Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 161

Văn bản gốc(Tây Tạng)

Trang 6 / 19 (50.000 ký tự/trang)
ཞི་པོ་དག་ཅིག་ཅར་དུ་ཤིང་ངམ། དབྱུག་པའམ། རེ་ལྡེས་མནན་ཏེ་སོ་སོར་ཐར་པའི་མདོ་འདོན་ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་ཅིག་ཅར་བརྗོད་པ་ལ་ཡང་མེད་དོ་ཞེས་བྱ་བ་ནི་མི་རུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཅིག་ཅར་ཞེས་
བྱ་བ་ནི་ཐབས་ཅིག་གིས་བསྒྲུབ་པར་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདུན་པ་དང་ཡོངས་སུ་དག་པ་གཉིས་ལྷན་ཅིག་ཏུ་འདུན་པ་དང་དགག་དབྱེ་དག་ལ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་གང་ཡིན་པ་དེ་འདིས་བསྡུས་པ་ཡིན་ནོ། །བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་
ཞེས་སྤྱིར་སྨོས་པ་གང་ཡིན་པ་དེ་ལ་རིག་པ་ནི་འདུན་པ་དང་ཡོངས་སུ་དག་པ་དང་། འདུན་པ་དང་དགག་དབྱེ་དག་ཀྱང་བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་གང་ཡིན་པ་དེ་རྣམས་ཀྱིས་ནི་ཡུལ་གྱི་བྱེ་བྲག་ལ་བཅས་པ་ཞེས་བྱ་བ་དེ་ལྟ་བུར་གཞན་རྣམས་ལ་ཡང་འདིར་ཁོངས་སུ་བསྡུ་བའི་ཕྱིར་
འདི་བསྟན་པ་ཡིན་ནོ། །གཅིག་གིས་དུ་མའི་དེ་དག་ལེན་པ་ལ་ཡང་མེད་དོ་ཞེས་བྱ་བ་ནི། མི་རུང་བ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་གཅིག་གིས་དགེ་སློང་དུ་མའི་རྒྱུད་དུ་གཏོགས་པའི་འདུན་པ་དང་། དགག་དབྱེ་ལ་སོགས་པ་ལེན་པ་ཡང་མི་རུང་བ་མེད་དོ། །འདི་ལ་བརྗོད་ནུས་པའི་ཚིག་གིས་
གཟུང་ངོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་དགེ་སློང་དུ་མའི་རྒྱུད་དུ་གཏོགས་པའི་འདུན་པ་ལ་སོགས་པ་ལེན་པ་འདི་ལ་གྲངས་ཀྱི་བྱེ་བྲག་ཡོངས་སུ་ཆད་པ་མེད་དོ། །འོན་ཀྱང་བརྗོད་ནུས་པ་ལས་ཏེ་ཇི་སྙེད་བརྗོད་ནུས་པ་དེ་སྙེད་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །མི་ནུས་ན་དེ་དག་འབུལ་བ་གང་ཡང་
རུང་བས་འགྲུབ་བོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་དེ་རྣམས་འབུལ་བ་གང་ཡིན་པ་དེ་རྣམས་ལ་གང་ཡང་རུང་བས་མི་ནུས་པར་གྱུར་ན་འགྲུབ་པའོ། །ལུས་ཀྱིས་ཀྱང་ངོ་། །ཇི་ལྟར་ཡང་མི་ནུས་ན་ཡང་ན་དགེ་འདུན་དེར་འགྲོ་བར་བྱའོ། །ཡང་ན་དེ་ཁྲིས་བླང་བར་བྱའོ་ཞེས་བྱ་བ་ལ་ཇི་ལྟར་ཡང་ཞེས་

བྱ་བ་ལ་ནི་ལུས་ཀྱིས་ཀྱང་མི་ནུས་པར་འགྱུར་ནའོ། །ཡང་ན་དེ་ཞེས་བྱ་བ་ནི་འདུན་པ་ལ་སོགས་པ་འབུལ་བའི་ནད་པ་ལའོ། །དེ་བླངས་པས་རྒྱུག་པར་མི་བྱའོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་རྣམས་སོ། །མགྱོགས་པར་མི་བྱའོ་ཞེས་བྱ་བ་ལ། ལ་ལ་དག་ནི་མགྱོགས་པ་དང་རྒྱུག་པ་དག་གིས་
གནས་ལ་མགྱོགས་པ་དང་། རྒྱུག་པར་མི་བྱའོ་ཞེས་ཟེར་རོ། །དོན་དེ་ཉིད་འདིར་མཐོང་བ་ཡིན་ནོ། །རྩེ་བའི་ངོ་བོས་ཅུང་ཟད་དལ་བའི་འགྲོ་བས་ཚིག་དང་བཅས་པས་རྒྱུག་པ་མཐོང་བའོ། །ཚིག་དང་བཅས་པའི་མགྱོགས་པའང་མཐོང་བ་ཡིན་ནོ། །རྒྱུག་པ་ནི་དེ་ཉིད་སྟེང་གི་ཆ་ལ་བསྙེན་ནས་
མཆོང་བ་ལ་སོགས་པའི་ངོ་བོའོ། །མཆོང་བར་མི་བྱའོ། །ཕྱི་རོལ་ལ་མཆོང་བར་མི་བྱའོ་ཞེས་བྱ་བ་ནི་འོབས་ལའོ། །བང་རིམ་ལ་མི་བྱའོ་ཞེས་བྱ་བ་ནི་མཆོང་བ་སྟེ། ཕྱི་རོལ་གྱི་ཁྱམས་ཀྱི་བང་རིམ་ལའོ། །ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ནི། ནམ་མཁའ་ལ་འཇུག་
པའམ། འགྲོ་བར་མི་བྱའོ། །ཕྱི་རོལ་དུ་མི་བྱའོ་ཞེས་བྱ་བ་ནི་མཚམས་ནས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །སྐས་ཀྱི་རིམ་པ་གཞན་བཞག་ནས་གཞན་དུ་གོམ་པ་དོར་བར་མི་བྱའོ། །ཐེམ་སྐས་ཀྱི་ཐེམ་པར་མི་བྱའོ། །ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱའོ། །
གཉིད་ལོག་པ་དང་སྙོམས་པར་འཇུག་པར་མི་བྱའོ། །དེ་གཉིས་ནི་མ་བཀླས་པ་ཉིད་ཀྱིས་ཀྱང་སྨད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་གཉིས་ཞེས་བྱ་བ་ནི་འདུན་པ་ལ་སོགས་པ་གཟུང་བ་གཉིད་ལོག་པ་དང་། སྙོམས་པར་འཇུག་པ་དག་ལའོ། །མ་བཀླས་པ་ཉིད་ཅེས་བྱ་བ་ནི།
ཐེ་ཚོམ་ཟ་བ་ཉིད་དང་། མ་ངེས་པ་ཉིད་དང་། མ་མོས་པ་ཉིད་དང་བསྟན་པ་ལ་མ་གུས་པ་ཉིད་དོ། །དེས་ན་གཉིད་ལོག་པ་དང་། སྙོམས་པར་ཞུགས་པ་འདི་དག་ལ་སྨད་པར་བྱ་བ་ཉིད་དོ། །ལྟུང་བ་འབྱིན་པ་པོ་ཉིད་ཀྱིས་ངོ་ཚ་བ་མེད་པ་འབའ་ཞིག་མ་ཟད་ཀྱི་མཚམས་ཀྱི་ཕྱི་རོལ་དུ་
འགྲོ་བ་ལ་སྐྱོན་དང་བཅས་པ་ཉིད་ཀྱི་རྗེས་སུ་བསྒྲུབ་པ་ལ་གཏོགས་པའི་ལོ་རྒྱུས་ལ་སོ་སོར་ནུབ་པ་ཉིད་མ་ཡིན་གྱི། འདི་དག་ལ་ནི་འདི་སོ་སོར་མི་གནང་བར་འགྱུར་བ་དེ་བས་ན་འདི་དག་ཁོ་ན་ལས་མ་བཀླས་པ་ཉིད་ཀྱིས་ཀྱང་སྨད་པར་བྱ་བ་ཉིད་ཡིན་ནོ། །དགེ་སློང་ལ་བརྗོད་པར་བྱའོ་ཞེས་བྱ་

བ་ནི། འདུན་པ་ལ་སོགས་པ་ལེན་པར་བྱེད་པ་དེས་གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་བརྗོད་པར་བྱ་སྟེ། འདིར་གཞུང་ནི། དེས་དྲུང་ན་འདུག་པའི་དགེ་སློང་ལ་ཚེ་དང་ལྡན་པ་དགེ་སློང་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པར་བརྗོད་དོ། །
བརྗོད་པ་གང་རིག་པར་བགྱིད་དོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ལས་དགེ་འདུན་ལའོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་དགེ་འདུན་ལ་བརྗོད་པར་བྱའོ་ཞེས་ཀྱང་འབྱུང་ངོ་། །བཙུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་བས་བརྩམ་མོ་ཞེས་བྱ་བ་ནི། དེ་ལྟར་འདུན་པ་ལ་སོགས་པ་
བརྗོད་པར་བྱ་བ་ལ་སོགས་པ་ནི་རྩོམ་པ་རྩོམ་པའོ། །བཙུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་བ་དང་གསན་དུ་གསོལ་ཞེས་བྱ་བ་ནི། དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དུས་བྱས་སམ། ཁྱིམ་པ་ཉིད་ལ་སོགས་པའི་ཁས་བླངས་ན་མ་བླངས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདུན་པ་ལ་
སོགས་པ་དབང་དུ་བྱས་པས་རྗེས་སུ་འཇུག་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བསླབ་པ་དབུལ་བའི་ཚིག་དག་ཏུ་གཏོགས་པ་དགེ་ཚུལ་ཉིད་ཅེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བའི་མཐར་ཐུག་པའི་བར་དག་བསྡུས་པའོ། །
ཕྱིན་ན་བླངས་པ་ཉིད་ཡིན་ནོ་ཞེས་བྱ་བར་གོ་བར་མ་བྱས་སུ་ཟིན་ཀྱང་འདི་ལ་ཐེ་ཚོམ་མེད་པར་བྱའོ་ཞེས་གོ་བར་བྱ་བའི་ཕྱིར་བརྗོད་པ་ཡིན་པས་དགེ་འདུན་གྱི་ནང་དུ་འོངས་པ་ཉིད། དགེ་འདུན་གྱི་ཁོངས་སུ་གཏོགས་པས་དེའི་དངོས་པོ་ལ་འདིར་གཙོ་བོ་སྟེ། དེ་བས་ན་འདིར་དེ་ཤེས་པའོ། །
གཞན་གྱིས་ཚེས་བཅོ་ལྔ་ལ་དགེ་སློང་བཟུང་ན་དེ་ལ་དགེ་འདུན་གྱིས་འདི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱི་ཐོང་ཤིག་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ལ། གཞན་གྱིས་ཞེས་བྱ་བ་ནི། རྒྱལ་པོ་ལ་སོགས་པའོ། །དེ་ལ་ཞེས་བྱ་བ་ནི་གཞན་ལ་བརྗོད་པར་བྱའོ། །གང་གིས་
དགེ་སློང་བཟུང་བར་གྱུར་པ་དེ་ལ་མངོན་སུམ་དུའམ་འཕྲིན་པ་བཏང་སྟེ། དེར་རང་གིས་སམ་ཐམས་ཅད་ཀྱིས་མ་བཏང་བ་དང་མ་བཏང་བར་འགྱུར་བ་མ་ཡིན་ཏེ། ཕོ་ཉའི་ཁ་ནས་སྨྲ་བ་གང་ཡིན་པ་དང་། རང་གིས་ཁ་ནས་སྨྲ་བ་གང་ཡིན་པ་འདི་གཉིས་ཀའི་བསྡུ་བ་ལ་དགོངས་ནས། དེ་ལྟར་

ཉེ་བར་བཏགས་པའོ། །མ་བཏང་ན་བདག་ཅག་འདི་དང་ལྷན་ཅིག་བྱ་བ་ཅུང་ཞིག་ཡོད་དོ་ཞེས་སྔ་མ་དང་བཅས་ཏེའོ་ཞེས་བྱ་བ་ལ། སྔ་མ་དང་བཅས་ཏེ་ཞེས་བྱ་བ་ནི་མདོ་སྔ་མ་དེས། ཐོང་ཤིག་ཅེས་སྨོས་པའི་ཚིག་སྔ་མ་དེ་དག་དང་བཅས་ཏེ། བདག་ཅག་དགེ་སློང་འདི་དང་ལྷན་ཅིག་བྱ་བ་ཅུང་ཟད་
ཅིག་ཡོད་དོ་ཞེས་བྱ་བ་འདི་ལྟར་གཞན་ལ་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་དཀྱིལ་འཁོར་པར་བྱའོ་ཞེས་བྱ་བ་ནི། ཚིག་གཉིས་པ་བརྗོད་ཀྱང་མ་བཏང་ན་དེའི་ཚེ་དགེ་འདུན་གྱིས་དཀྱིལ་འཁོར་དུ་གསོ་སྦྱོང་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཏང་བའི་ཕྱིར་སྔར་མི་འབད་པར་མི་བྱའོ་
ཞེས་བྱ་བ་ནི། གཞན་གྱིས་བཟུང་བའི་དགེ་སློང་དེ་བཏང་བའི་ཕྱིར་རོ། །འཕྲིགས་པས། མི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི། མཚམས་ཀྱི་ནང་ན་དགེ་སློང་དངོས་སུ་འཁོད་པར་ཤེས་པ་རྣམས་ཀྱི་ངེས་པ་རྣམས་ཁོ་ནས་དགེ་སློང་རྣམས་ཡོད་ན། གང་ཞིག་མ་འོངས་པ་ཞེས་པ་ལས་མི་
མཐུན་པ་ཉིད་ཀྱིས་ཉེས་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལྟར་མཐོང་ངམ་ཐོས་པས་མི་མཐུན་པ་ཉིད་ཀྱིས་ཉེས་པར་འགྱུར་བ་ཤེས་པར་བྱ་བ་མ་ཡིན་ནོ། །ཐ་དད་པ་ཉིད་དུ་འདོད་པས་མངོན་པར་བརྟགས་ཏེ་ལས་བྱེད་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ། ཐ་དད་པ་ཉིད་དུ་འདོད་པས་
ཞེས་བྱ་བ་ནི། ངེས་པའམ་འཕྲིགས་པ་མ་ལྷགས་པ་རྣམས་ཐ་དད་པ་ཉིད་དུ་འདོད་པས་མ་འོངས་ཀྱང་སླའོ་སྙམ་དུ་སེམས་ཤིང་དེ་བས་ན་ཐག་རིང་པོ་ན་འཁོད་ཅིག་སྙམ་པའོ། །འདིར་ལས་ཞེས་སྨོས་པའི་འདུག་པར་གཏོགས་པ་དང་རྗེས་སུ་མཐུན་པའི་ལས་སུ་བྱ་བ་ལ། ཚོགས་པའི་
ཡན་ལག་མ་ཡིན་པ་དེ་ཡོངས་སུ་བཅད་པའི་དོན་དུ་ཚིག་འདིའོ། །འདི་ནི་དགེ་འདུན་གྱི་དབྱེན་ལ་འདུ་བའི་སྐབས་སུ་དགེ་འདུན་ལྷག་མ་གང་ཡིན་པ་དེའི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །རྟོག་པ་ཉིད་ན་ཐེ་ཚོམ་ཟ་འམ་ངེས་པར་འབྱེད་པ་ལ་ནི་ཉེས་པའི་བྱེད་པ་མི་
འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ལྟར་ཡང་འདིར་གཞུང་ནི། ཅི་གང་དག་མ་ལྷགས་པ་དེ་དག་མེད་པར་བདག་ཅག་གིས་གསོལ་བ་བྱས་ཏེ། གསོ་སྦྱོང་བྱ་བ་དང་སོ་སོར་ཐར་པའི་མདོ་འདོན་པ་གདོན་དུ་རུང་ངམ་འོན་ཏེ་མི་རུང་། དེ་དག་མེད་པར་བདག་ཅག་གིས་དགག་དབྱེ་བྱར་རུང་

ངམ་འོན་ཏེ་མི་རུང་སྙམ་དུ་རྟོག་པ་ཉིད་ན་ཐེ་ཚོམ་ཟའམ་ཉེས་པ་དེ་དག་མེད་པར་བདག་ཅག་གིས་གདོན་པ་དང་། དགག་དབྱེའི་བར་དག་བྱར་རུང་ངོ་ཞེས་ངེས་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ཉེས་པའི་བྱེད་པ་མི་འབྱུང་བ་མ་ཡིན་ཏེ། ཇི་སྲིད་དུ་འདོན་པ་དང་། དགག་
དབྱེ་བྱེད་པའི་བར་དག་ཏུ་མི་མཐུན་པའི་ཉེས་པ་ཁོ་ནར་འགྱུར་རོ་ཞེས་གསུངས་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་འདིར་འདི་ནི་ལས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཁོ་ན་ཡིན་པས་སྤྱིར་མདོར་བྱས་སོ། །བསམ་པ་ཐག་པ་ནས་ཡོངས་སུ་བཙལ་ཞིང་གོབ་ལོབ་མ་བྱས་ན་དག་པའི་བྱེད་པ་ཡིན་
ནོ་ཞེས་བྱ་བ་ནི། གང་ཞིག་མ་འོངས་པ་ན་དགེ་སློང་དག་འབྱུང་བར་ཤེས་ནས་གལ་ཏེ་ལྷག་པའི་བསམ་པས་དེ་རྣམས་ལ་སློང་བར་བྱེད་ན། དེ་ནས་འདི་དག་གཅིག་པུས་མ་ཐོབ་པ་ལ་ལས་བྱེད་པས། དེ་རྣམས་ལ་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དང་། མ་དག་པ་ཉིད་འབྱུང་བར་མི་
འགྱུར་རོ། །རུང་བ་ཙམ་དུ་གྱུར་པ་བསམ་པ་ཐག་པ་ནས་མ་ཡིན་པ་ཡོངས་སུ་བཙལ་ཞིང་དག་པའི་བྱེད་པ་མ་ཡིན་ཏེ། དེར་གཏོགས་པ་རྣམས་ལ་མི་མཐུན་པའི་ཉེས་པར་འགྱུར་རོ། །བཙལ་བ་དང་། བོད་པ་དང་མཐོན་པོར་འདུག་སྟེ། ཕྱོགས་སུ་བལྟ་བ་དག་གིས་ནི་དེ་ཡིན་
ཞེས་བྱ་བ་ནི། རྣམ་པ་དེ་གསུམ་གྱི་རིགས་ཀྱིས་ནི་ཡོངས་སུ་བཙལ་བ་ཉིད་ཡིན་ཏེ། དེ་འདིར་མངོན་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །འདིར་བཙལ་བ་ཞེས་བྱ་བ་ནི་ཕྱོགས་དེ་དང་དེ་རྣམས་སུ་བྱུལ་བའོ། །བོད་པ་ཞེས་བྱ་བ་ནི་སྐད་ཀྱིས་བོད་པའོ། །མཐོན་པོར་འདུག་སྟེ་ཕྱོགས་
སུ་བལྟ་བ་ཞེས་བྱ་བ་ནི་ས་ཕྱོགས་མཐོན་པོར་འགྲེང་སྟེ་མིག་རྒྱང་གིས་ཕྱོགས་ཕྱོགས་སུ་བལྟ་བར་བྱའོ། །དེ་གསུམ་ལ་ཡང་གོ་རིམས་བཞིན་དུ་བྱ་སྟེ། དང་པོ་རྗེས་བཙལ་བར་བྱའོ། །བཙལ་བས་མ་རྙེད་ན་བོད་པར་བྱའོ། །དེས་ཀྱང་མ་རྙེད་ན་ཕྱོགས་ཆེས་མཐོན་པོར་འགྲེང་སྟེ། ཕྱོགས་
བཞིར་བལྟ་བར་བྱའོ། །དེ་བཞིན་དུ་འདིར་འདི་འཇུག་པ་རིགས་པའི་ངོ་བོའོ། །འདིར་གཞུང་ནི་རྣམ་པ་གཉིས་དག་ལ་སྟེ། ཇི་སྐད་དུ་ཞུ་བ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་གྲོང་མཐའ་བ་མ་ལགས་པ་དགོན་པ་ན་གནས་པ་དེ་རྣམས་ཐམས་ཅད་གསོ་སྦྱོང་གི་གནས་གཅིག་

ཏུ་འདུ་བར་བྱའོ་ཞེས་བཀའ་སྩལ་ནས། གལ་ཏེ་དེ་རྣམས་མི་གདའ་ན་བཅལ་བར་བགྱི་ཞིང་གལ་ཏེ་དེ་རྣམས་མ་རྙེད་ན་བོད་པར་བགྱིའོ། །གལ་ཏེ་དེ་རྣམས་ཀྱིས་མ་ཐོས་ན་གསོ་སྦྱོང་བགྱིའོ་ཞེས་བགྱི་བའམ། ཉེ་བར་འཁོར་བྱས་ཞེས་བྱའོ་ཞེས་གསུངས་པ་དང་། འོག་མ་ཤོས་
ཀྱིས་གཞུང་ནི་ཕྱོགས་བཞིར་བལྟས་ཏེ། གསོ་སྦྱོང་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ས་ཕྱོགས་མཐོན་པོར་གནས་ཏེ་བརྟག་པར་བྱའོ་ཞེས་བྱ་བའི་རྗེས་སུ་འབྲངས་ནས་སོ། །ཞུ་བ་ལས་རྣམ་པ་འདི་གང་ཞིག་མ་གསུངས་པ་དེ་ནི་ཆུད་ཟོས་པར་མཐོང་བ་ཡིན་ནོ། །གསོ་
སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཚོགས་པའི་སྐབས་སོ། །གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །སོ་སོར་ཐར་པའི་མདོ་གདོན་པས་སོ་ཞེས་བྱ་བ་ནི། གང་ཞིག་ཚེས་བཅུ་བཞི་དང་བཅོ་ལྔ་པ་ཉིད་ལ་འདི་མཚན་མོ་གཅིག་གིས་མ་ཆོག་པས་དེར་དེ་རིང་ཉིད་
དུ་ཚེས་བཅོ་ལྔ་ཞེས་བྱ་བ་སྟེ། གསོ་སྦྱོང་བྱེད་པ་དེ་བས་ན་བཅུ་བཞི་པ་འདིས་བསྡུས་པ་ཡིན་ནོ། །གང་ཞིག་མདོ་ལས་གསོ་སྦྱོང་ནི་གཉིས་ཏེ། བཅུ་བཞི་པ་དང་། བཅོ་ལྔ་པའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་འདིར་འགལ་བ་མེད་དོ། །དེ་ཉིད་ལ་འདི་བསྟན་པར་བྱས་པའོ། །
མཚན་མོ་གཅིག་ཆད་པ་དང་། གཞན་དུ་གསོ་སྦྱོང་ཞེས་བྱ་བ་འདིས་བསྟན་པའི་དོན་དུ་ཟླ་བ་ངོ་དེའི་ཚེས་གྲངས་གང་ལ་མཐར་ཐུག་པ་ལ་དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་བཅུ་བཞི་པ་ལགས་པས་ཞེས་བརྗོད་པར་བྱའོ། །
དེ་ཡང་མཚན་མོ་གཅིག་ཆད་པས་དེ་གསོ་སྦྱོང་ཞེས་བྱ་བ་བསྟན་པའི་དོན་དུའོ། །ཟླ་བ་ཕྱེད་ཕྱེད་ཅེས་བྱ་བའི་ལན་གཉིས་སུ་སྨྲ་བ་ནི་འདིར་ཟླ་བ་ཕྱེད་ཕྱེད་ཅེས་བྱ་བའི་དོན་དུའོ། །སོ་སོར་ཐར་པའི་མདོ་གདོན་པས་སོ་ཞེས་བྱ་བ་ནི། འདིར་གསོ་སྦྱོང་གིས་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་
པས། དེ་དག་བཙལ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པས་སོ། །དྲན་པ་ཙམ་གྱིས་བྱས་པ་དང་། མ་བྱས་པ་ལ་སོ་སོར་བརྟག་པའོ། །སེམས་དྲང་པོར་བསྒྲུབ་པ་དང་། བྱེ་བྲག་ཉེ་བར་བསྒྲུབ་པ་ལ་རྣམ་པར་ངེས་པ་ཀུན་ནས་ལྡང་བས་རང་གི་ངོ་བོ་དང་འབྲས་བུ་ལས་འདས་པར་བྱེད་ཅིང་

ཐ་དད་པར་བྱེད་པ་རྣམས་ཀྱིས་ཚུལ་ཁྲིམས་ལའོ། །དེ་ལྟར་རྣམ་པ་འདི་རྣམས་ཀྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་པས་བྱེ་བྲག་འདི་ཡོངས་སུ་བཟུང་བའོ། །སོ་སོར་ཐར་པའི་མདོ་གདོན་པས་སོ་ཞེས་བྱ་བ་ནི། འདུལ་བར་གཏོགས་པ་མ་ལུས་པ་སྟོན་པ་དང་།
མ་ལུས་པ་བསྟན་པའི་སྐབས་བཟློག་པའི་དོན་དུ་དགའ་བ་སྤྱོད་པ་འདི་ལ་ཞེས་བྱ་བ་རྒྱལ་བའི་བསྟན་པ་ལྷག་མ་རྣམ་པར་གཞག་པའོ། །ཡང་ན་སླར་ཡང་། གཞན་དག་ཆོས་དང་རྗེས་སུ་མཐུན་པ་འོངས་པར་གྱུར་ནའོ། །དེར་ཁྱེད་ཅག་གིས་བཅས་པ་དང་རྗེས་སུ་བཅས་པ་ལས་ཡང་དག་པར་དགའ་
བར་གྱུར་པ་དང་རྗེས་སུ་བསྟན་པར་གྱུར་པ་རྣམས་ཀྱིས་བསླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེས་དག་པར་སྤྱད་ནས་དེ་བྱིན་པས་གསོ་སྦྱོང་གི་ཚུལ་ཁྲིམས་རྒྱས་པར་བྱེད་པའོ། །དགག་དབྱེ་བྱས་ནས་སླར་གསོ་སྦྱོང་མི་
བྱའོ་ཞེས་བྱ་བ་དེ་ལ་འདི་བསྟན་པའོ། །དེ་གཉིས་ནི་ཚུལ་ཁྲིམས་དག་པར་བྱེད་པ་སྟེ། དེ་བས་ན་དགག་དབྱེ་བྱས་པས་གསོ་སྦྱོང་འགྲུབ་པ་ཉིད་དོ། །འདིར་གཞུང་ནི། ཕྲན་ཚེགས་དག་ལས། དགེ་སློང་དག་དགག་དབྱེ་བྱས་ནས་གསོ་སྦྱོང་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དགག་དབྱེ་བྱས་ནས་གསོ་སྦྱོང་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གསོལ་བ་དང་། རྣམ་པར་གཞག་པ་འཛིན་དུ་གཞུག་པ་སྔར་བྱ་ཞིང་དེ་གདོན་ཏོ་ཞེས་བྱ་བ་ནི་དང་པོར་གསོལ་བ་སྔོན་དུ་འགྲོ་བས་རྣམ་པར་གཞག་པས་འཛིན་དུ་གཞུག་པར་བྱས་ནས་དེའི་རྗེས་ལ་སོ་སོར་ཐར་པའི་
མདོ་གདོན་པའོ། །རྣམ་པར་གཞག་པ་འཛིན་དུ་གཞུག་པ་ནི་སོ་སོར་ཐར་པའི་མདོ་ལས་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་ཅེས་མཐོལ་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གླེང་གཞི་གདོན་པ་དང་
གསོལ་བ་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། འདི་གཉིས་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་གྱི། ཐོས་པ་བསྒྲགས་པས་བསྒྲུབ་པར་བྱ་བ་ཉིད་མ་ཡིན་ནོ། །ལྷག་མ་ནི་ཐོས་པ་བསྒྲུབས་པས་ཀྱང་ངོ་ཞེས་བྱ་བ་ནི། གླེང་གཞི་གདོན་པ་

དང་། གསོལ་བའི་ལྷག་མ་དག་འདི་ཐོས་པ་བསྒྲགས་པས་བསྒྲུབ་པར་བྱ་བ་རུང་བ་ཉིད་ཡིན་ནོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་ཚིག་ཏུ་བརྗོད་པ་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བརྩམས་པའི་སྡེ་ཚན་ནི་རྫོགས་པར་བྱ་དགོས་སོ་ཞེས་བྱ་བ་ནི། ཕམ་པར་གྱུར་པའི་སྡེ་ཚན་ལ་ཅུང་ཟད་
བཏོན་ནས་ལྷག་མ་དེ་དག་དང་ལྡན་པར་རྟོགས་པ་ནི་ཐོས་པ་བསྒྲགས་པས་ཞེས་བྱ་བའི་དེ་ནི་མི་བྱའོ། །དེ་བཞིན་དུ་དགེ་འདུན་ལྷག་མའི་སྡེ་ཚན་དང་མ་ངེས་པའི་སྡེ་ཚན་ལས་ཀྱང་མི་བྱའོ། །དེ་ལྟར་འཕྲོག་འཇོག་པ་ཉིད་སྐྱེ་བར་འགྱུར་ཏེ། འཕྲོག་འཇོག་པ་ནི་དམན་པར་བྱ་བ་ཉིད་དོ། །བཞི་པ་
ལ་རེག་ན་རིལ་གྱིས་སོ་ཞེས་བྱ་བ་ནི། ལྟུང་བྱེད་ཀྱི་བདག་ཉིད་ཀྱི་སྡེ་ཚན་བཞི་པ་ལས་རེག་ན་ཐམས་ཅད་རྫོགས་པར་བྱའོ། །སོ་སོར་བཤགས་པར་བྱ་བ་ལ་སོགས་པ་ལ་ཡང་འདིར་ཐོས་པ་བསྒྲགས་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །བྱས་པ་ཐོབ་པ་ལ་མཐར་ཐུག་པ་མ་ཡིན་པ་གཏོང་བ་
ལེགས་པ་ཉིད་དུ་ཡིད་ལ་ངེས་པར་འབྲེལ་བ་མ་ཡིན་ཏེ། དེ་བས་ན་འདི་རྣམ་པར་གཞག་པའོ། །སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་འདི་རྣམས་ལ་གླེང་གཞི་ཚིག་ཏུ་བརྗོད་པས་བཏོན་ནས་ལྷག་མ་བསྒྲགས་པས་བསྒྲུབ་པར་བྱར་རུང་ངོ་། །དེ་བཞིན་དུ་ཕམ་པར་འགྱུར་བ་རྣམས་སམ། དགེ་འདུན་
ལྷག་མ་རྣམས་སམ། མ་ངེས་པ་དག་ཏུ་ཚིག་ཏུ་བརྗོད་པས་བཏོན་ནས་ལྷག་མ་ཐོས་པ་བསྒྲགས་པས་བསྒྲུབ་ཏུ་ཡང་རུང་བ་ཡང་ལྔ་པའོ། །འདི་ལ་ཟླ་བ་ཕྱེད་འདས་པའི་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་གསོ་སྦྱོང་ལའོ། །ཟླ་བ་ཕྱེད་འདས་པའི་ཉེས་པ་དག་
ལ་ཅི་བྱུང་བ་དེ་དག་སོ་སོར་བརྟག་པར་བྱའོ། །གང་གི་ཚེ་ཞེ་ན། འདུ་བར་འགྱུར་བ་དེར་རོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་རྣམས་སོ་སོར་ཐར་པའི་མདོ་གདོན་པའི་ཕྱིར་འདུ་བ་གང་ཡིན་པ་དེ་འདུ་བའི་མདུན་རོལ་དུ་འདུ་བ་ལ་སྦྱོར་བའི་ཚེ། ལྷག་མ་ནི་ཚོགས་པ་ཞེས་བྱ་བའི་དོན་ཏོ། །ཅི་སོ་
སོར་བརྟགས་ནས་ལྟུང་བ་ཕྱིར་མ་བཅོས་པ་ཁོ་ནར་འདུག་པར་བྱ་བའམ་ཞེ་ན། དེའི་ཕྱིར་ཤེས་པ་ཕྱིར་བཅོས་ཏེ་ཐམས་ཅད་དུ་འདུག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། ལྟུང་བ་ངེས་པར་ཤེས་པའམ། ཡིད་གཉིས་དང་བཅས་པ་ཤེས་པ་ཕྱིར་བཅོས་ཏེ། དགག་དབྱེ་ལ་སོགས་པའི་ལས་

ཐམས་ཅད་འདུག་པར་བྱའོ། །གསོ་སྦྱོང་ཉིད་ལ་ཡིད་གཉིས་ཀྱིས་ནི་མ་ཡིན་ཏེ། དེ་ལ་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ནས་ཡིད་གཉིས་དང་བྲལ་པར་བྱས་ཏེ། ཕྱིར་བཅོས་པ་ཞེས་བྱ་བ་ནི་ཤུགས་ཀྱིས་རྟོགས་པར་བྱའོ། །འདུག་པ་ན་དྲན་ནམ་
ཡིད་གཉིས་ཟ་ན་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དེར་འདུག་པ་འདི་ལ་ལྟུང་བའི་ཡུལ་ཅན་དྲན་པ་བཅོས་སུ་ཡོད་པར་གྱུར་ན། གང་ཞིག་དྲུང་ན་འདུག་པའི་དགེ་སློང་དེ་ལ་བྱིན་གྱིས་བརླབ་པར་བྱ་སྟེ། མདུན་ནས་བྱའི་གློ་ནས་མི་བྱའོ། །དེ་ན་ངེས་པ་ལས་ཤེས་པའོ། །
ཤིན་ཏུ་འདའ་བར་བྱེད་པས་དགོས་པ་མེད་པ་དེ་བས་ན་འདི་བརྟེན་པའོ། །ལས་བྱེད་པས་ནི་སེམས་ཀྱིས་སོ་ཞེས་བྱ་བ་ནི་དེ་ལྟར་འཇུག་པ་ཉིད་ན་ལྟུང་བ་དྲན་ནམ། ཡིད་གཉིས་ཟ་ན་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ལས་བྱེད་པ་པོ་གང་ཞིག་དྲན་ནམ་དེ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་ཡུལ་
དེས་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་དུས་རིང་དུ་འདའ་བར་བྱེད་པ་ནི་མ་གུས་པ་སྐྱེས་པ་ཡིན་ཏེ། དེ་བས་ན་ལན་ཅིག་ཁོ་ནས་བྱིན་གྱིས་བརླབ་པ་ཡིན་གྱི་ལན་གསུམ་དུ་ནི་མ་ཡིན་ནོ། །གལ་ཏེ་ཚེས་བཅོ་ལྔ་ལ་བདག་གཅིག་པུ་དེ་དང་མི་ལྡན་པར་
ཤེས་ན་འགྲོགས་བཤེས་ལ་དྲང་པོར་འབད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་གིས་གསོ་སྦྱོང་གི་ཉི་མ་བདག་གཅིག་པུ་ལྟུང་བ་དེ་དང་མི་ལྡན་ཞིང་། དགེ་འདུན་ཐམས་ཅད་ལྟུང་བ་མཐུན་པ་དང་ལྡན་པར་ཤེས་ན། གང་ཞིག་ཚེས་བཅོ་ལྔ་ལ་དགེ་འདུན་ཐམས་ཅད་ལྟུང་བ་མེད་པར་
བསམ་པར་བྱ་ཞེས་བྱ་བའི་དོན་ཏོ། །བཅོ་ལྔ་པ་ཁོ་ན་གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བར་གཟུང་བར་བྱ་བ་མ་ཡིན་པ་འདིར་སྒྲ་གཞན་གྱིས་འདིར་གསོ་སྦྱོང་དག་དང་། དགག་དབྱེའི་བར་ཆད་བསལ་བར་བྱ་བའི་སྐབས་ཀྱིས་འདིར་སྨོས་ཀྱི། དུས་གཞན་ལ་ནི་མ་ཡིན་ནོ། །འདི་ལ་བྱ་བ་མ་ཡིན་
པ་ཉིད་ན། ཇི་ལྟར་འབད་པར་བྱ་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་འདི་དང་འདི་ལྟར་བྱེད་པ་གང་ཡིན་པ་དེས་ཅིར་འགྱུར། ལྟུང་བ་དང་བཅས་པར་རོ། །འོ་ན་ཚེ་དང་ལྡན་པས་ཀྱང་འདི་དང་འདི་ལྟར་བྱས་སམ་བྱས་སོ། །འོ་ན་ཚེ་དང་ལྡན་པ་ཡང་ལྟུང་བ་དང་བཅས་པ་ཡིན་ནོ། །ཚེ་དང་ལྡན་པ་

ཁོ་བོ་གཅིག་པུར་མ་ཟད་ཀྱི། དགེ་འདུན་ཐམས་ཅད་དོན་དེ་དང་ལྡན་པ་ཡིན་ནོ། །ཀྱེ་ཚེ་དང་ལྡན་པ་ཇེ་ཁྱོད་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག །དགེ་འདུན་ཐམས་ཅད་ཀྱིས་ཁྱེད་ལ་ཅི་འགྱུར་ཞེས་བྱ་བའི་རྩོམ་པས་མིག་ལམ་དུ་ལྷག་མ་འདོད་པ་རྣམས་འཆགས་སུ་གཞུག་གོ་
ཞེས་བྱ་བ་སྨོས་ཏེ། རྩོམ་པ་ཞེས་བྱ་བའི་ཚིག་འདི་དང་གཞན་རྣམས་ཐམས་ཅད་ཀྱིས་ཞེས་བྱ་བའི་དོན་ཏོ། །འདི་ལ་མི་འདོད་པ་དེ་ལ་གླེང་བར་མི་བྱའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་ལྟུང་བ་ལའོ། །དེ་ལ་ཞེས་བྱ་བ་ནི་མཉེས་གཤིན་པ་དང་བཅས་པ་དེ་ལའོ། །གསོ་སྦྱོང་དང་
དགག་དབྱེའི་བར་ཆད་སྤང་བར་བྱ་བའི་ཕྱིར་བཀག་པ་ཡིན་ནོ། །འོ་ན་གལ་ཏེ། འདི་ལྟར་དྲན་དུ་བཅུག་པ་མི་འདོད་ན་འདི་གསོ་སྦྱོང་ངམ། དགག་དབྱེ་མ་དག་པར་འགྱུར་རོ། །དག་པ་རྣམས་ཀྱིས་ལས་རྣམས་ཉམས་སུ་མྱོང་བ་ལ་ཉེས་བྱས་གང་ཡིན་པ་དེ་ཇི་ལྟར་མི་འགྲུབ་ཅེས་བྱའོ། །
དེའི་ཕྱིར་མི་འདོད་པ་ཞེས་བྱ་བ་དམིགས་ཀྱིས་བསལ་བར་གྱུར་པའི་ཚིག་ལས་མ་གྲུབ་པ་ཡིན་ནོ། །གལ་ཏེ་ཚེས་བཅོ་ལྔ་ལ་ཐམས་ཅད་ཀྱིས་ལྟུང་བ་ཤེས་སམ། ཡིད་གཉིས་སུ་གྱུར་ན་ལེན་པར་བྱེད་པ་བསྒྲུབ་པའི་ཕྱིར་དགེ་སློང་འགའ་ཞིག་ལ་ཕྱིར་བཅོས་པའི་དོན་དུ་གནས་གཞན་དུ་
གཏང་བར་བྱའོ་ཞེས་བྱ་བ་ལ། རང་ཞེས་བྱ་བ་ནི་འདིར་བཞག་བཞིན་པའི་ཚིག་བླ་དགས་སོ། །ལེན་པ་བྱེད་པ་བསྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་དེ་རྣམས་ཀྱི་ལྟུང་བ་བསྟན་པ་དེ་ལེན་པར་བྱེད་པའི་དོན་དུའོ། །གང་གི་ཕྱིར་དོན་འདི་ལྟར་བསྒྲུབ་པར་འགྱུར་རོ། །མ་གྲུབ་ན་བྱིན་གྱིས་
བརླབ་པའི་ཕྱིར། གསོལ་བ་བྱ་བ་འདོད་པར་བྱའོ་ཞེས་བྱ་བ་ལ། མ་གྲུབ་ན་ཞེས་བྱ་བ་ལ་ནི་ཆོ་ག་འདིའོ། །ཇི་སྐད་དུ་བསྟན་པའི་ཆོ་ག་དེ་དགེ་སློང་གི་དགེ་འདུན་གྱིས་གསོལ་བས་ལྟུང་བ་བྱིན་གྱིས་བརླབས་ལ་གསོ་སྦྱོང་ངམ་དགག་དབྱེའི་ལས་མི་ཤོལ་བར་བྱའོ། །གསོལ་བ་བྱ་བ་འདོད་
པར་བྱའོ་ཞེས་བྱ་བ་ནི། སོ་སོར་བྱིན་གྱིས་བརླབ་པས་འདི་ལ་དག་པ་མི་འགྲུབ་པ་མ་ཡིན་ནོ། །དེ་འདིར་བརྗོད་པར་མི་བྱ་ཞེས་བྱ་བ་འདིར་རྣམ་པ་འདི་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་བསྟན་པའི་དོན་དུ་དེ་སྐད་བརྗོད་པའོ། །བཞི་པས་ཉུང་བ་ཉིད་ལ་ཡང་གཙུག་ལག་ཁང་གི་བྱ་བ་གནས་པ་

ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། གཙུག་ལག་ཁང་གཅིག་ན། དགེ་སློང་གསུམ་མམ། གཉིས་སམ་གཅིག་ཁོ་ན་འདུག་ན་ཡང་དེས་ཕྱག་དར་ལ་སོགས་པ་གཙུག་ལག་ཁང་གི་བྱ་བ་གདོན་མི་ཟ་བར་བྱ་དགོས་སོ་ཞེས་བྱ་བའི་དོན་ཏོ། །འདུག་པ་པོ་རྣམས་ཀྱི་དོན་དུ་སྟན་
རྣམས་གནང་བ་དེ་མེད་པས། དེའི་ཚེ་གཙུག་ལག་ཁང་གི་བྱ་བ་མ་ཡིན་སྙམ་པའི་དོགས་པ་བསལ་བའི་ཕྱིར། སྟན་ཐབས་ཉམས་པར་མི་བྱའོ་ཞེས་བྱ་བ་སྨོས་ཏེ་འོངས་སྲིད་པས་དེའི་དོན་དུ་མེད་པར་བརྟེན་པར་བྱ་བ་མ་ཡིན་ཞེས་བྱ་བའི་བློ་གྲོས་སོ། །ཆག་ཆག་དང་། ཕྱག་དར་དང་།
ལྕི་བ་སར་པས་བྱུག་པ་བྱ་བ་དང་། སེང་གེའི་ཁྲི་བཤམ་པ་དང་། མར་མེ་གཟུགས་པ་དང་ཆོས་ཉན་དུ་གཞུག་པ་དག་བྱས་ལ་ཕྱོགས་ཆེས་མཐོན་པོར་འདུག་སྟེ། ཕྱོགས་བཞིར་རྣམ་པར་བལྟ་བར་བྱའོ་ཞེས་བྱ་བ་ནི། འདི་ལྟར་ལྟ་བར་བྱེད་པ་རྣམས་ཀྱིས་བལྟ་བར་བྱ་སྟེ། གོ་རིམས་
བསྟན་པའི་དོན་དུ་དེ་ལྟར་བསམས་པའོ། །དགེ་སློང་དག་འོང་བ་སྣང་ན། ཀྱེ་ཚེ་དང་ལྡན་པ་མྱུར་བ་མྱུར་བར་ཤོག་ཤིག་དེང་དགེ་འདུན་གྱིས་གསོ་སྦྱོང་ངམ། དགག་དབྱེ་བཅོ་ལྔ་པ་ཡིན་ནོ་ཞེས་བྱ་བ་ལ། དགག་དབྱེ་ལ་བཅོ་ལྔ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །འདི་ནི་མཚོན་པ་
ཙམ་ཡིན་ཏེ། གསོ་སྦྱོང་བཅུ་བཞི་པ་དེ་བས་ན་འདི་ལ་མི་བྱ་བ་ཉིད་དུ་ཤེས་པར་མི་བྱའོ། །བཞིར་མ་ཚང་ན་དུས་ཀྱི་བར་དུ་བསྡད་དེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་བཞིར་མ་ཚང་ན། སྐྱ་རེངས་མ་ཤར་ཚུན་ཆད་དུ་བསྡད་དེ། དུས་སུ་མ་འོངས་ན་གསོ་སྦྱོང་དང་དགག་
དབྱེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་མ་མོ་ལས་སོ། །འབའ་ཞིག་ན་འདུག་སྟེའོ་ཞེས་བྱ་བ་ནི། གལ་ཏེ་གཅིག་པུ་འདུག་ན་སྟན་དེ་ལ་འདུག་སྟེ། དེས་གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབ་པར་བྱའོ། །ལྷག་མ་གཞན་དང་བཅས་པ་ཉིད་ཡིན་ན་མདུན་དུའོ་
ཞེས་བྱ་བ་ནི། གཞན་དང་བཅས་པ་ནི་གཞན་དང་ལྷན་ཅིག་གོ། །གལ་ཏེ་གཉིས་པ་ཡོད་པར་གྱུར་ན་དེའི་མདུན་དུ་ཙོག་ཙོག་པོར་འདུག་སྟེ། གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ངེས་པ་ལ་གཏོགས་པའོ། །གསུམ་པ་ལ་ནི་རྣམ་པ་གཞན་དུ་བསྟན་པའི་ཕྱིར་

གསུམ་ནི་འཁོད་དེའོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་དགེ་འདུན་གྲལ་རིམས་བཞིན་དུ་འཁོད་དེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བཞིའི་དགག་དབྱེ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་དགེ་སློང་གསུམ་གྱིས་གསོ་སྦྱོང་བྱིན་གྱིས་བརླབ་པར་བྱ་བ་བཞིན་དུ་བཞིའི་ཡང་དེ་བཞིན་
ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་གནས་ན་སོ་སོར་ཐར་པའི་མདོ་གདོན་ནུས་པ་མེད་པར་ཤེས་ན་གསོ་སྦྱོང་ལ་བསྡད་པར་མི་བྱའོ་ཞེས་བྱ་བ་ལ། དེའི་ཚེ་ཞེས་བྱ་བ་ལ་ནི་གསོ་སྦྱོང་ལ་ལྟོས་པའི་གསོ་སྦྱོང་གི་དུས་ལ་གང་དུ་སྟོན་པ་པོ་མེད་པར་གྱུར་ན་ཞེས་བྱའོ། །གང་ན་དེ་ལས་འདའ་བར་དེར་ཉེ་བར་འགྲོ་བར་
མི་བྱའོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་གསོ་སྦྱོང་ལའོ། །མདོ་འདོན་ནུས་པ་མེད་པ་ལ་ནི་འདི་སྨོས་སོ། །ཚོགས་པ་མེད་པ་ལ་ཡང་དེ་ཉིད་ཀྱི་ཕྱིར་འདིའི་ལྟུང་བ་སྟེ། བར་ཆད་གཞན་གྱིས་བསྟན་པ་མེད་པ་ལ་དེ་བས་ན་འདི་ལྟར་བྱའོ། །གནས་པར་ཁས་བླངས་པ་ཕྱི་མའི་གོང་མ་བསྲུང་བར་མི་བྱའོ་
ཞེས་བྱ་བ་ནི། ཁས་བླངས་པ་ཕྱི་མ་ཤོས་ཀྱིས་སྔ་མ་དེ་བསྲུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱི་མ་ཤོས་འགྲོ་བའི་ཕྱིར་སྔ་མ་དེ་སྒྲུབ་པ་ཞེས་བྱ་བར་དགོངས་པའོ། །དེ་བས་ན་སྔ་མ་གཞན་ལས་དབྱར་དྲལ་བ་ལ་ཕྱི་མ་ཁས་བླང་བར་བྱའོ་ཞེས་བྱ་བ་འདིས་དེ་བྱས་པར་རིག་པར་བྱའོ། །དེ་ལ་ཡང་ཟླ་བ་
གཉིས་ལས་ལྷག་པའོ་ཞེས་བྱ་བ་ནི་ཁས་བླངས་པ་ཕྱི་མ་ཤོས་དེ་ཟླ་བ་གཉིས་བསྲུང་གི་གཉིས་ལས་ལྷག་པ་གསུམ་པ་བསྲུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གནས་དང་ལས་དང་རྙེད་པ་དང་བསྙེན་བཀུར་བསྟབས་པས་གདོན་པར་བྱེད་པ་བསྙེན་པར་བྱའོ་ཞེས་བྱ་བ་ནི། འདི་འདོན་པ་པོའི་ཕྱིར་འབད་
པར་བྱེད་པ་མེད་པའོ། །དེ་བས་ན་མ་གྲུབ་པ་ལ་འབད་པ་དེ་ལྟ་བུ་བྱས་ནས་ཀྱང་ཆོ་ག་བྱ་བ་ལ་རྗེས་སུ་བསྒྲུབ་པ་ཉིད་དུ་རིག་པར་བྱའོ། །འདིར་གནས་ཞེས་བྱ་བ་ནི་གནས་ཁང་དང་། མལ་ཆ་དང་། སྟན་དང་བགོ་བ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །ལས་ཞེས་བྱ་བ་ནི་གང་གི་ལས་ཏེ་དེ་དག་ཏུ་མི་
བསྐོ་བའོ། །རྙེད་པ་ཞེས་བྱ་བ་ནི་ཆོས་གོས་དང་བསོད་སྙོམས་དང་སྣུམ་བག་ལ་སོགས་པའོ། །འདི་དག་གིས་བསྙེན་བཀུར་བསྟབས་པ་ནི་འདོད་པ་འདི་དག་གིས་མ་བྲལ་བ་ཉིད་དུ་ངེས་པར་བྱེད་པའོ། །མདོ་སྡེ་འཛིན་པ་འོང་བ་ན་གདུགས་དང་། རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་

བྱའོ། །འདུལ་བ་དང་མ་མོ་ཡང་ངོ་ཞེས་བྱ་བ་ན་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་འོང་བ་ལ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ། །ལམ་ཇི་སྲིད་དུ་ཞེ་ན། དེའི་ཕྱིར་དཔག་ཚད་ཕྱེད་དང་གསུམ་དུའོ། །མ་ནུས་ན་རྒྱང་གྲགས་ལྔར་རོ་ཞེས་
བྱ་བ་སྨོས་ཏེ། ལམ་དེ་ཙམ་དུ་བསུ་བར་མི་ནུས་ན་རྒྱང་གྲགས་ལྔར་བསུ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གསུམ་མམ་དཔག་ཚད་ཕྱེད་དམ་རྒྱང་གྲགས་སམ་རྒྱང་གྲགས་ཕྱེད་དམ་ཁྱམས་སུ་རུང་ངོ་ཞེས་བྱ་བ་ལ། གསུམ་ཞེས་བྱ་བ་ནི་རྒྱང་གྲགས་རྣམས་ཀྱང་ངོ་། །མ་ནུས་ན་ཞེས་བྱ་བ་ནི་ཐམས་ཅད་
ལ་སྦྱར་བར་བྱའོ། །དེ་ལྟར་བསུ་ནས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ངག་གི་བཤེས་པའི་ཚིག་གིས་བསུ་ནས་ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །ཁྲུས་བྱའོ། །དགེ་འདུན་ལ་ཡང་སྣུམ་བག་གིས་རྙེད་པའོ། །གནས་ལ་སོགས་པ་བསྟབས་པ་སྦྱིན་ནོ། །ཆོས་ཉན་པ་ཡང་ངོ་ཞེས་བྱ་བ་ནི།
སྦྱིན་ནོ་ཞེས་བྱ་བར་སྦྱར་ཏེ། དེར་ཐམས་ཅད་ཀྱིས་སྤྲོ་བ་བསྐྱེད་པར་བྱ་ཞེས་བྱ་བ་ནི། མང་པོའི་ཚིག་གིས་བསྟན་པ་དེ་རྣམས་ཐམས་ཅད་ཀྱིས་སྨྲ་བར་མི་རིགས་པའི་ཕྱིར་རོ། །དགེ་སློང་ཕྲག་དོག་ཅན་ལ་འདི་དག་སྟོན་པར་འཛིན་པ་ཡིན་ནོ་ཞེས་གོ་བར་བྱའོ་ཞེས་བྱ་བ་ནི། འདི་སྟོན་པའོ་འདི་ནི་
སྟོན་ཏེ་འདི་ལྟ་སྟེ། མདོ་སྡེ་དང་འདུལ་བ་འཛིན་པ་དང་མ་མོ་ཞེས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །གསོ་སྦྱོང་དང་དགག་དབྱེ་མ་བྱས་པས་དེའི་ཉིན་མོ་རང་གི་དེ་ཡོད་པའི་གནས་ནས་འགྲོ་བར་མི་བྱ་སྟེ། གལ་ཏེ་དེ་ཉིད་ཀྱི་ཚེ་རྣམ་པ་དེ་ལྟ་བུར་ཕྱིན་པའམ། འཐབ་ཀྲོལ་ཅན་དག་དང་དབྲལ་
བའམ། སྤྱོད་པ་བཟང་པོ་དག་དང་ཕྲད་པ་དེ་ལྟ་བུར་འགྲོ་བ་ཉིད་མ་ཡིན་ནའོ་ཞེས་བྱ་བ་ལ། དེའི་ཉིན་མོ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེའི་ཉིན་མོ་ལའོ། །རང་གི་ཞེས་བྱ་བ་ནི་དགེ་སློང་རྣམས་དང་ལྷན་ཅིག་མདོ་འདོན་པ་དང་སྤྱོད་པའོ། །ཡང་ན་རང་གི་ཞེས་བྱ་བ་ནི་དགེ་སློང་མའི་དགག་དབྱེ་
དགེ་སློང་དང་དགེ་སློང་མ་རྣམས་ལྷན་ཅིག་ཏུ་མདོ་འདོན་པའི་ཚེ་དགེ་སློང་གི་ཚོགས་པ་གྲུབ་པ་དགེ་སློང་མ་རྣམས་དང་ལྷན་ཅིག་ཏུའོ། །དེ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་ལ་ལྟོས་ནས་བདག་ཉིད་ཀྱིས་གསོ་སྦྱོང་ངམ་དགག་དབྱེ་རབ་ཏུ་ཤེས་བཞིན་དུ་རང་དགག་དབྱེ་ཉིད་དུ་ཞེས་བྱ་བའི་དོན་ཏོ། །

དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེའི་ཉི་མ་དེ་ཉིད་ལ་རྣམ་པ་དེ་ལྟ་བུའི་ཚིག་གིས་རབ་ཏུ་ཤེས་བཞིན་པ་དེ་བས་ན་གནས་འཛིན་པའོ། །འཐབ་ཀྲོལ་ཅན་ཞེས་བྱ་བ་ནི་འཐབ་ཀྲོལ་བྱེད་པ་པོ་རྣམས་ལས་བདག་འབྲལ་བར་འགྱུར་སྙམ་ནས་གལ་ཏེ་འདི་ཉིད་གཞན་དབང་ཉིད་དུ་ཐོབ་པར་བྱེད་པའོ། །
སྤྱོད་པ་བཟང་པོ་དག་དང་ཕྲད་པ་དེ་ལྟ་བུར་འགྲོ་བ་ཉིད་མ་ཡིན་ནའོ་ཞེས་བྱ་བ་ནི། གལ་ཏེ་སྤྱོད་པ་བཟང་པོ་དག་ཕྲད་པ་དེ་ལྟ་བུ་འགྲོ་བ་ཉིད་ཡིན་ན་འགྲོ་བ་ལ་ཉེས་པ་མེད་དོ། །གནས་གང་ན་རང་གི་གསོ་སྦྱོང་དང་དགག་དབྱེའམ། གཞན་གང་ཡང་རུང་བ་མེད་པར་གྱུར་ན་ཡང་གནས་དེ་ནས་འགྲོ་བར་བྱ་
བ་ཉིད་དོ། །དེ་ལ་སྟོན་པས་ཀྱང་དེ་ལྟ་བུའི་འཐབ་ཀྲོལ་ཅན་མ་ཡིན་པ་རང་འཇུག་པ་རྣམས་ལ་ཡང་གསོ་སྦྱོང་དང་རྣམ་པར་དག་པ་ཁས་ལེན་པ་དགག་དབྱེས་ཀྱང་ངོ་། །གང་ན་འོངས་པ་མེད་ན་གཅིག་པུ་རབ་ཏུ་ཞི་བའི་སེམས་ཀྱིས་སྤྱོད་པ་བཟང་པོའི་ནང་ན་གནས་པའི་བྱིན་གྱིས་བརླབས་པའི་སྔ་རོལ་དུ་དགེ་
སློང་དག་དང་བཅས་པའི་གནས་ནས་གནས་མེད་ཀྱང་དགེ་སློང་དེ་འགྲོ་བར་བྱ་སྟེ། གང་ན་དགེ་སློང་ཚུལ་ཁྲིམས་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་པས་འཛིན་པ་དགེ་སློང་དང་བཅས་པའི་གནས་སུ་འགྲོ་བར་བྱའོ་ཞེས་མདོར་བྱས་སོ། །འདིར་ལྟ་བ་ཡང་ཚུལ་ཁྲིམས་ཉིད་ཀྱིས་སྨོས་པར་རིག་པར་བྱའོ། །
གནས་གང་ན་དགེ་སློང་དང་བཅས་ཀྱང་དགེ་སློང་འཐབ་ཀྲོལ་བྱེད་པ་ཡོད་པ་དེར་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། གང་ཞིག་འཐབ་ཀྲོལ་བྱེད་པ་སྤང་བའི་ཕྱིར་གསོ་སྦྱོང་དང་དགག་དབྱེ་དག་བཤོལ་བར་གསུངས་པ་དེ་ནི་འཐབ་ཀྲོལ་ཅན་དག་ཅེས་བྱ་བའི་མདོར་བྱས་སོ། །གང་གི་ཕྱིར་དེར་འགྲོ་བ་བཀག་པ་དེའི་
ཕྱིར་སྤྱོད་པ་བཟང་པོ་ཅན་གྱི་དགེ་སློང་དང་བཅས་པ་ནས་འཐབ་ཀྲོལ་ཅན་གྱི་དགེ་སློང་དང་བཅས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨོས་སོ། །དགེ་སློང་མེད་པར་འགྲོ་བར་མི་བྱའོ་ཞེས་བྱ་བའི་ཉེས་པ་གཞན་སྟོན་པའི་ཚིག་བསྡུ་བའི་ཕྱིར། དགེ་སློང་དང་བཅས་པ་ནས་དགེ་སློང་མེད་པར་ལྷག་མ་རྣམས་དང་ལྷན་ཅིག་མ་
ཡིན་པའམ་གནོད་པ་དང་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་དབང་མ་གཏོགས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། ཅི་དགེ་སློང་དང་བཅས་པའི་གནས་ན་གནས་པའི་དགེ་སློང་རྣམས་དང་ཡང་ལྷན་ཅིག་ཏུ་མི་རིགས་སམ་ཞེ་ན། དེའི་ཕྱིར་འདིར་ལྷག་མ་རྣམས་དང་ལྷན་ཅིག་མ་ཡིན་པར་ཞེས་བྱ་བ་སྨོས་ཏེ། དགེ་

སློང་དང་བཅས་པའི་གནས་ས་མ་གཙུག་ལག་ཁང་ན་གནས་པའི་དགེ་སློང་རྣམས་ཀྱིས་སོ། །ཅི་འདི་ངེས་པ་ཁོ་ནར་ཡིན་ནམ་ཞེ་ན། དེའི་ཕྱིར་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་དབང་མ་གཏོགས་པར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དེར་སོང་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེ་
བར་འགྱུར་ཞང་དེའི་དབང་གིས་ནི་དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་མེད་པའི་གནས་སུ་འགྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་གསོ་སྦྱོང་རྗེས་སུ་གཟུང་བར་བྱ་བ་ཉིད་དུ་གྱུར་པས་ཀྱང་རུང་བ་ཉིད་དང་ཐུགས་བརྩེ་བ་ཉིད་ཅེས་བྱ་བ་འདི་རིགས་པ་ཡིན་ཏེ། དེའི་དོན་དུ་གསོ་སྦྱོང་དང་དགག་དབྱེ་དག་
བྱིན་གྱིས་བརླབ་པ་ཙམ་དུ་རིགས་པ་ཁོ་ན་ཡིན་ནོ། །འགྲོ་བའི་ཕྱིར་གནས་པའི་གསོ་སྦྱོང་དང་དགག་དབྱེ་མ་བྱས་པར་དོར་བར་མི་བྱའོ་ཞེས་བྱ་བ་ནི། དེའི་ཉིན་མོ་ཞེས་བྱ་བར་སྦྱར་རོ། །རྐྱེན་དེ་ལྟ་བུ་ཉིད་ཡོད་ན་སྤྱོད་པ་བཟང་པོ་དང་ལྡན་པ་དང་། གནོད་པ་དང་ལྡན་པའི་གནས་བསྟན་ནས་དེར་འགྲོར་གཞུག་
པར་བྱའོ་ཞེས་བྱ་བ་ནི་སྤྱོད་པ་བཟང་པོ་དང་ལྡན་པ་དང་། བསྟན་པ་དང་ལྡན་པའོ། །འདིར་གཞུང་ནི། གནས་ག་གེ་མོར་འཇུག་པར་བྱ་སྟེ། དེ་ནི་དགེ་སློང་གི་དགེ་འདུན་གྱིས་གནས་བརྟན་དང་བཅས་པ་སོ་སོར་ཐར་པ་དང་བཅས་ཤིང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་དགེ་བའི་ཆོས་ཅན་
དག་འཁོད་ཀྱི། དེ་དག་གི་འགྱོད་པ་མ་སྐྱེས་པ་ནི་སྐྱེད་པར་མི་འགྱུར་ལ། སྐྱེས་པ་ནི་སྐད་ཅིག་མ་ཉིད་དུ་སླར་སེལ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སོ་སོར་ཐར་པ་དང་བཅས་པ་ཞེས་བྱ་བ་འདིས་ནི་དགེ་འདུན་གྱི་གནས་བརྟན་གདོན་པ་དང་ལྡན་པ་ཉིད་དུ་བསྟན་ཏོ། །བསྒོ་བར་ད་ལས་འདའ་
བར་མི་བྱའོ་ཞེས་བྱ་བ་ནི། བརྟེན་པས་བརྗོད་པ་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱིས་འོངས་པ་རྣམས་ཀྱི་དོན་དུ་དེ་གཉིས་ཡང་བྱར་རུང་ངོ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་འདི་དག་ཡང་བྱེད་པའོ། །གལ་ཏེ་ལེགས་པར་ན་དེ་ལ་ཅི་དགར་འཇུག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་
གསོ་སྦྱོང་དང་དགག་དབྱེ་དེ་གཉིས་ལེགས་པར་བྱས་པ་ཡིན་ནོ། །དེའི་ཚེ་འདོད་པ་ནི་འདོད་པ་སྟེ་ཡང་འཇུག་པ་ལའོ། །འོན་ཏེ་འདིར་གཅིག་པ་ཉིད་མ་ཡིན་པའི་སྐྱོན་ནས་གཞན་ཡང་རུང་བ་ཡོད་པར་གྱུར་ན་འདོད་པ་ནི་མ་ཡིན་ཏེ། འོན་ཀྱང་གདོན་མི་ཟ་བར་ཡང་འཇུག་པར་བྱའོ། །འདུ་བ་མཐུན་པ་དག་

ལ་ཡང་ངོ་ཞེས་བྱ་བ་ནི། གཉུག་མར་གནས་པ་རྣམས་ནི་བྱས་པ་དང་ལྡན་པའི་གཉུག་མར་གནས་པ་རྣམས་དང་འདུ་བ་མཐུན་པ་ཡིན་ལ། གློ་བུར་དུ་ལྷགས་པ་རྣམས་ཀྱང་གཉུག་མར་གནས་པ་རྣམས་དང་མཐུན་པ་ཡིན་སྙམ་དུ་རྟོགས་པར་བྱའོ། །འོན་ཀྱང་འདུ་བ་མཐུན་པ་ཡིན་པས། གཉུག་མར་གནས་
པ་བྱས་ཟིན་པ་རྣམས་གློ་བུར་དུ་ལྷགས་པ་དག་ལ་ཡང་ཞེས་བྱ་བའི་དོན་ཏོ། །གཞན་གྱི་ཚོགས་པ་གསོལ་བར་བྱའོ་ཞེས་བྱ་བ་ལ། གཞན་གྱིས་ཞེས་བྱ་བ་ནི་གང་དག་གི་འདོད་པ་འདི་སྨོས་པ་དེ་དག་ལས་གཞན་པ་གསོལ་བར་བྱའོ། །དེ་མ་ཐོབ་ན་མཚམས་གཞན་དུ་བྱའོ་ཞེས་བྱ་བ་ནི་ཚོགས་པ་དེ་མ་ཐོབ་ན་
མི་མཐུན་པ་ཉིད་ཀྱི་ཉེས་པ་སྤང་བའི་ཕྱིར། མཚམས་གཞན་དུ་ལས་བྱེད་པ་ནི་དེ་དག་ཉི་ཚེར་མ་ཟད་ཀྱི་ལས་ཐམས་ཅད་ལ་ཡང་དེ་བཞིན་ནོ། །བྱེད་པའི་ཚེ་འོངས་ན་ལྷག་མ་ཉམས་སུ་མྱོང་བས་འགྲུབ་བོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པར་འགྱུར་བའི་ཚེ་གང་དག་འོངས་པར་གྱུར་ན་དེ་དག་ལ་རང་གི་དགག་
དབྱེ་བྱ་སྟེ་གོང་མ་ནི་མ་ཡིན་ནོ། །སྔ་མ་ཉིད་ཉམས་སུ་མྱོང་བར་མ་གྱུར་པ་ཉིད་ཀྱི་ཕྱིར་མ་གྲུབ་པ་སྟེ་འོན་ཀྱང་གྲུབ་པ་ཁོ་ནའོ། །དེ་བཞིན་དུ་གསོ་སྦྱོང་བྱེད་པར་གྱུར་པ་ཉིད་ཀྱི་ཚེ་གང་དག་འོངས་པར་གྱུར་པ་དེ་རྣམས་ལ་དེར་སོ་སོར་ཐར་པ་ལས་གང་ཞིག་ལྷག་མ་མ་བཏོན་པར་གྱུར་པ་དེའི་འཕྲོ་ཉམས་
སུ་མྱོང་བས་ཀྱང་གསོ་སྦྱོང་འགྲུབ་བོ། །དེ་བས་ན་དེར་སླར་བྱེད་པ་དོན་མེད་པར་འགྱུར་བའི་ཕྱིར་མི་བྱ་བ་ཉིད་དོ། །དེར་འདི་ལ་མ་གྲུབ་པ་ཇི་ལྟར་ཐོས་པ་ཉན་དུ་བཅུག་པ་ལ་ཡང་ཡིན་ཞེ་ན། གང་གི་ཕྱིར་འདིར་དེ་ལྟ་བུ་ལྷག་མ་ཉམས་སུ་མྱོང་བ་ཐམས་ཅད་སོ་སོར་གནས་པའི་ཚིག་ཡོད་པ་ཡིན་ཏེ།
ཚེ་དང་ལྡན་པ་དག་བདག་ལས་སོ་སོར་ཐར་པའི་མདོ་ལས་བསྟན་པའི་གླེང་གཞི་ཡོད་དེ། ཕམ་པར་གྱུར་པ་བཞི་བསྟན་པ་ཞེས་བྱ་བ་ལ་སོགས་པའོ། །གནས་དེ་ནས་འགའ་ཡང་མ་སོང་བ་ཡིན་ན་ངེས་པ་ཡིན་ནོ་ཞེས་བྱ་བ་ནི། གསོ་སྦྱོང་དང་དགག་དབྱེ་ཟིན་པའི་གནས་དེ་ནས་གཅིག་ཀྱང་མ་
སོང་བ་ཉིད་ཡིན་ན། ཚོགས་པ་མ་བྱིན་པའི་ཕྱིར་ངེས་པ་སྟེ་འདོད་པས་ནི་མ་ཡིན་ནོ། །མི་རིགས་པ་གནས་པ་ཚོགས་པས་རུང་བ་ཉིད་ལ་ཡན་ལག་གི་ངོ་བོ་འཇུག་པར་འགྱུར་བ་རྣམས་ཀྱིས་ཡན་ལག་གི་དངོས་པོས་འགྲོ་བར་མི་འགྱུར་རོ་ཞེས་བྱ་བ་ནི་འདིར་འཇུག་པའི་ངེས་པ་འདི་རྣམ་པར་གཞག་པའོ། །

འདིར་འདོད་པས་འཇུག་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གློ་བུར་དུ་ལྷགས་པ་ཆེས་མང་བ་ཉིད་ཡིན་ན་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་ཕྱིས་འོངས་པ་མང་བར་གྱུར་ན། སོང་བ་ལ་ཡང་གསོ་སྦྱོང་གི་གནས་ནས་འགའ་ཡང་འདིར་ངེས་པས་འཇུག་པ་ལ་ཆེས་མང་བ་ཉིད་ལ་རབ་ཏུ་འབྱུང་བ་
ཉིད་ཀྱི་ཕྱིར་རོ། །དུས་ཀྱི་ཕྱིར་ནི་ཆེས་མང་པོ་རྣམས་ཀྱི་རྗེས་སུ་འཇུག་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་གཉུག་མར་གནས་པ་རྣམས་ཀྱི་ཚེས་བཅོ་ལྔ་ཡིན་ལ། གློ་བུར་དུ་ལྷགས་པ་རྣམས་ཀྱི་ནི་ཚེས་བཅུ་བཞི་ཡིན་པའམ། བཅུ་དྲུག་ཡིན་པའམ། གློ་བུར་དུ་ལྷགས་པ་རྣམས་ཀྱི་ནི་ཚེས་བཅུ་
བཞི་འམ་བཅུ་དྲུག་ཡིན་པ་ལྟ་བུ་དེ་ལ་ནི་དགེ་སློང་གང་མང་ཤོས་ཀྱི་ཕྱོགས་ཀྱི་རྗེས་སུ་འབྲང་བར་བྱའོ། །ཇི་སྟེ་ཕྱོགས་གཉིས་ཀ་གྲངས་མཉམ་པ་ཁོ་ན་ཡིན་ན་གཅིག་པ་ཡང་དགེ་སློང་དེ་སྙེད་པ་ཉིད་དེ་གཞན་ལ་ཡང་དེ་སྙེད་པ་ཉིད་དོ། །གཉུག་མར་གནས་པའི་ཕྱོགས་སུ་གློ་བུར་དུ་འོངས་པའི་ཕྱོགས་ཀྱི་
རྗེས་སུ་འཇུག་པར་བྱ་བ་ཉིད་ཡིན་ནོ། །ཇི་སྐད་དུ་གསུངས་པ་མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཀྱང་ངོ་ཞེས་བྱ་བའོ། །དེར་རྗེས་སུ་འཇུག་པར་བྱ་བ་ཉིད་དུ་རུང་བ་ཡིན་ཏེ། ཕྱིས་འོངས་པ་རྣམས་ཀྱི་དོན་དུ་ཞེས་བྱ་བ་ཡང་བྱེད་པ་རུང་བ་ཉིད་བརྗོད་པ་ཡིན་ཏེ། འཇུག་པ་ལ་ནི་འདིར་འདོད་
པ་ཐོབ་པ་དེ་འདིར་དུས་ཀྱི་སྐབས་སུ་དམིགས་ཀྱིས་བསལ་བ་དེ་བསྟན་པའི་ཕྱིར་འདི་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། འདིར་ཡང་རྗེས་སུ་འཇུག་པར་བྱ་བ་ཉིད་ལ་ངེས་པ་སྟེ། འདིར་འཇུག་པ་ལ་ཞེས་བྱ་བའི་དོན་ཏོ། །གསོ་སྦྱོང་གི་ཆོ་གའི་སྐབས་སོ། །ཏིང་ངེ་འཛིན་ལས་བསླང་བར་མི་བྱའོ་ཞེས་བྱ་བར་
འདིར་རྣམ་པར་འབྱེད་པ་དང་མདོ་ཕྱི་མའི་ཡང་གཞུང་ངོ་། །གདམས་ངག་མེད་པར་བསྒོམ་པར་མི་བྱའོ་ཞེས་བྱ་བ་ནི་གདམས་ངག་སྟོན་པ་པོ་མེད་པར་བསྒོམ་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །གདོས་བུ་དང་ཕོ་ལོང་གི་སྦྱོར་བ་རིགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རྩ་བའི་གཞི་ལས་འདིའི་ཚིག་གང་ཡིན་
པ་དེ་ནི་ངན་པར་འགྲོ་བར་གྱུར་པ་འདི་ཡོད་པ་དང་། རྩེ་བར་གྱུར་པ་ལ་ཡང་མ་ཡིན་ཞེས་རྟོགས་པར་མི་བྱའོ་ཞེས་བྱ་བ་འདི་བསྟན་པའི་དོན་དུ་མདོ་འདིའོ། །འདིར་གཞུང་ནི། ཕྲན་ཚེགས་ཀྱི་མདོ་ཕྱི་མ་དག་ལས། དགེ་སློང་དག་དེ་ལྟ་བས་ན་ཇི་ལྟར་ཆུ་ཀླུང་ཡིད་འོང་ལྡན་གྱི་ངོགས་ཀྱི་དགེ་སློང་དག་

གིས་བརྩོན་འགྲུས་བརྩམས་པ་དེ་ལྟར་གདོས་བུ་དང་ཕོ་ལོང་གི་སྦྱོར་བས་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་བྱ་བ་ཕྱི་མ་ལས་ཀྱང་དགེ་སློང་གིས་བརྩོན་འགྲུས་གློད་པར་མི་བྱའོ། །བརྩོན་འགྲུས་གློད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་དུ་འདི་ལས་འོག་ཏུ་གཞུང་མ་བཤད་
པ་དེར་ཡང་གཞུང་འདི་ཕྲན་ཚེགས་དག་ལས་རིག་པར་བྱའོ། །བརྩོན་འགྲུས་གློད་པར་མི་བྱའོ། །འདི་ནི་མདོ་འདི་ལས་གསུངས་པ་བཞིན་ནོ་ཞེས་བྱ་བ་ནི་འདིར་དགེ་སློང་ཉིན་མོ་འདུག་པ་དང་འཆག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་མཚན་མོའི་ཐུན་
དང་པོ་ལ་འདུག་པ་དང་འཆག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་ནམ་གྱི་གུང་ཐུན་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས་གཙུག་ལག་ཁང་དུ་ཞུགས་ཏེ། གློ་གཡས་པ་ཕབ་སྟེ་རྐང་པ་རྐང་པའི་སྟེང་དུ་བཞག་ནས་སྣང་བའི་འདུ་ཤེས་
དང་ལྡན་པས་དྲན་པ་དང་ཤེས་བཞིན་དང་ལྡན་པས་དབུགས་དབྱུང་བ་མ་ཡིན་པའི་འདུ་ཤེས་སུ་བྱེད་ཅིང་། དེ་མཚན་མོའི་ཐུན་ཐ་མ་ལ་མྱུར་བ་མྱུར་བར་རབ་ཏུ་སད་ནས་འདུག་པ་དང་། འཆག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་། དེ་ཙམ་གྱིས་
དགེ་སློང་བརྩོན་འགྲུས་བརྩམས་པར་འགྱུར་རོ། །དེ་ཙམ་གྱིས་ཡང་དེ་བཞིན་གཤེགས་པས་དགེ་སློང་བརྩོན་འགྲུས་བརྩམས་པར་ཤེས་པ་ནས་གང་དུ་བཀའ་བསྒོ་བ་ཞེས་གང་ཞིག་མདོ་སྡེ་ལས་བརྩོན་འགྲུས་དང་ལྡན་པ་ཞེས་འདིར་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ཉལ་བ་ལ་
མ་མོ་ལས་ལྷག་པར་འདོན་པ་དེ་འདི་བསྡུ་བར་བྱ་སྟེ། ལུས་དང་སེམས་དང་གོས་མ་འཕྱར་བར་ཉལ་བར་བྱའོ་ཞེས་བྱ་བ་ནི་ལུས་དང་སེམས་དང་གོས་དག་རེ་རེ་ལ་མི་འཕྱར་བར་ཞེས་སོ་སོར་སྦྱར་བར་བྱའོ། །མི་ན་བས་ཉིན་མོ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། འདིར་ངལ་བ་ཡང་ན་བ་སྟེ། ལུས་
ཉམ་ཆུང་བར་ཞེས་བྱ་བར་རྣམ་པར་གནས་པ་ཡིན་ནོ། །གང་དག་དེའི་བར་དུ་གཉིད་ཀྱིས་སྙོམ་པ་བརྣགས་མི་ཐུབ་པ་ཉིད་ཡིན་ན། གཉིད་ཀྱི་སྙོམ་པ་བསང་བའི་ཕྱིར་དེས་དེ་ཙམ་ཞིག་བསྟེན་པར་བྱ་ཞེས་བྱ་བ་ནི་རྩ་བའི་གཞི་ལས་ཤེས་པར་བྱའོ། །ཟས་ཀྱིས་སྙོམ་པ་བརྣགས་མི་བཟོད་པ་ཞིག་ཡིན་

ན་ཡང་དེ་བསང་བའི་ཕྱིར་དེ་ཙམ་ཞིག་བསྟེན་པར་བྱའོ། །འདི་ལ་ཡང་དེ་ལྟ་བུར་གྱུར་པའི་ཕྱིར་རོ། །མདོ་སྡེ་ལས་ཀྱང་མེར་འཇུག་གི་བུས་ནི་དཔྱིད་རྣམས་ཀྱི་ཟླ་བ་ཐ་མ་ལ་ཡུད་ཙམ་ཞིག་ཟད་ཀྱིས་སྙོམ་པ་བསང་བར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །རོ་རྒྱབ་ན་བས་པུས་འཁྱུད་བཅང་བར་བྱའོ། །
དབང་པོ་རྣམས་ནང་དུ་བསྡུས་པ་དང་། ཡིད་ཕྱི་རོལ་དུ་མ་སོང་བ་དང་། གསལ་བ་དང་དྲང་པོས་མི་ཐོགས་པར་བཅག་པར་བྱའོ་ཞེས་བྱ་བ་ལ། ཕྱི་རོལ་དུ་མ་སོང་བའི་ཞེས་བྱ་བ་ནི་ཡུལ་རྣམས་ལ་མ་སོང་བ་སྟེ། ཁ་ཕྱིར་ཕྱོགས་པ་ཉིད་ཀྱིས་ཕྱིར་འགྲོ་བ་འདི་ལ་ཕྱི་རོལ་དུ་འགྲོ་བའི་བདག་ཉིད་ཅན་སའི་དབྱིངས་ལ་
སོགས་པ་རྣམས་ཀྱིས་ཀྱང་འདིར་ཡུལ་ཡིན་པར་རིག་པར་བྱའོ། །གསལ་བ་ཞེས་བྱ་བ་ནི་སེམས་དང་བ་དང་རབ་ཏུ་ཟིན་པའི་ལུས་ཀྱིས་སོ། །དྲང་པོར་ཞེས་བྱ་བ་ནི་གོམ་པ་ཡ་ཡོ་མེད་པས་སོ། །མི་ནུས་ན་ཐ་གུ་བྲེལ་ཏེའོ་ཞེས་བྱ་བ་ནི། དྲང་པོར་འཆག་མི་ནུས་ན་ཐ་གུ་སྦྲེལ་ཏེ་བཅག་པར་བྱའོ། །ཁ་
ཏོན་པའི་འཆགས་ནི་ཁྲུ་བཅུ་གཉིས་སོ། །སྤོང་བ་པ་ནི་བཅོ་བརྒྱད་དོ། །དེ་ཐ་གུས་གཞལ་ཏེ་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་འཆག་པའོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས། འདིར་གཞུང་ནི་བསླབ་པའི་གཞི་ལས། དེ་དག་གིས་འཆག་པ་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། སྤོང་བའི་ས་ནི་ཁྲུ་བཅོ་བརྒྱད་དོ། །ཁ་ཏོན་བྱེད་པ་ནི་ཁྲུ་བཅུ་གཉིས་ཏེ། དེ་དག་ཐ་གུས་གཞལ་ཏེ་བཅག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཐ་གུས་གཞལ་ཏེ་བྱའོ་ཞེས་བྱ་བ་ནི་རྒྱས་པ་ལས། གཞན་འདིར་རང་དང་གཞན་དག་ལ་རིགས་དག་པ་གཞག་པ་རྣམ་པ་གང་ཞིག་
ཆོས་བསྟན་པའོ། །གསོ་སྦྱོང་གི་ཉི་མ་ལ་བྱ་བ་ཉིད་འདི་ལ་ཡོད་དེ་དེ་བས་ན་འདིར་གཏོགས་པའི་ཆོ་ག་བརྗོད་པར་བྱ་སྟེ། དགེ་སློང་གིས་ཆོས་བཤད་པར་བྱའོ་ཞེས་བྱ་བ་ནི། འདི་ཐོག་མར་བྱས་པའི་ངག་ཅུང་ཟད་ཅེས་བྱ་བའི་མཐར་ཐུག་པའོ། །འདི་ཐོག་མ་ཞེས་བྱ་བ་ནི་རྒན་པོའི་མཐར་ཐུག་པ་
ཞེས་བྱ་བ་ལ་སོགས་པའོ། །དེས་ཚེས་བཅོ་ལྔ་ཞེས་བྱ་བའི་མཐར་ཟླ་བ་ཕྱེད་པའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་དོར་བར་བྱའོ་ཞེས་བྱ་བའི་མཐར་ཡང་འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། འདིར་ཉར་བྱེད་པ་ཞེས་བྱ་བ་ཕྲན་ཚེགས་རྣམས་ལས་སོ། །གལ་ཏེ་མ་བསྐུལ་བར་དེའི་སྒོ་ནས་ངེས་པར་འབྱུང་

བ་མ་ཡིན་ཞེས་བྱ་བ་འདི་རབ་ཏུ་བྱུང་བའི་གཞི་ལས་སོ། །འདིར་ལྷག་མ་གང་ཞིག་བྱེད་པ་མཚམས་སྦྱར་བ་མཐའི་རྣམ་པས་སོ། །དེ་ལ་མ་མོ་འདུག་སྟེའོ། །གལ་ཏེ་དུ་མ་ཉིད་ཡིན་ན་གཅིག་གིས་སོ་ཞེས་བྱ་བ་ནི་གལ་ཏེ་ཆོས་སྟོན་པ་དུ་མ་ཉིད་ཡོད་ན་འདི་པའི་དགེ་སློང་གི་འཁོར་དུ་གཏོགས་པ་རྣམས་ཞེས་བྱ་བ་ཤུགས་
ཀྱིས་རྟོགས་པའོ། །ཆོས་འདི་པའི་རབ་ཏུ་བྱུང་བ་ཐམས་ཅད་ལ་མཚན་ཐ་དད་པ་ལ་ཡང་སྡོམ་པ་མཆོག་དང་མཆོག་མ་ཡིན་པ་ལ་ཆོས་འདི་པའི་དགེ་སྦྱོང་གི་འཁོར་དུ་གཏོགས་པ་ཞེས་བྱ་བ་ཉིད་དུ་རིག་པར་བྱའོ། །རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་ཡང་ཆོ་ག་འདི་རྣམ་པར་གཞག་པའོ། །གང་
ཡང་རུང་བས་སོ་ཞེས་བྱ་བ་ནི་གསར་བུ་དང་། མཚན་མི་མཐུན་པ་དང་། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དག་གིས་ཀྱང་བྱར་རུང་སྟེ། རྒན་པོ་འབའ་ཞིག་གིས་ནི་བྱ་བར་མ་ཟད་དེ་བསྙེན་པར་རྫོགས་པ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་ནང་ན་ཆོས་སྟོན་པ་དུ་མ་ཡོད་དུ་ཟིན་ཀྱང་གང་ལ་སྟོན་པར་བྱེད་པ་
ཐམས་ཅད་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །མ་གསོལ་བར་མི་བྱའོ་ཞེས་བྱ་བ་ནི་བསྟན་པར་མི་བྱའོ། །གལ་ཏེ་དེའི་ཚེ་ཚིག་གིས་བྱུང་བ་མ་ཡིན་ནའོ་ཞེས་བྱ་བ་ནི། གང་གི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ལ་སོགས་པ་མ་གསོལ་བར་ཡང་ཆོས་བསྟན་པར་བྱ་སྟེ། སྟོན་པ་དེ་བཞིན་དུ་འདིར་འདི་འབྱུང་
བ་ཡིན་ཏེ། འདི་ལྟར་མདུན་གྱིས་བལྟས་པར་གྱུར་པས་མདུན་གྱིས་བལྟས་པ་ཉིད་དེ་དགེ་སློང་དེ་རྣམས་དང་མཐུན་པ་ཉིད་དོ། །འདིར་འབྱུང་བ་ནི་དཔེ་ཙམ་ཡིན་ཏེ། ཐམས་ཅད་དུ་དེའི་སྒོ་ནས་གནས་པ་ལ་ཆོག་འདི་ཡིན་ནོ། །གནས་སྐབས་ཐམས་ཅད་ལ་ཡང་དགེ་འདུན་གྱི་གནས་བརྟན་གྱི་ཚིག་ལས་
གྱུར་པ་ཉིད་ཡིན་པར་རིག་པར་བྱའོ། །གནས་པ་ལ་ནི་གནས་ཀྱིའོ། །ཉེ་གནས་རྣམས་ལ་ནི་ཀློག་པའི་སློབ་དཔོན་གྱིའོ། །དགེ་སློང་མ་རྣམས་ལ་དགེ་སློང་རྣམས་ཀྱིའོ། །བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་རྣམས་ལ་ནི་བསྙེན་པར་རྫོགས་པ་ལ་སྟེ་གནས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །གསར་
བུ་ལ་ཁ་ཟས་ཀྱི་མདུན་དུ་ཡོན་བཤད་པའི་དོན་དུ་ཁྲིའི་དྲུང་དུ་དེ་ནི་མ་གསོལ་བར་ཤེས་པར་བྱ་བ་མ་ཡིན་ནོ། །གྲྭས་མི་བྱའོ་ཞེས་བྱ་བ་ནི་གྲལ་བཅིངས་པའི་དབྱིབས་དང་ལང་ལོང་ཁྱད་པར་ཅན་མ་ཡིན་པར་གྱུར་པས་འཁོར་ལྷག་མའོ། །འདིར་དེའི་མཐར་ཐུག་པ་ཡིན་ཏེ། འདི་ནི་དབྱིབས་སུ་འབྱིན་

པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གྲྭ་ཕྱེད་ཀྱིས་མི་ཕྱེའོ་ཞེས་བྱ་བ་དེ་ལས་ཤེས་པར་བྱའོ། །ཆོས་ཉན་པའི་གྲལ་གྱི་རྣམ་པ་ཁྱམས་སུ་ཟླ་ཁམ་གྱི་རྣམ་པ་ལྟ་བུ་འདི་རྗེས་སུ་གནང་བས། དེའི་ཕྱིར་ལང་ལོང་འདི་བཀག་པ་ཡིན་ཏེ། དགེ་སློང་དག་ལང་ལོང་དག་གིས་ཆོས་སྟོན་པར་
བྱེད་པ་ན། ཅ་ཅོར་གྱུར་པའི་ཕྱིར་རོ་ཞེས་གླེང་གཞི་ལས་གསུངས་པ་ཡིན་ནོ། །འདི་ལས་ཀྱང་དེ་ནི་འདིར་མཐར་ཐུག་པ་ཞེས་བྱ་བར་གཏོགས་པའོ། །གྲྭ་ཕྱེད་ཀྱིས་མི་བྱའོ་ཞེས་བྱ་བ་ལ། འདིར་དེ་གཉིས་ཀྱི་གཞུང་ནི་མ་མོ་ལས། གང་སྨྲ་བར་མི་བྱ་བ་གྲྭ་ཕྱེད་ཀྱིས་སྨྲ་བར་མི་བྱ་སྟེ། གང་
ཞིག་སྨྲ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཉིས་ཀྱིས་གཅིག་ཏུ་མི་བྱའོ་ཞེས་བྱ་བ་ནི། གྲྭ་ཡང་རུང་གྲྭ་ཕྱེད་ཀྱང་རུང་འདི་ནི་སྤོངས་པ་ཡིན་ནོ། །གལ་ཏེ་དུ་མ་ཉིད་དམ་གཅིག་ལ་ཞེས་བྱ་བ་འདི་ལ་འདིར་གཞུང་ནི། གཉིས་ཀྱིས་གྲྭ་གཅིག་ཏུ་སྨྲ་བར་མི་བྱའོ། །གང་སྨྲ་བར་
བྱེད་པ་དེ་ལ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྒན་རིམས་ཀྱིས་སོ་ཞེས་བྱ་བ་འདི་ལ་ཡང་། སྔར་གལ་ཏེ་དུ་མ་ཉིད་ཡིན་ན་གཅིག་གིས་སོ་ཞེས་སྨོས་པས་དེའི་རྗེས་སུ་སྦྱར་གྱི་བསྟན་པར་མི་བྱའོ་ཞེས་བྱ་བ་ལོག་གོ། །དུ་མ་ཉིད་ལ་གནས་པས་རྒན་རིམས་ཀྱིས་བསྟན་པར་བྱ་ཞེས་བྱ་
བའི་དོན་ཏོ། །གལ་ཏེ་མང་བ་ཉིད་ཡིན་ན་སྟན་གཉིས་སམ་གསུམ་གཞག་སྟེའོ་ཞེས་བྱ་བ་ནི། གལ་ཏེ་རང་གི་འཁོར་མང་བ་ཉིད་དུ་གྱུར་ན་དེ་དག་གི་གོ་གཉིས་སམ་གསུམ་གོང་དུ་གཞག་ནས། དེས་རབས་དང་ཉེ་བར་གནས་པར་བྱའོ། །ཅི་གང་ཡང་རུང་བས་སམ་ཞེ་ན་མ་ཡིན་ཏེ། དེའི་
ཕྱིར་གལ་ཏེ་སྟན་དེ་དག་མ་ཐོབ་པ་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། གང་གིས་གཉིས་སམ་གསུམ་གྱིས་སྟན་དེ་དག་མི་ཐོབ་པ་ཡིན་ན། དེས་དེ་དག་དོར་ནས་གཞན་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གིས་གཉིས་མི་ཐོབ་པ་དེས་ཀྱང་གཉིས་གཞག་པར་བྱ། གང་གིས་གཅིག་མི་ཐོབ་པ་དེས་
ཀྱང་གཅིག་གཞག་པར་བྱའོ་ཞེས་བྱ་བ་འདིའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །སེང་གེའི་ཁྲི་ལ་ཡང་ངོ་ཞེས་བྱ་བ་ནི། གནས་ཤིང་བསྟན་པར་བྱའོ། །མཆིལ་མའི་སྣོད་གཞག་པར་བྱའོ་ཞེས་བྱ་བ་ནི་མཆིལ་མ་དོར་བའི་ཕྱིར་ཞེས་བྱ་བ་བརྗོད་པས་གོ་བའོ། །འདིར་གཉིས་ཀ་ཡང་

བརྩམས་པ་སྟེ། །ཆོས་སྨྲ་བ་ཁྲི་སྟན་ལོགས་ཤིག་ཏུ་སྤགས་པ་ལ་བལྟས་ནས་འདི་སྨོས་པ་སྟེ། སེང་གེའི་ཁྲི་ཙམ་ལ་ནི་མ་ཡིན་ན་ཞེས་བྱ་བར་རིག་པར་བྱའོ། །སེང་གེའི་ཁྲི་ལ་དེ་སྨོས་ཀྱི་གཞན་ལ་ནི་ཤིན་ཏུ་དམན་པའི་སྐྱོན་འདི་ཞེས་བྱ་བ་བསྟེན་པའོ། །དེར་གཅལ་བླུགས་སོ་ཞེས་བྱ་བ་ལ།
མཆིལ་མའི་སྣོད་ནི་སྣོད་དུ་རིག་པར་བྱ་སྟེ། དེར་གཅལ་ཅི་བླུགས་པར་བྱ་ཞེ་ན། དེའི་ཕྱིར་བྱེ་མའམ་ཐལ་བའོ་ཞེས་བྱ་བ་སྨོས་ཏེ། དེ་གཉིས་ནི་དཔེ་ཙམ་དུ་ཟད་དོ། །དོན་འདི་ལ་གཞན་ཡང་རུང་བའི་ཕྱིར་རོ། །དེ་དུས་དུས་སུ་སྦྱང་བར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་མཆིལ་མའི་སྣོད་
དེའོ། །ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔའི་ནུབ་མོ་ཆོས་མཉན་པར་བྱའོ་ཞེས་བྱ་བ་ནི་ཚེས་བརྒྱད་དང་བཅུ་བཞི་ལ་ཞེས་བྱ་བ་དེ་ཙམ་འདིར་རེ་ཞིག་རྣམ་པར་འབྱེད་པ་ལས་མཐོང་བ་ཡིན་ཏེ། མ་མོ་ལས་ནི་ཚེས་བཅོ་ལྔའི་ཚིག་ཀྱང་འདིར་ཡོད་པ་ཡིན་ནོ། །འདིར་ཆོས་ཉན་དུ་
གཞུག་པ་རིགས་པ་ཡིན་ཏེ། དེ་ལ་ཡང་དེ་དུས་ཚིགས་ཡིན་པ་ཉིད་ཀྱི་ཕྱིར་དང་། ཤིན་ཏུ་གཙོ་བོ་ཉིད་ཀྱི་ཕྱིར་ཕྱི་མ་དུས་ཚིགས་ཀྱི་ཞག་དག་གིས་ཉམས་ཞེས་བྱ་བ་ངེས་པར་བྱས་ནས་འདི་སྐད་དུ། ནད་པས་དེ་མ་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་སྨོས་ཏེ། ནད་པས་དེ་ཆོས་མཉན་པ་དེ་
མཉན་པ་དང་མ་བཏོན་པ་ལ་ཉེས་པ་མེད་པའོ། །དེ་སྨྲ་བའི་ཕྱིར་གསོལ་བ་འདེབས་པ་མི་གདོན་པར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཆོས་མཉན་པའི་ཕྱིར་ཆོས་ལའོ། །མི་ནུས་པ་ལ་སོགས་པ་ཡིན་ན་གསོལ་བ་འདེབས་པ་ལ་ཤད་ཀྱིས་སྦྱང་བར་བྱའོ་ཞེས་བྱ་བ་ནི། ན་སྟེ་
མི་ནུས་པའམ་བྱ་བ་གཞན་གྱིས་བྲེལ་བར་གྱུར་པ་ཡིན་ན་བྱ་བ་གཞན་ལ་རྩེ་གཅིག་པ་ལ་སོགས་པ་མ་ཡིན་པ་ལ་ནི་སོགས་པའི་སྒྲས་དྲངས་པའོ། །སྨྲ་བ་པོ་མེད་ན་རིམ་གྱིས་དྲན་པར་བྱ་ཞིང་ཐ་ན་ཚིགས་སུ་བཅད་པ་རེ་རེ་ཙམ་ཡང་སྨྲ་བར་བྱའོ། །དེར་མར་མེ་གཟུགས་སོ་ཞེས་བྱ་བ་ལ། དེར་
ཞེས་བྱ་བ་ནི་ཆོས་ཉན་ས་དེར་རོ། །ཁྱམས་སུ་ཆོས་མཉན་པའི་གྲལ་ནི་ཟླ་ཁམ་གྱི་རྣམ་པ་ལྟ་བུའམ་རྫིང་བུའི་རྣམ་པ་ལྟ་བུར་བཤམ་པར་བྱའོ་ཞེས་བྱ་བ་ནི། འདིར་དེའི་དོན་ནི་ཐུན་མོང་དུ་དཔེ་ཙམ་དུ་ཟད་དེ་མི་གནོད་པ་གཞན་དག་ཀྱང་རུང་སྟེ། དེ་བས་ན་ངེས་པ་མེད་དོ། །བླ་གབ་མེད་

པར་ཆོས་ཉན་ན་བླ་རེ་གདགས་སོ། །རླུང་དང་ཆར་འབབ་ན་བརྟུལ་ལོ་ཞེས་བྱ་བ་ནི་བླ་རེའོ། །དེར་ཆོས་ཉན་པ་དག་དོར་བར་མི་བྱའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་རླུང་དང་ཆར་འབབ་པ་དེར་རོ། །དེར་གནས་བརྟན་དང་པོར་འདུག་སྟེ་ཡུད་ཙམ་ཞིག་ཀྱང་མི་སྨྲ་བར་བསྡད་ནས་
ཆོས་སྨྲ་བར་བྱ་བའམ་གཞན་ལ་དགེ་སློང་ཆོས་སྨྲོས་ཤིག་ཅེས་གསོལ་བ་བྱའོ་ཞེས་བྱ་བ་ལ། གནས་བརྟན་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་ནོ། །འདིར་མི་སྨྲ་བར་བསྡད་ནས་ཞེས་བྱ་བ་ནི་ཀུ་ཅོ་སྤང་བའི་དོན་དུའོ། །དང་པོ་འདུག་སྟེ་ཞེས་བྱ་བ་ནི་ཆོས་ཉན་དུ་གཞུག་པར་རྩོམ་པའི་དང་པོར་རོ། །
དེར་ཞེས་བྱ་བ་ནི་ཆོས་ཉན་པ་ལའོ། །གསོལ་བ་བྱའོ་ཞེས་བྱ་བ་ནི་གནས་བརྟན་གྱིས་ཆོས་སྟོན་པ་པོ་ལ་ཆོས་བསྟན་པར་གསོལ་བ་གདབ་ཅིང་གཞན་ཆོས་སྨྲར་གཞུག་པར་བྱའོ། །སྨྲ་བ་ན་སེམས་གཏད་དེ་ཆོས་ཡིན་ན་སྤྲོ་བར་བྱའོ། །གལ་ཏེ་མ་ཡིན་ན་བཟློག་པར་བྱའོ་ཞེས་བྱ་བ་ལ། སེམས་
གཏད་དེ་ཞེས་བྱ་བ་ནི་སེམས་གཏོད་དུ་གཞུག་པའོ། །གལ་ཏེ་ཆོས་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཆོས་སྨྲས་པ་ཡིན་ནའོ། །དེར་ཁྱིམ་པ་ལྷགས་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་ཆོས་ཉན་པ་དེ་ལའོ། །ཆོས་ཉན་པའི་མཐར་ཐུག་པ་ལ་འགོར་བར་གྱུར་
ན་རྩོམ་པ་ལ་ཤུགས་ཀྱིས་བསྒྲུབ་པར་བྱའོ། །མུ་སྟེགས་ཅན་ཀླན་ཀ་ཚོལ་ཞིང་གནས་ན་ལེགས་པར་ཚར་བཅད་ཅིང་ཁྲོ་བ་མི་བསྟན་པར་བཟོད་པར་བྱའོ་ཞེས་བྱ་བ་ནི། གནས་བརྟན་གྱིས་ཞེས་བྱ་བར་སྦྱར་རོ། །གང་དུ་འདིར་བཟོད་པར་བྱ་ཞེ་ན། དེའི་ཕྱིར་སྟོན་པས་འཁོར་ཁྲིད་དེ་འགྲོ་བར་མི་བྱའོ་
ཞེས་བྱ་བ་ནི། ཚུར་ཤོག་བདག་གིས་བསྟན་པར་བྱའོ་ཞེས་བྱ་བའོ། །སྟོན་པས་ཞེས་བྱ་བ་ནི་གནས་བརྟན་གྱི་དབང་དུ་བྱས་པ་ལ་དེ་དག་བཟློག་པ་པོར་རིག་པར་བྱའོ། །དེ་དག་འགྲོ་ན་ཆོས་ཀྱི་སྒོར་གཟུང་བར་བྱའོ་ཞེས་བྱ་བ་ནི། དེ་ཚོལ་བས་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྗེ་
ས་དང་བཅས་པ་དང་། གུས་པ་དང་བཅས་པ་དང་སེམས་དམའ་བས་འཇུག་པར་བྱའོ་ཞེས་བྱ་བ་ནི། འཁོར་ལ་ཞེས་བྱ་བ་དབང་དུ་བྱ་བར་གཏོགས་པ་སྟེ། རྗེ་ས་དང་བཅས་པ་དང་གུས་པ་དང་བཅས་པ་དང་སེམས་དམའ་བས་སོ། །གུས་པར་བྱ་སྟེ་བསྟན་པར་བྱའོ་ཞེས་བྱ་བ་ནི་གཞན་ལ་

འཇིགས་པའི་གནས་ཉིད་དུ་ལྟ་བའོ། །སེམས་དམའ་བ་ཞེས་བྱ་བ་ནི་རྒྱགས་པ་དང་ང་རྒྱལ་ངེས་པར་བཅོམ་པ་ཉིད་ཀྱིས་སོ། །གུས་པར་བྱ་སྟེ་བརྟན་པར་བྱའོ་ཞེས་བྱ་བ་ནི། ཆོས་ལ་གུས་པ་དང་བཅས་པ་དང་བརྟེན་པ་དང་ཡིད་མི་གཡེང་བས་རིགས་པ་དང་གྲོལ་བའི་ཚིག་དག་གིས་སོ། །དོན་ཇི་
ལྟ་བ་བཞིན་དུ་ཐོགས་པ་མེད་པར་བརྗོད་པ་དག་གིས་སོ། །མ་འདྲེས་པར་རོ་ཞེས་བྱ་བ་ནི་གཏམ་གཞན་དང་མ་འདྲེས་པར་རོ། །འབྲེལ་པར་རོ་ཞེས་བྱ་བ་ནི། ཚིག་སྔ་མའི་དོན་དང་ཚིག་ཕྱི་མའི་དོན་འབྲེལ་བ་དང་བཅས་ཤིང་སྐབས་སུ་བར་མ་ཆད་པར་ཕ་རོལ་གྱི་ངག་གིས་སྦྱོར་བས་སོ། །བྱམས་
པ་དང་སྙིང་རྗེ་དང་ཟང་ཟིང་མེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་ནི། བྱམས་པའི་སེམས་དང་སྙིང་རྗེའི་སེམས་དང་ཟང་ཟིང་མེད་པའི་སེམས་ཀྱིས་སོ། །བྱམས་པའི་སེམས་ཞེས་བྱ་བ་ནི། འཇམ་པའི་སེམས་དང་ཁོང་ཁྲོ་བ་དང་བྲལ་ཞིང་མཛའ་བཤེས་དང་ལྡན་པའི་སེམས་ཀྱིས་སོ། །སྙིང་
རྗེའི་སེམས་ཀྱིས་ཞེས་བྱ་བ་ནི། ཕན་པ་ཉེ་བར་བསྒྲུབ་པར་འདོད་པས་དམ་པ་སྔོན་དུ་བཏང་བས་སོ། །ཟང་ཟིང་མེད་པའི་སེམས་ཀྱིས་ཞེས་བྱ་བ་ནི། སོ་སོར་བསྔགས་པ་བཞིན་དེའི་རྒྱུས་དེ་ལས་སམ་གཞན་ལ་རྙེད་པ་དང་བཀུར་སྟི་དང་རིམ་གྲོའམ་བྱ་བ་གཞན་ཞེས་བྱ་བའི་དོན་ཏོ། །རངས་པ་དང་
མོས་པ་དང་དགའ་བར་བྱེད་པས་སོ་ཞེས་བྱ་བ་ནི་ཞུམ་པ་དང་ལྷག་པར་མི་མོས་པས་མི་རིགས་པར་བྱེད་པ་ཉིད་ཀྱི་གཉེན་པོས་སོ། །དོན་གྱི་དབང་གིས་མ་རྫོགས་ན་གཞག་པར་བྱའོ་ཞེས་བྱ་བ་ནི། མ་ནུས་པ་ལ་སོགས་པ་སྟེ་དེའི་དབང་གིས་སོ། །འདི་ལ་མི་རིགས་པ་མེད་པར་ཤེས་པར་བྱའོ། །
དེ་བས་ན་འདི་དང་མདོ་ཕྱི་མ་དང་ཡང་དག་པར་བསྟན་པའོ། །དབྱངས་ཀྱིས་ཆོས་སྨྲ་བར་བྱའོ། །ལངས་ནས་རྣམ་པར་དབྱེ་བར་བྱའོ། །དོན་བསྡུས་ཏེ་བརྗོད་པ་ཡང་ངོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བར་སྦྱར་བར་བྱའོ། །ཆོས་ལ་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་ཤུགས་ཀྱིས་རྟོགས་པར་བྱའོ། །
གལ་གཟུང་བ་དང་གཞུང་གཟུགས་པར་ཡང་ངོ་ཞེས་བྱ་བ་ལ་གང་ཞིག་ཅེ་ན། མདོ་སྡེ་ལ་སོགས་པའི་ཆོས་ཀྱིའོ། །ཡི་གེ་དང་དོན་དེ་ནི་རིགས་པ་མ་ཡིན་ཏེ། དེ་ནི་འདི་ལྟར་བརྗོད་པར་བྱ་སྟེ། དེ་ཡང་གཞི་འདིས་ཆོ་ག་རྟོགས་པར་བྱའོ་ཞེས་བྱ་བ་རྣམ་པར་འབྱེད་པ་ལས་སོ། །གལ་གཟུང་བ་དང་

གཞུང་གཟུགས་པ་དེ་ལྟར་ཡི་དམ་བྱེད་པའོ། །དགེ་འདུན་གྱི་གནས་བརྟན་གྱིས་སྨྱུག་མའི་ཐུར་མ་སྐུད་པ་ལ་བརྒྱུས་པ་སྤོ་བས་ཉི་མ་བགྲང་བར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི། གླེང་གཞི་དག་ལས་འདི་དང་པོར་བྱས་པའི་དྲང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་
པ་ཡིན་ནོ། །དགེ་སྐོས་ཀྱིས་དེ་ལ་བརྟགས་ཏེ་དགེ་འདུན་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་གྱི་ལས་སོ། །བྱེ་བྲག་ཏུ་མ་བྱས་པས་ནི་ཞུ་བར་བྱ་བ་མ་ཡིན་ཏེ། འོན་ཀྱང་བྱེ་བྲག་ཏུ་བྱས་པའི་འོ་ཞེས་བྱ་བ་སྨོས་སོ། །གང་གིས་བྱེ་བྲག་ཏུ་བྱས་པ་ཡིན་ཞེ་ན། དེའི་ཕྱིར་
ངོའི་དབྱེ་བས་སོ་ཞེས་བྱ་བ་སྨོས་ཏེ། ཟླ་བ་ཡར་གྱི་ངོ་དང་མར་གྱི་ངོའི་དབྱེ་བ་དེས་སོ། །གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཚིགས་སུ་བཅད་པ་འདོན་པར་དགེ་སློང་རྣམས་ལ་བསྐུལ་བའི་ཚིག་བྱའོ་ཞེས་བྱ་བ་ལ་གང་གི་ཚེ་ན་ཞེ་ན། དེའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཉི་མ་བརྗོད་པའི་
ཞེས་བྱ་བ་སྐབས་ཀྱིས་རྟོགས་པར་བྱའོ། །སྡུག་བསྔལ་རིགས་པའི་ངོ་བོ་ཚིག་གིས་མངོན་པར་འདུ་བྱས་པ་ཞེས་བྱ་བ་གང་ཞིག་འདིར་རིགས་པའི་ངོ་བོའི་ཚིག་མངོན་པར་འདོད་པ་དེ་བསྟན་པར་བྱ་སྟེ། དེའི་ཕྱིར་དེང་ནི་ཡར་གྱི་ངོའི་ཚེས་གཅིག་ལགས་ཏེ། གཙུག་ལག་ཁང་གི་
བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཚིགས་སུ་བཅད་པ་རེ་རེ་བཀླག་ཏུ་གསོལ་ཞེས་བྱ་བ་སྨོས་ཏེ། བཀླག་ཏུ་གསོལ་ཞེས་བྱ་བའི་སྒྲས་ནི་འདི་སྐད་ཅེས་བྱ་བའི་དོན་ཅན་ནོ། །གཙུག་ལག་ཁང་གི་བདག་པོས་སྤྱན་འདྲེན་པའི་ཚིག་ཀྱང་བརྗོད་པར་བྱའོ། །ཇི་སྐད་དུ་ཞེ་
ན། དེའི་ཕྱིར་ཡོན་བདག་མིང་འདི་ཞེས་བགྱིས་པས་སང་དགེ་འདུན་བཤོས་ལ་སྤྱན་འདྲེན་ན། བཙུན་པ་རྣམས་ཀྱིས་དེ་ལ་དགེ་ལེགས་ཀྱི་ཡིད་དག་གིས་སོ་སོ་ནས་ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་བྱ་བས་སོ། །ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ་ཞེས་བྱ་བ་ལ། གང་གི་
ཚེ་ན་ཡིན་ཞེ་ན། དེའི་ཕྱིར་དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། གསོ་སྦྱོང་གསུམ་པ་ལ་འདིས་ནི་ཚེས་བཅུ་བཞི་པ་ཉིད་བྱས་པར་རིག་པར་བྱའོ། །ཟླ་བ་ཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་སོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་

བས་ཤེས་པར་བྱའོ། །འདི་ལ་དགོས་པ་ནི་ཐ་སྙད་ལ་མཁས་པར་བྱ་བའོ་ཞེས་བྱ་བ་ལ་ཚེས་གྲངས་བརྗོད་པར་བྱ་བ་ལ་སོགས་པ་འདི་ལ་དགོས་པ་ནི་འཇིག་རྟེན་པའི་ཐ་སྙད་ལ་མཁས་པར་བྱ་བ་དང་། ཚེས་འདས་པ་སེམས་ལ་གཞག་པར་བྱ་བ་དང་། གསོ་སྦྱོང་གི་ཉི་མ་ཡོངས་སུ་
ཤེས་པར་བྱ་བ་ཡིན་ནོ། །མ་བརྟགས་ཤིང་གསོ་སྦྱོང་ལ་མ་བསྡད་པར་འདི་ནི་སྤོང་བ་ཞིག་གོ་སྙམ་ནས་མཚམས་གཅད་པར་མི་བྱའོ་ཞེས་བྱ་བ་ནི། བརྟག་ཅིང་མཚམས་བཅད་དམ་འོན་ཏེ་མ་བཅད་ཅེས་དེ་ལྟར་བརྟག་ཅིང་གསོ་སྦྱོང་གི་ཉི་མ་ལ་མ་བབ་ཀྱི་བར་དུ་བསྡད་དེ་བྱའོ་ཞེས་བྱ་བའི་
དོན་ཏོ། །བཅད་པ་ཉིད་དུ་ཤེས་པ་ནི་མི་ཆགས་པའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི། བག་ཡངས་སུ་མ་བྱས་པར་གཅད་པ་གཞན་ནི་མི་འཆགས་པ་ཁོ་ནའོ་ཞེས་གང་བསྟན་པ་དེ་ལ་ཤེས་པ་དེ་ཡན་ལག་མ་ཡིན་ཏེ། འདི་ལྟར་མཚམས་བཅད་ཟིན་པ་ཡོད་ན་བག་ཡངས་སུ་གྲགས་པ་
ཞེས་བྱ་བ་མི་ཤེས་པ་ཉིད་ལ་ཡང་དེ་རིག་པར་བྱའོ། །དེ་མེད་པ་ཉིད་ཀྱིས་ཀྱང་བག་ཡངས་སུ་འགྱུར་རོ་ཞེས་བྱ་བ་ནི། ལས་གང་ཞིག་བག་ཡངས་སུ་ཉིད་ཀྱིས་རྩ་བའི་གཞི་ལས་སྨོས་པ། དེ་ལ་ལྟོས་པ་ཀྱང་གི་སྒྲ་འདི་ཡིན་ནོ། །དེའི་སྒྲས་ནི་མཚམས་དགྲོལ་བ་ལ་ལྟོས་པའམ་འབའ་
ཞིག་ཏུ་མ་ཟད་ཀྱི་དོན་གྱིས་ཉེ་བར་གནས་པ་རྣམས་ཀྱང་ཉེ་བར་བཟུང་བའོ། །གང་དག་གི་མཚམས་དེའི་ནང་ན་གཅིག་ཀྱང་མ་ལུས་པ་ཞེས་བྱ་བ་ནི་མཚམས་དེ་མེད་པའོ། །དེའི་དངོས་པོ་ནི་དེ་ཉིད་མེད་པའོ། །དེ་བས་ཀྱང་མཚམས་ཀྱི་བག་ཡངས་སུ་བྱ་བའོ། །ལས་རྣམ་པ་ལྔས་དེ་མེད་
པ་ཉིད་ཀྱིས་ཀྱང་བག་ཡངས་སུ་སྒྲུབ་པ་བྱེད་པ་གཅིག་པུར་མ་ཟད་ཀྱི། དགེ་འདུན་ཐམས་ཅད་དོང་བ་ཐམས་ཅད་མཚན་པ་དང་ཞིང་མ་ཡིན་པ་ཉིད་ལྟུང་བ་ཐོབ་པ་དང་རྣམ་པར་འཁྲུགས་པར་གྱུར་པ་དང་ཤི་བས་སོ། །གནས་སུ་གཞག་སྟེ་སེམས་ཀྱིས་དཀྱིལ་འཁོར་པ་གང་གིས་བྱིན་གྱིས་
བརླབ་པ་དེ་བས་ན། གནས་ཁང་དེར་དེ་མེད་པ་ཉིད་ཀྱིས་ཀྱང་འདི་ལ་དེ་མེད་པ་དེར་རང་ཉིད་ཀྱིས་ནི་མ་ཡིན་ནོ། །རུང་པའི་ཁང་པ་ཡང་ངོ་ཞེས་བྱ་བ་ནི་དེ་མེད་པ་ཉིད་ཀྱིས་ཀྱང་བག་ཡངས་སུ་འགྱུར་རོ་ཞེས་བྱ་བ་སྟེ། མདོ་སྔ་མ་ལས་ཉེ་བར་གཞག་པ་ལ་ཀྱང་གི་སྒྲས་ནི་འདིར་བསྡུས་པ་ལ་རིག་

པར་བྱའོ། །ལས་དང་དེ་མེད་པ་ཉིད་འདིས་ཀྱང་ཞེས་བྱ་བའོ། །མཚམས་སུ་མཚམས་ཀྱིས་བསྐོར་དུ་མི་རུང་ངོ་ཞེས་བྱ་བ་ནི། མ་གྲགས་པའི་ཚིག་འདི་ལས་བྱས་སུ་ཟིན་ཀྱང་མ་བྱས་པ་ཉིད་དུ་རིག་པར་བྱའོ། །དཀྱིལ་འཁོར་བ་དང་དགེ་སློང་མའི་དབྱར་ཁོང་དག་དང་ཁྲོན་
པ་དག་ལ་ནི་རུང་ངོ་ཞེས་བྱ་བ་ལ། འདི་དག་ནི་ཡུལ་གྱི་བདུན་པའོ། །ཡུལ་འདི་ལ་མཚམས་གང་ཞིག་དེ་ལ་གང་ཞིག་བསྐོར་དུ་རུང་བ་ཞེས་བྱ་བའི་དོན་ཏོ། །ཤིང་ལྗོན་པ་གཅིག་ལ་མཚམས་བཞི་མན་ཆད་ཀྱིས་མུ་ཐུག་དུ་མ་རྣམ་པར་གནས་སོ་ཞེས་བྱ་བ་ལ། མཚམས་བཞི་མན་ཆད་ཀྱི་
ཞེས་བྱ་བ་ནི་གསལ་བ་ཉིད་དུ་ཁས་བླངས་ནས་འདི་སྨོས་སོ། །རྣམ་པ་བཞི་ཤིང་ལྗོན་པའི་རྣམ་པར་དབྱེ་བ་ཤིན་ཏུ་ཡང་གསལ་བ་ཞེས་བྱ་བ་ནི་ཤིན་ཏུ་ཡང་མང་པོའི་མཚམས་རྣམས་ལ་རྣམ་པར་གནས་པ་ཉིད་ཡོད་པའོ། །འདི་ལ་ཐ་སྙད་དུ་རུང་བ་མཚན་མ་ཉིད་ཡིན་ནོ་ཞེས་བྱ་བ་ལ། འདི་
ལ་ཞེས་བྱ་བ་ནི་མཚམས་ལའོ། །རྫུ་འཕྲུལ་དང་སྒྱུ་མ་བྱས་པ་དག་ཀྱང་དེ་ལྟར་གྱུར་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཐ་སྙད་མ་ཡིན་པ་ཉིད་དུ་བྱས་པ་ཞེས་བྱ་བའི་དོན་ཏོ། །ཟླ་བ་དང་། ཉི་མ་དང་། སྐར་མའི་འོད་དང་དབའ་ཀློང་གི་རླབས་དག་ཀྱང་མི་བརྟན་པ་ཉིད་ཡིན་ནོ་ཞེས་བྱ་བ་
ལ། བརྟན་པ་ཞེས་བྱ་བ་འདི་ཉིད་ཀྱིས་འདི་རྣམས་མ་ཡིན་པར་དགག་པ་ཉིད་ཅེས་བྱ་བའི་དོན་ཏོ། །མཚམས་དང་མ་འབྱར་བ་ལ་དེའི་མཚན་མ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་འདིར་འོད་ཟེར་རྣམས་མངོན་པར་བརྟེན་པ་ཟླ་བ་ལ་སོགས་པ་ལ་ཡང་མ་ཡིན་ཏེ། འདིར་དོགས་པའི་སྐབས་
མེད་པའི་ཕྱིར་རོ། །འདིར་དེའི་ཁྱད་པར་གྱི་ངོ་བོས་ཟླ་བ་ལ་སོགས་པ་ཉེ་བར་བཟུང་བའོ། །དེ་བཞིན་དུ་དབའ་ཀློང་གི་རླབས་འགྲམ་དུ་འབྱུང་བ་ཞེས་བྱ་བ་རྟོགས་པར་བྱའོ། །མཚམས་སུ་ཆུ་ནི་མཚམས་གཞན་དང་འདྲའོ་ཞེས་བྱ་བ་ནི། འདི་ལ་མཚམས་ཀྱི་ནང་དུ་ཆུས་ཆོད་ན་
མཚམས་ཐ་དད་པ་ཉིད་དེ་ཞེས་བྱ་བ་འདི་ལ་དེའི་མཚམས་ཀྱི་ནང་དུ་ལྟུང་བ་གཅིག་པུར་མ་ཟད་དེ། འོན་ཀྱང་མཚམས་ཉིད་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་གནས་བྱིན་གྱིས་བརླབས་པ་སྟེ། གང་ཞིག་མཚམས་ལ་མངོན་པར་བརྟེན་པ་ཡིན་གྱི། ཆུ་ལ་ནི་འདི་རྣམས་ཀྱི་གནས་ཉིད་

དུ་བྱིན་གྱིས་བརླབ་པར་བྱ་བའི་གནས་ཉིད་ཡོད་པ་མ་ཡིན་ཏེ། ཇི་ལྟར་བསྟེན་པ་ལའང་ཡོད་པ་ཡིན་ཞེ་ན། དེའི་ཕྱིར་གནས་པར་གྱུར་པ་མ་ཡིན་པ་ཉིད་ཀྱིས་སོ། །མཚམས་ལ་དེ་དང་ལྡན་པ་ཉིད་ལ་ཇི་སྲིད་དུ་ཆུས་མི་འཁྱེར་བ་དེ་སྲིད་དུ་མཚམས་ཀྱི་ཡུལ་མ་ཡིན་ནོ། །ཆུ་མེད་པར་གྱུར་ན་མཚམས་
དེ་ལས་སྐྱེས་པ་ཞེས་བྱ་བར་རིག་པར་བྱའོ། །བར་དུ་ཆོད་ན་གཅིག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གང་དུ་ཕྱོགས་གཅིག་གིས་ཀྱང་འབྲེལ་པ་མེད་པར་དེར་མཚམས་གཅིག་པ་ཉིད་ལས་སྐྱེས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །མཚམས་གཅིག་ལ་གནས་པ་མ་ཡིན་པ་དེ་ལྟར་རྣམ་
པར་བཅད་པའི་སའི་ཆར་གནས་པ་དུ་མའི་ཚོགས་རྣམ་པར་བཅད་ནས་ཅིག་ཅར་མཚམས་བཅད་པ་ལས་བླང་བ་དེ་ལྟ་བས་ན་འདི་ལདེ་ལྟར་བྱེད་པའོ། །གལ་ཏེ་ཟམ་པ་བརྟན་པོ་ཡོད་ན་དེ་ཡུལ་ཉིད་ཡིན་ནོ་ཞེས་བྱ་བ་ལ། འདིར་གཞུང་ནི་བཙུན་པ་ཆབ་ཀྱི་མཚམས་ལས་འདར་རུང་
ངམ། ཉེ་བ་འཁོར་མི་རུང་ངོ་། །གལ་ཏེ་ཟམ་པ་བརྟན་པོ་ཡོད་ན་ནི་རུང་ངོ་ཞེས་གསུངས་སོ། །དེ་བཞིན་ན་ཡང་ཕྱིར་བྱས་ན་ནི་རྗེས་སུ་འཇུག་གོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཟམ་པའོ། །ཇི་ལྟ་བུ་ཞིག་པ་ཡང་ཕྱིས་བྱ་ཞེ་ན། དེའི་ཕྱིར་སྦྱོར་བ་མ་བཏང་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཡང་
ཕྱིར་བྱ་བ་གང་ལ་སྦྱོར་བ་མ་བཏང་བ་ཞེས་བྱ་བའི་དོན་ཏོ། །དུས་ཇི་སྲིད་དུ་སྦྱོར་བ་མ་བཏང་བ་ཉིད་ཀྱང་ཕྱིར་བྱས་ནས་རྗེས་སུ་འཇུག་ཅེ་ན། དེའི་ཕྱིར་ཞག་བདུན་ཕན་ཆད་ནི་མི་འཇུག་གོ་ཞེས་བྱ་བ་སྨོས་ཏེ། །མི་འཇུག་གོ་ཞེས་བྱ་བར་སྦྱར་རོ། །ནམ་མཁའ་ནི་བར་དུ་ཆད་པར་གྱུར་པ་ཡིན་པས་
དེ་ལ་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱང་མེད་ན་འབྲེལ་པ་ལྟ་ག་ལ་ཡོད་ཅེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ནམ་མཁའ་ལའོ། །ས་དང་དེ་དང་འབྲེལ་པའི་རང་གི་ཆ་ཡང་རུང་སྟེ། འདི་ལ་གཉིས་ཀའི་ཆ་ལ་ཡང་མཚམས་གཅིག་གིས་འབྲེལ་པ་མ་ཡིན་ནོ། །འདིར་གནས་ཁང་གི་ནང་ན་འདུག་
པའི་ནམ་མཁའ་ཡང་མཚམས་ལ་འཇུག་པ་མ་ཡིན་ཏེ། མཚམས་གཅིག་པ་ཉིད་ཀྱང་མ་ཡིན་ཏེ་དེ་འདིར་དེ་ལྟ་བས་ན་དེ་བྱེད་པའོ། །འདིར་གཞུང་ནི་བཙུན་པ་ནམ་མཁའ་ལ་མཆིས་པ་དག་དང་། དོག་ས་ལ་མཆིས་པ་དག་ལྷན་ཅིག་ལས་བགྱིར་རུང་ངམ། ཉེ་བ་འཁོར་མི་རུང་ངོ་ཞེས་

གསུངས་པ་གང་ཡིན་པ་དང་། གང་ཡངས་དང་དེ་དང་འབྲེལ་བ་རྣམས་ཀྱིས་མི་རུང་བ་ཉིད་དེ་ལ་ནི་བསྡུས་པའོ། །དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ལས་ལྷག་པར་མཚམས་བཅད་པ་མི་འཆགས་སོ་ཞེས་བྱ་བ་ནི། དཔག་ཚད་ཕྱེད་དང་གསུམ་གྱི་
མཐའ་ཚུན་ཆད་དུ་ཞེས་བྱ་བ་གང་ཞིག་སྨོས་པ་གང་ཞིག་མ་གྲགས་པ་ཡང་དེ་ལས་འདའ་བར་བྱེད་པ་ལ་ལྟུང་བ་མེད་པ་ཙམ་ཞེས་བྱ་བ་དེ་ལ་འདི་བསྟན་པའོ། །བཙུན་པ་མཚམས་ཆེན་པོའི་ཚད་ཇི་ཙམ་ལགས། ཉེ་བ་འཁོར་དཔག་ཚད་ཕྱེད་དང་གསུམ་མོ། །བཙུན་པ་དཔག་ཚད་ཕྱེད་དང་
གསུམ་ཕན་ཆད་མཚམས་སུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །དེར་གང་ཞིག་ཚད་འདི་བརྗོད་པ་ནི་ཞུ་བ་ལས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །འོག་དང་སྟེང་དུ་སྲ་བ་དང་འབྲེལ་པ་ལ་གཞི་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། དཔག་ཚད་ཕྱེད་དང་
གསུམ་གྱི་མཐའ་ཡན་ཆད་དང་མན་ཆད་ས་དང་རྡོ་དང་རྩིག་པ་དང་ཤིང་ལྗོན་པ་དང་། ཤིང་ལ་སོགས་པའི་སྲ་བ་དང་འབྲེལ་པའི་རྫས་གང་ཡིན་པ་ལ་ནི་དེའི་རང་བཞིན་ཅན་གྱི་འབྲེལ་པ་ལ་གཞི་དང་ལྡན་པ་བཞིན་དུ་མཚམས་ལ་ཡོད་པའོ། །མཚམས་ཆེན་པོའི་དབང་དུ་བྱས་ནས་ཚིག་དེའོ། །
གཞན་དུ་ཇི་ལྟར་བྲིས་པ་བཞིན་དུ་ཞེས་རྟོགས་པར་བྱའོ། །དེ་ལྟར་ཡང་དཀྱིལ་འཁོར་ལ་ནི་ཚད་གཞན་དང་འབྲེལ་པ་གང་ཡིན་པ་དེ་ལ་དེར་ཞུགས་པ་མ་ཡིན་ནོ། །དེ་ཡོངས་སུ་སྤོངས་པས་ཡང་མཚམས་ལས་སྐྱེས་པར་རིག་པར་མི་བྱའོ། །ས་གཞི་མཚམས་མ་བཅད་པ་ཉིད་དུ་མི་
འབྲལ་བའི་གནང་བ་མི་འཆགས་སོ་ཞེས་བྱ་བ་ནི། བཅོས་མའི་གནས་སུ་མི་འབྲལ་བའི་གནང་བའི་ཡུལ་ཡིན་པ་དེ་བས་དེ་དེ་ལ་འདི་བསྟན་པའོ། །ཞུ་བ་ལས་འདི་དང་པོར་བྱས་ཏེ་དེས་ནི་དེ་མི་ཞིག་གོ་ཞེས་བྱ་བའི་མཐར་ཐུག་པའོ། །བཅད་པ་ཞིག་ན་ཞིག་གོ་ཞེས་བྱ་བ་ལ། ཞིག་
པ་ནི་མཚམས་བཅད་པ་ལས་གྲོལ་བའོ། །དེ་ཞིག་ན་མི་འབྲལ་བའི་གནང་བ་ཞིག་གོ། །དེས་ནི་དེ་མི་ཞིག་ག་ཞེས་བྱ་བ་ནི། མི་འབྲལ་བའི་གནང་བ་ཞིག་པ་དེས་ནི་མཚམས་བཅད་པ་དེ་མི་ཞིག་པའོ། །མཆོད་རྟེན་དང་། གཙུག་ལག་ཁང་དང་། གཙང་ཁང་ཕྱུར་བུ་

དང་འཁོར་ས་དང་། གསོ་སྦྱོང་གི་གནས་དག་ཏུ་ཕྱག་དར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། འདིར་ཕྱག་དར་བྱ་བ་ནི་གནས་ཁང་ངམ་ཁྱམས་སམ་རྫིང་བུའི་ཚད་ཙམ་ཞིག་ཕྱགས་ན་ཕྱག་དར་བྱས་པ་ཉིད་དུ་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ནི་མ་མོ་ལས་ཉེས་བྱས་ཏེ། ནད་པས་ཞེས་
བྱ་བ་དང་པོར་བྱ་སྟེ། གནས་ཞེས་བྱ་བའི་མཐར་ཐུག་པ་དང་། ཕུལ་བ་ཉིད་ཅེས་བྱ་བ་ལ་སོགས་པའི་མདོ་འདི་ནི་ཞུས་པ་ལས་སོ། །དགེ་འདུན་ལ་འདུན་པ་ལ་སོགས་པ་ཕུལ་བ་ནི་ཕུལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་ཟག་ལ་འདུན་པ་ལ་སོགས་པའི་ཚིག་ལྷུག་པ་ལས་ཕུལ་བ་
གསུངས་པ་ཡིན་ཏེ། དེ་བས་ན་དགེ་འདུན་ལ་ཕུལ་བ་ཉིད་ལ་མ་ཕུལ་བ་ཉིད་དུ་ལ་ལ་ཞིག་དོགས་པར་འགྱུར་པ་དེ་བས་ན། དེ་བཟློག་པའི་དོན་དུ་འདི་གསུངས་པ་ཡིན་ནོ། །དེ་ལས་གང་ཡང་རུང་བས་དེ་བརྗོད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་དགེ་འདུན་ལས་སོ། །
གང་དུ་འདི་ལ་ཕུལ་བ་དེ་ཡོད་པར་འགྱུར་རོ། །དེ་བརྗོད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དགེ་འདུན་ལ་འདུན་པ་ལ་སོགས་པ་ཕུལ་བ་དེའོ། །འོ་ན་བརྗོད་པ་འདི་དོན་མེད་པ་ཁོ་ན་ཡིན་ཏེ། འདིར་སྨྲ་བ་པོ་འབྱུང་བ་ནི་མི་རིགས་པ་ཁོ་ན་སྟེ། གང་གི་ཕྱིར་གོ་བ་བསྐྱེད་པའི་
དོན་དུ་འདི་ནི་མངོན་སུམ་ཉིད་དུ་ཕུལ་བ་པོས་གོ་བ་བསྐྱེད་དོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་ཆོ་ག་ལ་འཇུག་པ་ལ་ཕུལ་བ་མ་བྱས་པ་ཉིད་དོ། །དེ་ལྟ་བས་ན་འདིར་དེ་ཐོབ་པའོ། །མཚམས་ཀྱི་ཕྱི་རོལ་ན་གནས་པས་དེ་འབུལ་བ་དང་འབུལ་དུ་གཞུག་པར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་
བ་ནི་འདུན་པ་ལ་སོགས་པའོ། །མི་ཆགས་པ་མི་བྱའོ་ཞེས་བྱ་བ་དེའི་འདི་སྤྲོས་པ་ཡིན་ནོ། །མཚམས་གཞན་ན་གནས་པ་ནི་གང་ལ་ཡང་ཡན་ལག་ཉིད་མ་ཡིན་ནོ་ཞེས་གསུངས་པ་དེས་འདིར་མི་འཆགས་པ་བྱས་པ་ཉིད་ཡིན་ནོ། །བརྒྱུད་པས་མི་བྱའོ་ཞེས་བྱ་བ་ནི་འབུལ་བ་དང་འབུལ་དུ་
གཞུག་པར་བྱ་ཞེས་བྱ་བར་སྦྱར་རོ། །ལེན་པར་བྱེད་པས་གཞན་ལ་ཕུལ་བ་དེས་ཀྱང་གཞན་ཞིག་ལ་འབུལ་བ་ནི་བརྒྱུད་པ་ཡིན་ནོ། །ན་བ་དང་དབང་མེད་པ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་ལས་གཞན་པས་འབུལ་བ་ལ་ཉེས་བྱས་སོ་ཞེས་བྱ་བ་ནི་འདུན་པ་ལ་

སོགས་པ་འདི་རྣམས་གཞན་ལ་འབུལ་བ་ལ་ནི་ཉེས་བྱས་སུ་འགྱུར་ཏེ། འབུལ་བ་མི་འཆགས་པ་ནི་མ་ཡིན་ནོ། །དེ་ཙམ་གྱི་དབང་གིས་དགེ་བའི་ཕྱོགས་ཀྱི་བར་ཆད་འབྱུང་བར་འགྱུར་བ་དེ་ཡང་འདིར་ཚངས་པར་སྤྱོད་པའི་བར་ཆད་ཡིན་པར་རིག་པར་བྱ་སྟེ་ཞེས་བྱ་བའི་
སྒྲས་བསྡུས་པར་རྣམ་པར་གནས་པ་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས་ཞེས་བྱ་བ་ནི་མ་འོངས་པ་ལ་རྒྱུ་བསྟན་པ་ཡིན་ནོ། །དེ་བས་ན་དེ་ཙམ་ཉིད་ཀྱིས་ཀྱང་འདིར་ཕུལ་བ་ཉིད་བསྟན་པར་རིག་པར་བྱའོ། །མ་བརྗོད་ན་ནི་མ་
གུས་པ་ལས་སོ་ཞེས་བྱ་བ་ནི་འདུན་པ་ལ་སོགས་པ་བླངས་པ་མ་བརྗོད་ན་ནི་མ་གུས་པའི་ལྟུང་བྱེད་ཀྱི་རྗེས་སུ་མཐུན་པ་ལས་ཉེས་བྱས་སུ་འགྱུར་བའོ་ཞེས་བྱ་བའི་དོན་ཏོ། །དེས་འཇིགས་པས་མཚམས་ཀྱི་ཕྱི་རོལ་ནས་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་སྲོག་དང་
ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པས་དགྲ་དང་ཕྲད་པ་ལ་སོགས་པས་ཡིད་ལ་བྱེད་པ་འཇོམས་པ་གང་ཡིན་པ་དེ་ཡང་འདིར་ཚངས་པར་སྤྱོད་པའི་བར་ཆད་དུ་རྣམ་པར་གནས་པ་ཡིན་ནོ། །དགེ་སྐོས་ཀྱིས་གསོ་སྦྱོང་གི་ཚེ་ཚུལ་ཤིང་བྲིམ་པས་དགེ་སློང་རྣམས་བགྲང་བར་བྱའོ། །ལེགས་པར་
ཐོན་པས་གདོན་ཏེ་ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཉིད་ནའོ་ཞེས་བྱ་བ་ནི་གསོ་སྦྱོང་ལའོ། །སོ་སོར་ཐར་པ་བཏོན་པས་ནི་གསོ་སྦྱོང་ལས་བཏོན་པ་ཉིད་དོ། །དེ་བས་ན་སོ་སོར་ཐར་པ་ལས་ཞེས་བྱ་བ