Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 161

Văn bản gốc(Tây Tạng)

Trang 7 / 19 (50.000 ký tự/trang)
་འདིར་སྐྱེས་པ་ཉིད་དོ། །བྱེད་པ་པོ་གང་ལ་བསྟན་པ་འདི་ལས་ཡིན་ནམ་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་
གནས་བརྟན་གྱིས་སོ། །མི་ནུས་པ་ཉིད་ཡིན་ན་གཉིས་པའི་འོ་ཞེས་བྱ་བ་ནི་གནས་བརྟན་གྱིས་བཏོན་པའོ། །དེས་ཀྱང་གསུམ་པའི་འོ་ཞེས་བྱ་བ་ནི། གཉིས་པ་དེས་ཀྱང་མི་ནུས་པ་ཉིད་ཡིན་ན་གསུམ་པས་བསྟན་པར་བྱའོ། །དེས་ཀྱང་ན་རེས་ཀྱིས་སོ་ཞེས་བྱ་བ་ནི། གསུམ་པ་དེས་ཀྱང་
མི་ནུས་པ་ཉིད་ཡིན་ན་རེས་ཀྱིས་གདོན་པར་བྱའོ། །འདིར་དགེ་འདུན་གྱིས་གནས་བརྟན་ལ་སྟོན་པའི་གནས་པ་ཐོབ་པ་ཉིད་ཇི་ལྟར་ཡང་འདིར་མཐའ་གཉིས་དང་བྲལ་བ་དེ་ལྟར་རྣམ་པར་གནས་པ་དེའི་འོག་ཏུ་ཞེས་བྱ་བ་ལ། གསུམ་པོ་དེ་ལས་འོག་ཏུ་ཚིག་གདོན་པར་མི་ནུས་ནའོ། །མི་ནུས་

ན་གཞན་ལ་བཅོལ་བར་བྱའོ་ཞེས་བྱ་བ་ནི། རེས་བབ་པའི་ཚེ་འདོན་མི་ནུས་ན་གདོན་པ་གཞན་ལ་བཅོལ་བར་བྱའོ། །མ་བཏུབ་ན་དགེ་འདུན་གྱིས་སོ་ཞེས་བྱ་བ་ནི། མ་བཏུབ་ན་དགེ་འདུན་གྱིས་བཅོལ་བར་བྱའོ། །རྟག་ཏུ་ཡང་ངོ་ཞེས་བྱ་བ་ནི་དགེ་འདུན་གྱིས་བཅོལ་བར་བྱའོ་ཞེས་བྱ་བར་
སྦྱར་རོ། །རྡུགས་ན་ལྷག་མ་གཞན་གྱིས་སོ་ཞེས་བྱ་བར་སྦྱར་རོ། །གདོན་པ་ཞེས་བྱ་བར་སྦྱར་རོ། །དུམ་བུ་འཛིན་པ་ཉིད་ཡིན་ན་ཇི་སྙེད་ཀྱིས་འགྲུབ་པ་དག་གིས་སོ་ཞེས་བྱ་བ་ནི་ཇི་སྙེད་ཀྱིས་གདོན་པ་འགྲུབ་པར་འགྱུར་བ་སྟེ་དེ་སྙེད་ཀྱིས་ནི་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཇིགས་པ་
དང་བཅས་པ་ཉིད་ཡིན་ན་གནས་མཛེས་པར་འདོད་པས་གྲོང་དང་མི་ཉེ་བར་གསོ་སྦྱོང་བྱར་མི་རུང་ངོ་ཞེས་བྱ་བ་ནི། སིལ་བུ་དག་ལས་འདི་དང་པོར་བྱས་ཏེ། ཁྱིམ་བདག་དང་རྒྱལ་པོ་དག་ལ་སོགས་པའི་མཐར་ཐུག་པའོ། །གཞན་ནི་ཞུ་བ་ལས་ཏེ། འདི་ནི་ལས་ཀྱི་སྦྱོར་བ་གཞན་ལ་ཡང་དཔེ་
ཙམ་དུ་ཟད་དོ། །འགྲོན་པ་མི་སྡོད་ན་འགྲོ་བ་བཞིན་དུ་བྱའོ་ཞེས་བྱ་བ་ནི་མཆོང་བ་བཞིན་དུ་དེ་ཡིད་ལ་འདྲེས་པར་གྱུར་ན། གང་ཞིག་འགྲོ་བའི་བྱ་བ་རྣམས་ཀྱིས་ལས་བྱེད་པའོ། །དེ་ལྟ་བས་ན་མི་སྲིད་པ་ལས་གཞན་དུ་འགྱུར་བ་ཉིད་ལ་དེ་རྗེས་སུ་གནང་བའོ། །སྒྲ་མི་འདོད་ན་མདོར་བསྡུས་
པས་སོ་ཞེས་བྱ་བ་ནི། གང་དག་འདིར་སྦྱར་བ་དེ་དག་སྒྲ་མི་འདོད་ན་མདོར་བསྡུས་པས་གསོ་སྦྱོང་བྱ་བའོ། །དེ་ཙམ་ཡང་ན་བྱིན་གྱིས་བརླབ་པོ་ཞེས་བྱ་བ་ནི་མདོར་བསྡུས་པས་བྱ་བ་ལ་སྒྲ་ཇི་ཙམ་འབྱུང་བར་འགྱུར་བའི་སྒྲ་དེ་ཙམ་ཡང་འགྲོན་པ་དག་གིས་མི་འདོད་ན་སོ་སོ་ནས་བྱིན་གྱིས་བརླབ་པར་བྱ་སྟེ།
འཁོར་དང་བཅས་པ་ལ་སྒྲ་ལས་གྲོལ་བ་མེད་པས་སོ་སོ་ནས་ཞེས་བྱ་བར་བསྒྲུབ་པར་བྱའོ། །དད་པ་ཅན་དང་གཙོ་བོ་དག་དགའ་བར་འགྱུར་བལྟ་ན་ཆོ་ག་རྗེས་སུ་བསྒྲུབ་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དྲུང་དུ་གསོ་སྦྱོང་བྱས་པ་ལ་ཡང་ངོ་ཞེས་བྱ་བ་ནི། གནས་མལ་གྱི་གཞིར་གཏོགས་པ་ལས་འདིར་
གཉིས་པོ་དེ་དག་གྲངས་སོ། །ཕོངས་པའི་ཚེ་ཁྱིམ་པའི་དྲུང་དུ་བཤགས་པར་བྱའོ་ཞེས་བྱ་བ་ནི་ཆོམ་རྐུན་པ་དག་ལ་དེ་སྐད་གསུངས་པ་ཡིན་མོད་ཀྱི། ཁྱིམ་པ་གཞན་དག་ལ་ཡང་རུང་བ་ཉིད་ཡིན་པའི་ཕྱིར་འདི་རྣམ་པར་གཞག་གོ། །དེ་ལྟ་བས་ན་ཀྱལ་ཀ་ཅན་ལ་སོགས་པ་དང་རྩེ་རྒོད་ལ་སོགས་པ་ལ་

རྒུད་པ་དེ་ཐོབ་པ་དང་དྲུང་དུའོ། །དེ་ལྟ་བས་ན་དེ་དང་ཉེ་བར་འབྲེལ་ལོ། །རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པའི་དྲུང་དུ་ཡང་དེ་དག་ནི་ཤིན་ཏུ་ཉེས་པ་མེད་པས་དེ་ལས་ཤེས་པར་བྱའོ། །དེ་ལ་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཡང་ངོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཁྱིམ་པ་ལའོ། །
ཆོ་ག་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་བསླབ་པ་རྣམས་ལ་ཡང་ངོ་། །རྒྱལ་པོ་ལ་གོ་བར་བྱ་བ་ལ་ཡང་ངོ་ཞེས་བྱ་བ་ནི། ཆོ་ག་དག་རྗེས་སུ་ཐོབ་པར་བྱ་བ་ལ་ཁ་ན་མ་ཐོ་བ་མེད་དེ། འདིར་རྒྱལ་པོ་ནི་དཔེ་ཙམ་དུ་ཟད་དེ་གང་དུ་ཁྱིམ་གྱི་བདག་པོ་ལ་ཆོས་དང་ལྡན་པའི་དོན་འགྲུབ་པར་དེ་ལ་རིག་པར་བྱའོ། །སྡོམ་པ་
མཆོག་དང་འབྲེལ་བར་བྱ་བ་དམན་པ་ལ་བླངས་ཤིང་གཟུང་བ་ཉེ་བར་མི་བྱའོ། །ཆོ་ག་ཐོས་པར་མི་བྱའོ་ཞེས་བྱ་བ་དེ་དང་ལྡན་པར་རིག་པར་བྱའོ། །གཞན་མ་རྫོགས་པ་ལ་མི་འཆགས་པ་མེད་དོ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་འདོན་པ་གཉིས་པ་ལ་སོགས་པའོ། །སྡེ་ཚན་ཐམས་ཅད་འདོན་པར་བརྩམས་
པ་མ་རྫོགས་པའོ། །རེག་ནའོ་ཞེས་གང་ཞིག་གསུངས་པ་ནི་མ་རྫོགས་པ་དེ་ལ་མི་ཆགས་པ་མེད་དོ། །འོན་ཀྱང་ཉེས་བྱས་ཙམ་ཞེས་བྱ་བའི་དོན་ཏོ། །ཆོས་མ་ཡིན་པ་མི་བྱའོ་ཞེས་གང་ཞིག་གསུངས་པ་དེ་འདིར་གསོ་སྦྱོང་གི་ཆོས་ཞེས་བྱ་བར་བརྗོད་པར་བྱ་སྟེ། གདོན་པར་བྱ་བ་དང་དེའི་ཚད་དང་དུས་
དང་འདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་འདིར་ཆོས་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ཁོ་ན་བཞིན་ཞེས་བྱ་བ་ནི་བསྟན་པར་བྱས་ནས་དང་པོ་ལ་སོགས་པ་ཉིད་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་སོ་སོར་ཐར་པ་ལས་གཞན་ཡང་བསྟན་པར་བྱས་ཏེ། བསྟན་པ་ཉིད་རྗེས་སུ་མ་བཟུང་བ་ནི་
གླེང་གཞི་མི་འདོན་ཅིང་གཞན་མ་བརྗོད་པ་རྣམས་ནི་ཐོས་པ་བསྒྲགས་པས་སྒྲུབ་པར་མི་བྱེད་པ་རྣམས་བསྟན་པར་བྱ་སྟེ། འདི་ཙམ་ཉིད་རྗེས་སུ་མ་བཟུང་བའོ། །གསོལ་བ་མ་བྱས་པ་ལ་ནི་རྩེ་གཅིག་ཏུ་རིག་པར་བྱ་སྟེ། གྲོས་མ་བྱས་པ་དག་ལ་དེ་བྱེད་པ་ནི་གང་ཞིག་མི་ཤེས་པ་ཞེས་བྱ་བ་སྟེ། གསོ་སྦྱོང་གི་
དུས་ལས་དུས་གཞན་དུ་བྱེད་པ་ནི་དུས་ཉེ་བར་མ་བཟུང་བའོ། །གང་ཟག་གང་དག་གི་དབང་དུ་གསོ་སྦྱོང་བྱེད་པའི་དབང་དུ་བསྙེན་པར་རྫོགས་པ་དང་བཅས་པ་དང་ལྟ་བ་དང་ཚུལ་ཁྲིམས་དག་གིས་རིགས་མཐུན་པ་དེ་རྣམས་ལས་གཞན་པས་བྱེད་པའོ། །ཡང་ན་འདོན་པར་མི་བྱེད་པ་དང་མི་འཛིན་པའོ། །གནས་

དེ་ནས་འགའ་ཡང་མ་སོང་བ་ཉིད་ཡིན་ན་ངེས་པ་ཡིན་ནོ་ཞེས་སྔར་གང་བསྟན་པ་དེ་ལ་དེའི་ངོ་བོ་བསྟན་པའི་ཕྱིར། ཐོས་པའི་ཉེ་འཁོར་ལས་འདས་པ་ཉིད་ནི་སོང་བ་ཉིད་ཡིན་ནོ་ཞེས་བྱ་བ་ལས་སོ། །གསོ་སྦྱོང་གི་གཞི་དང་འབྲེལ་པ་རྣམ་པར་འབྱེད་པ་ལ་སོགས་པའི་སྐབས་སོ། །གསོ་སྦྱོང་གི་གཞི་
རྫོགས་སོ།། །།དབྱར་གནས་པར་ཁས་བླང་བར་བྱའོ་ཞེས་བྱ་བ་སྨོས་ཏེ། དུས་ཇི་སྲིད་དུ་ཞེ་ན། དེའི་ཕྱིར་ཟླ་བ་གསུམ་དུའོ་ཞེས་བྱ་བ་སྨོས་སོ། །ཉི་མ་གང་ལ་དེ་རྣམས་དེ་སྲིད་དུ་ཁས་བླང་པར་བྱ་ཞེ་ན། དེའི་ཕྱིར་ཚེས་བཅུ་དྲུག་ལའོ་ཞེས་བྱ་བ་སྨོས་སོ། །ཟླ་བ་གང་གི་ཞེ་ན་དེའི་ཕྱིར།
དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱིའོ་ཞེས་བྱ་བ་སྨོས་ཏེ། དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་ཞེས་བྱ་བ་ནི་དབྱར་འབྲིང་པོ་ཚེས་བཅུ་དྲུག་གི་ཚེས་སུ་གྱུར་པ་ལ་ཞེས་བྱ་བའི་དོན་ཏོ། །དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོར་སྒྲུབ་པ་ཞེས་བྱ་བའི་ཚིག་གང་ཞིག་ཡང་དག་པར་བྱེད་པའོ། །དབྱར་
ཞེས་བྱ་བ་ནི་དེར་ཉེ་བར་སྒྲུབ་པའོ་ཞེས་བྱ་བ་དེའི་དོན་ཏོ། །གང་ཟག་ཉེ་བར་འགྲོ་བ་མ་ཡིན་པ་རྒྱུ་མཚན་ཉིད་ཀྱིས་སོ་སོར་ཉེ་བར་གནས་པས་དབྱར་ཞེས་བྱ་བའོ། །དབྱར་ཟླ་ཐ་ཆུངས་ཉའིའོ་ཞེས་བྱ་བ་ནི་དེ་མ་ཐག་པ་ཞེས་བྱ་བར་སྦྱར་རོ། །དེའི་མཐར་དབྱར་ཟླ་ཐ་ཆུངས་ཉའི་ཕྱི་དེ་ཉིན་པར་ཞེས་བྱ་བ་
ནི། ཉའི་དེ་མ་ཐག་པ་ནི་ཚེས་བཅུ་དྲུག་སྟེ། སྟོན་ཟླ་ར་བའི་ཚེས་ལ་ཞེས་བྱ་བའི་དོན་ཏོ། །ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱའོ་ཞེས་བྱ་བ་ནི་གནས་པར་ཁས་བླངས་པ་ཞེས་བྱ་བའི་སྐབས་ཀྱིས་རྟོགས་པའོ། །ཁ་ཅིག་ལས་ནི་བདུན་ནམ་བརྒྱད་
ནའོ་ཞེས་བྱ་བ་ནི་ལུགས་ཁ་ཅིག་ལས་ཞེས་བྱ་བར་དགོངས་སོ། །ཉི་མ་སྔ་མ་ལ་གནས་མལ་བསྡོག་གོ་ཞེས་བྱ་བ་ནི། ཁས་བླངས་པ་དེའི་ཉི་མ་སྔ་མ་སྟེ་ཚེས་བཅུ་དྲུག་པའི་སྔ་མ་ལ་ཚེས་བཅོ་ལྔ་ལ་ཞེས་བྱ་བའི་དོན་ཏོ། །ཁྲིའུ་དང་ཆོལ་ཟངས་ཡན་ཆད་དོ་ཞེས་བྱ་བ་ནི་ཐ་ན་ཁྲིའུ་དང་ཆོལ་ཟངས་ཀྱི་བར་
ཡན་ཆད་ཀྱང་དེའི་ཉིན་མོ་བསྡོག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་སྟོབས་པ་བསྐོ་བར་བྱའོ་ཞེས་བྱ་བ་ལ། དེའི་སྒྲས་ནི་གནས་མལ་སྟོབས་པ་ཡང་བསྡུས་པའོ། །མི་ནུས་ན་དུ་མའོ་ཞེས་བྱ་བ་ནི་གཅིག་གིས་གནས་མལ་སྟོབས་པར་མི་ནུས་པ་ན། གནས་མལ་སྟོབས་པ་དུ་མ་བསྐོ་

བར་བྱའོ་ཞེས་བྱ་བའི་དོན་ཏོ། །བསྐོས་པའི་འོག་ཏུ་དེས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། དེས་དྲི་དག་གིས་བསྐུས་པའི་ཚུལ་ཤིང་གཟེབ་ཀྱི་སྤྲོག་མར་རས་དཀར་པོ་བཏིང་བས་དཀྲིས་པ་དག་རྒན་རིམས་སུ་བཞག་ནས། ཚེ་དང་ལྡན་པ་དག་གནས་འདི་ན་ཁྲིམས་སུ་
བཅས་པ་འདི་དང་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་ལོང་ཤིག་ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལས་ཅུང་ཟད་ཤེས་པ་དེས་ང་སྨྲོས་
ཤིག། །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལས་འཁྲུག་ལོང་སྐྱེད་པར་འགྱུར་བ་དེ་ལ་དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ་ཞེས་དགེ་སློང་རྣམས་ལ་གོ་བར་བྱའོ་ཞེས་སྨོས་ཏེ། དེས་ཞེས་བྱ་བ་ནི་གནས་མལ་སྟོབས་པས་སོ། །སྨྲོས་ཤིག་ཅེས་བྱ་བས་ནི་དགོད་པ་པོས་གོ་
བར་བྱའོ་ཞེས་བྱ་བ་ནི་ཕིགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་བླང་བ་དང་ཁས་བླང་བའི་ཕྱིར་དགེ་འདུན་ལ་གསོལ་བ་བྱའོ་ཞེས་བྱ་བ་ནི། །གནས་མལ་སྟོབས་པའི་དགེ་སློང་དེ་ལས་གཞན་པའི་དགེ་སློང་གིས་སོ། །དགེ་སློང་གཞན་གཅིག་གིས་ཚུལ་ཤིང་བླངས་པ་དང་། དབྱར་གནས་
ཁས་བླང་བའི་ཕྱིར་གོ་བར་བྱ་ཞེས་བྱ་བའོ། །གསོལ་བ་གཅིག་དང་འབྲེལ་བ་ཉིད་ལ་དོན་གཉིས་བརྗོད་པའོ། །ཚུལ་ཤིང་བྲིམ་མོ། །དང་པོ་སྟོན་པའི་བླང་ངོ་ཞེས་བྱ་བ་ནི། ཚུལ་ཤིང་བྲིམ་པ་པོས་ཚུལ་ཤིང་བྲིམ་པར་བྱ་བའོ། །གཞན་དག་གིས་ནི་སྟན་ལས་ཕྱེད་འཕགས་པས་སོ་ཞེས་བྱ་བ་ནི། སྟོན་
པའི་ཚུལ་ཤིང་ལེན་པ་ལས་གཞན་པས་སོ། །དགེ་ཚུལ་རྣམས་ཀྱི་ནི་སློབ་དཔོན་དང་མཁན་པོ་དག་གིས་སོ། །མཇུག་ཏུ་གཉུག་མར་གནས་པ་རྣམས་ཀྱི་དེ་ཡང་ངོ་ཞེས་བྱ་བ་ནི། འཕྲོག་མ་ལ་སོགས་པ་དག་གིས་ཚུལ་ཤིང་བྲིམ་པའོ། །དེ་ཡང་ཞེས་བྱ་བ་ནི་ཚུལ་ཤིང་ལ་གཏོགས་པའོ། །གང་གི་ཚེ་དེ་
རྣམས་ལ་འདི་ཡིན་ཞེ་ན། དེའི་ཕྱིར་མཐར་དལ་བུས་གཞག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། ཚུལ་ཤིང་རྣམས་གཞག་གོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་གནས་ཁང་བསྟབས་པ་ཞེས་སྨོས་པས་འདིར་འདི་ཡང་སྨོས་པར་འགྱུར་བ་དེ་ལྟ་བས་ན་མདོ་འདི་བྱས་པ་ཡིན་ནོ། །བགྲངས་ནས་གནས་འདིར་དགེ་སློང་

འདི་སྙེད་ཀྱིས་ཚུལ་ཤིང་བླངས་སོ་ཞེས་གོ་བར་བྱའོ་ཞེས་བྱ་བ་ལ་ཞེས་བྱ་བའི་སྒྲས་ནི་འདི་ལྟར་དགེ་འདུན་ལ་གོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གནས་ཀྱི་གཞི་བསྟབ་པར་བྱའོ། །དེ་དག་གི་སྒོ་ལྕགས་དང་ལྡེ་མིག་བླངས་པས་མདུན་དུ་འདུག་སྟེ། གནས་བརྟན་གཙུག་ལག་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ་
གོས་ཀྱི་རིན་དང་བཅས་པ་ལགས་ཀྱིས་བཞེས་ཤིག་ཅེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་མོས་པ་བསྐྱེད་ཅིང་ལེན་དུ་གཞུག་གོ་ཞེས་བྱ་བ་ལ། བླངས་པས་ཞེས་བྱ་བ་ནི་དེའི་ཚེ་གནས་ཀྱི་གཞི་གང་ལ་བསྟབ་པར་བྱ་བ་དེ་ལའོ། །སྒོ་ལྕགས་དང་ལྡེ་མིག་ཅེས་བྱ་བ་ནི། དེ་གཉིས་གང་གིས་བླངས་པ་ཞེས་བྱ་
བའི་བསྡུ་བའོ། །ཡོན་ཏན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། གནས་ཀྱི་གཞི་དེའི་ཡོན་ཏན་གང་ཡིན་པས་དེ་མོས་པ་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ། །བླང་བ་ལ་སོགས་པ་ནི་ལྷུང་བཟེད་དང་འདྲའོ་ཞེས་བྱ་བ་ལ། དགོས་པ་བླང་བ་དང་བླངས་པ་མ་ཡིན་པ་སྟེ། བར་ཆོད་པས་ཚིག་གཉིས་པ་ལ་
མི་སྦྱིན་ཞིང་ཕྱི་མ་ལ་ནི་མ་ཡིན་ཞེས་བྱ་བ་འདི་ནི་གཞན་ལ་ཡང་འགྲེ་བའོ། །མཆོད་རྟེན་དང་དགེ་འདུན་གྱི་དོན་མ་ཡིན་པར་སོང་བར་ཤེས་པ་ལ་ནི་འཐེབ་ཉིད་ལས་བསྐོ་བར་བྱའོ་ཞེས་བྱ་བ་ནི། མཆོད་རྟེན་དང་དགེ་འདུན་གྱི་དོན་ལ་མ་སོང་བ་ལ་ཇི་ལྟར་རྒན་རིམས་ཉིད་ཀྱི་དགེ་འདུན་གྱི་གནས་བརྟན་ཡོད་པ་
ལ་བཙུན་པ་ཉེ་དགས་རྒན་པ་གཞན་འོངས་པ་ལ་བདག་ཉིད་དང་ལྷན་ཅིག་དགེ་འདུན་གནས་བརྟན་དུ་གྱུར་ནས་གནས་བརྟན་གཉིས་པས་གནས་པར་བྱ་སྙོམ་པའི་བློས་གཙུག་ལག་ཁང་གཞན་དུ་སོང་བ་ན། དེར་དགེ་འདུན་གྱི་གནས་བརྟན་གྱི་རྙེད་པ་དང་། རྙེད་པ་སྔ་མ་གནས་བརྟན་གཉིས་པའི་
རྙེད་པ་དང་། མཉམ་པར་ཤེས་ནས་དགོས་པ་མེད་པར་ཅིའི་ཕྱིར་དགེ་འདུན་གྱི་གནས་བརྟན་ཉིད་བདག་གིས་བྱའོ་སྙམ་པའི་བློ་སྔོན་དུ་བཏང་ནས། གཙུག་ལག་ཁང་དུ་ཕྱིན་པ་དང་སྔར་བསྟན་པའི་གནས་མལ་ལ་ཇི་ལྟར་འཕེལ་བ་ཉིད་ཀྱིས་མལ་སྟན་སློང་བར་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་
ཀྱིས་གསུངས་བའི་ལུང་ལས་འབྱུང་བ་ཡིན་ནོ། །དགེ་འདུན་གྱིའམ་མཆོད་རྟེན་གྱི་བྱ་བ་ལ་སོང་བར་གྱུར་པ་གང་ཡིན་པ་དེ་ལ་ཇི་ལྟར་རྒན་རིམས་ཀྱིས་གནས་མལ་བསྟབ་པར་བྱའོ། །གཞན་ལ་ནི་ཇི་ལྟར་འཐེབ་ཉིད་ལས་བསྐོ་བར་བྱའོ་ཞེས་སྨོས་པ་སྟེ། དེ་བས་ན་མདོ་འདི་སྟེ་ཇི་ལྟར་བསྐོ་བ་ལས་

གཞན་པས་བསྐོ་བར་བྱའོ། །འདི་ཇི་ལྟར་འཐེབ་ཀྱི་དོན་འདིའོ། །གནས་མལ་གྱི་གཞི་ལས་འདི་དང་པོར་བྱ་སྟེ། སྔར་རྟོག་པའི་དགེ་སྐོས་ཀྱིས་ཞེས་བྱ་བ་དེ་བས་ན་འདིར་གྲགས་པ་ཡིན་ནོ། །གང་དུ་གཞུང་འཆད་པར་འགྱུར་བ་འདི་དང་གཞན་དེ་སྤངས་ནས་དུ་མ་
ཉིད་མ་ཡིན་པ་གཙུག་ལག་ཁང་དུ་ཞེས་བྱ་བ་འདི་ཡང་དྲངས་པ་ཡིན་ནོ། །ཤིང་ལྗོན་པའི་དྲུང་དང་ནེའུ་གསིང་གི་གཞི་དག་ལ་ཡང་རྒན་རིམས་སུ་བསྐོ་བར་བྱའོ། །གནས་ཁང་གིས་མི་ཆོག་ན་གཉིས་ལ་སོགས་པ་དག་ན་ཐ་ན་དེའི་ས་གཞི་གདིང་བའི་ཚད་ཙམ་ཡང་ངོ་ཞེས་བྱ་བ་ལ། མི་ཆོག་
ན་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་ཐམས་ཅད་ལ་རེ་རེ་ལ་བསྐོར་མི་ཆོག་ན་འདི་རྣམས་ཐམས་ཅད་ཀྱིས་གནས་ཀྱི་གཞི་ཐོབ་པའི་མཐར་ཐུག་པ་མ་ཡིན་པ་སྟེ། སོགས་པའི་སྒྲས་གྲངས་པར་བསྟན་པའི་ཕྱིར་ཐ་ན་ཞེས་སྨོས་སོ། །དེའི་ས་ཞེས་བྱ་བ་ནི་གནས་ཁང་གིས་གཞིར་བཏིང་
བའི་ཚད་ཙམ་ཡང་བསྐོ་བ་ཞེས་བྱ་བའི་དོན་ཏོ། །ལྷུང་བཟེད་དང་བྱ་མ་བུམ་དང་འདག་རྫས་དང་། སོ་ཤིང་དང་། སྨན་གྱི་གནས་ལ་ལྟོས་པར་བྱའོ་ཞེས་བྱ་བ་ལ་ལྟོས་པར་བྱའོ་ཞེས་བྱ་བ་ནི། གདིང་བའི་ཚད་ཙམ་དུ་བསྐོ་བར་བྱའོ། །དེ་དོར་ནས་ནི་མ་ཡིན་ཏེ་དེ་ལྟར་མ་ཡིན་ནོ། །ཇི་ལྟར་
དེ་འབྱུང་བར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་འདིར་སྨན་གྱི་ཚིག་ཏུ་ཡང་བྱེད་དོ། །དེ་ནི་མི་རིགས་ཏེ་ནད་པས་བསྟེན་པར་བྱའི་གཞན་གྱིས་ནི་བཟའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྒོ་ཁང་དང་ཐེམ་སྐས་ཀྱི་ལྐོག་དང་། ཁྱམས་དང་དཔོང་ས་དང་བཀད་ས་དང་བསྲོ་ཁང་གི་ར་བ་དག་
ནི་བསྐོ་བར་མི་བྱའོ་ཞེས་བྱ་བ་ལ། འདི་ནི་མི་ཆོག་པ་ལ་བསྐོ་བར་བྱ། ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དགེ་སློང་དག་གནས་དྲུག་པོ་འདི་དག་ནི་བསྒོ་བར་མི་བྱ་བ་དག་སྟེ། སྒོ་ཁང་ཐམས་ཅད་དང་། ཐེམ་སྐས་ཀྱི་ལྐོག་དང་ཁྱམས་
དང་དཔོང་སའི་ར་བ་དང་བཀད་སའི་ར་བ་དང་བསྲོ་ཁང་གི་ར་བ་དག་སྟེ། སྐོ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཚན་མོ་གནས་མལ་མི་བསྐོའོ་ཞེས་བྱ་བ་ནི་བསྐོ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྲི་ལ་སོགས་པ་ལ་ཡང་ཆོ་ག་འདི་ཉིད་ཡིན་ཏེ། གནས་ཁང་ཉིད་ལ་

ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་ཀྱི་ཕྱིར་གནས་མལ་ཞེས་སྨོས་སོ། །གནས་ཁང་གི་གཞིར་གྱུར་པའི་གནས་པའི་སྒྲ་འདི་གྲགས་པ་སྟེ། དེའི་ཕྱིར་ཤིང་ལྗོན་པའི་རྩ་བ་ལ་སོགས་པ་ལ་འདིས་ཆོ་ག་འདི་ལ་བྱས་པ་ཉིད་མ་ཡིན་ནོ། །ནད་པ་འདུག་པའི་གནས་ཁང་གཞན་ལ་མི་སྦྱིན་ནོ་ཞེས་བྱ་བ་ནི་
གནས་ཁང་ཞེས་སྨོས་པས་ནི་ཁྲི་ལ་སོགས་པ་བཟློག་པའི་ཕྱིར་བསྟན་ཏོ། །དེ་ཉིད་ཐོབ་པ་མེད་ན་མི་སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་དེ་ལྷག་པར་གནས་པ་ཉིད་ལ་ཐོབ་པ་ལ་ཇི་ལྟར་རྒན་རིམས་སུ་མ་བྱས་པར་ནད་པ་ལ་གནས་ཁང་སྦྱིན་པར་མི་བྱའོ། །འདིར་གཞུང་ནི། དགེ་སློང་
ནད་པའི་གནས་ཁང་གཞན་ལ་བསྐོ་བར་མི་བྱའོ། །བསྐོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདིར་ནད་པ་ཞེས་བྱ་བ་ནི་སྦྱོར་མི་བཟོད་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟ་བས་ན་ནད་པ་སྦྱོར་མི་བཟོད་པ་ཞེས་བྱ་བ་དེ་ལས་རྟོགས་པར་བྱའོ། །དེ་དང་དེའི་གཡོག་ལས་བྱེད་དུ་མི་གཞུག་གོ་
ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ནད་པ་དེའོ། །དེའི་ཞེས་བྱ་བ་དེ་ནི་ནད་པ་དེའིའོ། །མཛེ་ཅན་གྱིས་དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི་གོས་ཀྱི་གཞི་ལས་དེ་དང་པོར་བྱ་སྟེ། ནད་གཡོག་སྦྱིན་པས་འདི་ལ་སྙིང་བརྩེ་བར་བྱའོ་ཞེས་བྱ་བའི་མཐར་ཐུག་པའོ། །དེ་ལ་
གནས་དབེན་པ་སྦྱིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་མཛེ་ཅན་ལའོ། །འདིར་གནས་དབེན་པ་ཞེས་བྱ་བ་ནི་གཞན་དག་གིས་འདོད་པའོ། །དེ་ལས་ཐ་དད་པར་ཤེས་པར་བྱ་བ་མ་ཡིན་ནོ། །དབེན་པར་དེ་ཉིད་ཀྱིས་གང་ཞིག་སྦ་བ་ཉིད་དེ་འདིར་རིགས་པ་ཡིན་ནོ། །དགེ་འདུན་གྱིས་
བསྟེན་པར་བྱ་བ་དང་བཅས་པ་ཐ་ན་ཁྱམས་དང་། ཁྱམས་གྲུ་བཞི་དང་། སྒོ་ཁང་དང་། བང་རིམ་དང་། འཆག་ས་དང་། ཤིང་དྲུང་གི་གནས་དེར་ཡང་འདུག་པར་མི་བྱའོ་ཞེས་བྱ་བ་ལ། བསྟེན་པ་ཞེས་བྱ་བ་ནི་བསྟེན་པ་ཡོད་པར་གྱུར་པ་ལ་དུས་དུས་སུ་བསྟེན་པར་བྱའོ་ཞེས་བྱ་བའི་
དོན་ཏོ། །གང་གིས་ཡིན་ཞེ་ན། དགེ་འདུན་གྱིས་ཞེས་བྱ་བར་སྦྱར་ཏེ། རབ་ཏུ་བྱུང་བ་ཞེས་བྱ་བར་ཤེས་པར་བྱའོ། །གནས་པས་ཀུན་ནས་ལོངས་སྤྱོད་པ་ནི་བསྟན་པ་ཞེས་བརྗོད་པ་ཡིན་ནོ། །བཤང་བ་དང་གཅི་བའི་སྐྱབས་གཉིས་སུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་དག་

གིས་ཞེས་བྱ་བ་འཇུག་གོ། །དེ་ལ་གཡོག་བསྐོ་བས་སྙིང་བརྩེ་བར་བྱའོ་ཞེས་བྱ་བ་ནི་ནད་ཡུན་རིང་ཞིང་ཆེ་བ་ཡིན་པའི་ཕྱིར་ནད་གཡོག་དེ་མེད་ན་སྦྱིན་པར་བྱའོ་ཞེས་བྱ་བ། ཆོ་ག་འདི་ལ་འདིར་མ་སྦྱར་བ་གང་ཡིན་པའི་བརྡ་དེ་ལ་དེའི་དོགས་པ་བསལ་བའི་དོན་དུའོ། །དུས་ཐམས་
ཅད་དུ་དགོན་པ་པ་དག་ལ་ལྷུང་བཟེད་དང་ཆོས་གོས་གཞག་པའི་ཕྱིར་གནས་ཁང་བསྐོ་བར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི། དགེ་སློང་དགོན་པ་པ་དག་དང་གཙུག་ལག་ཁང་དུ་ལྷགས་ཏེ། གནས་ཁང་དག་རྙེད་པ་ན་དགེ་སློང་དག་ལས་མ་ཐོབ་ནས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་ནས། གཙུག་ལག་ཁང་དུ་དགེ་སློང་དགོན་པ་པ་རྣམས་ཀྱི་ལྷུང་བཟེད་དང་། ཆོས་གོས་གང་དུ་འཇོག་པའི་གནས་ཁང་བསྐོ་བར་བྱའོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དུས་ཐམས་ཅད་དུ་ཞེས་བྱ་བ་ནི་དབྱར་དག་ཉི་ཚེར་མ་ཟད་ཀྱི་གང་ཞིག་འདིར་སྨོས་པའི་གཞུང་ལས་དུས་ཀྱི་ཁྱད་པར་
ལ་མ་བསྟེན་པ་དེ་བས་ན་མདོའི་ཚིག་འདི་སྨོས་ཏེ། དེའི་ཕྱིར་དབྱར་གནས་པར་ཁས་བླངས་པ་ན་ཁ་ཅིག་གློ་བུར་དུ་འོང་སྲིད་པས་གནས་དང་གནས་མལ་གཞག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། དུས་ཐམས་ཅད་དུ་ཞེས་བྱ་བ་འདི་ལ་རྗེས་སུ་འཇུག་པ་མེད་པར་བསྟན་པའི་དོན་དུ་ནི་འདི་ཡིན་ཏེ། བྱེ་
བྲག་ཡང་ཡོངས་སུ་མ་སྨོས་པའི་ཕྱིར། ཁས་བླངས་པ་གཉིས་ཀ་ལ་ཡང་སྔ་མ་དང་ཕྱི་མ་ཞེས་བྱ་བར་རིག་པར་བྱའོ། །གཞི་ཞེས་བྱ་བ་ནི་གནས་ཀྱི་གཞིའོ། །མང་པོ་དག་ལྷགས་ན་གནས་པ་གང་གིས་གཟོད་བསྐོ་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་གློ་བུར་བ་མང་པོ་དག་ལྷགས་ན་སྔར་གནས་
པར་ཁས་བླངས་པ་དག་གིས་གནས་མལ་གཟོད་བསྐོ་བར་བྱའོ། །གནས་པར་ཁས་བླངས་པ་ཕྱིན་ཆད་མི་བྱའོ་ཞེས་བྱ་བ་ནི་སླར་བསྐོ་བ་གཉིས་པ་ལ་ཁས་བླངས་པ་ཕྱི་མ་ཤོས་གང་ཡིན་པ་ཞེས་བྱ་བ་དེ་ལས་ཡིད་ཆེས་པའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དགེ་སློང་
དག་ངས་དགེ་སློང་མ་འོངས་པ་རྣམས་ལ་བསྟེན་ནས་དབྱར་གནས་པར་ཁས་བླངས་པ་གཉིས་པ་བཅས་ཀྱི་གསུམ་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །མང་བ་ཉིད་ཡིན་ན་གཅིག་ལ་ཡང་གཉིས་ལ་སོགས་པ་ཁྱབ་པའི་བར་དག་གོ་ཞེས་བྱ་བ་ལ། གཉིས་ལ་སོགས་པ་ཞེས་

བྱ་བ་ནི་གནས་ཀྱི་གཞི་ལ་སོགས་པ་ནས་ཐ་མ་བསྟན་པར་བྱེད་དེ་མང་བ་ཉིད་ཡིན་ན་ཞེས་བྱ་བ་སྟེ། བསྐོ་བར་བྱའོ་ཞེས་སྦྱར་རོ། །ས་དེ་སྙེད་དུ་མང་བའི་གཞི་དག་ལ་རེ་རེ་ལ་བསྐོ་བར་བྱའོ། །ཇི་སྙེད་པ་བསྐོ་བ་རྣམས་ལ་ཐམས་ཅད་ཀྱི་བསྐོ་བ་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཞག་གཅིག་
གི་དོན་དུ་གནས་མལ་མནོད་པར་མི་བྱའོ་ཞེས་བྱ་བ་ནི། གནས་མལ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་གཙུག་ལག་ཁང་ལ་སོགས་པ་ཡང་གནས་པ་ཡིན་ནོ། །འདིར་གཞུང་ནི། ཕྲན་ཚེགས་དག་ལས། དགེ་སློང་གིས་ཞག་གཅིག་གི་དོན་དུ་གནས་མལ་མནོད་པར་མི་བྱའོ་ཞེས་
གསུངས་པ་ཡིན་ནོ། །རྙེད་པ་འདོད་པས་གཙུག་ལག་ཁང་མི་མནོད་དོ་ཞེས་བྱ་བ་ནི་གནས་མལ་ལ་ཡང་འཕངས་པ་ཉིད་དུ་རིག་པར་བྱའོ། །འདིར་གཞུང་ནི། དེ་ནས་དུས་གཞན་ཞིག་ན་དགེ་སློང་རྣམས་ལ་རྒན་རིམས་བཞིན་དུ་གནས་མལ་སྟོབས་པར་བྱེད་ན། བྲམ་ཟེ་ཞིག་གཙུག་
ལག་ཁང་དུ་འོངས་ནས་དེས་དེ་མཐོང་བ་དང་། གང་གི་ཕྱིར་འདི་བཞིན་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཤཱཀྱའི་སྲས་ཀྱི་དགེ་སློང་འདི་དག་ལ་སུ་ཞིག་མངོན་པར་དད་པར་མི་འགྱུར་སྙམ་དུ་དད་པ་སྐྱེས་པར་གྱུར་ནས། དེས་གཙུག་ལག་ཁང་བྱེད་དུ་བཅུག་སྟེ་དགེ་སློང་གི་དགེ་འདུན་
ལ་ཕུལ་བ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཧ་ཅང་གཤེར་ཆེས་སོ་ཞེས་མི་ལེན་པ་དང་། དེས་ཕྲུས་འདེབས་སུ་བཅུག་སྟེ་ཕུལ་ལོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཧ་ཅང་དགོན་དུང་ཆེས་སོ་ཞེས་མི་ལེན་པ་དང་། བྲམ་ཟེ་དེས་དེ་དག་རྙེད་པ་འདོད་པས་མི་
ལེན་པར་རིག་ནས། བྲམ་ཟེ་དེས་ཤཱཀྱའི་སྲས་ཀྱི་དགེ་སློང་དག་གིས་རྙེད་པ་འདོད་པས་གཙུག་ལག་ཁང་ལེན་ཏོ་ཞེས་བྱ་བར་རྩོམ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་རྙེད་པ་འདོད་པས་གཙུག་ལག་ཁང་བླང་བར་མི་བྱ་སྟེ། འོན་ཀྱང་
སྦྱིན་བདག་རྣམས་ལ་རྗེས་སུ་སྙིང་བརྩེ་བས་གཙུག་ལག་ཁང་རྣམས་བླང་བར་བྱའོ་ཞེས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །དེ་ལྟ་བས་ན་འདིར་བརྩེ་བའི་སེམས་ཀྱིས་ཞེས་བྱ་བ་འདི་ནི་མཚོན་པ་ཙམ་དུ་རྣམ་པར་གནས་པ་ཡིན་ཏེ་དེ་བས་ན་འདི་བསྡུ་བར་མ་བྱས་པའོ། །ཐམས་

ཅད་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་དུ་མ་བླངས་པའོ། །འདི་ལ་ཇི་ལྟར་ཐམས་ཅད་ཀུན་ནས་སྤྱད་པར་བྱ་ཞེ་ན། དེའི་ཕྱིར་ལ་ལར་ཀློག་པ་དང་། ཁ་ཏོན་དང་། འདུག་པ་དང་། བཅག་པ་ལས་གང་ཡང་རུང་བ་བྱ། ལ་ལར་ལྷུང་བཟེད་
དང་ཆོས་གོས་གཞག་པར་བྱའོ། །ལ་ལར་མཚན་མོ་ཉལ་བ་དང་། ལ་ལར་སྔ་དྲོ་དང་། གུང་ཚིགས་དང་། ཕྱི་དྲོ་འདུག་པས་དེ་ལ་སྦྱར་བར་བྱའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཐམས་ཅད་ཡོངས་སུ་སྤྱད་པར་བྱ་བ་དེ་ལའོ། །དེ་ལ་གཞུང་ཁ་ཅིག་ལས་ནི། ལ་ལར་བཀླག་པར་
བྱ། ཁ་དོན་བྱ། ལ་ལར་ལྷུང་བཟེད་དང་ཆོས་གོས་གཞག་པར་བྱ། ལ་ལར་འཆག་པར་བྱའོ་ཞེས་གསུངས་སོ། །གཞུང་ཁ་ཅིག་ལས་ནི། ལ་ལར་སྔ་དྲོ་འདུག་པར་བྱ། ལ་ལར་གུང་ཚིགས་ལ་འདུག་པར་བྱ། ལ་ལར་ཕྱི་དྲོ་འདུག་པར་བྱ། ལ་ལར་མཚན་མོ་འདུག་པར་བྱའོ་
ཞེས་གསུངས་པས། དེའི་ཕྱིར་གཉིས་ཀ་བསྡུ་བའི་ཕྱིར་མདོ་འདི་བྱས་སོ། །གནས་པར་ཁས་བླངས་པས་གནས་ཀྱི་གཞི་རལ་བ་དང་འདྲུམས་པ་བཅོས་པར་བྱའོ་ཞེས་བྱ་བ་ལ། རལ་བ་ཞེས་བྱ་བ་ནི་ཕྱོགས་གཅིག་ཆད་པའོ། །འདྲུམས་པ་ཞེས་བྱ་བ་ནི་གས་པའོ། །དགེ་
སློང་མ་དབྱར་གནས་པ་རྣམས་ཀྱིས་དབྱར་ཁང་བཅོས་པར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་དུ་གཅིག་ཏུ་གྱུར་ནས་ཐམས་ཅད་སྤྱིས་བཅོས་པར་བྱ་བ་ཡིན་གྱི། གནས་ཁང་གང་ན་གང་གནས་པ་དེས་དེ་ཉི་ཚེས་བཅོས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཆོ་ག་འདིའོ། །དེ་བས་ན་མ་བྱས་པ་ཉིད་དེ་ལ་
རལ་བ་དང་འདྲུམས་པ་ཞེས་བྱ་བ་འདིས་རུང་བ་འཇུག་པ་སྒྲུབ་པའི་དོན་དུའོ། །འཐབ་ཀྲོལ་ཅན་གྱིས་གནས་མི་ཐོབ་པར་བྱ་བའི་ཕྱིར་དགུན་མནོད་པ་དང་དཔྱིད་མནོད་པའི་གནས་མལ་ཡང་བསྟབ་པར་བྱའོ་ཞེས་བྱ་བ་ནི་གང་ཡང་རུང་བ་དེ་ལ་དགུན་དང་སོ་གའི་དུས་ཀྱི་ཆ་དག་ལ་ཟླ་བ་བཞི་དང་
ལྡན་པ་ཉིད་ལ་མངོན་པར་བརྟེན་ནས་ཚིག་དེ་སྨོས་སོ། །རིལ་གྱིས་བསྐོ་བར་བྱའོ་ཞེས་བྱ་བ་ནི་གནས་མལ་རིལ་གྱིས་བསྐོ་བར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ། གཙུག་ལག་ཁང་དང་ཁང་ཁྱིམ་དག་གི་ཉེན་ཀོར་ཡང་ངོ་། །ཁྱམས་ཀྱི་དེ་ཡང་ངོ་ཞེས་བྱ་བ་ནི་ཉེན་

ཀོར་དང་བཅས་པ་ལ་ཞེས་བྱ་བའི་དོན་ཏོ། །དེ་དག་དོང་བ་ཉིད་ཀྱི་འོག་ཏུ་དེ་དག་མི་གཏོང་བར་མི་བྱའོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་ཁྱམས་ཀྱི་ཉན་ཀོར་དང་དེའི་ཉན་ཀོར་དུས་མ་ངེས་པ་ཉིད་ཀྱིས་དགུན་དང་དཔྱིད་མནོད་པའི་གནས་མལ་གཉིས་ཀྱང་བསྟབ་པར་བྱའོ། །རང་བཞིན་དུ་གནས་
པའི་ཕྱིར་སྒྱུ་ཐབས་མི་བྱའོ་ཞེས་བྱ་བ་ནི་རང་བཞིན་དུ་གནས་པས་འཐབ་ཀྲོལ་མི་བྱེད་པའི་ཞེས་བྱ་བ་ནི་ཐམས་ཅད་ཉིད་ཀྱིས་ཏེ། འདི་ནི་བསྐོ་བའི་དུས་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བ་ནི་ཁྱད་པར་མེད་པར་རྟོགས་པའོ། །གང་ཞིག་མཐའ་འཁོབ་ཀྱི་རི་ལ་རང་བཞིན་དུ་གནས་པའི་དོན་
དུ་ཆོ་ག་དེ་ལ་བྱས་པས་དེའི་དོན་དུ་དེ་མི་བྱའོ་ཞེས་བྱ་བ་སྨོས་པ་དེ་ནི་འདིའོ། །འབྱུང་བའི་དོན་དུ་ནི་མི་བསྐོའོ་ཞེས་བྱ་བ་ནི་ཕྱིས་འབྱུང་བར་འགྱུར་བའི་དོན་དུ་དགོས་པ་ཉེ་བར་མི་གནས་པས་དེ་ཉིད་བསྟན་པའི་ཕྱིར། འདི་ནི་དུས་ཚིགས་དང་། ཉིན་མཚན་དང་དེའི་ཡན་ལག་ཆེ་གེ་མོ་ཞིག་
འབྱུང་བའིའོ། །འདི་ནི་མཁན་པོ་དང་སློབ་དཔོན་ཆེ་གེ་མོ་ཞིག་འབྱུང་བའིའོ། །འདི་ནི་ལྷན་ཅིག་གནས་པ་དང་ཉེ་གནས་ཆེ་གེ་མོ་ཞིག་འབྱུང་བའིའོ། །འདི་ནི་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང་། འགྲོགས་བཤེས་དང་སྨོས་འདྲིན་པ་ལ་སོགས་པ་ཆེ་གེ་མོ་ཞིག་
འབྱུང་བའིའོ་ཞེས་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། དེའི་ཡན་ལག་ཅེས་བྱ་བ་ནི་ཉིན་མཚན་གྱི་ཡན་ལག་སྔ་དྲོ་ལ་སོགས་པའོ། །མནོད་པར་མི་བྱའོ་ཞེས་བྱ་བ་ནི། གཞན་གྱིས་བསྐོས་ཀྱང་མནོད་པར་མི་བྱའོ། །འདིར་གཞུང་ནི་འབྱུང་བའི་དོན་དུ་
གཙུག་ལག་ཁང་བསྐོ་བར་མི་བྱ། བསྐོར་གཞུག་པར་མི་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་ལ་མདོ་སྔ་མས་ནི་བསྐོ་བར་མི་བྱའོ་ཞེས་གསུངས་པ་བསྡུས་སོ། །མདོ་འདིས་ནི་བསྐོར་གཞུག་པར་མི་བྱའོ་ཞེས་གསུངས་པ་བསྡུས་སོ། །ཕྲན་ཚེགས་དག་ལས་ཀྱང་དགེ་འདུན་
གྱི་འབྲེལ་པ་ཞེས་བྱ་བ་དང་པོར་བྱས་ཏེ་མནོད་པ་ཞེས་བྱ་བའི་མཐར་ཐུག་པའོ། །ཚང་གཞིག་པའི་ཕྱིར་དབྱུ་གུ་ཐོགས་པ་བསྐོ་བར་བྱའོ། །སྒོ་ང་མེད་པ་རྣམས་ནི་གདོན་པར་བྱའོ། །ཕྲ་མོ་རྣམས་ཀྱི་ནི་མི་འཕེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲིའོ་ཞེས་བྱ་བ་ནི། ཁྭ་ཏ་དང་མཆིལ་

པ་དང་ཕུག་རོན་རྣམས་ལ་ནི་མ་ཡིན་ཏེ། འོན་ཏེ་འོན་ཀྱང་ཕྲ་མོ་ཆུང་བ་སྦྲང་བུ་ཏྲཻ་མ་བུ་ག་དང་ཏྲཻ་ལ་ཏ་ལ་སོགས་པ་དག་གི་ཚང་གང་ཡིན་པ་དེ་རྣམས་སྐུད་པས་དཀྲི་བར་བྱའོ། །འདིར་གཞུང་ནི་མི་འབྲེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲིའོ་ཞེས་གསུངས་པ་ཡིན་ཏེ།
དཀྲིས་པ་དེ་ལ་འདི་རྣམས་ཀྱང་བརྗོད་པ་ཡིན་ཏེ། ཉེ་བར་བསགས་པར་བྱ་ཞེས་བྱ་བ་དོན་འདི་ཤེས་པའོ། །གནས་མལ་ལ་སོགས་པ་སྦྱིན་ནོ་ཞེས་བྱ་བ་གོས་ལ་སོགས་པ་ཡང་བསྡུ་བའི་ཕྱིར་སོགས་པ་ཞེས་བྱ་བའི་སྒྲ་སྨོས་སོ། །ཡོད་པ་ཉིད་ན་དུ་མ་ཡང་ངོ་ཞེས་བྱ་བ་ནི་གལ་
ཏེ་གཉིས་པ་ཁྲིའུའི་རིམ་པ་ཡོད་པར་གྱུར་ན་ཁྲིའུ་ལ་སོགས་པ་གསུམ་ལ་སོགས་པ་ཡང་རུང་སྟེ། དེ་ཡང་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རིམ་པ་ཡོངས་སུ་མ་རྫོགས་ན་རྒན་རིམས་ནས་བརྩམས་ཏེ་ཇི་ཙམ་ཁྱེད་པ་ཡན་ཆད་ལ་དེ་སྙེད་པ་རྣམས་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་དོན་
གྱིས་ཤེས་པར་བྱའོ། །ཁྲི་ཆེན་པོ་དག་ཀྱང་བསྐོ་བར་བྱ་བ་ཉིད་ཡིན་ནོ། །སྟན་དག་ཀྱང་ངོ་ཞེས་བྱ་བ་ནི་གླེང་གཞི་དག་ལས་དེའོ། །དགེ་འདུན་གྱི་གནས་མལ་གཡོགས་པ་དགེ་ཚུལ་མི་གཙང་བས་ཉམས་པར་བྱེད་པའི་ཆོས་ཅན་ལ་སུས་ཀྱང་མི་སྦྱིན་ནོ་ཞེས་བྱ་བ་ལ། སུས་ཀྱང་
ཞེས་བྱ་བའི་སྒྲས་ནི་གནས་མལ་སྟོབས་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་དག་གིས་ཀྱང་སྦྱིན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་མ་ལ་ཡང་མི་སྦྱིན་ནོ་ཞེས་བྱ་བ་ནི་གནས་མལ་གྱི་ཆོས་ཅན་ལ་དགེ་འདུན་གྱི་གནས་མལ་གཡོགས་པ་དག་མི་གཙང་བ་ལ་སུས་ཀྱང་མི་སྦྱིན་པའོ། །
དགེ་སློང་མ་རྣམས་ལ་འབྲེལ་པའི་ཁྲི་སྦྱིན་པར་མི་བྱའོ་ཞེས་འདིར་སྨོས་ཏེ། གནས་མལ་ཡང་ཞེས་བྱ་བ་འདིར་ཡང་ཆོ་ག་འདི་རྣམ་པར་གཞག་པ་ཞེས་བྱ་བའོ། །འདིར་གནས་འབྱོར་ན་དེ་ལ་འདབ་ཏུ་གཙུག་ལག་ཁང་སྦྱིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་དགེ་སློང་མའོ། །འདིར་
ཞེས་བྱ་བ་ནི་གཙུག་ལག་ཁང་ལའོ། །གནས་མལ་ལྷག་པ་བཟང་པོ་མ་ཡིན་པ་ཡང་ངོ་ཞེས་བྱ་བ་ལ། ལྷག་ཅེས་བྱ་བ་ནི་དགེ་སློང་རྣམས་ལས་ལྷག་པར་གནས་པ་ལའོ། །ཁྱེད་ཅག་ལ་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ། གདིང་བ་རུང་བ་

མ་ཡིན་པས་ལོངས་སྤྱད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ་ཞེས་བྱ་བ་ལ། དེ་ནི་ལྟུང་བ་ཡིན་ཏེ། བསླབ་པའི་གཞི་ཉིད་ལས་འདིར་ཡོད་པ་ཉིད་ཀྱི་ཕྱིར་རོ། །ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ནི་གནས་མལ་ལའོ། །དམ་ཚིག་ལས་འདས་ཤིང་
སྤྱད་ན་གནས་པ་ནི་གནས་ལ་གཞན་གྱི་ནི་དགེ་འདུན་ལ་བརྗོད་དེ་དབྲོག་པར་བྱའོ་ཞེས་བྱ་བ་ནི་བརྟེན་པ་ལས་གཞན་དགེ་འདུན་ལ་ཞུས་ཏེ་སྤྱད་པར་བྱའོ། །དགེ་འདུན་སོང་སྦྱིན་བདག་ཆེ་གེ་མོ་དང་ཞལ་ཏ་བ་ཆེ་གེ་མོ་དང་། སྤྱོད་ཡུལ་གྱི་གནས་ཆེ་གེ་མོ་དང་ནད་གཡོག་ཆེ་གེ་མོས་གནས་པར་
ཞལ་གྱིས་བཞེས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །འགྱོད་པ་དང་། གཞན་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་མི་སྐྱེད་པ་ཉིད་དང་། སེལ་བ་ཉིད་དག་དང་། བདེ་བ་དང་ཡིད་མི་བདེ་བ་བསྐྱེད་པ་ཉིད་རྗེས་སུ་བསྲུང་བ་ཉིད་དག་དང་། ནད་གཡོག་ཉིད་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་
འབྱུང་བ་སོ་སོར་བརྟགས་པས་གནས་དང་སྤྱོད་ཡུལ་དང་། བསོད་སྙོམས་དང་སྨན་པར་བྱེད་པ་ལ་རྣམ་པར་བལྟས་ཏེ་གནས་པར་ཁས་བླང་བར་བྱའོ་ཞེས་བྱ་བ་ནི་འགྱོད་པས་ཉེ་བར་གནས་པ་ལའོ། །འདིར་སྡུག་བསྔལ་ནི་ཤིན་ཏུ་ཆེ་བ་སྟེ། ཡིད་མི་བདེ་བ་དང་ཡིད་བདེ་བ་ནི་བདེ་བ་ཤིན་ཏུ་ཆེ་བ་སྟེ་
ལུས་ཀྱི་ཡང་ངོ་། །དེའི་ལུས་ཅན་གྱི་ཡུལ་བསྡུས་པ་དང་། དེའི་རིགས་ཅན་བཟའ་བར་བྱ་བ་སྦྱིན་པ་ནི་དེ་དག་གིས་བསྐྱེད་པའི་སྡུག་བསྔལ་སེལ་བ་ནི་གསོ་བར་བྱེད་པའོ། །བདེ་བ་རྗེས་སུ་སྲུང་བ་ནི་དེའི་ཚོགས་པ་རྣམས་ལ་ཇི་ལྟར་མི་འབྲལ་བ་དེ་ནི་དེ་ལྟར་ཀུན་ཐུབ་པའོ། །སྦྱིན་པར་བྱེད་པ་
ལ་ཞེས་བྱ་བ་ནི་སྤྱོད་ཡུལ་དེ་ལ་འབྱོར་པ་སོ་སོར་བརྟགས་པས་སོ། །གང་དུ་གནས་པར་ཁས་བླང་བར་བྱ་ཞེ་ན། དེའི་ཕྱིར་གཡོགས་པར་དགེ་སློང་གི་མདུན་དུའོ་ཞེས་བྱ་བ་སྨོས་སོ། །གཙུག་ལག་ཁང་དུ་མར་མི་བྱའོ་ཞེས་བྱ་བ་ལ། གཙུག་ལག་ཁང་དུ་མར་མཚམས་སུ་རྫས་གཅིག་གིས་མནན་ཏེ།
དུ་མས་ཁས་ལེན་པ་གང་ཡིན་པ་དེར་ཡང་འདི་དག་བཀག་པ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གིས་གཙུག་ལག་ཁང་གཉིས་སུ་དབྱར་གནས་པར་ཁས་བླང་བར་མི་བྱའོ། །ཁས་ལེན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་ལ་དགེ་སློང་མེད་པ་ཉིད་དང་སྒོ་

གླེགས་མེད་པ་ཉིད་དང་བཅས་པར་ཡང་མི་བྱའོ་ཞེས་བྱ་བ་ལ། གང་ལ་ཞེས་བྱ་བ་ནི་གཙུག་ལག་ཁང་ལའོ། །གཙུག་ལག་ཁང་གང་ན་འདི་གཉི་ག་མཉམ་པར་སྦྱོར་བ་དེ་ཡང་གནས་པར་ཁས་བླང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །སྦྱིན་བདག་དང་ཞལ་ཏ་བ་དང་སྤྱོད་
ཡུལ་གྱི་གྲོང་དང་ནད་གཡོག་དག་ཡོད་པ་ཉིད་ཡིན་ན་བརྗོད་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་དེ་ན་དེ་དག་ཡོད་པ་ཉིད་ན་ཁས་ལེན་པའི་སྔགས་བརྗོད་པའི་ཚེ་ཡང་དེ་སྐད་བརྗོད་པར་བྱ་སྟེ། ཞུ་བ་ལས་ཀྱང་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་
འཆར་བར་མི་བྱའོ་ཞེས་བྱ་བ་ནི་སྐྱ་རེངས་ལས་དུས་སྔར་མཚམས་ཀྱི་ཕྱི་རོལ་དུ་འདའ་བར་བྱེད་པ་ལ་ནི་ཉེས་པ་མེད་དོ། །དེ་ལྟ་ཡང་གལ་ཏེ་འགྲོ་ན་དེ་ཡང་གནས་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཆོས་དང་ལྡན་པའི་དོན་དུ་ཞག་བདུན་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་
བ་ནི་ཆོས་ལས་མི་འདའ་བའི་དོན་ལའོ། །དེ་འདིར་རྒྱས་པར་བཤད་པའི་ཕྱིར། འདི་ལྟ་སྟེ། དགེ་སློང་གི་ཀུན་དགའ་ར་བ་འབུལ་བ་དང་། གཙུག་ལག་ཁང་ཞལ་བསྲོ་བ་དང་། གནས་མལ་འབུལ་བ་དང་། བསླབ་པ་བརྟན་པོ་བཅའ་བ་དང་། མཆོད་རྟེན་ཞལ་བསྲོ་བ་དང་།
མཆོད་སྡོང་གཟུགས་པ་དང་། རྒྱལ་མཚན་བསྒྲེང་བ་དང་། མཆོད་པ་བྱ་བ་དང་། ཚོན་དང་། ཙན་དན་གུར་ཀུམ་བྱུག་པ་སྐུད་པ་དང་། བཀླག་པ་དང་། འགྱོད་པ་བསལ་བ་དང་། ལྟ་བའི་རྣམ་པ་སྤང་བ་དང་། ཕྱོགས་དང་མཐུན་པ་བསྒྲུབ་པ་དང་། བཟོད་པ་གསོལ་བ་དང་།
ཡོངས་སུ་གནས་པ་ལ་སོགས་པ་བཞི་བྱ་བ་དང་། དབྱུང་བ་དང་ནད་པ་དབུགས་དབྱུང་བ་དག་ལའོ་ཞེས་བྱ་བ་སྨོས་ཏེ། མཆོད་སྡོང་གཟུགས་པ་དང་རྒྱལ་མཚན་བསྒྲེང་བ་ཞེས་བྱ་བ་ལ། མཆོད་སྡོང་གི་སྒྲས་ནི་གཟུགས་པ་དང་འབྲེལ་བའོ། །བཀླག་པ་ཞེས་བྱ་བ་ནི་མདོ་སྡེའི་
མཚན་བཀླག་པ་དང་། སྟོན་པ་ན་རྙེད་པ་འགྲུབ་པ་ཡོད་པས་ལོངས་སྤྱད་པའི་དོན་དུ་ཞེས་བྱ་བ་འདིར་སྨོས་ཏེ། ཀློག་པ་དེ་ཙམ་གྱི་ཕྱིར་ཡང་རིགས་པ་ཡིན་ཏེ། བཟོད་པ་གསོལ་བ་ཞེས་བྱ་བ་ཡང་བསྡུ་བའི་ཕྱིར་བཀླག་པ་ཞེས་བྱ་བའི་སྒྲས་སྨོས་སོ། །ཕྱོགས་དང་མཐུན་པ་ཞེས་བྱ་བ་

ནི་སྨོན་ལམ་གྱི་ལམ་བྱ་བ་དང་། གཞི་འགའ་ཞིག་སོ་སོར་གནས་པ་ལའོ། །ཡོངས་སུ་གནས་པ་ལ་སོགས་པ་བཞི་བྱ་བ་ནི་སྤོ་བ་དང་། གཞི་ནས་ཡོངས་སུ་སྤོ་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བའོ། །གཞི་ནས་མགུ་བར་བྱ་བ་ལས་ཐ་མི་དད་དོ། །དགེ་སློང་
གིས་ཞེས་བྱ་བ་ནི་ཆོས་ལས་མི་འདའ་བའི་དོན་ལ་ཞེས་བྱ་བ་དེ་དང་འབྲེལ་བའོ། །དགེ་སློང་མའི་ལྕི་བའི་ཆོས་ཀྱི་མགུ་བར་བྱ་བ་དབུལ་བ་ལ་ཡང་ངོ་ཞེས་བྱ་བ་ལ། སྔ་མ་རྣམས་བསྡུ་བའི་དོན་དུ་ཡང་ངོ་ཞེས་བྱ་བའི་སྒྲས་སྨོས་སོ། །དགེ་སློང་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་
པ་དང་བསྙེན་པར་རྫོགས་པར་བྱ་བ་ལ་ཡང་ངོ་། །དགེ་ཚུལ་གྱི་དེ་ལའོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱ་བ་ལ་ཞེས་བྱ་བའི་དོན་ཏོ། །དགེ་ཚུལ་མའི་བསླབ་པའི་སྡོམ་པ་སྦྱིན་པ་ལའོ། །ཁྱིམ་བདག་དང་ཁྱིམ་པ་མོའི་མགོ་དཀྲི་བ་དང་། བང་བསང་བ་དང་། སྐྲ་བསྐྱེད་པ་དང་།
སྐྲ་བྲེག་པ་དང་། གདུབ་ཀོར་བསྐྱེད་པ་དག་ལའོ་ཞེས་བྱ་བ་ནི་ཆོས་ལས་མི་འདའ་བའི་དོན་ལ་ཞག་བདུན་མན་ཆད་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་དགོངས་པ་འདིར་ཐམས་ཅད་དུ་རིག་པར་བྱའོ། །བསྙེན་པར་མ་རྫོགས་པ་རྣམས་ཀྱི་དགེ་འདུན་ལྷག་མའི་སྐབས་མ་གཏོགས་པ་སྔ་མ་དག་ལ་
ཡང་ངོ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་ལ་སོགས་པ་དབྱུང་བ་མ་གཏོགས་པ་གང་ཞིག་སྔོན་དུ་ཀུན་དགའ་ར་བ་འབུལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཐམས་ཅད་བསྙེན་པར་མ་རྫོགས་པ་རྣམས་ལ་ཡང་རྟོགས་པར་བྱའོ། །ཁྱིམ་པ་དང་ཁྱིམ་པ་མོའི་བཟོད་པ་གསོལ་བ་ནི་ཁ་བསྲང་བའོ་
ཞེས་བྱ་བ་ནི་བཟོད་པར་གསོལ་བའི་གནས་ལ་ཁྱིམ་པ་ཕོ་མོའི་ལྷུང་བཟེད་ཁ་ཕུབ་པ་དག་ལ་ཁ་བསྲང་བར་གསོལ་བ་ཡིན་པར་བལྟའོ། །ཟས་དང་སྨན་དང་གཡོག་དག་མེད་ལ་དེ་དག་མེད་པར་འཚོ་མི་ནུས་ན་དེ་ལས་འདའ་བར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་བ་
དེའོ། །ཟས་ལ་སོགས་པ་རྣམས་མེད་ལ་དེ་དག་མེད་པར་འཚོ་མ་ནུས་པར་གྱུར་ན་དེ་ལས་འདའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཟས་མེད་པར་འཚོ་བར་མི་ནུས་ཤེ་ན། གང་གི་ཕྱིར་འདིར་ཡང་བྱེ་བྲག་ཏུ་འདི་རྟེན་ནི་བྱེ་བྲག་ཏུ་འདི་ལ་བརྟེན་པ་ཡོད་པ་སྟེ། ཐམས་ཅད་དུ་མེད་པ་ཁོ་ན་མ་

ཡིན་ཏེ། དེ་ལ་མཆོག་མེད་པ་ལ་རྩ་བ་དང་འབྲས་བུ་ལ་སོགས་པ་གཞན་གྱིས་སུ་ཞིག་ལ་ནུས་པ་ཡོད་སྙམ་དུ་སེམས་པ་དེ་བས་ན་འདི་བྱེ་བྲག་ཏུ་བྱས་སོ། །དགེ་སྦྱོང་གི་ཚུལ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཡོད་ན་ཡང་ངོ་ཞེས་བྱ་བ་ལ། དེ་ལས་འདའ་བར་བྱའོ་ཞེས་
བྱ་བར་སྦྱར་རོ། །བུད་མེད་དང་སྐྱེས་པ་དང་མ་ནིང་གི་མཚན་མ་རྣམས་སམ། དེར་གཉེན་འདུན་རྣམས་ཀྱི་བར་ཆད་ཡོད་ན་ཞེས་བྱ་བ་དེ་བསྡུས་པ་ཡིན་ནོ། །དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བ་རྗེས་སུ་མི་མཐུན་པའི་སེམས་བསྐྱེད་པ་དང་སྡིག་པ་ཅན་གྱི་ཚིག་བརྗོད་པ་དག་འབྱུང་ནའོ་ཞེས་བྱ་བ་ནི་དབྱེ་
བའི་ཕྱིར་རྗེས་སུ་མི་མཐུན་པར་གྱུར་པ་གཉིས་པོ་དེ་གང་ཡིན་པ་དེ་ལ་དེ་སྐད་ཅེས་སྨོས་པར་རིག་པར་བྱ་བ་སྟེ། གང་ཞིག་གཞན་འདུལ་བའི་ཕྱིར་སྐྲོད་པ་དེ་ནི་མ་ཡིན་ནོ། །དོན་ནི་འདི་ཡིན་ཏེ། དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བ་དག་ཡོད་ལ་གང་ཞིག་རྗེས་སུ་མི་མཐུན་པ་ཚུལ་བཞིན་མ་ཡིན་པ་
ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་སྟོན་པར་བྱེད་པ། ཨེ་མ་དགེ་འདུན་དབྱེ་བར་བྱའོ་སྙམ་པ་གང་ཡིན་པ་དང་། གང་ཡང་དེ་དང་འབྲལ་བ་དེ་ལྟ་བུ་སྡིག་པ་ཅན་གྱི་ཚིག་བརྗོད་པ་དེ་དག་ལ་འབྱུང་བར་འགྱུར་ན་དབྱར་ཁས་བླངས་པ་ལས་འདའ་བར་བྱ་སྟེ། དེ་རལ་པའི་ལྟུང་
བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ཞི་བར་བྱ་བའི་ཕྱིར་མཐུ་ཡོད་པ་ལྟ་ན་མི་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བ་དག་ཡོད་ལ་དེ་ཞི་བར་བྱ་བའི་ཕྱིར་གང་ལ་དེ་ནུས་པའི་མཐུ་ཡོད་པ་དེ་ནི་མཐུ་དང་བཅས་པའོ། །སོང་ན་མི་འདའ་བར་མི་བྱའོ་ཞེས་བྱ་བ་ནི་བྱིན་
གྱིས་བརླབས་པའི་དུས་ལས་ཞེས་བྱ་བའི་ཚིག་གི་ལྷག་མའོ། །གལ་ཏེ་དེར་སོང་ནས་ཞག་བདུན་ལས་འདས་སུ་ཟིན་ཀྱང་བྱ་བ་དེ་ཉིད་ཀྱིས་དགེ་སློང་གི་དབྱར་རལ་བའི་ལྟུང་བར་མི་འགྱུར་རོ་ཞེས་གསུངས་པས། ངེས་པར་འདའ་བར་བྱའོ་ཞེས་པ་འདིར་དེ་ལ་གཞོལ་བར་བསྟན་པའི་ཕྱིར་མདོར་
བྱས་པའོ། །དམ་བཅས་ན་དབྱར་གནས་པ་དང་གནས་སུ་མི་འབྲེལ་བར་མི་བྱའོ་ཞེས་བྱ་བ་ནི་གནས་འདིར་དབྱར་གནས་པར་བྱ་བའོ་ཞེས་དབྱར་གནས་པར་སོ་སོར་ཐོས་ན་དབྱར་གནས་པའི་དོན་དུ་དབྱར་གྱི་གནས་སུ་འབྲེལ་བར་བྱ་བའི་དོན་དུ་གདོན་མི་ཟ་བར་བྱས་ཏེ་མི་བྱེད་ན་ཉེས་བྱས་སོ་

ཞེས་བྱ་བའི་དོན་ཏོ། །གསོ་སྦྱོང་གཅིག་པ་ཉིད་ཀྱིས་གནས་གཉིས་སུ་དེ་འབྱུང་བ་མེད་དོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སླར་བསྙེན་ནས་དབྱར་གནས་པ་དང་གནས་སུ་འབྲེལ་བར་མི་བྱེད་པའི་ཉེས་པ་ལའོ། །འདི་སྐད་བསྟན་ཏེ། གསོ་སྦྱོང་གཅིག་པའི་གནས་གཉིས་ལ་གཅིག་ཏུ་དབྱར་
གནས་པར་དམ་བཅས་ནས། གཞན་དུ་དབྱར་གནས་པར་ཁས་ལེན་པར་བྱེད་དུ་ཟིན་ཀྱང་དེ་ལ་ཉེས་པ་མེད་དེ། གང་གི་ཕྱིར་གསོ་སྦྱོང་གཅིག་ཡིན་པས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །གནས་གཞན་དུ་སོང་བ་ལའོ། །དེར་མ་ཚང་བར་བྱས་པའི་གནས་ཁང་དུ་མ་བཟུང་བ་དང་འདྲ་བར་མ་
འབྲེལ་བ་འདི་ལ་མི་གནས་པར་གྱུར་པ་ནི་མ་ཡིན་ནོ། །དེ་ལ་གནས་གཅིག་པར་གྱུར་པ་ཉིད་ཀྱི་ཕྱིར། གནས་དེ་དག་ལ་དེ་བས་ན་ཉེས་པ་མི་སྐྱེད་པའོ། །རྙེད་པར་གཅིག་པ་ཉིད་ལ་ནི་ཡོད་དོ་ཞེས་བྱ་བ་ནི་གསོ་སྦྱོང་ཐ་དད་པ་ཉིད་ལ་རྙེད་པ་ནི་གཅིག་པ་ཉིད་ཡིན་ན་གནས་དག་ལ་ཐ་དད་པར་ཉལ་
བ་འདི་ལ་བསྐྱེད་པ་ཡོད་པ་ཉིད་དོ། །གནས་པའི་ལོངས་སྤྱོད་ཐ་དད་པས་གནས་ཀྱི་བྱེད་པ་ཐ་དད་པའི་ཕྱིར་རོ། །དོན་ལེན་པ་ལ་ནི་མ་ཡིན་ནོ། །རྙེད་པ་ཞེས་སྨོས་པས་ཡོན་བདག་གམ་རྙེད་པའི་ཚད་ལས་ཐ་དད་པའི་ཕྱིར་རོ། །འདིར་གཞུང་ནི་འདི་ལྟར། དགེ་སློང་གིས་གནས་འདིར་
དབྱར་སྔ་མ་ཟླ་བ་གསུམ་གནས་པར་བྱའོ་ཞེས་དམ་བཅས་ནས་གནས་དེ་གཉིས་རྙེད་པ་ནི། གཅིག་ལ་གསོ་སྦྱོང་ནི་ཐ་དད་པར་གྱུར་ནས་དེ་འདི་སྙམ་དུ་འདིར་གནས་ན་ཡང་རྙེད་པ་གཅིག་ཏུ་ཟད་ལ། ཕ་གིར་གནས་ན་ཡང་རྙེད་པ་གཅིག་ཏུ་ཟད་དོ་སྙམ་ནས་དེ་དམ་བཅས་ནས་མི་འགྲོ་ཞིང་དགེ་
སློང་དེ་ལ་དེར་དབྱར་སྔ་མ་ཟླ་བ་གསུམ་ཡང་མི་སྣང་ཕྱི་མ་ཡང་མི་སྣང་ལ་དམ་ནི་བཅས་ནས་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གཞིར་གཏོགས་པའི་དབྱར་གྱི་གཞིའོ།། །།སྡེ་པ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་འབའ་
ཞིག་གིས་གནས་པར་ཁས་བླང་བར་བྱ་བ་ཉིད་དུ་མ་ཟད་ཀྱི། འདི་ལྟར་དགེ་སློང་མ་དང་དགེ་ཚུལ་མ་དག་གིས་ཀྱང་གནས་པར་ཁས་བླང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགེ་ཚུལ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁས་བླང་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ལོ་མ་ཚང་

བ་དག་གིས་ཀྱང་ངོ་ཞེས་བྱ་བ་ནི་འབའ་ཞིག་གནས་པར་བྱ་བ་མ་ཡིན་ནོ། །དེ་དག་ལས་ཁས་བླང་བ་མི་འཆགས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ལ། དེ་དག་ལ་ཞེས་བྱ་བ་ནི་དབྱར་གནས་པར་བྱ་བ་མ་ཡིན་པ་དང་། སྔ་མ་དེ་རྣམས་འབའ་ཞིག་ཁས་ལེན་པ་ལའོ། །གནས་
མལ་མི་མནོད་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་གནས་པར་ཁས་བླངས་པ་རྣམས་ལའོ། །སྟོབས་པ་མེད་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་གནས་མལ་སྟོབས་པ་མེད་པས་ན་གནས་མལ་མི་མནོད་པ་མ་ཡིན་ཏེ། མནོད་པར་བྱ་བ་ཁོ་ན་ཡིན་པའོ། །མ་བསྐོས་པར་བསྟབ་པར་མི་བྱའོ་ཞེས་བྱ་བ་ནི་
གནས་མལ་སྟོབས་པར་མ་བསྐོས་པའི་གང་ཟག་གིས་བསྙེན་པར་རྫོགས་པ་དང་། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་སུ་ཡང་བཟུང་བ་དང་འཇུག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འགྱོད་པ་ལ་སོགས་པས་སྡེ་སྣོད་འཛིན་པ་དང་། འཐབ་ཀྲོལ་བྱེད་པ་ཡོད་པ་དང་མེད་པ་དག་མ་བསྡུས་པ་ན་
ཡིན་ནོ་ཞེས་བྱ་བ་ནི་མི་སྐྱེད་པ་ཉིད་དང་སེལ་བ་ཉིད་དག་ལ་འགྱོད་པ་ཞེས་བྱ་བ་ལ་སོགས་པ་ལ་མདོ་དེས་སྡེ་སྣོད་འཛིན་པ་ཡོད་པ་དང་། འཐབ་ཀྲོལ་བྱེད་པ་མེད་པ་འདི་གཉིས་ཀྱང་མ་བསྡུས་པ་ཉིད་མ་ཡིན་པའོ། །ཇི་ལྟར་བསྡུས་ཤེ་ན། འདི་ལྟར་འགྱོད་པ་བསལ་བའི་སྒྲས་ནི་དེ་ལ་སྡེ་སྣོད་འཛིན་པ་ཙམ་
བསྡུས་པ་ཡིན་ནོ། །འགྱོད་པ་དང་དེ་ལས་གཞན་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་མི་སྐྱེད་པ་ཉིད་ཅེས་སྨོས་པས་ནི་འཐབ་ཀྲོལ་བྱེད་པ་མེད་པ་འདི་གཉིས་ཀྱང་མ་བསྡུས་པ་མ་ཡིན་ནོ། །གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་འདིར་གཞུང་ཁ་ཅིག་ལས་ནི།
དགེ་སློང་དབྱར་གནས་པར་ཁས་མི་ལེན་པ་དག་ལ་དབྱར་རལ་བར་བརྗོད་པར་བགྱིའམ། གལ་ཏེ་དབྱར་གྱི་ནང་དུ་གནས་མི་གཏོང་ན་དབྱར་རལ་བར་བརྗོད་པར་བྱའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །འདིས་ནི་གནས་པར་ཁས་མ་བླངས་སུ་ཟིན་ཀྱང་དབྱར་གྱི་ནང་དུ་གནས་མི་གཏོང་ན་ཕྱི་རོལ་དུ་འགྲོ་བའི་
ཕྱིར་བྱིན་གྱིས་བརླབ་པར་བྱ་དགོས་སོ་ཞེས་བསྟན་པར་རིག་པར་བྱའོ། །ནམ་མཁའ་ལ་གནས་པར་ཁས་བླངས་པ་མི་འཆགས་སོ་ཞེས་བྱ་བ་ནི་གནས་འདིར་དེ་ལྟ་བས་ན་རྟེན་འདི་ལ་འདིར་བླང་བའོ། །གྲུ་ལ་ནང་དུ་འབྱམ་པ་ཉིད་དུ་ཤེས་ན་མི་འཆགས་སོ། །ས་ལ་ཕྱིན་པ་དང་། ས་ལ་གནས་པ་བརྟན་པོ་དང་

འབྲེལ་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། གལ་ཏེ་གྲུ་ས་ལ་ཕྱིན་པར་གྱུར་ནས་ས་ལ་གནས་པ་བརྟན་པོ་དང་འབྲེལ་བར་གྱུར་ན་ཉེ་བར་འགྲོ་བ་པོས་ཤེས་པར་མ་གྱུར་ལ། དེ་དབྱར་གྱི་ནང་དུ་འབྱམ་པར་གྱུར་པ་ཉིད་དུ་མི་ཤེས་ན་དེ་ལྟར་ན་དབྱར་གནས་པར་ཁས་བླངས་པ་འཆགས་ཀྱི་གཞན་དུ་ནི་མི་འཆགས་
སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པ་དེ་མི་ཤེས་ལ་མ་ལོན་པར་གྲགས། དེ་ལྟར་མ་ལོན་པའི་ཆོས་ཅན་ཉིད་དུ་མི་ཤེས་པ་ལ་ནི་ཁས་ལེན་པ་ལ་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་དག་གྲུར་དབྱར་གནས་པར་ཁས་ལེན་པར་བགྱིད་ན། དབྱར་རལ་
བར་བརྗོད་པར་བགྱིའམ། རལ་བར་བརྗོད་པར་མི་བགྱི། བཀའ་སྩལ་པ། གལ་ཏེ་བརྗོད་ཀྱི་ནང་དུ་འབྱམ་པར་འགྱུར་བ་ཉིད་དུ་ཤེས་ན་དབྱར་རལ་བར་བརྗོད་པར་བྱའོ། །འོན་ཏེ་མི་ཤེས་ན་ནི་དབྱར་རལ་བར་བརྗོད་པར་མི་བྱའོ་ཞེས་གསུངས་པ་དང་། ཁ་ཅིག་ལས། བཙུན་པ་རེ་ཞིག་དགེ་སློང་གྲུར་
དབྱར་གནས་པར་ཁས་ལེན་ན་དབྱར་གནས་པར་ཁས་བླངས་ཞེས་བགྱིའམ། གལ་ཏེ་ས་ལ་བརྟེན་ཅིང་གནས་པ་ཡིན་ན་དབྱར་གནས་པར་ཁས་བླངས་ཞེས་བྱའོ། །བཙུན་པ་ཕུར་པའམ་ཞུགས་ཤིང་དང་འབྲེལ་པ་ལགས་ན་དབྱར་གནས་པར་ཁས་བླངས་ཞེས་བགྱིའམ། ཉེ་བ་འཁོར་གནས་པར་
ཁས་བླངས་ཞེས་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་གཉིས་ཀ་བསྡུས་ནས་དེ་སྨོས་པ་ཡིན་ནོ། །དེའི་ལྟ་བ་ལ་མངོན་པར་ཞེན་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ནས་སྐྱ་རེངས་ཤར་ན་འཇིག་གོ་ཞེས་བྱ་བ་ལ། འཇིག་གོ་ཞེས་བྱ་བ་ཁས་བླངས་པ་དེའོ། །དེ་ལྟ་བ་ལ་ཞེས་བྱ་བ་ནི་ཆོས་མ་ཡིན་
པའི་ཕྱོགས་དེའི་ལྟ་བ་ལའོ། །གང་གི་ཚེ་ན་འདི་ཉམས་པ་ཡིན་ཞེ་ན། དེའི་ཕྱིར་སྐྱ་རེངས་ཤར་ནའོ་ཞེས་བྱ་བ་སྨོས་ཏེ་ཆོས་མ་ཡིན་པའི་ཕྱོགས་ཀྱི་ལྟ་བ་ལ་མངོན་པར་བརྟེན་ནས་ཆོས་མ་ཡིན་པའི་ཕྱོགས་སུ་མངོན་པར་མཆིས་ན། སྐྱ་རེངས་ཤར་བའི་དུས་སུ་ཁས་ལེན་པ་འཇིག་པའོ། །
འདིར་གཞུང་ནི། དགེ་སློང་བཞི་དག་ལས་བཙུན་པ་རེ་ཞིག་དབྱར་གྱི་ནང་དུ་དགེ་འདུན་བྱེ་བར་གྱུར་ལ། དེ་ན་གལ་ཏེ་དགེ་སློང་བསམས་བཞིན་དུ་ཆོས་ཀྱི་ཕྱོགས་ནས་ཆོས་མ་ཡིན་པའི་ཕྱོགས་སུ་མཆི་ན་དབྱར་རལ་ཞེས་བགྱིའམ། ཉེ་བ་འཁོར་གལ་ཏེ་དེའི་ལྟ་བ་འདོད་ཅིང་དེར་ཡང་སོང་ན་སྐྱ་

རེངས་ཤར་ན་དབྱར་རལ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཐེ་ཚོམ་ཟ་བ་ཉིད་ལ་ནི་མི་འཇིག་གོ་ཞེས་བྱ་བ་ནི་བདག་གནས་པར་ཁས་བླངས་སམ་འོན་ཏེ་མ་བླངས་སྙམ་དུ་ཐེ་ཚོམ་ཟ་བ་ཉིད་ལ་ནི་དབྱར་གནས་པར་ཁས་བླངས་པ་མི་འཇིག་པའོ། །མཐའི་
ཞག་དྲུག་ལ་བྱིན་གྱིས་བརླབ་པ་མི་འཆགས་སོ་ཞེས་བྱ་བ་ནི་གནས་པར་ཁས་བླངས་ནས་ཟླ་བ་གསུམ་གྱི་མཐའི་ཞག་དྲུག་ལུས་པའི་ཚེ། ཕྱི་རོལ་དུ་འགྲོ་བའི་ཕྱིར་བྱིན་གྱིས་བརླབ་པ་མི་འཆགས་པ་སྟེ། དུས་ཧ་ཅང་ཡུན་ཐུང་ངུ་ལས་འདའ་བའི་ཕྱིར་རོ། །ཧ་ཅང་ཐུང་ངུ་ཉིད་ལ་མ་རྫོགས་
པ་རིགས་པ་ཡིན་ཏེ། གང་གི་ཕྱིར་སྐྱེས་པ་ངན་པ་ཉིད་དེ་ཞེས་བྱ་བ་ནི་ཞུ་བ་ལས་འབྱུང་བས་དགོངས་པ་མཐོང་བ་དེ་ལྟ་བས་ན་མདོ་འདི་ཡིན་ནོ། །བྱ་བ་མེད་པར་ཤེས་ནས་ཕྱིར་མི་ལྡོག་པ་དང་གནས་པ་དག་ལ་ནི་འཇིག་གོ་ཞེས་བྱ་བ་ནི། འབྲས་བུ་མེད་པ་ཉིད་གང་གིས་ཤེས་པ་དེ་ནི་འབྲས་བུ་ཤེས་པ་
ཉིད་ཤེས་པའོ། །བྱིན་གྱིས་བརླབས་ཏེ་འགྲོ་བཞིན་པ་ལ་བསྒྲུབ་པ་མི་དགོས་པའི་སྐབས་རྙེད་ཅིང་ཕྱིར་མི་ལྡོག་པར་འགྲོ་བ་ལ་དབྱར་གནས་པར་ཁས་བླངས་པ་དེ་འཇིག་གོ། །བྱིན་གྱིས་བརླབས་ནས་འགྲོ་བ་ལ་དེ་སྨོས་ཏེ། འདིར་གཞུང་ནི་གལ་ཏེ་ཤུལ་གྱི་དབུས་ཁོ་ནར་དོན་དེ་བག་ཡངས་སུ་
གྱུར་ན་དེ་མཆི་བར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། གལ་ཏེ་འགྲོ་ན་དབྱར་རལ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདྲ་བ་ཉིད་ཀྱིས་འདྲ་བ་ཡང་ཤེས་པའོ། །འདི་ལ་མཐར་ཐུག་པའི་མཐའ་ནི་ཞག་བདུན་ཉིད་དོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་བྱིན་གྱིས་
བརླབ་པ་ལའོ། །ཞག་གཅིག་ལ་སོགས་པ་རྣམས་ལ་ཡང་བྱིན་གྱིས་བརླབ་ཏུ་རུང་བ་ཉིད་དུ་དེ་བསྟན་པའོ། །གནང་བ་མ་ཐོབ་པའི་མཐའ་ནི་དེ་ཡིན་ནོ་ཞེས་བྱ་བ་ནི་མཐའ་ཞག་བདུན་ཡིན་ནོ། །གཞན་གྱི་ནི་ཞག་བཞི་བཅུའོ་ཞེས་བྱ་བ་ལ། གཞན་གྱི་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་གནང་བ་
ཐོབ་པ་དག་གི་མཐའ་ནི་ཞག་བཞི་བཅུའི་མཐར་ཐུག་པའོ། །གནང་བ་ཐོབ་པས་དགེ་སློང་གི་མདུན་དུ་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །གནང་བ་སྦྱིན་པ་ནི་བྱིན་གྱིས་བརླབ་པ་གནང་བ་སྦྱིན་པའོ། །བྱིན་གྱིས་བརླབས་པ་མ་ཡིན་པ་བསྒྲུབ་པ་མ་ཡིན་ཞེས་བྱ་བ་འདིས་བྱས་པ་རིག་

པར་བྱའོ། །ཁྱེད་ལ་ཁོ་བོ་ཅག་གིས་བྱིན་གྱིས་བརླབ་པ་འདི་རུང་བར་བྱིན་གྱིས་བརླབ་པ་ཞེས་བྱ་བ་འདིར་གནང་བ་སྦྱིན་པའི་དུས་ལ་མངོན་པར་བརྟེན་ནས་དེ་རྩེ་གཅིག་པ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ། །དེ་ལྟ་བས་ན་དུས་མ་ཚང་བ་ལ་བྱིན་གྱིས་བརླབ་པ་འཆགས་པ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །
དེ་སྦྱིན་ནོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའི་གནང་བ་དེའོ། །དེ་ལས་ལྷག་པར་ཕྱི་རོལ་དུ་གནས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ལ། །དེ་ལས་ཞེས་བྱ་བ་ནི་ཞག་བཞི་བཅུ་པོ་དེ་ལས་སོ། །ལྷག་པར་ཅུང་ཟད་བྱིན་གྱིས་བརླབས་ཀྱང་རུང་བ་ཡང་འགྲོ་བ་ལ་ཅིག་ཅར་བྱིན་གྱིས་བརླབས་ཀྱང་རུང་སྟེ། དེ་ལས་
ལྷག་པར་མཚམས་ཀྱི་ཕྱི་རོལ་དུ་འདུག་པར་མི་བྱའོ། །འདིར་གཞུང་ནི་ཉེ་བ་འཁོར་མཚམས་དེར་ཆེས་མང་དུ་འདའ་བར་བྱའོ་ཞེས་གསུངས་པ་དེ་མདོ་ཡིན་ནོ། །དེ་ནི་སྡེ་པ་ལྔ་པོ་དག་གི་ཡང་ཡིན་ནོ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པ་དེ་ཞེས་བྱ་བའི་དོན་ཏོ། །དེ་ནི་མཚམས་ཀྱི་ནང་དུ་འཆགས་སོ་
ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི། གང་ཞིག་ཕྱི་རོལ་དུ་འགྲོ་བ་བྱིན་གྱིས་བརླབ་པ་དེ་ནི་སྡེ་པ་ལྔ་པོ་དག་ལ་བྱའོ་ཞེས་སྨོས་སོ། །དགེ་སློང་གི་མདུན་དུ་ཞེས་བྱ་བ་ནི་དགེ་སློང་གི་མདུན་དུ་བྱིན་གྱིས་བརླབས་ན་འཆགས་སོ་ཞེས་བྱ་བར་སྦྱར་བར་བྱའོ། །འདིར་དགེ་སློང་གི་མདུན་དུ་ཞེས་སྨོས་པ་ནི་གང་ཞིག་
དགེ་སློང་མ་རྣམས་ཀྱི་གཞན་དུ་གསུངས་པ་དེ་བས་ན་འདིར་རྟགས་བརྗོད་པར་འདོད་པ་མ་ཡིན་པ་ཞེས་བྱ་བ་རྟོགས་པར་བྱའོ། །བྱ་བ་ཐམས་ཅད་ལ་དགེ་སློང་མ་ལ་སོགས་པ་རྣམས་ལ་བསྙེན་པར་རྫོགས་པའི་དྲུང་དུ་དེ་གཙོ་བོ་ཉིད་ཀྱི་ཕྱིར་བྱ་བ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ། །དེ་ལྟ་བས་ན་འདིར་དེ་བྱེད་
པ་གང་ཡིན་པ་དེ་ནི་མི་རིགས་པར་ཤེས་པར་མི་བྱའོ། །མུ་སྟེགས་ཅན་གྱི་ལྟ་བ་དང་དབྲལ་བའི་ཕྱིར་དང་ཉེ་དུ་བྱ་བ་དང་། བདག་ཉིད་ཀྱི་ལུང་དང་རྟོགས་པ་ལ་ནེམ་ནུར་ཟ་བ་བསལ་བའི་ཕྱིར་འགྲོ་བ་ལ་དེ་བྱ་བ་མ་བསྡུས་པ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ལ། དེ་བྱ་བ་མ་བསྡུས་པ་ཉིད་དུ་
དོགས་པར་མི་བྱའོ་ཞེས་བྱ་བ་ནི་སྔར་ཆོས་དང་ལྡན་པའི་དོན་དུ་ཞེས་སྨོས་པའི་མདོ་དེས་སོ། །དེ་བྱ་བ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་དེ་བྱ་བ་ལའོ། །གནས་པར་ཁས་བླང་བ་ཉིད་ལ་གནས་པ་སྤང་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི་ཁས་བླངས་པ་ཉིད་ལ་གནས་པའི་དགེ་སློང་སྤང་བར་མི་བྱ་བ་

ཉིད་དོ། །རྣམ་པར་གཞག་པ་འདི་སོ་སོར་བརྟེན་པར་གྱུར་པས་ན་དེ་ཤེས་པའོ། །འདིར་གཞུང་ནི་དགེ་སློང་གནས་པར་ཁས་བླངས་པ་སྤང་བར་བགྱི་བ་དེ་དང་ལྷན་ཅིག་གནས་པར་བགྱིའམ། བཀའ་སྩལ་པ། དེ་དང་ལྷན་ཅིག་གནས་པར་བྱའོ། །དགག་དབྱེ་བྱས་
ནས་ནི་གནས་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་པ་དེ་ནི་དཔེ་ཡིན་ནོ་ཞེས་བྱ་བ་སྔར་མདོ་ལས། དམ་བཅས་ན་དབྱར་གནས་པ་དང་གནས་སུ་མི་འབྲེལ་བར་མི་བྱའོ་ཞེས་སྨོས་པ་དེ་ནི་དཔེ་ཙམ་དུ་ཟད་དེ། ཆོས་ལས་མི་འདའ་བའི་དོན་ལ་གནས་པའོ། །གཞན་དག་ལ་ཡང་
དམ་བཅས་པ་སྒྲུབ་པར་མི་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་དམ་བཅས་པ་སྒྲུབ་པར་མི་བགྱིད་པ་ལས་ཉེས་བྱས་སུ་གསུངས་ན། བཙུན་པ་དམ་བཅའ་བ་དུ་མཆིས། ཉེ་བ་འཁོར་ལྔ་སྟེ། ལྔ་གང་ཞེ་ན། དབྱར་
དམ་བཅའ་བ་དང་། ལྷུང་བཟེད་དམ་བཅའ་བ་དང་། ཆོས་གོས་དམ་བཅའ་བ་དང་། བསོད་སྙོམས་དམ་བཅའ་བ་དང་། ནད་པའི་སྨན་དམ་བཅའ་བ་སྟེ། དེ་ལྟར་འདི་བསྡུ་བར་བྱས་པ་ཡིན་ནོ། །འདིར་དབྱར་གྱི་ཚིག་ནི་དཔེ་ཙམ་དུ་ཟད་དེ། རྣམ་པ་དེ་དག་དང་དམ་བཅས་པ་ལས།
འདིར་གཞན་ཡང་ཁ་འོག་ཏུ་ལུས་འཁྲུས་པར་མི་བྱེད་ན། ཡང་ཉེས་བྱས་སུ་འགྱུར་རོ་ཞེས་སྦྱར་རོ། །གླེང་གཞི་ལ་སོགས་པར་གཏོགས་པའི་དབྱར་གྱི་གཞིའོ། །དབྱར་གྱི་གཞི་རྫོགས་སོ།། །།མི་སྨྲ་བའི་ཡིད་དམ་བཅའ་བར་མི་བྱའོ། །འདིས་དག་པ་
དང་གྲོལ་བ་ཐོབ་བོ་སྙམ་ན་ཉེས་པ་སྦོམ་པོ་ཞེས་བྱ་བ་ལ། འདིས་ཞེས་བྱ་བ་ནི་མི་སྨྲ་བ་འདིས་སོ། །དགེ་འདུན་འབྱེད་པ་ལ་བརྟུལ་བའི་ཕྱོགས་ལ་འདི་རིག་པར་བྱའོ། །འདིར་གཞུང་ནི། མི་གཏི་མུག་ཅན་འདི་ནི་མུ་སྟེགས་ཀྱི་རྒྱལ་མཚན་ཏེ། འདི་ལྟ་སྟེ་མི་སྨྲའོ། །དེ་ལྟ་བས་ན་དགེ་
སློང་གིས་མི་སྨྲ་བའི་ཡིད་དམ་བཅས་ན་ཉེས་པ་སྦོམ་པོའོ། །དགེ་སློང་མི་སྨྲ་བའི་ཡིད་དམ་བཅའ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དབྱར་གནས་པའི་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་དོགས་པ་དག་གིས་དགག་དབྱེ་བྱའོ་ཞེས་བྱ་བ་ནི་ཇི་ལྟར་ཡང་རུང་བས་དབྱར་

རལ་བ་ཡང་རུང་དབྱར་མ་རལ་བ་ཡང་རུང་སྟེ་དབྱར་གྱི་དུས་རྫོགས་པར་བྱའོ། །གང་གི་ཕྱིར་དབྱར་རལ་བ་ལ་དགག་དབྱེ་མི་བྱ་བ་མ་ཡིན་ནོ། །དུས་གང་གི་ཚེ་ན་དེའི་ཕྱིར་དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ། །སྤྱོད་ཡུལ་དུ་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སོ། །གང་གི་དུས་ནས་ཤེ་ན། དེའི་ཕྱིར་གང་
ཚུན་ཆད་ནས་བྱི་དོར་བྱེད་པ་ནས་སོ་ཞེས་བྱ་བ་སྨོས་ཏེ། སྔར་དབྱར་གྱི་གཞིའི་སྐབས་སུ་ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱའོ། །ཁ་ཅིག་ལས་ནི་བདུན་ནམ་བརྒྱད་ན་ཞེའོ་ཞེས་སྨོས་པས་བྱི་དོར་བྱེད་པར་རྩོམ་པའི་དུས་གང་ཡིན་པ་དེའི་ཚེ་ཞེས་བྱ་
བའི་དོན་ཏོ། །ཇི་སྐད་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་དེང་ཕྱིན་ཆད་ཞག་འདི་ཙམ་ན་དགག་དབྱེ་མཛད་པར་འགྱུར་བ་ཁྱེད་ཅག་ལ་བརྗོད་པ་ཡིན་ནོ། །གཙུག་ལག་ཁང་བརྒྱན་པར་བྱའོ་ཞེས་བྱ་བ་སྨོས་ཏེ། གང་ཚུན་ཆད་ནས་བྱི་དོར་བྱ་བ་བསྟན་པ་སྟེ། དབང་དུ་བྱས་པས་ཤེས་པར་བྱའོ། །ཁང་པ་
བརྩེགས་པ་དག་བརྩིག་གོ། །གཙང་ཁང་བྱུར་བུ་དག་ཀྱང་རི་མོ་བྲིའོ། །མཆོད་རྟེན་དག་གསོ་བ་དང་བྱི་བྱད་བྱའོ། །སེང་གེའི་ཁྲི་བརྒྱན་པར་བྱའོ། །དོ་མོད་མཚན་ཐོག་ཐག་ཆོས་མཉན་པ་འབྱུང་བར་འགྱུར་གྱི། དེར་ཚེ་དང་ལྡན་པ་དག་གི་ཚོགས་པ་སྦྱིན་པར་བྱའོ་ཞེས་སྤྱོད་ཡུལ་དུ་བརྗོད་
ནས་མདོ་སྡེ་དང་། འདུལ་བ་དང་མ་མོ་འཛིན་པ་ལ་གསོལ་བ་བཏབ་པ་དག་གིས་ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཆོས་མཉན་པ་སྦྱིན་པར་བྱའོ་ཞེས་བྱ་བ་ལ། ཚེས་བཅུ་བཞི་ཞེས་བྱ་བ་ནི་གཞན་ཞེས་བྱ་བ་འོག་མའི་ཆོ་ག་བརྗོད་པ་ལས་ཤེས་པར་བྱའོ། །གཞན་ལ་ནི་དེ་དག་གིས་ལས་ཀྱི་
མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མཚན་མོ་འདའ་བར་བྱའོ་ཞེས་བྱ་བ་ལ། གཞན་ལ་ཞེས་བྱ་བ་ནི་ཚེས་བཅོ་ལྔ་ལའོ། །དེ་དག་གིས་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་གིས་སོ། །མདུན་རོལ་དུ་ཞེས་བྱ་བ་ནི་དགག་དབྱེ་ལས་
སོ། །ཚུན་ཆད་དུ་ཞེས་བྱ་བ་ནི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་ཇི་སྲིད་དགག་དབྱེའི་ལས་རྩོམ་པ་ལ་ཐུག་པ་དེ་ཚུན་ཆད་དུ་མཚན་མོ་འདའ་བར་བྱའོ། །དེ་ལ་ཡང་གང་གི་ཞེ་ན། དེའི་ཕྱིར་དགག་དབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་དུའོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་

དགག་དབྱེའི་ལས་བྱའོ། །ཇི་ལྟར་སྐྱ་རེངས་དང་པོ་མ་ཤར་བར་ལས་ཐམས་ཅད་ཟིན་པ་དེ་ལྟར་དགག་དབྱེའི་ལས་བྱའོ། །མཐར་ཐུག་པའི་ཆ་དང་ལྡན་པའི་སྐྱ་རེངས་ཀྱི་ལས་ལ་མི་བྱ་བ་ཉིད་ཅེས་བྱ་བའི་དོན་ཏོ། །དགེ་སློང་དགག་དབྱེའི་བྱེད་པ་བསྐོ་བར་བྱའོ། །མི་ནུས་ན་དུ་མའོ་
ཞེས་བྱ་བ་ནི་དགེ་འདུན་མང་བ་ཉིད་ཀྱི་ཕྱིར་དགག་དབྱེའི་བྱེད་པ་གཅིག་གིས་མི་ནུས་ན་དགག་དབྱེ་བྱེད་པ་དུ་མ་ཡང་ཤེས་པར་བྱ་བའི་དོན་ཏོ། །དགག་དབྱེ་བྱ་བའི་ཕྱིར་གཞན་གྱི་དགེ་འདུན་ལ་གསོལ་བར་བྱའོ་ཞེས་བྱ་བ་ནི་གསོལ་བའི་ལས་བྱ་བའོ། །འདི་ལ་གྲལ་གྱི་ཆ་ལས་བྱར་རུང་ངོ་ཞེས་བྱ་བ་ནི་
གྲལ་གྱི་ཚར་གཅིག་ལ་དགག་དབྱེ་བྱེད་པ་དུ་མ་དག་གིས་ལས་བྱེད་པར་རིགས་སོ་ཞེས་བྱ་བའི་དོན་ཏོ། །རྩྭ་དཱུར་བ་བྲིམ་པ་དང་མདུན་དུ་འདུག་པ་ཡང་འདིའི་ཡུལ་ཡིན་ནོ། །དེས་རྩྭ་དཱུར་བ་བྲིམ་པར་བྱའོ་ཞེས་བྱ་བ་ནི་དགག་དབྱེ་བྱེད་པ་དེས་ཉེ་བར་མི་གནས་པ་རྣམས་ལ་བྲིམ་པ་ཡོད་པ་མ་
ཡིན་ཏེ། དེར་བྲིམ་པའི་རྣམ་པར་གཞག་པ་རྗེས་སུ་སྐྱོང་བའི་དོན་དུ་ངེས་པར་འདིར་ཉེ་གནས་ཀྱི་ཕྱིར་རྩྭ་དཱུར་བ་འབད་པ་དང་ལྡན་པས་གནས་པར་བྱའོ་ཞེས་བྱ་བའི་དོན་གྱིས་ཐོབ་པར་བྱའོ། །དགག་དབྱེའི་ཕྱིར་གཞན་གྱིས་དགེ་འདུན་ལ་གསོལ་བར་བྱའི་དགག་དབྱེ་བྱེད་པ་པོས་ནི་མ་ཡིན་ནོ་ཞེས་བྱ་
བར་དགོངས་པའོ། །དགག་དབྱེ་བྱས་ཟིན་གྱི་བར་དུ་དགེ་སློང་རེ་རེའི་མདུན་དུ་འདུག་པར་བྱའོ་ཞེས་བྱ་བ་ལ། དགག་དབྱེ་བྱས་ཟིན་གྱི་བར་དུ་ཞེས་བྱ་བ་ནི་དགག་དབྱེ་རྗེས་སུ་བསྒྲུབ་པ་ཐམས་ཅད་ལ་ཁྱབ་པ་འདི་ཡིན་ཏེ། དེ་ལ་ཇི་སྲིད་དུ་དགེ་སློང་དེས་དགག་དབྱེ་བྱས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །
མདུན་དུ་འདུག་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་གཞན་དུ་གནས་པ་དེ་ལྟར་ཁོ་ནར་རོ། །གཞན་རྗེས་སུ་མི་མཐུན་པ་ཉིད་ཀྱིས་ཕྱིར་ཚོལ་བ་པོ་ལའོ། །དེ་ལ་དགག་དབྱེ་གོ་བར་བྱ་བ་ནི་ལན་གསུམ་མོ་ཞེས་བྱ་བ་ནི་དགག་དབྱེ་བྱེད་པ་མདུན་ན་གནས་པ་དེ་ལ་དགེ་སློང་རེ་རེས་ཀྱང་དགག་དབྱེ་བྱ་བའི་སྔགས་
ལན་གསུམ་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་བ་འདིར་ཁ་ཅིག་འདིར་དགག་དབྱེའི་སྔགས་རྩོམ་པ་ན་བཏོན་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དེ་ཞེས་བྱ་བ་དེ་ཡང་། དགེ་འདུན་བཙུན་པ་རྣམས་

ལ་གནས་གསུམ་གྱིས་དགག་དབྱེ་བགྱིད་དོ་ཞེས་བྱ་བའོ། །དེར་མདུན་དུ་འདུག་པ་དགོས་པ་མེད་པ་དེ་ལྟ་བས་ན་དེ་ལ་མི་བརྟེན་པའོ། །རྒན་པའི་མཐར་འདུག་སྟེ། འདི་ལ་འདི་ལྟར་རིགས་པ་ཡིན་ཏེ། དགག་དབྱེ་བྱེད་པ་པོས་འདི་ལྟར་གོ་བར་བྱ་བར་རིགས་པ་ཡིན་ཏེ། དེ་ལྟ་བས་ན་དེ་ཉིད་ལ་
དགོངས་སུ་གསོལ་ཞེས་བྱ་བར་རིགས་པ་ཡིན་ནོ། །དེ་ཉིད་ཀྱིས་ནད་པ་ངལ་བ་དང་གནས་མལ་ཕན་ཕུན་དུ་འགྱུར་བ་དང་། དུས་ལས་ཡོལ་བ་དང་། གནོད་པ་འབྱུང་ན་གཉིས་སོ་ཞེས་བྱ་བ་ལ་གཉིས་སོ་ཞེས་བྱ་བ་ནི། གོ་བར་བྱའོ། །ནད་པ་ཞེས་བྱ་བ་ནི་གཞང་འབྲུམ་གྱི་ནད་ལ་འདིར་ནད་
པར་བརྗོད་དོ། །དུས་ལས་ཡོལ་བ་ཞེས་བྱ་བ་ནི། ལོ་གཅིག་གིས་དུས་ལས་ཡོལ་བར་གྲགས་པ་སྟེ། ཆོས་སྙན་པ་སྨྲ་བ་དང་། ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་དང་། རྩོད་པ་ཉེ་བར་ཞི་བར་བྱེད་པས་ཀྱང་འགའ་ཞིག་མང་དུ་མཚན་མོ་འདའ་བར་བྱེད་པ་དང་།
གནོད་པ་འབྱུང་བ་ནི་ཉམ་ང་བ་འབྱུང་བ་སྟེ། རྒྱལ་པོ་དང་ཆོམ་རྐུན་དང་གྲོང་བའི་མི་དང་མི་མ་ཡིན་པའི་གདུག་པ་དང་རླུང་དང་མེ་དང་ཆུ་ལ་སོགས་པའི་གནོད་པས་སྲོག་དང་དགེ་སྦྱོང་གི་ཚུལ་དང་། ཚངས་པར་སྤྱོད་པའི་བར་ཆད་ཀྱི་གནས་འདི་ལའོ། །དེར་རླུང་ལ་སོགས་པ་གསུམ་
གྱིས་ཀྱང་འདུག་པ་ལས་འདའ་བར་འགྱུར་རོ། །དེ་འདིར་ཁོངས་སུ་བསྡུ་བར་མི་རིགས་སོ། །ཐམས་ཅད་ཉམས་པར་འགྱུར་བས་ཡང་དག་པར་གོ་བར་བྱ་བ་ཁོངས་སུ་བསྡུ་བར་རིགས་པའོ། །རླུང་ལ་སོགས་པས་ཀྱང་དེ་བསྒྲུབ་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །མཐར་འཛིན་
པ་འཇུག་པ་ལ་དུས་ལས་འདའ་བར་བསྲུང་བར་བྱ་བ་མ་ཡིན་པའོ། །ཆོས་དང་ལྡན་པའི་དོན་ལ་གང་གིས་ཀྱང་བརྩམས་ཏེ་མཐར་འཛིན་པ་ནི་མི་རིགས་པ་མ་ཡིན་ནོ། །སངས་རྒྱས་ཀྱི་མཆོད་པ་ལ་སོགས་པ་གཞན་འདིར་ཐམས་ཅད་ལ་གོ་བར་བྱེད་པ་མ་སྐྱེས་པ་ལ་བར་ཆད་
བྱེད་པ་ཡོད་པ་ཡིན་ཏེ། ཚངས་པར་སྤྱོད་པའི་གནས་རྗེས་སུ་དྲན་པ་དང་ཤེས་བཞིན་གྱི་ངོ་བོ་ལ་དེའི་ཕྱིར་འདིར་གནོད་པ་ལ་འགའ་ཞིག་མ་བཟུང་བ་ཉིད་ནི་མ་ཡིན་ནོ། །འདི་ལ་རྒྱུ་མཚན་གཞན་སྡིག་པ་དང་ཕྱེ་མ་ལེབ་ལ་སོགས་པ་ཡང་ཡོད་དེ། དེ་བས་ན་འདིར་གཞང་འབྲུམ་ལ་སོགས་པའི་ཚིག་

འདི་དཔེ་ཙམ་དུ་ཟད་དེ་ཞེས་བྱ་བར་ཤེས་ནས་འདི་ལྟར་མདོར་བྱས་སོ། །དེ་ཙམ་གྱིས་ན་ཡང་ལན་གཅིག་གོ་ཞེས་བྱ་བ་ནི་ལན་གཉིས་བཟླས་པ་དེ་ཙམ་གྱིས་ཀྱང་ནད་པ་ངལ་བ་ལ་སོགས་པ་འབྱུང་བར་འགྱུར་ལ་ལྟ་ན་དགག་དབྱེ་གོ་བར་བྱ་བའི་སྔགས་ལན་གཅིག་
བཟླས་པར་བྱའོ། །དེས་གྲལ་རྫོགས་ན་གཞན་ལའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་དགག་དབྱེ་བྱེད་པ་དེས་སོ། །གཞན་ལའོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པ་གཞན་གཅིག་ལ་དགག་དབྱེ་གོ་བར་བྱེད་པའོ། །གང་གི་ཚེ་ཞེ་ན། དེའི་ཕྱིར་གྲལ་རྫོགས་ན་ཞེས་བྱ་བ་སྨོས་སོ། །དེར་
དེ་གཞན་ལའོ་ཞེས་བྱ་བ་ནི་དགག་དབྱེ་བྱེད་པ་གཞན་དེ་མེད་ན་དགག་དབྱེ་བྱེད་པ་དེས་སོ། །དགེ་སློང་གཞན་གཅིག་གིས་མདུན་དུ་དགག་དབྱེ་གོ་བར་བྱའོ། །དགེ་འདུན་ཐམས་ཅད་ཀྱི་དགག་དབྱེ་བྱས་པ་དེ་ཉིད་དགེ་འདུན་ལ་གོ་བར་བྱའོ་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་དགེ་འདུན་གྱི་
དགག་དབྱེ་བྱས་པ་ཉིད་ལ་དགག་དབྱེ་བྱེད་པ་པོས་གོ་བར་བྱའོ། །ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དགེ་སློང་འདུས་པ་ཐམས་ཅད་ཀྱིས་སོ། །ཤིན་ཏུ་དགག་
དབྱེ་མཛད་དོ་ཞེས་བྱ་བ་ནི་ཁོ་བོ་ཅག་གིས་འདི་ལ་ཐེ་ཚོམ་པར་ཞེས་བྱ་བ་དེ་ལྟར་བསྒྲུབ་པའོ། །རང་གི་རྫས་གང་ཡང་རུང་བ་ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བརྩམ་པར་བྱ་སྟེ། དེ་བླངས་ནས་ཚིག་གིས་སོ་ཞེས་བྱ་བ་ལ། རང་གིས་ཞེས་བྱ་བ་ནི་དགག་དབྱེ་
བྱེད་པོ་བདག་ཉིད་དོ། །ཇི་ལྟར་བྱ་ཞེ་ན་དེའི་ཕྱིར་དེ་བླངས་ནས་ཚིག་གིས་སོ་ཞེས་སྨོས་ཏེ། དེ་བླངས་ནས་ཐ་ན་ཞེས་བྱ་བ་ནི་རང་གིས་ཁབ་ལ་སོགས་པའོ། །གང་ལ་ཞེ་ན། དེའི་ཕྱིར་དགེ་འདུན་ལ་ཞེས་བྱ་བ་སྨོས་ཏེ། རྒན་པའི་མཐའ་ལོགས་སུ་འདུག་སྟེ་ཞེས་བྱ་བ་རྟོགས་པར་
བྱའོ། །ཚིག་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་བཙུན་པ། རྫས་ཇི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངོ་ཞེས་བྱ་བས་སོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ་ཞེས་བྱ་བ་སྨོས་ཏེ། དེའི་ཞེས་བྱ་བ་ནི་རྫས་ཀྱི་དགག་དབྱེ་བྱས་པ་དེའི་འོག་ཏུ་

ཏུའོ། །དེའི་འོག་ཏུ་དགེ་སློང་མ་རྣམས་ལའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་དགེ་ཚུལ་རྣམས་ལ་དགག་དབྱེ་བྱས་པའི་འོག་ཏུ་དགེ་སློང་མ་རྣམས་ལ་དགག་དབྱེ་བྱའོ། །རང་གི་ཕྱོགས་མ་རྫོགས་པར་ཕྱོགས་གཞན་ལ་འཇུག་པར་མི་རིགས་པ་ཞེས་བྱ་བའི་རྒྱུ་དེ་མཐོང་བ་ཡིན་ནོ། །ཚིག་འདི་ནི་
ཕྱོགས་གཞན་དུ་གཙོ་བོ་ཡིན་གྱི་བསྙེན་པར་རྫོགས་པའི་རྒྱུ་མཚན་དུ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་མ་དང་དགེ་ཚུལ་མ་རྣམས་ལ་འདི་མ་བསྡུས་པ་མ་ཡིན་ནོ། །བྱིན་གྱིས་བརླབས་ཏེ་སོང་བས་དེར་སྔར་དགག་དབྱེ་བྱེད་པ་ན་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་གང་གཞན་
དུ་སོང་བ་དེ་རྣམས་ཀྱི་དགག་དབྱེ་ནི་དེའི་འོག་ཏུ་དགག་དབྱེའོ། །བྱིན་གྱིས་བརླབ་པར་བྱས་ནས་འགྲོ་བར་གྱུར་པ་ལ་སྔ་མ་གནས་པར་ཁས་བླངས་པའི་དབང་གིས་སམ་ཚེས་གྲངས་ནོར་བའི་དབང་གིས་འམ་གང་ཟག་འཐབ་ཀྲལ་ཅན་འོང་བར་གྲགས་པའི་དབང་གིས་གནས་དེར་དགག་དབྱེའི་དུས་
པས་སྔར་ཚོགས་ཏེ་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དུ་གནས་པར་ཁས་བླངས་པ་དེ་ཉིད་དུ་དགག་དབྱེ་ངེས་པར་འཆགས་ཀྱི་གཞན་དུ་ན་མི་འཆགས་སོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་མདོར་བྱས་སོ། །འདིར་གཞུང་ནི། བཙུན་པ། རེ་ཞིག་དགག་
དབྱེའི་གདུགས་ཀྱི་ལྷག་མ་བཅུ་མཆིས་ཤིང་དགེ་སློང་དེ་ཡང་བསྐོས་ཏེ། མཚམས་ཀྱི་སླད་དུ་མཆིས་ན་དེ་ནས་གདུགས་བདུན་ན་དགག་དབྱེ་བྱུང་ནས་དེ་དེར་དགག་དབྱེ་བགྱིད་ན་དགག་དབྱེ་བགྱིས་ཞེས་བགྱིའམ་ཉེ་བ་འཁོར་དགག་དབྱེ་བྱས་ཞེས་བྱའོ། །བཙུན་པ་རེ་ཞིག་དགག་དབྱེའི་གདུགས་
ཀྱི་ལྷག་མ་བདུན་མཆིས་ཤིང་དགེ་སློང་དེ་ཡང་བྱིན་གྱིས་བརླབས་ཏེ། མཚམས་ཀྱི་ཕྱི་རོལ་དུ་མཆིས་ན་གང་དུ་མཆིས་པ་དེར་གདུགས་བཞི་ལ་དགག་དབྱེ་བགྱིས་ན་དགག་དབྱེ་བགྱིས་ཞེས་བགྱིའམ་ཉེ་བ་འཁོར་དགག་དབྱེ་བྱས་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །བུད་མེད་ལ་ནི་མ་ཡིན་ནོ་
ཞེས་བྱ་བ་ནི་འདིར་དགག་དབྱེ་བྱེད་པ་པོ་ཉིད་ལ་ཉེ་བར་འབབ་པའོ། །བུད་མེད་ལ་ཞེས་བྱ་བ་འདིས་ཀྱང་བུད་མེད་ལ་དགག་དབྱེ་བྱེད་པ་མ་ཡིན་པ་ནི་དགག་དབྱེ་བྱས་པ་ཉིད་ཅེས་བྱ་བའི་དོན་ཏོ། །དགག་དབྱེ་བྱེད་པ་པོ་ཉིད་ཀྱི་ཚིག་ནི་འདི་ཡིན་ཏེ། དགེ་འདུན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དང་པོའི་ཚིག་གིས་

རྟོགས་པའོ། །སྐྱེས་པའི་ཕྱིར་ཆོ་ག་ནི་འདི་ཡིན་ནོ་ཞེས་བྱ་བ་ཤུགས་ཀྱིས་བུད་མེད་ཀྱི་མཚན་ལ་སྐྱེས་པའི་དགག་དབྱེ་བྱས་པ་ཉིད་གང་ཡིན་པ་དེ་ནི་འགྱུར་བའི་དབང་གིས་མཚན་སྒྲུབ་པ་ཡིན་ཏེ། དེ་ནི་དགག་དབྱེ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི།
དགེ་སློང་དགག་དབྱེ་བྱེད་པ་མཚན་གྱུར་ན། དགག་དབྱེ་བྱས་པ་མ་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་པར་མི་ནུས་པ་ཉིད་ཡིན་ན་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ལ་ཚོགས་ཀྱི་དགག་དབྱེས་གོ་བར་བྱའོ་ཞེས་བྱ་བ་ནི་འདིར་སྐྱེ་གནས་འཁྲུགས་པ་ཞེས་སྨོས་པ་ཡིན་ཏེ།
རྒྱལ་པོ་ལ་སོགས་པ་ཕ་རོལ་གྱི་གནོད་པ་རྣམས་ལ་འདི་ཡོད་པ་སྟེ། དེའི་རིགས་ཅན་གཞན་རྣམས་ལ་ཡང་ཡོད་པའོ། །དེར་གནས་པར་རིགས་པ་མ་ཡིན་ཏེ། དེ་ལྟ་བས་ན་འདི་ལ་མཚོན་པ་ཙམ་ཉིད་ཡིན་ཏེ། དེ་བས་ན་འདི་ལྟར་མདོར་བྱས་སོ། །སྤྱོད་ཡུལ་དུ་གྱུར་པ་ཞེས་བྱ་བ་ལ་ཕན་ཚུན་
དུ་མཆོད་ནས་འགྲོ་བར་བྱའོ་ཞེས་བྱ་བ་ནི་འདིར་གཞན་དག་གི་འདོད་པའོ། །དེ་ལ་ཐམས་ཅད་ཀྱིས་ཕན་ཚུན་དུ་ཞེས་དོན་འདི་རིགས་པ་ཡིན་ཏེ། མི་ནུས་པ་ཉིད་ཀྱི་ཕྱིར། གང་གིས་གང་མཐོང་བ་དེས་དེ་བལྟ་བར་བྱའོ་ཞེས་བྱ་བ་འདིར་དོན་འདི་རྟོགས་པར་བྱའོ། །འདིར་ཡང་སྤྱོད་ཡུལ་ཐོབ་པ་ཉིད་ལ་དེ་
བརྟན་པ་ཞེས་བྱ་བ་རྟོགས་པར་བྱ་ཏེ། ངེས་པ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་འབྲེལ་པའོ། །དགེ་འདུན་ལ་རྫས་ཀྱི་དགག་དབྱེ་ཞེས་བྱ་བ་ནི་སྔགས་མཚོན་པའོ། །སྔགས་འདི་ལ་རྣམ་པ་གང་ཀླགས་པ་དེས་ལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དོན་གྱི་སྔགས་དེས་ཞེས་བྱ་བ་ཐོབ་པ་ཡིན་ནོ། །འདིར་
སྔགས་ནི་ཚེ་དང་ལྡན་པ་དེང་ནི་དགེ་འདུན་དགག་དབྱེ་མཛད་དེ། བདག་དེ་སྲིད་དུ་དེང་དགེ་འདུན་ལ་དགག་དབྱེ་བགྱིད་དོ་ཞེས་བྱ་བའོ། །སྐྱེ་བའི་གནས་འཁྲུགས་པ་ལ་སོགས་པའི་ཉེ་བར་འཚེད་པས་མི་ནུས་པ་ཉིད་ལ་གནས་པའི་ཕྱིར་སྤྱོད་ཡུལ་ཐོབ་པའི་དགེ་སློང་དགེ་འདུན་གྱི་དགག་དབྱེ་བལྟ་བར་བྱའོ་
ཞེས་བྱ་བའི་དོན་ཏོ། །དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི་ཁས་བླངས་པ་བསལ་བར་གྱུར་པ་དེའི་ངོ་བོ་ཅུང་ཟད་སྐྱེས་པར་གྱུར་ན་གནས་པའི་ཕྱིར་མི་རིགས་པ་དབྱར་རལ་བ་རིགས་པའི་བྱ་བ་དེས་འགྲོ་བར་བྱེད་ཅིང་རང་དགར་འགྲོ་བ་མ་ཡིན་ཏེ། གལ་ཏེ་དབྱར་གྱི་ནང་དུ་དགག་དབྱེ་

བྱེད་པ་ལ་མི་རིགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་བཙུན་པ་འདི་ལྟར་དགེ་སློང་ཁྲིམས་ལུགས་སུ་བགྱི་བ་འདི་ལྟ་བུ་བགྱིས་ན་དབྱར་གནས་པར་ཁས་ལེན་པར་བགྱིད་དོ། །ཚེ་དང་ལྡན་པ་བདག་གལ་ཏེ་བདག་དབྱར་གྱི་ནང་དུ་ཉེ་དུའི་གན་དུ་འགྲོ་བའི་དགག་དབྱེ་སྦྱིན་པ་ལྟ་ན། བདག་དབྱར་
གནས་པར་ཁས་ལེན་ཏོ་ཞེས་འཆི་ན། བཙུན་པ། དགག་དབྱེ་སྩལ་བར་བགྱི་འམ། ཉེ་བ་འཁོར་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རྒྱུ་མཚན་མེད་པར་དབྱར་རལ་བར་མི་རིགས་ཏེ། ཉེ་དུའི་དྲུང་དུ་འགྲོ་བ་རྒྱུ་མཚན་གཅིག་པུར་ནི་མ་ཟད་དེ་རིགས་པ་མེད་པར་ཡང་དབྱར་གྱི་ནང་དུ་དགག་དབྱེ་
མ་བྱས་པ་ཉིད་ལ་དགེ་འདུན་གྱི་ཁྲིམས་སུ་བྱ་བ་མི་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་ཇི་ལྟར་ཆོ་ག་འདི་ལ་སྐྱེད་པ་མ་ཡིན་པ་དེ་བཞིན་དུ་རྣམ་པར་གཞག་པ་རིགས་སོ། །རྣམ་པ་གསུམ་གྱིས་མདོར་བྱས་པ་གནས་ཏེ། དེའི་ཕྱིར་འདི་ལྟར་མདོར་བྱས་སོ། །གཞི་འམ་གང་ཟག་གམ་གཉིས་ཀ་
བཞག་ནས་ཀྱང་ངོ་ཞེས་བྱ་བ་ནི་དགག་དབྱེ་བྱར་རུང་སྟེ་གཞིའི་སྒྲས་ནི་ལྟུང་བ་ཞེས་སྨོས་སོ། །ཕམ་པར་འགྱུར་བ་ལས་ལྟུང་བྱེད་ཀྱི་སྡེ་ཚན་གཞན་དུ་གཞག་པའོ། །དེ་ལྟར་ཡང་འདིར་གཞུང་ནི། གལ་ཏེ་དགེ་འདུན་ལྷག་མ་ཤེས་ན་བྱིན་གྱིས་བརླབས་ཏེ་དགག་དབྱེ་བྱའོ། །ཕམ་པར་འགྱུར་བར་ཤེས་
ན་ནི་བསྙིལ་བར་གསུངས་པས་བསྙིལ་ཏེ་དགག་དབྱེ་བྱའོ། །དེ་ལས་གཞན་པ་དག་ཤེས་ན་ནི་བཤགས་ཏེ་དགག་དབྱེ་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆེ་གེ་མོ་ལ་ལྟུང་བ་བཞག་ནས་དགག་དབྱེ་བྱའོ་ཞེས་བྱ་བ་ནི་གཞག་པ་ལ་རིམ་པས་སོ། །འདིར་གང་ཟག་གང་དུ་གཏོགས་པ་འདི་ལ་ཅུང་ཟད་
འཇུག་པར་འགྱུར་བ་དེ་ནི་རིགས་པ་ཡིན་ཏེ། དེ་བསྐུལ་བ་པོའམ་གཞན་ཡང་རུང་སྟེ། གང་ཟག་ལྷག་མ་ཡོད་མོད་ཀྱི་གཞན་ཐམས་ཅད་ལ་ནི་འཇུག་པའི་དབང་དུ་བྱ་སྟེ། དགག་དབྱེའོ་ཞེས་བྱ་བ་འདིར་གཞག་པའི་རིམ་པ་འདི་ཡིན་ནོ། །གཉིས་ཀ་ཞེས་བྱ་བ་ནི་གཞི་དང་གང་ཟག་གཉིས་ཀའོ། །
དེ་དག་མནོད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པས་དགག་དབྱེ་བྱེད་པའོ། །གཞག་པར་བྱ་བ་མཐའ་མ་གཏོགས་པ་ཉིད་ཁས་བླང་བར་བྱའོ་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་འདིར་དང་པོར་ཞེས་གསུངས་པས་ཕམ་པར་འགྱུར་བ་དེ་ལས་གཞན་པ་གཞག་པར་བྱ་བ་ལ་ཁས་བླངས་ནས་མནོད་པར་

བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཁས་བླང་བར་བྱ་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པ་ཅི་ནས་ཀྱང་གཞི་འཇོག་པར་བྱེད་ཅིང་གང་ཟག་འཇོག་པར་མི་བྱེད་པ། དེའི་དོན་དང་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་
རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པས་གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་སོ་ཞེས་བྱ་བ་སྨོས་ཏེ། །འོ་ན་དེང་ཞེས་བྱ་བ་ནི་འདིར་གཞག་པ་ལ་དགོས་པ་མེད་དེ། །འོན་ཀྱང་ཁྱོད་རྣམ་པར་དག་པར་བྱ་
བའི་དགོས་པ་ཡོད་པས། གལ་ཏེ་དེ་སྙམ་དུ་སེམས་ན་བདག་ལ་ཡང་དག་པ་ཉིད་འདོན་པར་མི་བྱ་བ་མེད་དེ། དེ་དགག་དབྱེ་གྱིས་ཤིག་ཅེས་བྱ་བའི་དོན་ཤེས་པར་བྱའོ། །དེ་ལ་བདག་ཅག་གཞག་པ་ལ་དགོས་པ་མེད་དེ། དེ་མེད་པར་གལ་ཏེ་དགག་དབྱེ་བྱེད་ན། དགག་དབྱེ་གྱིས་ཤིག་ཅེས་
བྱའོ། །ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་ཙམ་ནི་གསོ་སྦྱོང་གི་རྣམ་པར་དག་པའོ། །འདི་ནི་ཅང་ཤེས་ཉིད་ཀྱང་ཡང་དག་པར་ཞུགས་པ་ཉིད་ལ་བསྐུལ་བ་དང་། གདམས་ངག་དང་རྗེས་སུ་བསྟན་པ་རྣམས་དང་། ས་དང་སེམས་ལས་བྱུང་བ་རྣམས་ལས་ཁྱད་པར་དུ་
འཕགས་པ་ཉིད་ཅེས་བྱ་བ་དེ་ལྟར་བརྗོད་པའི་ཚིག་གོ། །ཆོས་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ནི། འདིར་འདོན་པ་གཞན་དེ་འདིར་དོན་ནི་དེ་ཉིད་དོ། །གང་ཟག་འཇོག་པར་བྱེད་ཅིང་གཞི་འཇོག་པར་མི་བྱེད་པ་དང་། གཞི་ཡང་འཇོག་པར་བྱེད་ཅིང་གང་ཟག་ཀྱང་འཇོག་པར་བྱེད་པའིའོ་ཞེས་བྱ་བ་ནི་
འོན་ཀྱང་ཚེ་དང་ལྡན་པ་ཅི་ནས་ཀྱང་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱི། ཚེ་དང་ལྡན་པ་འགའ་ཞིག་ལ་གང་ཟག་འཇོག་པར་བྱེད་ཅིང་གཞི་མི་འཇོག་པ་དང་། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཚིག་དང་པོའོ། །གཞན་ནི་འོན་ཀྱང་ཚེ་དང་ལྡན་པ་འགའ་ཞིག་གཞི་ཡང་འཇོག་
པར་བྱེད་ཅིང་གང་ཟག་ཀྱང་འཇོག་པར་བྱེད་དེ། འོན་ཀྱང་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁས་བླངས་པ་ཉིད་ནི་གཞག་པའམ། གཞག་པ་བསྙོན་པས་ནི་ཁས་བླངས་པ་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་ནི། དགག་དབྱེ་བྱེད་པར་ཁས་

བླངས་པ་ལ་གལ་ཏེ་གཞག་པའམ་གཞག་པ་སྙོན་པར་བྱེད་པ་དེ་བདག་གིས་གཞག་པ་ཉིད་མ་བྱས་ཏེ། ཅུང་ཟད་ཀྱང་མ་བཞག་གོ་ཞེའམ། ཡང་ན་གཞག་སྟེ་བདག་གིས་འདི་མ་བཞག་གི་གཞན་གཞག་གོ་ཞེས་བསྙོན་ན། དེ་གཉིས་ཀ་ལྟར་ཡང་དགག་དབྱེ་ཁས་བླངས་པ་གང་
ཡིན་པ་དེ་དག་ཉམས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྔ་མའམ་འདིའི་རྣམ་པ་དེ་ལྟ་བུ་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་ན་བརྫུན་ཉིད་དོ་ཞེས་བྱ་བ་ནི་གཞག་པ་སྔ་མ་ལ་དེ་ལྟར་བརྗོད་པ་ལ་གཞག་པ་འདི་ལ་ཡང་བརྫུན་ཉིད་དུ་ཤེས་པར་མི་བྱའོ། །དེ་ལྟ་བུའི་ཆས་སྨོས་པ་དེ་ནི་བརྫུན་
དུ་སྨྲ་བ་ཉིད་ཅེས་བྱ་བའམ། བརྫུན་དུ་སྨྲ་བའི་རབ་ཏུ་དབྱེ་བ་ཐེ་ཚོམ་བཟློག་པར་བྱ་