟན་པ་ཉིད་ཀྱིས་གནས་ཉིད་ཅེས་བྱ་བ་སྟེ། དབྱར་རལ་བ་ལ་ནི་མི་དབང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ་འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། གང་ལས་སྦྱིན་པར་བྱ་ཞེ་ན། དབྱར་

སྔ་མའམ་ཕྱི་མ་གང་ཡོད་པ་ལས་ཏེ། ཡུན་རིང་དུ་གནས་པ་ལས་སོ་ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་ཉིད་དམ་ཤིན་ཏུ་མང་པོར་གནས་པ་ཉིད་ཀྱིས་དབྱར་གྱི་རྙེད་པ་དེའི་རྒྱུས་དབང་བ་ཉིད་མ་ཡིན་ནོ། །འདིར་གནས་པ་ཙམ་རྒྱུ་ཡིན་གྱི། དབྱར་མ་རལ་བར་གནས་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །
གནས་ནས་བྱུང་བ་ཉིད་ནི་མི་དབང་ངོ་ཞེས་བྱ་བ་ནི་གནས་ནས་ཕྱུང་བ་ཉིད་དུ་གྱུར་པ་ན་ཐམས་ཅད་ཀྱིས་ཕལ་ཆེར་དབྱར་གནས་པའི་རྙེད་པ་དེ་ནི་མི་དབང་བ་ཉིད་དོ། །རྫས་ཀྱིས་མནན་པར་གནས་པར་ཁས་བླངས་པ་ནི་སྐལ་བ་གཅིག་ཁོ་ནའོ་ཞེས་བྱ་བ་ནི་མཚམས་དུ་མ་ཁྲི་ལ་སོགས་པའི་རྫས་གཅིག་གིས་
མནན་པས་ཁས་བླངས་པ་སྔོན་དུ་འགྲོ་བར་དུ་མ་མནན་པ་ལ་ཇི་སྲིད་དུ་མནན་པ་ཉིད་མ་ཡིན་པ་དེ་སྲིད་དུ་ཆ་དང་ལྡན་པ་ཡིན་ནོ། །འོན་ཀྱང་སྐལ་བ་གཅིག་ཁོ་ན་སྦྱིན་པའོ། །དེ་ལ་མནན་པ་རྣམས་སུ་བདག་ཉིད་བགྲང་བའི་ཆ་ཉིད་དོ་ཞེས་བྱ་བ་ནི་བདག་ཉིད་བགྲང་བའི་ཆ་མཚམས་གང་ལ་ཡོད་པ་རྣམས་ནི་
རང་གི་གྲངས་ཀྱི་ཆའོ། །མཚམས་ཀྱི་ཇི་སྙེད་ཁས་བླངས་ཤིང་མནན་པ་རྣམས་དེ་ཙམ་མོ། །གྲངས་ཀྱི་ཆའི་དབྱེ་བ་གཅིག་གང་ཡིན་ན་དེ་ནི་དེ་ལས་སྐལ་བ་གཅིག་པ་ཉིད་ཅེས་བྱ་བར་བརྗོད་པ་ལ་ཆ་མནན་པའི་གནས་སྐབས་སུ་སྐལ་བ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་གཙུག་
ལག་ཁང་ཅིག་སྙེད་པའི་ཐང་གང་ཡིན་པ་དེ་དེས་གནས་ཇི་སྙེད་མནན་པ་དེ་སྙེད་ནས་ཆ་བསྡུས་ཏེ། དེ་ལས་སྐལ་བ་གཅིག་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་གནས་ལྷག་མ་རྣམས་ཀྱང་ཞེས་གསུངས་པ་དེ་བས་ན་འདི་མདོར་བྱས་སོ། །གཞན་པ་གཅིག་ཏུ་གནས་པ་ཁས་
བླངས་པ་ལ་ནི་ཡུན་རིང་བ་ཉིད་ཀྱིས་རྣམ་པར་གཞག་གོ་ཞེས་བྱ་བ་ལ། གཞན་པ་གཅིག་ཏུ་གནས་པར་ཁས་བླངས་པ་ལ་ཞེས་བྱ་བ་ནི་མནན་པའི་རྫས་མེད་པར་ཁས་བླངས་པ་ཞེས་གཞན་ལ་ཐ་དད་པར་ཁས་བླངས་པ་ཞེས་བྱ་བའི་དོན་ཏོ། །དེ་དུས་ཡུན་རིང་དུ་གནས་པ་ཉིད་ཀྱིས་རྣམ་པར་གཞག་
གོ། །གང་དུ་ཡུན་རིང་བར་གནས་པ་དེ་ཉིད་ལ་རྙེད་པ་འདི་སྦྱིན་པར་བྱའི་གཞན་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་གནས་མལ་གྱི་གཞི་ལས། ཚེ་དང་ལྡན་པ་ཉེ་དགས་རྙེད་པ་འདོད་པས་གཙུག་ལག་ཁང་གཉིས་སུ་ཚུལ་ཤིང་དང་གནས་མལ་བླངས་ཏེ། གནས་མལ་ཁས་བླངས་པ་ན་དེས་

གནས་གཙུག་ལག་ཁང་གཅིག་ནས་ཆོས་གོས་ཀྱི་རིན་ཐོབ་ལ། ཅིག་ཤོས་ནས་མ་ཐོབ་ནས། དེ་ནས་རྙེད་པ་སྒྲུབ་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་གང་གསོ་སྦྱོང་ལན་མང་དུ་བྱས་པ་དེ་ནས་རྙེད་པ་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་ཚུལ་
དང་དགེ་ཚུལ་མ་ནི་རྙེད་པ་ལ་སུམ་ཆ་དབྲི་བ་ཉིད་དོ་ཞེས་བྱ་བ་ལ། སུམ་ཆ་དབྲི་བ་ཉིད་དོ་ཞེས་བྱ་བ་ནི་སུམ་ཆ་དེ་ཆ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཟས་ལ་ནི་མཉམ་པ་ཉིད་དོ་ཞེས་བྱ་བ་ལ། མཉམ་པ་ཉིད་ནི་འདིར་ཆ་ཐོབ་ཅེས་བྱ་བའི་དོན་ཏོ། །ཟང་ཟིང་གི་རྙེད་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བར་གྲགས་སོ། །
དེ་བས་ན་འདིར་མཉམ་པ་ཉིད་ཐོབ་པ་ལ་གསལ་བར་བྱ་བའི་ཕྱིར་མཉམ་པ་ཞེས་སྨོས་པར་རིག་པར་བྱའོ། །བསྙེན་པར་རྫོགས་པར་འདོད་པ་དང་དགེ་སློང་མ་དག་ཀྱང་ངོ་ཞེས་བྱ་བ་ལ་ནི་རྣམ་པ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །བསྙེན་པར་རྫོགས་པར་འདོད་པ་ཞེས་བྱ་བ་སྨོས་པ་ནི་དགེ་ཚུལ་ཡང་བསྡུས་པའོ། །
དེ་མེད་ན་དགེ་ཚུལ་མ་ལ་བསྙེན་པར་རྫོགས་པར་བྱར་མེད་པའི་ཕྱིར་རོ། །འདི་ནི་ཐམས་ཅད་ཀྱི་དོན་དུ་ཡིན་གྱི། ཡང་འདོད་པའི་དོན་དུ་ནི་མ་ཡིན་ཞེས་བྱ་བའོ། །འདིར་གཞུང་ནི་སིལ་བུ་དག་ལས། དགེ་སློང་དང་དགེ་སློང་མ་དག་གིས་སྐལ་བ་མཉམ་པར་སྦྱིན་ནོ། །དགེ་ཚུལ་དང་དགེ་ཚུལ་
མ་དག་ལ་ནི་སུམ་གཉིས་སྦྱིན་ནོ། །བསྙེན་པར་རྫོགས་པར་འདོད་པ་དང་། དགེ་སློང་མ་དག་ཀྱང་མཉམ་པར་སྦྱིན་པ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་དང་དགེ་སློང་མ་རྣམས་ཀྱི་སྐལ་བ་བགོ་བ་ནི་གང་ཟག་ལས་ནི་ཡིན་གྱི་དགེ་འདུན་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཟག་འདི་སྙེད་ནི་དགེ་སློང་གི་
དགེ་འདུན་ལ་དབུལ་ལོ། །འདི་སྙེད་ཅིག་ནི་དགེ་སློང་མའི་དགེ་འདུན་ལ་དབུལ་ལོ་ཞེས་བྱ་བ་དེ་ལྟར་བྱེ་བྲག་ཏུ་མ་བྱས་པ་རྙེད་པ་ནི་དགེ་འདུན་གཉིས་ལ་བརྟེན་ནས་ཕུལ་བ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །འདིར་གཞུང་ན་མགོའི་ཤས་ཀྱིས་བགོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ།
ཟས་ཀྱི་མཇུག་ཐོགས་ཀྱི་རྙེད་པ་བྱེ་བྲག་ཏུ་མ་བཅད་པ་ལ་དེ་ལ་དགེ་སློང་མ་ཟོས་པ་ཉིད་དག་ཀྱང་མི་འཇུག་པ་མ་ཡིན་ནོ་ཞེས་བྱ་བ་ལ། ཟས་ཀྱི་མཇུག་ཐོགས་ཞེས་བྱ་བ་ནི་ཟས་སྔར་བཅུག་པ་དང་ལྷན་ཅིག་རུང་འདི་དགེ་སློང་ཁོ་ན་ལ་འབུལ་ལོ་ཞེས་སྦྱིན་བདག་གིས་བྱེ་བྲག་ཏུ་མ་བཅད་པའི་ཟས་

དེ་ལྟ་བུའི་རྙེད་པ་དེ་དག་ལ་ནི་དེར་ཟན་ཟོས་པའི་དགེ་སློང་མ་རྣམས་ཀྱང་མི་དབང་བ་མ་ཡིན་ཏེ་དེ་རྣམས་ལ་ཡང་རྙེད་པ་དབུལ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་ལུང་ནི་དགེ་སློང་དྲུག་ཅུ་རྣམས་བཟའ་བའི་ཕྱིར་ཞུགས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་
དང་བཅས་པ་དང་། དགེ་སློང་དྲུག་ཅུ་ཡང་རི་བྲགས་དེ་ཉིད་དུ་ལྷགས་ནས། དེ་དག་ཀྱང་ཟན་ཟོས་ནས་རྙེད་པ་ཐོབ་པ་ཉིད་ཅེས་གསུངས་སོ། །སྟན་དང་ཆུ་དང་བསོད་སྙོམས་དག་ལ་དགེ་སློང་དང་དགེ་སློང་མ་དག་པས་གཙོ་བོ་ཉིད་མ་ཡིན་པ་མ་ཡིན་ནོ། །དགེ་སློང་མ་རྣམས་ཀྱི་ཚོགས་པ་ནི་རྒན་པའི་
མཐར་སྟན་དག་གཞག་གོ་ཞེས་བྱ་བ་ལ་འདི་ནི་བརྒྱ་ལམ་ན་དགེ་སློང་འགའ་ཞིག་འོང་སྲིད་པར་འགྱུར་བས་དེའི་ཕྱིར་དེ་མདོར་བྱས་སོ། །དགེ་སློང་དང་བཅས་པ་ཉིད་ནི་དེ་དག་གིས་མི་ནུས་ན་དགེ་སློང་མས་ཡོན་བཤད་པར་བྱའོ་ཞེས་བྱ་བ་ལ། དགེ་སློང་དང་བཅས་པ་ཉིད་ན་ཞེས་བྱ་བ་ནི་མཆོད་རྟེན་ལ་ཡོན་
བཤད་པར་བྱའོ་ཞེས་སྨོས་པར་རིག་པར་བྱའོ། །དེ་དག་གིས་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིས་སོ། །འདྲིམ་པར་བྱེད་པས་སྦྱིན་པའི་ཕྱིར་ཟས་ཉེ་བར་གཞག་པ་ནི་དགེ་འདུན་གྱི་གནས་བརྟན་གྱིས་དང་པོར་སྙོམས་པར་བྲིམས་ཤིག་ཅེས་བསོ་བར་བྱ་བ་ནི་དང་པོར་ཞེས་བྱ་བ་ནི་ཐོག་མར་རོ། །སྦྱིན་
པའི་ཕྱིར་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པའོ། །བརྩོན་འགྲུས་དེ་ཉིད་ཀྱང་སྨོས་ན་སྐྱོན་དུ་མི་འགྱུར་བ་ཉིད་དོ། །དང་པོར་མ་སྨྲས་ན་དེའི་འོག་ཏུ་སྨྲ་བར་བྱ་བ་ཉིད་ཡིན་ཏེ་དེའི་ཚེ་ཡང་མ་སྨྲས་ན་ཉེས་བྱས་སུ་འགྱུར་རོ། །འཁོར་ལ་བལྟས་ཏེ་མང་ལ་ཟས་སུ་ཉུང་བ་ཉིད་ཡིན་ནོ། །དེའི་ཚེ་སྔ་མ་
བརྗོད་ཅིང་ཇི་ལྟར་ཁྱེད་པར་བྱའོ་ཞེས་བྱ་བ་ལ། ཇི་ལྟར་ཁྱེད་པར་ཞེས་སོ་ཞེས་བྱ་བ་ནི་སྙོམས་པར་བྲིམས་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །འཁོར་ལ་བལྟས་ཏེ་ཞེས་བྱ་བར་སྦྱར་རོ། །གཞན་དག་འོངས་པ་ལ་ནི་འདི་གསུངས་སོ། །གོ་རིམས་བཞིན་དུ་བོས་པ་ལ་དུས་གཞན་དུ་ཡང་
འདི་མཐོང་བ་དང་ཐོས་པ་ལ་བཟའ་བའི་ཚད་ཀྱི་བློ་སྐྱེས་པ་ལ་ཟས་ཉུང་བ་ཉིད་དང་ལྷགས་པའི་དོགས་པ་བྱ་བ་ཉིད་རྣམ་པར་གནས་པ་ཡིན་ཞེས་བྱ་བ་བྱེ་བྲག་མེད་པར་སྨོས་སོ། །མང་ལ་ཞེས་བྱ་བ་ནི་འཁོར་གྱི་རྫས་རྣམས་མང་བ་ལའོ། །ཟས་ཉུང་བ་ཉིད་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་མཐོང་བའི་ལམ་

ན་ཉེ་བར་སྡུད་པའོ། །འདིར་མཐོང་བ་ལས་ཡོངས་སུ་ཚང་བར་འགྲུབ་པའོ། །གལ་ཏེ་མ་ཡིན་ན་ཐོས་པ་དང་དོགས་པ་དང་བཅས་པ་ལ་སྤྱོད་པའམ། ཡིད་གཉིས་སམ་ཐོས་པ་ལ་ཐེ་ཚོམ་བརྗོད་པ་དང་བཅས་པ་ཉིད་དོ། །དགེ་སློང་དག་མང་ལ་ཟས་ཉུང་གི་ཇི་ལྟར་ཁྱེད་པར་
བྲིམས་ཤིག་ཅེས་བསྒོ་བར་བྱའོ། །འོན་ཏེ་དགེ་སློང་དག་ཉུང་ལ་ཟས་དག་མང་བ་ཡིན་ནོ་ཞེས་བྱ་བ་བརྗོད་ཅིང་ཅི་འབྱོར་པ་བྲིམས་ཤིག་ཅེས་བསྒོ་བར་བྱའོ། །ཟས་ཉུང་བ་ཉིད་དུ་ངེས་པ་ལས་ཟས་ཉུང་བ་ཉིད་དམ་མང་བ་ཉིད་མ་ཡིན་ན་དེའི་ཚེ་སྔ་མ་བརྗོད་ཅིང་དེའི་འཁོར་གྱི་རྫས་མང་བ་ཉིད་དམ་ཉུང་བ་
ཉིད་ནའོ། །དེའི་དོན་ནི་འདི་ཡིན་ཏེ། འཁོར་གྱི་རྫས་མང་བ་ཉིད་དང་ཟས་ཉུང་བ་ཉིད་ཡིན་ན་དེའི་ཚེ་སྔ་མ་བརྗོད་པ་ནི་བྲིམས་ཤིག་ཅེས་བྱ་བ་བསྒོ་བའོ། །ཟས་འགོད་པར་བྱེད་པ་པོ་ཉེ་བར་འགོད་པས་དང་པོར་དགེ་འདུན་གྱི་གནས་བརྟན་པར་གསོལ་བར་བྱའོ། །གཞན་ཉིད་ཡིན་ན་ཅི་འབྱོར་པ་
ཞེས་སོ་ཞེས་བྱ་བ་ནི་འཁོར་གྱི་རྫས་རྣམས་ནི་ཉུང་ལ་ཟས་ནི་མང་བ་ཉིད་ཡིན་པར་གྱུར་ན་འཁོར་ལ་བལྟས་ཏེ། དེའི་ཚེ་སྔ་མ་བརྗོད་ཅིང་ཇི་ལྟར་ཁྱེད་པར་བྲིམས་ཤིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བ་ཟས་ཉེ་བར་གཞག་པ་ན་དང་པོར་སྦྱིན་པའི་ཕྱིར་དགེ་འདུན་གྱི་གནས་བརྟན་གྱིས་བསྒོ་བར་བྱའོ། །རྒན་པའི་
མཐར་སཾ་སྲ་བ་ཏ་ཞེས་མ་བརྗོད་པར་དང་པོར་བླང་བར་མི་བྱའོ་ཞེས་བྱ་བ་ནི་དང་པོར་ཞེས་བྱ་བའི་སྒྲས་ནི་དགེ་འདུན་གྱི་གནས་བརྟན་གྱི་ཞེས་བྱ་བར་སྦྱར་རོ། །ཟས་བསྡོགས་པ་ན་བསྐོས་པ་དག་ལས་གཞན་པ་དག་ལྷགས་ན་དེ་ལ་སྦྲན་པར་བྱའོ་ཞེས་བྱ་བ་ནི་གཞན་པའི་མ་བསྐོས་པ་དག་ལྷགས་ནས་
སྦྱིན་བདག་དེ་ལ་སྦྲན་པར་བྱའོ། །དགེ་སློང་ཆོས་གོས་གསུམ་སྦྱིན་དུ་གཞུག་པར་མི་བྱའོ། །དགེ་འདུན་གྱི་སོས་པར་གྱུར་པ་ཉིད་ན་འདི་སྦྱིན་ནོ་སྙམ་པ་ལས་གཞན་པའི་ཡིད་ཀྱིས་བླང་བར་མི་བྱའོ་ཞེས་བྱ་བ་ལ་འདི་ཞེས་བྱ་བ་ནི་ཆོས་གོས་གསུམ་པོ་འདིའོ། །སོས་པར་གྱུར་པ་ཉིད་ན་ཞེས་བྱ་བ་ནི་གལ་ཏེ་
ཤི་བར་དོགས་པ་དེའི་ཚེ་འདི་ཕྱིར་སྦྱིན་ནོ་སྙམ་པར་དོན་གྱིས་རྟོགས་པར་བྱའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་འདིར་དེ་སྨོས་པ་ཞེས་བྱ་བ་ནི་བསྡུས་པའོ། །གང་ཟག་ལ་ཡང་དེ་རྟོགས་པར་བྱའོ། །ལངས་པ་དེ་ཉིད་ལ་འདི་ཕུལ་བར་གྱུར་པ་འདི་ལའོ་ཞེས་བྱ་བ་འདིའི་དགོངས་པས་བཟུང་བ་ལ་སྐྱོན་མེད་དེ་

གཞན་དུ་ན་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །སྟོད་གཡོགས་དང་སྨད་གཡོགས་ཀྱི་རོ་དོར་རོ། །འབྲིང་གིས་སོ་ཞེས་བྱ་བ་ནི་ངན་པ་ཡང་མ་ཡིན་བཟང་པོ་ཡང་མ་ཡིན་པའོ། །ལྷག་མས་མི་བྱའོ་ཞེས་བྱ་བ་ནི་སྟོད་གཡོགས་དང་སྨད་གཡོགས་ལས་གཞན་པའི་རྫས་ལྷག་མས་རོ་དོར་བར་མི་བྱ་སྟེ།
བཀག་པའི་ཕྱིར་འདིར་གསུངས་སོ། །ལྷག་མ་ཡང་དེ་ཉིད་དུ་བསྲེ་བར་མི་རིགས་པ་ཡིན་ནོ། །ཅི་རོའི་རྫས་བཟུང་བས་ཞེས་བྱ་བའི་བློ་བསལ་བའི་དོན་དུ་དེའོ། །སྐ་རགས་མ་བཅིངས་པས་གྲོང་དུ་འཇུག་པར་མི་བྱའོ། །ཁྲིས་གཅིག་གིས་ཀྱང་ངོ་། །གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་
པའི་ཞུ་བ་བཅས་པའི་སྐབས་སོ། །གོས་ཀྱི་གཞི་རྫོགས་སོ།། །།མཐའ་ཁོབ་ངེས་པར་ཤེས་པར་བྱ་བའི་ཕྱིར་ཡུལ་དབུས་བསྟན་པར་བྱ་སྟེ། དེའི་ཕྱིར་ཡུལ་དབུས་ཀྱི་མཚམས་སོ་ཞེས་བྱ་བ་སྨོས་ཏེ། ཤར་དུ་ནི་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ཕུང་པོ་ཚང་ཚིང་ཅན་ཞེས་བྱ་བའོ། །
འདིར་ནགས་ཀྱི་ཆ་གཞན་མཚམས་སུ་རྣམ་པར་གནས་པ་ཡིན་ཏེ། དེའི་ནུབ་ཀྱི་ཆ་ཚུན་ཆད་དབུས་ཀྱི་མཚམས་སོ། །ལྷོར་ནི་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་དེ་ཞེས་བྱ་བའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ལྷོ་ཕྱོགས་ཀྱི་ཆ་ལའོ། །དེའི་ལྷོ་ན་ཆུ་ཀླུང་འདམ་བུ་ཅན་ཞེས་བྱ་བ་ཡོད་པའི་བྱང་གི་ཆ་ཚུན་ཆད་ནི།
ཡུལ་དབུས་ཀྱི་ལྷོ་ཕྱོགས་ཀྱི་མཚམས་ཡིན་ནོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་། ཉེ་བའི་ཀ་བ་ཞེས་བྱ་བ་གཉིས་སོ་ཞེས་བྱ་བ་ནི་ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་ཡོད་པའི་ཤར་གྱི་ཆ་ཚུན་ཆད་དུ་ཡུལ་དབུས་ཀྱི་མཚམས་སོ། །བྱང་དུ་ནི་ཨུ་ཤི་རའི་རི་ཞེས་བྱ་བའོ་ཞེས་བྱ་བ་ནི་
མཚམས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ཨུ་ཤི་རའི་རིའི་ལྷོ་ཕྱོགས་ཀྱི་མཐར་ཐུག་པའོ། །མཐའ་ཁོབ་ཏུ་མཆིལ་ལྷམ་དག་བཅང་བར་བྱའོ། །གནས་མལ་བསྐྱབ་པའི་ཕྱིར་ཡང་ངོ་། །མཐའ་ཁོབ་མ་ཡིན་པར་ཡང་མཆིལ་ལྷམ་དག་བཅང་བར་བྱའོ། །རྐང་པ་དང་བཅས་པའི་སྟན་ལ་
འདུག་པ་ལ་གནས་མལ་རྐྱང་པ་མི་འགྲུབ་པའོ། །གནས་གཞན་དུ་སོང་བས་ཀྱང་གནས་མལ་བསྐྱང་བར་དགོས་པ་མེད་དོ། །དེ་བས་ན་ལམ་དུ་འདི་དག་སྲེལ་བར་བྱ་བ་ཉིད་མ་ཡིན་ནོ། །གཞན་དུ་སོང་བས་ཀྱང་རྐང་པ་ལ་དགོས་པས་དེ་དག་བགོ་བར་ཤིན་ཏུ་རིགས་པ་ཡིན་ནོ། །འདི་དག་

ལམ་དུ་སོང་བས་ཀྱང་རྗེས་སུ་ཁུར་བ་ཡང་རིགས་སོ། །འདི་གཉིས་ལ་ཡང་མཚོན་པར་བྱེད་པའི་རྟགས་འདིར་ཡང་ཡོད་དེ། དེའི་ཕྱིར་འདིར་གཞུང་ནི་བསོད་སྙོམས་པ་ཞིག་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ན། དེར་མཆིལ་ལྷམ་མེད་པས་རྐང་པ་དག་ལ་སེར་ཁ་བྱུང་
བ་ཁྱིམ་བདག་གིས་མཐོང་ནས་དེས་དེ་ལ་སྨྲས་པ། འཕགས་པ་ཁྱོད་ལ་མཆིལ་ལྷམ་དག་མེད་དམ། མེད་དོ། །ཚུར་ཤེག་དང་སྦྱིན་དུ་གཞུག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཅི་ཡང་རུང་བའི་མཆིལ་ལྷམ་གནས་མལ་བསྐྱང་བའི་དོན་དུ་མཐའ་ཁོབ་དག་ཏུ་བཅང་བར་བྱ་བའམ་ཞེ་
ན། དེའི་ཕྱིར་ཆིག་རིམ་མོ་ཞེས་བྱ་བ་སྨོས་ཏེ། ཆིག་རིམ་གང་ལ་ཡོད་པ་དེ་ནི་ཆིག་རིམ་གཅིག་པའོ། །དེ་ཡང་འདིར་མཐིལ་ཆིག་པའི་རིམ་ཅན་ནམ་རིམ་པ་གཅིག་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །སྡོགས་པ་གཞུག་པས་བཅོས་པར་བྱའོ་ཞེས་བྱ་བ་ནི་ཟད་པ་ཉིད་ལ་ནི་རིམ་པ་གཞན་སྡོགས་པ་
གཞུག་པར་འོས་པ་ཡིན་ནོ་ཞེས་བྱ་བ་སུ་ཞིག་སྡོགས་པ་གང་ཞིག་གིས་བྱས་པ་དེ་སློབ་མའི་དོན་དུ་ངེས་པ་འདིར་རིག་པར་བྱའོ། །དེའི་དོན་དུ་གསལ་བར་བྱ་བའི་ཕྱིར་བརྗོད་པར་བྱ་སྟེ། རིམ་པ་གཞན་ནི་མི་རུང་ངོ་ཞེས་བྱ་བ་ནི་སྡོགས་པ་རིམ་པ་གཞན་གཞུག་པས་བཅོས་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །
འདིར་གཞུང་ནི། གལ་ཏེ་རྡོལ་ན་སྡོགས་པ་བཅུག་སྟེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྡོལ་ན་ཞེས་བྱ་བའི་བུ་ག་བྱུང་ནའོ། །ཁྱིམ་པས་ཐ་ན་གོམ་པ་མདུན་དུ་བགོས་ན་རིམ་པ་མང་ཡང་རུང་ངོ་ཞེས་བྱ་བ་ལ། འདིར་གཞུང་ནི། ཉེ་བ་འཁོར་ཁྱིམ་པས་ཐ་ན་གོམ་པ་བདུན་བགོས་པར་གྱུར་ནའོ་
ཞེས་གསུངས་པ་ཡིན་ནོ། །རུང་བ་ཙམ་གྱི་དོན་ཉིད་དུ་དེ་དང་སྦྱར་བའི་དབང་དུ་ལེན་པ་ནི། མི་རུང་བ་བླངས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། མི་རུང་བ་ཞེས་བྱ་བ་ནི་བླངས་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱོར་རོ། །གང་ཞིག་རིམ་པ་གཅིག་པ་བྱ་སྟེ་བཅང་བར་བྱའོ་ཞེས་བྱ་བ་ནི་རིམ་པ་དག་ལ་དགེ་སློང་
གིས་བདག་ཏུ་བྱས་པ་དེའི་འདི་བསྡུས་པའོ། །རུང་བ་ཙམ་གྱིས་དོན་ཉིད་དོ་ཞེས་བྱ་བ་ནི་གང་ཞིག་དེར་རུང་བ་དང་ཇི་སྙེད་པར་གྱུར་པ་དེ་ཙམ་གྱིས་དོན་ཉིད་ཡོད་པ་དང་། མེད་པ་དང་ལྷག་པར་གྱུར་པ་དང་མི་རུང་བའི་བསྩགས་པར་གྱུར་པ་དོགས་པ་ལ་དེའི་སྦྱོར་བའི་དབང་གིས་རུང་བ་དང་འབྲེལ་བ་འབྱོར་བ་

བླངས་པ་སྟེ། རུང་བ་མ་ཡིན་པའི་དངོས་པོ་ལ་བདག་གིར་བྱ་བ་མི་འབྱུང་བའི་ཕྱིར་རོ། །ཁྲ་བོ་བཀྲ་བ་དག་མི་བཅང་ངོ་ཞེས་བྱ་བ་ནི་འདི་མན་ཆད་ནས་འོག་གི་མདོ་ལས་སྒེག་རྫས་སུ་གྱུར་པ་གཞན་དག་ཀྱང་ངོ་ཞེས་འབྱུང་བ་ཡན་ཆད་མཆིལ་ལྷམ་དག་ཅེས་བྱ་བར་སྦྱར་རོ། །ལུག་རུ་ལྟ་བུ་དག་བཅང་བར་མི་
བྱའོ། །ཨ་ཤྭད་ཐ་དང་ཀ་ར་བཱི་རའི་འདབ་མ་ལྟ་བུ་དག་མི་བཅང་ངོ་། །གསེར་དང་དངུལ་གྱིས་སྤྲས་པ་དག་མི་བཅང་ངོ་། །ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ་། །ཀྲོག་ཀྲོག་ཟེར་བ་དག་མི་བཅང་ངོ་། །ཏུག་ཏུག་ཟེར་བ་དག་མི་བཅང་ངོ་། །ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ་ཞེས་བྱ་བ་ནི་ཐྲིག་ཐྲིག་ཟེར་
བ་དག་མི་བཅང་ངོ་། །ཀྲོག་ཀྲོག་ཟེར་བ་དག་མི་བཅང་ངོ་ཞེས་བྱ་བའི་ཚིག་གཉིས་སོ། །དེ་ལས་གཞན་པའི་ཏུག་ཏུག་ཟེར་བ་དག་མི་བཅང་ངོ་། །ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ་ཞེས་བྱ་བའི་ཚིག་གཉིས་བསྡུ་བར་བྱས་སོ། །དེ་ལ་སྒེག་རྫས་ཐམས་ཅད་བཀག་པའི་གཙོ་བོ་ཉིད་འདིར་རྣམ་པར་གནས་
པ་ཡིན་ཏེ། དེ་བས་ན་གཉིས་ཀ་བསྡུས་པའོ། །སྒེག་རྫས་སུ་འགྱུར་བ་གཞན་དག་ཀྱང་ངོ་ཞེས་བྱ་བ་ནི་གང་ཞིག་འདི་སྒེག་རྫས་ཐམས་ཅད་དགག་པའི་གཙོ་བོ་ཉིད་དུ་འདིར་རྣམ་པར་གནས་པ་དེ་བས་ན་མདོ་འདི་ཡིན་ནོ། །བོལ་ཀོ་བ་ཅན་ནི་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ནི་སྒེག་རྫས་སུ་
གཏོགས་པ་མ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྣ་དང་རྟིང་པའི་སྦུབས་ཅན་བཅང་བར་བྱའོ་ཞེས་བྱ་བ་ནི་མཆིལ་ལྷམ་སྣའི་སྦུབས་ཅན་ཞེས་བྱ་བ་ནི་རྐང་པའི་སྣའི་སྦུབས་ཅན་ནོ། །རྟིང་པ་ནི་རྟིང་པའོ། །འདིར་གཞུང་ནི། དགེ་སློང་རྣམས་བྱ་རྒོད་ཕུང་པོའི་རི་ལ་འཛེགས་པ་ན་རྐང་པའི་སྣ་དག་
དྲུད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནས། སྣ་སྦུབས་ཅན་བཅང་བར་བྱའོ་ཞེས་གསུངས་པ་དང་། འབབས་པ་ན་རྟིང་པ་དག་དྲུད་ནས་རྟིང་པ་སྦུབས་ཅན་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁ་ཆུ་ཆུས་བྱུང་ངོ་ཞེས་བྱ་བ་ནི་ཕལ་ཆེར་ཐམས་ཅད་རྐང་པ་འགེབས་པར་བྱེད་པ་
མཆིལ་ལྷམ་འདི་བཅང་བར་རིག་པར་བྱའོ། །ལྷམ་ཡུ་ཆད་ཀྱང་ངོ་ཞེས་བྱ་བ་ཡང་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ལྷམ་ཡུ་ཆད་ཀྱང་ལས་ལྷམ་གྱི་རྣམ་པ་གཞན་འབྱུང་བ་ཡོད་པ་ཡིན་ཏེ། དེ་བས་ན་མཆིལ་ལྷམ་དང་ཁ་ཆུ་ཆུས་བྱུང་ངོ་ཞེས་བྱ་བར་རིག་པར་བྱའོ། །འདིར་གཞུང་ནི། གང་གི་ཚེ་ཀླུའི་

རྒྱལ་པོ་སོག་མ་མེད་ཀྱིས་སེར་བ་དང་བ་པའི་ཚེ། །ཐོག་གི་ཆར་རྣམས་འབབ་པ་དེའི་ཚེ་རྩ་སྣ་རྣམས་ཀྱང་དུག་དང་བཅས་པ་སྐྱེ་བར་འགྱུར་རོ། །དེར་དགེ་སློང་རྣམས་འཆག་པར་བྱ་བའི་དགེ་སློང་རྣམས་ལ་རྨ་བྱུང་བར་གྱུར་པ་དང་འགྲོ་མ་ཤེས་པར་གྱུར་ཏེ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཁ་ཆུ་ཆུས་བྱུང་བཅང་བར་བྱའོ། །ལྷམ་ཡུ་ཆད་ཀྱང་བཅང་བར་བྱའོ་ཞེས་བྱ་བ་དང་། མཆིལ་ལྷམ་ཉིད་འདི་བཅང་བར་བྱའོ་ཞེས་བྱ་བ་ནི་བྱང་ཕྱོགས་སུ་འདི་ལྟ་བུས་གྲགས་པའོ། །འདིར་ཁ་ཅིག་མཆིལ་ལྷམ་གྱི་ཚིག་བྱེད་བཞིན་པ་ཁ་ཆུ་ཆུས་བྱུང་བ་དང་མཆིལ་ལྷམ་བཅང་བར་བྱ་ཞེས་
བྱ་བ་དེ་ཀླུའི་ཁ་ཆུའི་ཆུ་ལས་བྱུང་བ་རྒྱུ་མཚན་ལས་སྐྱེས་པ་ཉིད་ཀྱི་ཕྱིར་དང་དེ་ལས་སྐྱེས་པའི་ཕྱིར་དང་འཇིག་རྟེན་པས་བསྐྱེད་པའི་ཕྱིར་ཞེས་བྱ་བ་མཐོང་བ་ཡིན་ནོ། །རྣམ་པ་གཞན་བསྟན་པར་བྱས་པར་གྱུར་ཅིག་ཅེས་བྱ་བ་ལྷམ་ཡུ་ཆད་རྗེས་སུ་གནང་བའོ། །འདིར་དོན་ཐ་དད་པ་ཡང་ཡོད་དེ་རྣམ་པ་གཞན་
ཉིད་ཀྱི་ཕྱིར་རོ། །སུ་ཞིག་ལ་ཅུང་ཟད་བདེ་བ་བྱེད་པ་ཞེས་བྱ་བ་འདི་ཡང་འདིར་རྗེས་སུ་གནང་བའི་དོན་ཏོ། །ཆུ་ལ་ཆབ་རོམ་འཆགས་པའི་ཡུལ་དུ་ནི་ཞྭ་དང་ལྷམ་སྒྲོག་གུ་ཅན་ཡང་ངོ་ཞེས་བྱ་བ་ནི་ཡུལ་གང་དུ་ཆུ་ལ་ཆབ་རོམ་འཆགས་པའི་ཆུ་ཡུལ་གང་ན་ཡོད་པ་དེ་ལ་ནི་འདི་དག་བཅང་བར་བྱ་ཞེས་བྱ་
བའི་དོན་ཏོ། །དོན་འདི་ལ་མངོན་པར་བརྟེན་པ་ཡང་གཞན་ཡང་མེད་པའི་ཕྱིར་དང་འདིར་ལྷག་པའི་རིགས་པའི་ངོ་བོ་མེད་པའི་ཕྱིར་རིགས་པའི་ངོ་བོའི་དོན་ལ་དྲང་བ་བསྐྱབ་པའི་དོན་དུ་ཤེས་པར་བྱའོ། །དུས་གཞན་གྱི་ཚེ་ན་འབབ་པ་གཞན་སྦྱིན་པའི་ཕྱིར་དང་འབབ་པ་ལྷགས་པ་དང་བྲལ་ན་དབྱར་གྱི་
གོས་རས་ཆེན་བཞིན་དུ་ཞེས་བྱ་བ་འདི་ལྟ་བུ་ཆུ་མེད་པའི་ཕྱིར་གཞག་པར་བྱའོ། །ནད་གསོ་བའི་དོན་དུ་ནི་འདི་དག་ནི་ཉེ་བར་དགོས་པའོ། །བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་རྗེས་སུ་གནང་བས་བསྡུས་པར་རིག་པར་བྱའོ། །བླ་མའི་དྲུང་དུ་མཆིལ་ལྷམ་བགོ་བ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི་ཇི་
སྐད་དུ་བཅོམ་ལྡན་འདས་ཀྱིས་འདི་ཉིད་ཀྱི་སྤྱན་སྔར་མཆིལ་ལྷམ་གྱོན་ཞིང་འཆག་པའི་དགེ་སློང་སྨད་པ་ན་དགེ་སློང་དག་ལ་ཡང་ཚུལ་དེ་ཉིད་སྨད་པ་ཡིན་པས་དེའི་ཕྱིར་མདོ་འདི་བྱས་སོ། །སེང་གེ་དང་སྟག་དང་གུང་དང་། གླང་པོ་ཆེ་ཅང་ཤེས་དང་རྟ་ཅང་ཤེས་ཀྱི་ཡན་ལག་ཅུང་ཟད་ཀྱང་ལུས་ལ་གདགས་

པར་མི་བྱ་བ་ཉིད་དེ་ཞེས་བྱ་བ་ལ་ཅུང་ཟད་ཀྱང་ཞེས་བྱ་བ་ཡང་འདིར་གཞུང་ནི། ཕྲན་ཚེགས་དག་ལས་སེང་གེ་དང་དེ་ལས་གཞན་པའི་རི་དྭགས་གཏུམ་པོ་རྣམས་ལ་ཡང་འདིར་བསྙེགས་པའོ། །དེ་དག་གིས་གླང་པོ་ཆེ་ཕལ་པ་དང་རྟ་དམུ་རྒོད་དང་། དེ་ལས་གཞན་པའི་གཅན་གཟན་དག་ལ་འཕངས་པ་ཡིན་ནོ་
ཞེས་བྱ་བ་ལ། དེ་དག་གིས་ཞེས་བྱ་བ་ལ། འདིར་གཞུང་ནི། གླང་པོ་ཆེ་དང་སྟག་དང་གུང་དང་གླང་པོ་ཆེ་ཅང་ཤེས་དང་། སེང་གེ་ལ་སོགས་པ་རྣམས་ཀྱིས་སོ་ཞེས་གསུངས་པ་ཡིན་ནོ། །མཆིལ་ལྷམ་དག་གདབ་པར་མི་བྱའོ། །རས་མ་གཤེར་བ་དག་གིས་དེ་དག་གི་རྡུལ་མེད་པར་བྱ་བའི་ཕྱིར་ཕྱི་
བར་བྱའོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་མཆིལ་ལྷམ་མོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཕྱི་བའི་རས་མའོ། །དེ་དག་བརྒྱུ་བར་བྱའོ་ཞེས་བྱ་བ་ནི་མཆིལ་ལྷམ་དེ་དག་གོ། །མི་མཛེས་པའི་དངོས་པོ་དབེན་པའི་ཕྱོགས་སུ་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་གླན་པ་ལ་སོགས་པ་མི་མཛེས་
པའི་དངོས་པོ་ཐམས་ཅད་དབེན་པའི་ཕྱོགས་སུ་ལས་བྱེད་པ་ཞེས་བྱ་བ་ཁྱད་པར་ཡོངས་སུ་མ་བཟུང་བར་བསྒྲུབ་པའོ། །དེའི་ཆེད་དུ་སྨྱུང་བུ་དང་ཀོ་བ་བཅང་བར་བྱ་སྟེ། དྲ་གྲི་ནི་མ་ཡིན་ནོ་ཞེས་བྱ་བ་ལ། དེའི་ཆེད་དུ་ཞེས་བྱ་བ་ནི་མཆིལ་ལྷམ་དེ་བརྒྱུ་བའི་དོན་དུའོ། །འདིར་གཞུང་ནི། སྨྱུང་བུ་དང་ཀོ་བ་བཅང་
བར་བྱའི་དྲ་གྲི་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་གཞན་དང་ཆབ་ཁུངས་ལས་གཞན་པར་ཤིང་གི་མཆིལ་ལྷམ་བགོ་བར་མི་བྱ་བའོ། །སྨྱུག་མའི་གླེགས་བུ་མུན་ཛ་དང་། སི་རི་དང་དར་བ་དག་གིས་ཡང་མི་བྱའོ། །ཐ་གུའི་ཡང་ངོ་། །རླུང་དྲག་ཅན་མ་ཡིན་པས་སོ་ཞེས་བྱ་བ་ནི་གང་ཟག་རླུང་དྲག་
ཅན་མ་ཡིན་པས་ཐ་གུའི་མཆིལ་ལྷམ་བགོ་བར་མི་བྱའོ། །རླུང་དྲག་ཅན་གྱི་ནད་པས་ནི་མི་འདྲུལ་བར་བྱ་བའི་ཕྱིར་ཆག་ཆག་གདབ་པ་ལ་འདིར་དེའི་རྗེས་སུ་མཐུན་པར་བྱའོ། །འདི་ནི་གཙོ་བོར་དོན་མཉམས་པར་ཡིན་གྱི་ནད་གསོ་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བཅས་པའི་ཁ་ན་མ་ཐོ་བ་འདི་མ་གྲུབ་པ་ནི་མ་ཡིན་ཏེ།
ནད་པ་ལ་རྗེས་སུ་གནང་བས་འདིར་སྨྱུག་མའི་གླེགས་བུ་ལ་སོགས་པ་ལ་ཕལ་ཆེར་དབུལ་བར་བྱེད་པ་ཉིད་དང་ཤིན་ཏུ་མི་མཐུན་པར་བྱེད་པ་ཉིད་དང་ཤིང་གི་ལྷམ་ནི་ཤིན་ཏུ་སྐྱོན་དང་ལྡན་པ་ཉིད་དོ། །དེ་བས་ན་འདིར་དེའི་ཐ་ཚིག་གོ། །ཁྱིམ་གཞན་དུ་གཞན་མེད་ན་ཀོ་ལྤགས་ལ་འདུག་པར་བྱའོ་ཞེས་བྱ་བ་ལ།

གཞན་ཞེས་བྱ་བ་ནི་སྟན་གཞན་ན་མེད་ནའོ། །དེར་ཡང་རྐྱེན་དེ་ལྟ་བུ་དག་མེད་ན་ཉལ་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ལ། དེར་ཡང་ཞེས་བྱ་བ་ནི་ཁྱིམ་གྱི་ནང་དུའོ། །དེ་ལྟ་བུ་དག་ནའོ་ཞེས་བྱ་བ་ནི་ཀོ་ལྤགས་སོ། །འདི་ནི་མ་མོ་ལས། མཆིལ་ལྷམ་དུ་གྱུར་པའི་ཀོ་ལྤགས་
ལ་ཀོ་ལྤགས་ཉིད་མ་ཡིན་ཏེ། དེའི་ཕྱིར་ཕྲེང་ཐག་གི་ཆོ་ག་ལ་ཡུལ་མ་ཡིན་པར་ཤེས་པར་མི་བྱའོ། །མིག་ལ་ཕན་པར་བྱ་བའི་ཕྱིར་དོམ་ལྤགས་བཅང་བར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི། དོམ་གྱི་པགས་པ་བླང་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །རྐང་པའི་གནས་སུ་གདིང་བར་
བྱ་བའོ་ཞེས་བྱ་བ་ནི་དོམ་ལྤགས་བླངས་པ་དེའོ། །སངས་རྒྱས་ཀྱི་ནི་དྲི་གཙང་ཁང་གི་སྒོར་རོ་ཞེས་བྱ་བ་ནི་སངས་རྒྱས་དབང་བའི་དོམ་ལྤགས་དགེ་སློང་ངམ་གཞན་གྱི་དྲི་གཙང་ཁང་གི་སྒོར་གདིང་བར་བཅས་པའོ། །མཆིལ་ལྷམ་དག་ཏུ་བགོ་བར་བྱའོ་ཞེས་བྱ་བ་ནི་མིག་ལ་ཕན་པར་བྱ་བའི་ཕྱིར་ཞེས་བྱ་བར་
སྦྱར་རོ། །རླུང་ནད་ཅན་གྱི་ནི་འདུག་པ་དང་ཉལ་བར་ཡང་བྱའོ་ཞེས་བྱ་བ་ནི་དོམ་གྱི་པགས་པ་དེའི་སྟེང་དུའོ། །གཞང་འབྲུམ་ཅན་ཐམས་ཅད་ཀྱིས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་རྐང་པའི་གནས་སུ་གདིང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་འདིར་དེ་རྣམས་ལ་རླུང་ནད་ཅན་དང་། ལྷན་ཅིག་ཏུ་འདུག་པ་དང་
ཉལ་བར་ཡང་བྱ་བ་སྨོས་སོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས། མཆིལ་ལྷམ་གདིང་བར་བྱའོ། །དེ་བས་ན་དགེ་སློང་གཞང་འབྲུམ་ན་བས་དོམ་ལྤགས་ཀྱི་མཆིལ་ལྷམ་དག་བཅང་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བའི་རྗེས་སུ་འབྲངས་པས་རྐང་པའི་གནས་སུ་ཡང་
བཅས་པའོ། །འདིར་ཡོ་བྱད་ཅེས་གསུངས་སོ། །དེ་ལ་དེ་ལྟར་སྦྱར་བར་བྱའོ་ཞེས་བྱ་བ་ནི་དོམ་གྱི་པགས་པ་དེ་ལའོ། །སྤུ་ལ་རེག་པས་ཕན་པར་བྱེད་པ་ཉིད་དུ་རེག་གོ་ཞེས་བྱ་བ་ནི་དོམ་ལྤགས་ཀྱི་སྤུ་ལས་སོ། །དགེ་སློང་དག་དོམ་ལྤགས་ཀྱི་སྤུ་དག་འོག་ཏུ་སྟོན་པར་བྱེད་པ་དང་། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། སྤུ་དག་གྱེན་དུ