Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 161
Văn bản gốc(Tây Tạng)
Trang 3 / 19 (50.000 ký tự/trang)
དང་ངོ་ཞེས་བྱ་བ་སྨོས་ཏེ། གང་དུ་བླ་གབ་མེད་པར་ཞེས་བྱ་བ་སྒྲིབ་པ་མེད་པའི་ཕྱོགས་ནི་སྔ་མ་དང་ངོ་ཞེས་བྱ་བ་ནི་ཁྱིམ་པ་དང་ ལྷན་ཅིག་འགྲེང་བ་ལ་ཞེས་བྱ་བའི་དོན་ཏོ། །བཞི་པ་གང་ལ་ཡིན་ཞེ་ན། དེའི་ཕྱིར་ཕྱི་མ་དང་ངོ་ཞེས་བྱ་བ་སྨོས་ཏེ། བླ་གབ་མེད་པར་དགེ་སློང་ཕྱི་མ་དང་ལྷན་ཅིག་གནས་པ་ལའོ་ཞེས་བྱ་བའི་དོན་ཏོ། །གསུམ་པོ་དེ་རྣམས་ལ་ནི་འདུག་པ་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་རོ། །དེ་གྲོགས་དང་བཅས་པ་ ཉིད་ཡིན་ན་ལྟུང་བ་མེད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ལ་དགེ་སློང་ལའོ། །གྲོགས་དང་བཅས་པ་ཉིད་ཡིན་ན་ཞེས་བྱ་བ་ནི་གཉིས་དང་བཅས་པ་ཉིད་ལ་ནི་ལྟུང་བ་མེད་དོ། །འདིར་གཞུང་ནི། གལ་ཏེ་དགེ་སློང་གྲོགས་དང་བཅས་པ་ཉིད་ཡིན་ན་ཞེས་བྱ་བའི་དོན་ཏོ། ། དགེ་སློང་མ་ཁྲིམས་ཟླ་དང་བཅས་པ་གཅིག་ཡིན་ན་ཡང་ངོ་ཞེས་བྱ་བ་ཡང་ལྟུང་བ་མེད་དོ་ཞེས་བྱ་བ་དང་སྦྱར་རོ། །ཐག་ཇི་སྲིད་ཀྱི་དབང་གིས་གྲོགས་དང་ཐ་དད་པ་ཉིད་མ་ཡིན་པར་གནས་པའི་ཐག་དེ་ཙམ་ན་གྲོགས་འདུག་ན་ཁྲིམས་ཟླ་དང་བཅས་པ་ཉིད་ཡིན་ཏེ། དེ་ཕྱི་ནས་འབྲང་བའི་དགེ་སྦྱོང་ཉིད་དུ་ གཏོགས་པར་བྱའོ། །གང་ལ་བསླབ་པའི་གཞི་ལྔ་པར་འགྱུར་ཞེ་ན། དེའི་ཕྱིར་ཁྱིམ་པའི་རྣར་བཤུབ་ཅིང་སྨྲ་བ་ལའོ་ཞེས་བྱ་བ་སྨོས་ཏེ། བྱེ་བྲག་མ་བསྟན་པས་དབེན་པ་སྐྱབས་ཡོད་པ་ཡང་རུང་། བླ་གབ་མེད་པ་ཡང་རུང་། གྲོགས་ཡོད་པ་ཡང་རུང་། གཅིག་པུ་ཡང་རུང་བ་ཤེས་པར་བྱའོ། ། འདིར་སྨྲ་བ་ལའོ་ཞེས་བྱ་བ་ནི་གང་ཡང་རུང་བ་འབྲེལ་བའི་དོན་དང་འབྲེལ་པ་མེད་པའི་དོན་ནམ་དོན་དང་བཅས་པའམ། དོན་མེད་པའི་ཚིག་སྨྲ་བ་ལ་ཁ་ན་མ་ཐོ་བ་འདི་ཡིན་ནོ། །དབེན་པར་སྨྲ་བ་ཉམས་སུ་མྱོང་བ་འདིར་གཙོ་བོ་ཉིད་དུ་རྣམ་པར་གཞག་པས་དཔུང་མགོའི་ཕྱི་རོལ་གྱི་མཐའ་ལས་སྨྲ་ བ་མོའི་ཀོ་སྐོའི་མཐའ་ཆ་འདས་ན་དེ་ནི་རྣར་བཤུབ་ཅིང་ཉེ་བར་འབྲེལ་པའི་ལྟུང་བྱེད་ཀྱི་དང་པོར་རྣམ་པར་གནས་པ་ཡིན་ནོ། །མདུན་རོལ་དུ་སྙིང་གའི་རུས་པ་དང་། ཕྱི་ནས་མཆན་ཁུང་གི་ཕྱོགས་ནས་སྨྲ་སྟེ་གོ་ནའོ། །དྲུག་པ་གང་ཞེ་ན་དེ་ལས་དེས་དེ་ཉན་པ་ལའོ་ཞེས་བྱ་བ་ནི། དེས་སྨྲས་པ་དེ་ ཅུང་ཟད་པ་ལ་མཐའ་ཞེས་བྱ་བའོ། །དེ་བཞིན་དུ་རྣ་བ་དང་ཉེ་བར་སྨྲ་བ་འདི་བཟུང་བ་ལ་ཁྱིམ་པ་དེ་ལས་རྣར་བཤུབ་ཅིང་སྨྲ་བ་ལའོ། །བདུན་པ་ནི་དགེ་སློང་གིའོ་ཞེས་བྱ་བ་སྟེ། རྣར་བཤུབ་ཅིང་སྨྲ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །བསླབ་པའི་གཞི་བརྒྱད་པ་ནི་དེ་ལས་ ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་རྣར་བཤུབ་ཅིང་སྨྲ་བ་ཉན་པ་ལའོ་ཞེས་བྱ་བའི་རྗེས་སུ་བསྙེགས་པའི་ཕྱིར་རོ། །དེ་ལས་ཀྱང་ངོ་ཞེས་བྱ་བ་ཡང་སྒྲས་འདིས་དགེ་སློང་དང་ཁྱིམ་པ་གཉིས་ཀ་ཡང་བཟུང་བ་ཡིན་ཏེ། གཉིས་པོ་དེ་དག་གི་དྲུང་དུ་རྣར་བཤུབ་ཅིང་སྨྲ་བ་ཉན་པ་ལ་ལྟུང་བྱེད་དུ་ བལྟ་བར་བྱའོ། །ཁྱིམ་པ་དང་ལྷན་ཅིག་པ་ཉིད་ལ་རྣམ་པ་འདིར་འགྱུར་བའམ་བྱེ་བྲག་མེད་པར་རོ། །དེ་ལ་ཁྱིམ་པ་དང་ལྷན་ཅིག་པའི་རྣམ་པའམ་དགེ་སློང་དང་ལྷན་ཅིག་ཏུ་གྱུར་པ་ལ་ལྟུང་བ་མེད་པ་ཐོབ་པའོ། །བྱེ་བྲག་མེད་པར་སྨྲ་བ་ལ་དགེ་སློང་དང་ལྷན་ཅིག་པ་ཉིད་ནི་དགེ་འདུན་གྱི་ཁོངས་སུ་ འདུས་པ་ཉིད་ཀྱི་ཕྱིར་འདི་ལ་ཉེས་པ་མེད་དོ། །དེ་ལྟ་བས་ན་དགོས་པ་འདི་ལ་ལྟུང་བ་མེད་ཅེས་བྱ་བའོ། །དེ་བས་ན་ཁྱིམ་པ་དང་དགེ་སློང་གི་དབྱེ་བ་ལ་སོགས་པ་ལ་བརྟེན་ནས་བཅས་པ་འདི་རྣམས་མཛད་དོ། །དགེ་སློང་དང་ལྷན་ཅིག་པ་ཉིད་ལ་དགེ་ཚུལ་ལ་འདིར་དགེ་སློང་ཉིད་ཅེས་སྨོས་ ཏེ། ཉེས་དམིགས་མཚུངས་པ་ཉིད་ཀྱི་ཕྱིར་འདིར་ཡོངས་སུ་རྫོགས་པ་ཉིད་དང་། འདིར་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ཁྱིམ་པ་ཉིད་ཅེས་གོ་བར་བྱའོ། །དགུ་པ་གང་ལ་ཡིན་ཞེ་ན། དེའི་ཕྱིར་ཁྱིམ་པ་ལས་རིག་པ་ལེན་པ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མས་ཁྱིམ་པ་ལས་རིག་པ་གང་ ཡང་རུང་བ་ལན་པ་ལ་ལྟུང་བྱེད་འདིར་འགྱུར་རོ། །འདི་ནི་སྦོམ་དགའ་མོས་ཆགས་པར་གྱུར་པས་སྐྱེས་པ་ལས་རིག་པ་བླངས་ནས། དེའི་ཚིག་ཉན་དུ་གཞུག་པའི་ཕྱིར། ཡང་དང་ཡང་དུ་བཟླས་པ་འཆོལ་བར་བྱེད་པ་དེ་ལས་བཅས་པ་ཡིན་ན། །བཅུ་པ་ནི་དེ་ལས་དེ་ཀློག་པ་ལའོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ཁྱིམ་པ་ལའོ། །དེ་ཞེས་བྱ་བ་ནི་རིག་པའོ། །ཀློག་པ་ལ་ནི་ལྟུང་བྱེད་དོ། །འདིར་རིག་པ་ཞེས་བྱ་བ་ནི་དཔེ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །བསྒོམ་པར་བྱ་བ་མ་ཡིན་པ་ཐམས་ཅད་ལ་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །ཁ་ན་མ་ཐོ་བ་འདི་བྱེད་དུ་བཅུག་ནས་དགེ་སློང་ དང་ལྷན་ཅིག་པ་ཉིད་དུ་འདིར་དགེ་སློང་མ་དང་དགེ་སློབ་མ་སློབ་དཔོན་དུ་རིགས་པ་ཉིད་ཀྱི་ཕྱིར་ལྟུང་བ་མེད་པའོ། །འདིར་ཡང་དགེ་སློང་དང་ལྡན་པ་ཉིད་ནི་དགེ་ཚུལ་ལ་རྣམ་པར་གནས་པ་ཡིན་ནོ། །འདི་དང་ཡང་ལྷན་ཅིག་ཏུ་རིགས་པ་ཉིད་ཀྱི་ཕྱིར། དགེ་སློབ་མས་སློབ་མ་དང་སློབ་དཔོན་ཉིད་དུ་ཕྱི་ རོལ་པའི་རབ་ཏུ་བྱུང་བ་ལ་ཁྱིམ་པ་ཉིད་ཡོངས་སུ་རྫོགས་པ་ཁོ་ནའོ། །གང་དུ་བཅུ་གཅིག་པ་འདི་ལ་རིག་པར་བྱ་བ་མ་ཡིན་པ་དང་། བསྟེན་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྒྱུ་ཐབས་ཀྱིས་རྨ་བཅིངས་ཤིང་འགྲོལ་དུ་འཇུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། སྒྱུ་ཐབས་ཀྱིས་ཞེས་ བྱ་བ་ནི་ཉོན་མོངས་པ་ཅན་གཙོ་བོ་ཉིད་ཀྱིས་སོ། །རྨ་བཅིངས་ཤིང་ཞེས་པ་ནི་བཅིངས་ཤིང་བཅིངས་ཤིང་། སྐྱེས་པ་ལ་འགྲོལ་དུ་འཇུག་ན་དངོས་གཞིའོ། །སྒྱུ་ཐབས་ཀྱིས་བུད་མེད་འགྲོལ་དུ་འཇུག་པ་ལ་ནི་ཉེས་བྱས་སོ། །འདི་ནི་གཙུག་དགའ་མོའི་དཔུང་པ་གཡས་ པར་ཕོལ་མིག་བྱུང་བའི་རྨ་དེ་སྨན་པས་ཟན་གྱིས་གླན་ནས་རས་མས་བཅིངས་པ་དང་། དེས་ཧ་ཅང་ལྷོད་དོ། །ཧ་ཅང་དམ་མོ། །ཞེས་ཟེར་ཞིང་ཡང་དང་ཡང་འགྲོལ་དུ་བཅུག་པ་དེ་གང་ཡིན་པ་ལས་བཅས་པ་ཡིན་ནོ། །དེའི་ཕྱིར་དོན་བདེན་པ་ཉིད་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་ སྒྱུ་ཐབས་ཀྱིས་འགྲོལ་དུ་འཇུག་པ་འདི་ལ་ལྟུང་བྱེད་ཡིན་པ་དེའི་ཕྱིར་དམ་ཡང་དག་གམ། ལྷོད་པ་ལ་སོགས་པ་བཅིངས་པ་ཉིད་ཀྱི་ཡང་དག་པའི་དོན་བདེན་པ་ཉིད་ལ་ནི་ལྟུང་བ་མེད་པར་བལྟ་བར་བྱའོ། །འདིར་རེག་པ་ལ་གཞན་འདྲེན་མའི་ཁ་ན་མ་ཐོ་བའི་མཚན་ཉིད་ཇི་ལྟ་བར་རྟོགས་པར་བྱའོ། ། འདིར་དགེ་སློང་ལ་ཆུང་བ་ཉིད་ཀྱི་ཕྱིར་འདི་དང་འབྲེལ་བའི་རྒྱུད་ལ་སྐྱེས་པ་ལ་ནི་ཉེས་བྱས་སུ་རིག་པར་བྱའོ། །འདིར་ཡང་བྱ་བ་ཙམ་གཙོ་བོ་ཡིན་ཏེ། དེ་བས་ན་ཕྱེད་འགྲོལ་དུ་བཅུག་པ་ལ་ཡང་ལྟུང་བྱེད་འདིའོ། །ལན་མང་པོ་འགྲོལ་དུ་འཇུག་ཅིང་སྒྱུ་ཐབས་ཀྱིས་བཀྲོལ་བ་ཇི་སྙེད་པ་དེ་རྣམས་ ལ་ལྟུང་བྱེད་དུ་འགྱུར་རོ། །རེག་པར་བྱ་བ་མ་ཡིན་པ་དང་བསྟེན་པ་ལས་གྱུར་པའི་ལྟུང་བྱེད་དེ་བཅུ་གཅིག་གོ། །།གང་ལ་བུ་འཚོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་བུ་འཚོ་བ་ལའོ་ཞེས་བྱ་བ་སྨོས་ཏེ། བུ་ཕྲུག་འཚོ་ཞིང་རྩེ་བ་ལའོ། །འདིར་གླེང་གཞི་ལས་ཁྱེའུ་ཞེས་སྨོས་པ་ ནི་བུ་མོ་དང་མ་ནིང་གི་དཔེ་ཡིན་ཏེ། རྣམ་པར་འབྱེད་པ་ལས་ཀྱང་ཚིག་འདི་ཉིད་དོ། །བུ་བཅང་བར་བྱ་སྟེ་ཁྱེའུ་ལ་ཉེ་གནས་བྱའོ། །བུ་མོ་དང་མ་ནིང་དག་ལ་ནི་འཇུག་པའི་ཚུལ་འདྲའོ། །དེ་ལྟ་བས་ན་འཇུག་པ་ཙམ་གཙོ་བོ་སྟེ། གླེང་གཞི་ལས་ནི་ཁྱེའུའི་ཚིག་གོ། །དེའི་རྗེས་སུ་འགྲོ་བས་ མཚོན་པ་ཙམ་གྱི་བསམ་པས་རྣམ་པར་འབྱེད་པ་ལས་བཤད་པའོ། །བུ་ཐམས་ཅད་ནི་ཉེས་པ་ཡོངས་སུ་རྫོགས་པ་ཉིད་ཅེས་བྱ་བར་རིག་པར་བྱའོ། །འདིར་ཡང་འཚོ་བར་ནི་ཁྱེའུ་ངུ་བར་ཤེས་པར་བྱ་བའི་ངོ་བོའམ་རྩེད་མོ་ལ་སོགས་པས་ཉེ་བར་གནས་པ་གང་ཡིན་པ་དེ་ལ་རྟོགས་པར་བྱའོ། ། གང་གི་བུ་ལ་རེག་པ་རྗེས་སུ་གནང་བའི་ཕྱིར་རང་གི་བུ་འཚོ་བ་ལ་ནི་ཉེས་པ་མེད་དོ། །འདིར་དགེ་སློང་ལ་དམན་པ་ཉིད་ཀྱི་ཕྱིར་སྐྱེས་པ་ལ་མ་གྲུབ་པས་ཉེས་བྱས་སུ་རིག་པར་བྱའོ། །བུ་འཚོ་བའི་ལྟུང་བྱེད་དོ།། །།ད་ནི་འདི་མན་ཆད་ནི་གནོད་པར་འགྱུར་བའི་སྒོ་སྤང་བའི་ལྟུང་བྱེད་བཤད་པར་ བྱ་སྟེ། སྐྱེས་པས་གནོད་པར་གྱུར་པ་གང་ཡིན་པ་དེ་འཇུག་པར་གྱུར་པའི་སྒོ་གང་ཡིན་པ་སྤང་བའི་ཕྱིར་རོ། །གང་ལ་དེ་རྣམས་ཀྱི་དང་པོ་ཡིན་ཞེ་ན། དེའི་ཕྱིར་ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་མོ་འདའ་བར་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། རང་གིས་ཀྱང་གནོད་པར་འགྱུར་ བའི་ཁྱིམ་བདག་མ་མཐོང་བར་འདོད་ལ་རྩེ་གཅིག་པ་དེའི་ཁྱིམ་དུ་གཏོགས་པ་རྩིག་པ་ལ་སོགས་པས་བསྐོར་བའམ། གཞན་དུ་བཟློག་པའི་ཕྱིར་ཅི་ནས་ཀྱང་རྩོམ་པ་མེད་པ་ཞེས་བྱ་བ་འདི་བཏགས་སོ། །བསྐོར་བ་ཙམ་གྱི་ཁྱིམ་ཉིད་གང་ཡིན་པ་དེ་ནི་འདིར་ཡན་ལག་ཏུ་རྣམ་པར་གནས་པ་ཡིན་ནོ། །འདིར་ བསྒྲིབས་པ་ཉིད་ནི་ཡན་ལག་མ་ཡིན་ཏེ། ཡང་གང་ཞིག་འདིར་བསྐོར་བ་ཉིད་དེ་ནི་ཁྱིམ་གྱི་མཐར་ཐུག་པར་རིག་པར་བྱའོ། །ཕྱུགས་ལྷས་སམ་མགྲོན་ཁང་ལ་སོགས་པ་ལ་ཡང་ཁ་ན་མ་ཐོ་བ་འདི་འགྲུབ་པའོ། །བུད་མེད་ལ་རག་ལས་པ་ཉིད་ཡིན་ན་དེ་ལ་དྲིས་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ཁྱིམ་གང་ བུད་མེད་དབང་ཆེ་ཞིང་ཁྱིམ་བདག་གི་བུད་མེད་ཀྱི་ཚིག་ལས་འདའ་བར་མི་ནུས་པ་དེ་ནི་བུད་མེད་ལ་རག་ལས་པ་ཉིད་ཅེས་བྱ་སྟེ། དེར་བུད་མེད་ལ་དྲིས་ནས་ཁྱིམ་བདག་ལ་མ་དྲིས་པར་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བ་མེད་པའོ། །གང་ལ་ལྟུང་བྱེད་གཉིས་པར་འགྱུར་ཞེ་ན། དེའི་ཕྱིར་མཚན་མོ་ མ་བརྟགས་པར་སྐྱབས་ཡོད་པར་འདའ་བར་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། སྐྱབས་ཡོད་པ་ཞེས་བྱ་བ་ནི། རྣམ་པ་གང་ཡང་རུང་བས་མི་སྣང་བ་ཉིད་སྒྲུབ་པར་བྱེད་པ། མུན་ཁུང་དང་ཐིབས་པོ་ལ་སོགས་པ་འདིར་སྐྱབས་ཉིད་དུ་རིག་པར་བྱའོ། །རྟེན་ཉིད་ལ་ནི་མ་ཡིན་ནོ། །མ་མཐོང་བ་གནས་ པའི་སྐྱེས་པ་ཡོད་པ་དང་། མེད་པ་ཉིད་ཤེས་པར་བྱ་བའི་ཕྱིར་བརྟགས་པ་འདིའོ། །དེ་ལྟ་བས་ན་སྐྱབས་ཡོད་པ་ལ་སོ་སོར་བརྟག་པར་བྱ་བ་མ་བྱས་པར་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་ལ་བསླབ་པའི་གཞི་གསུམ་པར་འགྱུར་ཞེ་ན། དེའི་ཕྱིར་གནས་ཁང་དུ་དགེ་ སློང་མ་གཞན་མེད་པར་མཚན་མོ་འདའ་བར་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། མཚན་མོ་གནས་ཁང་དུ་དགེ་སློང་མ་གཞན་མེད་པར་གཅིག་པུ་ཉལ་ཞིང་འདའ་བར་བྱེད་པ་ལ་ལྟུང་བྱེད་ཅེས་བྱ་བའི་དོན་ཏོ། །འདིར་གནས་ཁང་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་ཀྱི། གཡོགས་ པའི་ཕྱོགས་ཀྱི་གནས་ཁང་གཞན་ཡང་བསྡུས་པ་ཡིན་ནོ། །དུས་འདེབས་པ་དང་སྐྱེས་པས་གནོད་པར་འགྱུར་བའི་གཞན་དང་ལྷན་ཅིག་ཉེས་དམིགས་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་འོས་པས་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་བྱ་བས་དེའི་གནས་ཁང་ཞེས་སྨོས་སོ། །མཚན་མོ་གསུམ་པའི་ ཆ་གསུམ་པ་ལ་ལྟུང་བྱེད་དོ། །མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་མཚན་མོ་མཐའི་སྐད་ཅིག་ལ་ནི་ཡོད་པ་ཉིད་དང་སྦྱར་བ་ཙམ་ཉིད་བདེན་པ་ཉིད་དུ་ཤེས་པར་བྱའོ། །དེ་ཤི་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་མ་ གཞན་དེ་ནི་ཤི་བའམ། བབས་སམ། ཡུལ་གཞན་ལ་སོགས་པར་སོང་ངམ། རྐྱེན་གཞན་གྱིས་མེད་པར་གྱུར་ན་གཅིག་པུ་གནས་ཁང་དུ་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བ་མེད་པ་ཡིན་ཏེ། དེས་ནི་མི་འདོད་བཞིན་དུ་བྲལ་བར་བསྟན་ཏོ། །གནོད་པར་འགྱུར་བའི་སྒོ་སྤང་བའི་ལྟུང་བྱེད་ གསུམ་མོ། །གང་ལ་མལ་གཅིག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་མ་དང་ཁྲི་གཅིག་ལ་སྟན་གཅིག་རེག་པ་དང་བཅས་ཤིང་མཚན་མོ་ཉལ་བ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་དགེ་སློང་མ་ཞེས་བྱ་བ་ནི་བུད་མེད་དུ་གྱུར་པ་ལ་དཔེ་ཙམ་དུ་ཟད་དེ་བུད་མེད་གཞན་ལ་ནི་ཤིན་ཏུ་སྐྱོན་དང་ལྡན་ པ་ཉིད་ཀྱི་ཕྱིར་རོ། །རེག་པ་དང་བཅས་ཤིང་ཞེས་བྱ་བ་ནི་རེག་པ་དང་བཅས་ཤིང་འཇུག་པ་ལ་རེག་པ་དང་བཅས་ཤིང་ཞེས་བྱ་བའི་བསྡུ་བའོ། །མ་རེག་པར་ཉལ་བ་ལ་ལྟུང་བ་མེད་དོ་ཞེས་སྨོས་པའི་ཕྱིར་འདིར་རེག་པ་ལ་ནི་ཁ་ན་མ་ཐོ་བ་རྫོགས་པའོ། །དེ་དང་ངམ་དུ་མ་དང་ལྷན་ཅིག་ཀྱང་རུང་སྟེ། གཏུར་བུ་ལ་སོགས་པས་བར་དུ་བཅད་ཅིང་དྲན་པ་ཉེ་བར་གཞག་སྟེ། ལུས་ཀྱི་རེག་པའི་རོ་མྱང་བ་མེད་པར་ཁྲི་མི་འཁྲུལ་བ་ཐ་མལ་པའམ་སྟན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། དེ་དང་ངམ་ཞེས་བྱ་བ་ནི་དགེ་སློང་མས་སོ། །དུ་མ་དང་ཞེས་བྱ་བ་ནི་དགེ་སློང་མ་གཅིག་པུ་ཉིད་དུ་མ་ཟད་ཀྱི། འོན་ ཀྱང་གཉིས་ལ་སོགས་པས་ཀྱང་ཞེས་བྱ་བའི་དོན་ཏོ། །ཅི་དེ་ཙམ་ཉིད་ཀྱིས་ཡིན་ནམ་ཞེ་ན། དེའི་ཕྱིར་བར་དུ་བཅད་ཅིང་ཞེས་བྱ་བ་སྨོས་སོ། །གང་གིས་ཤེ་ན་དེའི་ཕྱིར་གཏུར་བུ་ལ་སོགས་པས་ཞེས་བྱ་བ་སྨོས་ཏེ། གཏུར་བུ་དང་ལྷུང་བཟེད་དང་འདྲ་བ་ལ་སོགས་པས་བར་དུ་བཅད་པ་བྱས་ པར་འགྱུར་བ་ལའོ། །དྲན་པ་ཉེ་བར་གཞག་སྟེ་ཞེས་བྱ་བ་ཀུན་དུ་ལོངས་འཆོས་པར་གཏོགས་པའི་ཉེ་བའི་ཉོན་མོངས་པའི་སྐྱོན་ཉེ་བར་བསལ་བའི་ཕྱིར་བསླབ་པའི་གཞི་འདིའོ། །དེ་བས་ན་དྲན་པའི་རྣམ་པ་ལྟ་བུར་ལོངས་འཆོས་པར་གཏོགས་པའི་ཉེ་བའི་ཉོན་མོངས་པ་དེའི་ཆ་ཅན་ལ་ཉེ་བར་ལྟུང་བ་བསལ་ བར་ནུས་པའི་དྲན་པ་དེ་ལྟ་བུས་དྲན་པ་ཉེ་བར་གཞག་གོ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་རེག་པའི་རོ་མྱང་བ་མེད་པར་ཞེས་བྱ་བ་ནི། ལུས་ཀྱི་རེག་པ་ཡོངས་སུ་བསལ་བ་ནི་བར་དུ་གཅོད་པའི་དོན་ཏོ། །དེའི་ཕྱིར་བར་དུ་གཅོད་པ་ལས་ཡང་རྐྱེན་གྱི་དབང་གིས་བརྒྱ་ལ་ལུས་རེག་པར་འགྱུར་ན་ ལུས་རེག་པ་དེའི་རོ་མྱང་བ་མེད་པར་བྱེད་པའོ། །གང་དུ་འདི་དང་ལྷན་ཅིག་ལྟུང་བར་མི་འགྱུར་ཞེ་ན། དེའི་ཕྱིར་ཁྲི་མི་འཁྲུལ་བའམ། ཐ་མལ་པའམ། སྟན་ཞེས་བྱ་སྟེ། འདི་རྣམས་ལ་ལྷན་ཅིག་ཉལ་བ་ལ་ལྟུང་བ་མེད་དོ། །འདིར་གཞུང་ནི་ཁྲི་མི་འགུལ་བ་ལ་གཏུར་བུ་ལ་སོགས་པས་བར་དུ་ བཅད་ཅིང་དྲན་པ་ཉེ་བར་གཞག་སྟེ། ལུས་ཀྱི་རེག་པའི་རོ་མྱང་བ་མེད་པ་དང་། ཁྲི་ཐ་མལ་པ་དང་དེ་བཞིན་དུ་སྟན་ལ་ཡང་ངོ་ཞེས་གསུངས་པ་ཡིན་ནོ། །ཡོད་ན་ཉེས་བྱས་སོ་ཞེས་བྱ་བ་ནི། མལ་སོ་སོར་བྱ་བའི་སྐབས་ཡོད་ན་བར་དུ་བཅད་པ་ལ་སོགས་པས་ཀྱང་ལྷན་ཅིག་ཉལ་བ་ལ་ནི་ཉེས་བྱས་ཀྱི་ཁ་ན་མ་ཐོ་ བར་འགྱུར་རོ། །ལོངས་སྤྱོད་ཅིང་གནས་པ་བཏང་བའི་ལྟུང་བྱེད་དོ།། །།འདི་མན་ཆད་ནི་བྱི་དོར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་བརྒྱད་སྟོན་ཏེ། གང་ལ་དེ་རྣམས་ཀྱི་དང་པོར་འགྱུར་ཞེ་ན། དེའི་ཕྱིར་རང་གི་ལུས་ཀྱི་དྲིལ་ཕྱིས་དགེ་སློང་མས་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨོས་སོ། །བསླབ་པའི་ གཞི་གཉིས་པ་ནི། དགེ་སློབ་མ་ལའོ་ཞེས་བྱ་བ་སྟེ། རང་གི་ཡན་ལག་གི་དྲིལ་ཕྱིས་དགེ་སློབ་མ་ལ་བྱེད་དུ་འཇུག་པ་ཞེས་བྱ་བ་ལྔ་པོ་དེ་རྣམས་ལས་ཡང་རིག་པར་བྱའོ། །གསུམ་པ་ནི་དགེ་ཚུལ་མས་སོ། །བཞི་པ་ནི་ཁྱིམ་པ་མོའོ། །ལྔ་པ་ནི་མུ་སྟེགས་ཅན་མའོ་ཞེས་བྱ་བ་ལ། རང་གི་ཡན་ལག་ རྣམས་ལ་དྲིལ་ཕྱིས་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །ཅིའི་ཕྱིར་སླར་དེ་ཐ་དད་པས་བཅའ་བ་མཛད་ཅེ་ན། འདིར་ལྟུང་བ་ལྔ་པོ་རྣམས་ལ་འཇུག་པའི་ཕྱིར་ཚིག་ཙམ་གྱི་རྗེས་སུ་འཇུག་པ་ཉིད་ཀྱིས་དགེ་སློང་མས་རང་གི་ལུས་ལ་དྲི་མ་ཕྱི་བར་མི་བྱའོ་ཞེས་བྱ་བའི་བཅས་པ་འདི་ཡོད་པ་ལ། དགེ་ སློང་མ་ལ་སོགས་པ་རྣམས་ཀྱིས་རང་གི་ལུས་ལ་དྲི་མ་ཕྱིས་པ་ལ་ཉེས་པ་མེད་དོ། །དེ་ལྟར་འཇུག་པར་གྱུར་པ་རྣམས་ལ་ལྔ་པོ་འདི་རྣམས་བཅས་པའོ། །དྲུག་པ་བྱི་དོར་བྱེད་པའི་ལྟུང་བྱེད་ནི་བཀྲུ་བཤལ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྟེ། འདིར་བུད་མེད་ཀྱིས་ཞེས་བྱ་བ་རྟོགས་པར་བྱའོ། །སྐྱེས་པས་ བྱེད་དུ་བཅུག་པ་ལ་རེག་པའི་ཁ་ན་མ་ཐོ་བ་ཤིན་ཏུ་ལྕི་བར་རྣམ་པར་གཞག་པའི་ཕྱིར་རོ། །རྫས་གཞན་གང་ཡང་རུང་བས་དྲིལ་ཕྱིས་བྱས་པ་ལ་སྔ་མ་ལྔ་པོ་རྣམས་བཅས་པ་ཡིན་ནོ། །འདི་ནི་ཆུ་འབའ་ཞིག་གིས་བཀྲུ་བཤལ་བྱེད་དུ་འཇུག་པ་ལས་བཅས་པ་ཡིན་ཏེ། བྱེ་བྲག་ནི་དེ་ཡིན་ནོ། །དེ་ལྟར་ཡང་ བཀྲུ་བཤལ་བྱེད་དུ་འཛུད་ན་ཞེས་གསུངས་པ་དེའི་རྣམ་པར་འབྱེད་པ་ནི་ཆུས་བཀྲུ་བཤལ་བྱེད་ན་ཞེས་གསུངས་པ་ཡིན་ནོ། །བསླབ་པའི་གཞི་བདུན་པ་ནི་རྫས་དྲི་ཞིམ་པོས་རང་གི་ལུས་སྐུད་པ་ལའོ་ཞེས་བྱ་བ་ལ། །འདིར་དྲི་དག་གིས་ཞེས་བྱ་བ་ནི། མདོའི་ཚིག་གོ། །རྫས་དྲི་ཞིམ་པོ་དག་གིས་ཞེས་བྱ་བ་ ནི་རྣམ་པར་འབྱེད་པའི་ཚིག་གོ། །གང་ལ་ལྟུང་བྱེད་བརྒྱད་པར་འགྱུར་ཞེ་ན། དེའི་ཕྱིར་འབྲུ་མར་གྱི་ཚིགས་མས་སོ་ཞེས་བྱ་བ་སྨོས་ཏེ། རང་གི་ལུས་སྐུད་པ་ལའོ་ཞེས་བྱ་བར་སྦྱར་རོ། །འདིར་རང་གི་བྱེད་པའི་རྫས་དྲི་ཞིམ་པོས་རང་གི་ལུས་ལ་སྐུད་པ་ནི་དྲིལ་ཕྱིས་ཞེས་སྨོས་པ་ཡིན་ནོ། །གཞན་བྱེད་དུ་ འཇུག་པ་ལ་ཡང་ཞེས་བྱ་བའི་བྱེ་བྲག་མ་སྨོས་པས་རྟོགས་པའོ། །བུད་མེད་སྐུད་དུ་འཇུག་པ་དང་གཞན་གྱིས་བྱས་པ་དང་གཞན་གྱིས་བྱས་པ་མ་ཡིན་པ་ཞེས་བྱ་བ་ནི་ལྟུང་བ་སྦོམ་པོ་དང་། དེར་ཕམ་པ་སྐྱེས་པས་འདིར་དགེ་སློང་གིས་དྲི་འཆང་བ་ལ་ནི་ཉེས་བྱས་ཁོ་ནའོ། །མཚན་མཐུན་པ་བྱི་དོར་བྱེད་དུ་འཇུག་ པ་ལ་ནི་ལྟུང་བ་མེད་དོ། །བྱི་དོར་བྱེད་པ་ལས་བྱུང་བའི་ལྟུང་བྱེད་བརྒྱད་པའོ།། །།གང་ལ་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ལག་པ་སྦྲེལ་ཏེ་ཁྲུས་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། བུད་མེད་དང་ལྷན་ཅིག་གོ། །སྐྱེས་པ་དང་མ་ཡིན་ནོ། །འདིར་སྦོམ་པོ་དང་ཕམ་པ་སྨོས་པས་ཤེས་ པའོ། །འདིར་ལྟེ་བར་སོན་ན་དངོས་གཞིའོ། །མདུན་རོལ་དུ་ཉེས་བྱས་སོ། །བྱི་དོར་བྱེད་པ་ལས་ཀྱང་རྣམ་པར་གཞག་པ་འདི་ཉིད་རིག་པར་བྱའོ། །ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་དོ།། །།ད་ནི་འདི་མན་ཆད་ཀྱིས་འཆོས་པ་ལས་གྱུར་པའི་ལྟུང་བྱེད་དྲུག་སྟེ། གང་ལ་ལྔ་པོ་དེ་རྣམས་སུ་ འགྱུར་ཞེ་ན། དེའི་ཕྱིར་བཅོས་པའི་ཕྱིར་པུ་ཤེལ་ཙི་འཆང་བ་ལའོ། །སོ་མངས་དང་སྨྱིག་ཤད་དང་། གསུམ་ཞེས་བྱ་བ་དང་། སྐྲ་བརྙན་གྱིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། བཅོས་པའི་ཕྱིར་འཆད་པ་ལའོ་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །སོ་མངས་དང་ སྨྱིག་ཤད་དང་། གསུམ་ཞེས་བྱ་བ་དང་། སྐྲ་བརྙན་གྱིས་ཀྱང་ངོ་ཞེས་སྨོས་པས་སོ། །གསུམ་ཞེས་བྱ་བ་ནི་པུ་ཤེལ་ཙི་ལ་སོགས་པའི་མིང་འདི་ལ་ཡོད་པས་ན་གསུམ་ཞེས་བྱའོ། །དེ་དག་གིས་སྐྲ་ཤད་པ་ལ་སོགས་པའི་རྣམ་པ་གང་གིས་འཆོས་པར་བྱེད་ཅིང་རྗེས་སུ་དག་པ་ལ་སོགས་པས་སྐྲ་ བརྙན་གྱིས་མགོ་ལ་བཙུགས་ཅིང་དེ་བསྒྲུབ་པར་གྱུར་པ་དེ་རྣམས་ལ་བྱ་བ་སྟེ། བཅོས་པའི་ཕྱིར་ཉེས་པར་སྦྱོར་བ་སྟེ། ངེས་པར་སྦྱོར་བ་དེ་ལ་ཁ་ན་མ་ཐོ་བ་འདི་རྣམས་སོ། །བརྩམས་པ་ཙམ་གྱིས་བྱས་པ་ཉིད་དེ་བཅོས་པ་ལ། དེའི་བྱ་བ་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་རོ། །ཇི་སྲིད་དུ་ མ་བཏང་གི་བར་དུ་ལོག་པར་གྱུར་ན་ལྟུང་བ་གཅིག་ཉིད་དོ། །འདིར་མདོ་ནི་པུ་ཤེལ་ཙི་འཆང་ངམ། སོ་མངས་འཆང་ངམ། སྨྱིག་ཤད་འཆང་ངམ། སྐྲ་བརྙན་འཆང་ན་ཞེས་གསུངས་པ་ཡིན་ནོ། །འདི་རྣམས་ཀྱི་རྣམ་པར་འབྱེད་པ་ནི་འཆོས་པར་བྱེད་ན་ཞེས་གསུངས་པ་ཡིན་ཏེ། དེ་ ལ་འཆོས་པའི་ཕྱིར་འཆང་བ་ལ་སོགས་པར་བྱེད་ན་ཞེས་བྱ་བ་ནི། དོན་གཉིས་ཀ་ལ་ཡང་རྣམ་པར་གནས་པ་ཡིན་ནོ། །དེ་ལྟར་མདོ་དང་རྣམ་པར་འབྱེད་པ་དག་ལ་དོན་གཅིག་པ་ཉིད་དུ་འགྱུར་བ་དེ་བས་ན་དེ་ཁོ་ན་ཉིད་དུ་ཉེ་བར་འབྲེལ་པའོ། །སྐྲ་བཅོས་པ་ཉིད་ནི་དེ་རྣམས་ལ་གྲགས་ པའི་ཕྱིར་སྐྲ་རྣམས་ཞེས་བྱ་བ་འདི་ལ་བཅོས་པ་དང་འབྲེལ་པ་ཉིད་དུ་ཤེས་བཞིན་པའོ། །དེའི་ཕྱིར་དེ་གྲུབ་པས་མདོ་མ་བྱས་སོ། །མཆན་ཁུང་དང་གསང་བའི་སྤུ་འཆོས་པ་ལ་ནི་ཉེས་བྱས་སུ་རིག་པར་བྱའོ། །ཡང་མགོ་འཆོས་པ་སྤངས་པ་ལ་ཞེས་བྱ་བ་ནི་བཅོས་པའི་ཕྱིར་ཆོ་ག་དང་འབྲེལ་པ་ ཉིད་ཀྱི་ཚིག་མེད་པས་འདིར་ཡང་མདོར་མ་བྱས་པ་ནི་གཟུགས་ཉིད་ལས་ཤེས་པའི་ཕྱིར་རིག་པར་བྱའོ། །གང་ལ་ལྟུང་བྱེད་དྲུག་པར་འགྱུར་ཞེ་ན། དེའི་ཕྱིར་ཁྱིམ་པའི་རྒྱན་ཐོགས་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཡང་མགོ་འཆོས་པ་སྤངས་པ་ལ་ཞེས་བྱ་བ་ནི། ཆོས་ གོས་ལ་སོགས་པ་རབ་ཏུ་བྱུང་བའི་ཡོ་བྱད་རྣམས་ཀྱང་རབ་ཏུ་བྱུང་བའི་རྒྱན་ཉིད་དེ་ཁྱིམ་པའི་རྒྱན་ནི་མ་ཡིན་ནོ། །འདི་ལྟར་དེ་རྣམས་ཞི་བའི་དགའ་བའི་བློ་སྐྱེ་བས་དེ་རྣམ་པར་བཅད་པའི་ཕྱིར་ཁྱིམ་པའི་ཞེས་སྨོས་པས་འདི་ནི་རབ་ཏུ་བྱུང་བ་རྣམས་ལ་བཞད་གད་དུ་འགྱུར་བ་ཡིན་གྱི་རྒྱན་དུ་འགྱུར་བ་ནི་མ་ཡིན་ནོ་ ཞེས་བྱ་བ་བསྟན་པའི་དོན་དུའོ། །ཁྱིམ་པའི་རྒྱན་རིན་པོ་ཆེའི་རང་བཞིན་ལ་ནི་རྒྱན་ཉིད་དུ་ཡོངས་སུ་རྫོགས་པ་སྟེ། དེ་བས་ན་དེས་འདི་བསྡུས་པ་ཡིན་ནོ། །དེ་ལྟར་ཡང་ཁྱིམ་པའི་རྒྱན་ནི་མགུལ་རྒྱན་དང་གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། མུ་ཏིག་གི་ཆུན་པོ་དག་གོ་ཞེས་ བྱ་བ་རྣམ་པར་འབྱེད་པ་ལས་གསུངས་སོ། །རིན་པོ་ཆེ་མ་ཡིན་པའི་རྒྱན་ལ་ནི་ཉེས་བྱས་སོ། །འདི་ལ་རིན་པོ་ཆེ་ལ་རིག་པའི་ཁ་ན་མ་ཐོ་བ་འདིར་རྫས་ཇི་ལྟ་བར་གཞན་རིག་པར་བྱའོ། །འཆོས་པ་ལས་གྱུར་པའི་ལྟུང་བྱེད་དྲུག་པའོ།། །།ད་འདི་མན་ཆད་ལྟུང་བྱེད་གསུམ་སྟོན་ཏེ། དེ་ རྣམས་ཀྱི་དབང་པོ་གང་ལ་འགྱུར་ཞེ་ན། དེའི་ཕྱིར་བྲོ་བརྡུང་བ་ལའོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན་དེའི་ཕྱིར་གང་ཡང་རུང་བས་སོ་ཞེས་བྱ་བ་སྨོས་ཏེ། ཐ་ན་སྨིན་མ་བསྐྱོད་པ་ལ་སོགས་པའི་བྱ་བས་ཀྱང་ངོ་ཞེས་བྱ་བའི་དོན་ཏོ། །བསླབ་པའི་གཞི་གཉིས་པ་བསྟན་པ་ནི། གླུ་ལེན་པ་ལའོ་ཞེས་བྱ་བ་ སྨོས་ཏེ། ཇི་ལྟར་ཞེ་ན། དེའི་ཕྱིར་དེའི་བསམ་པས་མགྲིན་འགྱུར་གང་ཡང་རུང་བས་སོ་ཞེས་བྱ་བ་ལ། དེའི་བསམ་པས་ཞེས་བྱ་བ་ནི་གླུའི་བསམ་པས་སོ། །གང་ཡང་རུང་བ་ཞེས་བྱ་བ་ནི། ཐ་ན་ཚིགས་སུ་བཅད་པ་ཙམ་འདོད་པ་ལ་ཡང་ངོ་། །གང་ལ་གསུམ་པར་འགྱུར་ཞེ་ན། དེའི་ ཕྱིར་རོལ་མོ་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་བུད་མེད་ལ་གར་དང་གླུ་ལ་སོགས་པ་རྗེས་སུ་མི་མཐུན་པ་དེ་ལྟར་སྐྱེས་པ་རྣམས་ལ་ནི་མ་ཡིན་ནོ། །དེ་བས་ན་འདིར་དགེ་སློང་ལ་ཉེས་བྱས་སུ་རིག་པར་བྱའོ། །རྒྱགས་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།ད་འདི་མན་ ཆད་ནི་ལོངས་འཆོས་པ་ཉིད་ལས་གྱུར་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་རྣམས་ཀྱི་དང་པོ་ནི་ལོངས་སྤྱོད་དུ་གྱུར་པའི་གདུགས་ཐོགས་པ་ལའོ་ཞེས་བྱ་བ་སྨོས་ཏེ། བདག་གིར་བྱེད་པ་ཙམ་ལ་ནི་དངོས་གཞི་མ་ཡིན་ཏེ། འོན་ཀྱང་ཡོངས་སུ་ལོངས་སྤྱད་པར་གྱུར་པ་ལ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གང་ ཞིག་ལམ་ལ་དབང་བ་ཉིད་ངོས་སུ་འདུད་པ་ལ་ཞེས་བྱ་བ་སྨོས་པ་དེ་ལ་ཡང་མ་བྱས་པས། དམིགས་ཀྱིས་བསལ་བ་འདི་གཏོགས་པའོ། །སྦྱོར་བ་གཅིག་ཡིན་ན་ཤིན་ཏུ་རིང་པོར་ཐོགས་པ་འདི་དང་འོག་མ་ལ་ཡང་ལྟུང་བ་གཅིག་ཁོ་ནར་ཟད་དོ། །གང་ལ་གཉིས་པ་དེ་བརྗོད་པར་བྱ་སྟེ། དེའི་ ཕྱིར་མཆིལ་ལྷམ་གྱོན་པ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ལོངས་སྤྱོད་དུ་གྱུར་པའི་གདུགས་ཐོགས་པ་ལའོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར། ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དབྱར་ཁང་དུ་མལ་སྟན་བསྲུང་བའི་ཕྱིར་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་དབྱར་ཁང་ལ་གནས་གཞན་དུ་མལ་སྟན་ལ་ བག་བྱ་བའི་ཕྱིར་མཆིལ་ལྷམ་གྱོན་པ་ལ་ལྟུང་བ་མེད་དོ། །དེ་ལས་གཞན་པ་ཐམས་ཅད་ལ་ནི་ལྟུང་བྱེད་ཁོ་ནར་འགྱུར་རོ། །འདིར་དགེ་སློང་གི་གནས་ལ་མཚོན་པའམ་དེ་ཉིད་ཀྱིས་དབྱར་ཁང་གི་འཕངས་པར་རིག་པར་བྱ་བ་ཡིན་ཏེ། དེ་ཡང་རྗེས་སུ་མི་མཐུན་པ་ཉིད་ཀྱི་ཕྱིར་བུད་མེད་རབ་ཏུ་ བྱུང་བ་རྣམས་ལ་མཆིལ་ལྷམ་གྱོན་པ་འཇུག་པའི་ཕྱིར་རོ། །གསུམ་པ་བསྟན་པ་ནི་ཁྲིའུའི་བསྙེན་བཀུར་ཉམས་སུ་མྱོང་བར་བྱེད་པ་ལའོ་ཞེས་བྱ་བ་སྟེ། འདི་ནི་སྦོམ་དགའ་མོ་དགེ་སློང་རྣམས་ལ་སྟོན་པར་བྱེད་ཅིང་དེས་དགེ་སློང་མ་འོངས་ཤིང་ལྷགས་པ་རྣམས་ལ་ཁོ་མོའི་ཕྱིར་ཕྱོགས་ག་གེ་ མོ་ཞིག་ཏུ་ཁྲིའུ་ཤོམས་ལ་འདུག་ཏུ་ཆུག་ཤིག་ཅེས་བསྒོ་ཞིང་། ཡང་ཕྱོགས་ག་གེ་མོ་ཞིག་དང་། གནས་ཁང་གི་ཉེ་འཁོར་དང་ཁྱམས་དང་ཁང་སྟེང་ངམ་ཆེ་གེ་མོ་ཞིག་ཏུ་ཁྲིའུ་ཁྱེར་ལ་ཁོ་མོ་འདུག་ཏུ་ཆུག་ཤིག་ཅེས་ཟེར་བ་ལས་བཅས་པ་སྟེ། དེས་ཁྲིའུས་བསྙེན་བཀུར་བྱེད་དུ་འཇུག་ པའི་ངོ་བོ་ཉིད་ཀྱང་བསྟན་པ་ཡིན་པར་རིག་པར་བྱའོ། །ལོངས་འཆོས་པ་ཉིད་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།གང་ལ་ཐུག་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཁྱིམ་གཞན་དུ་མ་བསྒོ་བར་སྟན་ལ་འདུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། རྩྭའི་ ཆུན་པོ་དང་ཤིང་གི་དུམ་བུ་དང་སོ་ཕག་ལ་སོགས་པ་ལ་གལ་ཏེ་རྡོལ་བ་ཡིན་ན། ཐུག་ཐུབ་ཏུ་བསྟན་པ་མི་སྐྱེད་པ་ཁོ་ནའོ། །གལ་ཏེ་མ་ཡིན་ན་ཡོངས་སུ་མ་རྫོགས་པ་འདི་བསྐྱེད་པའོ། །དེ་བས་ན་སྔ་མ་ལ་ནི་ལྟུང་བ་མེད་དོ། །ཕྱི་མ་ལ་ཉེས་བྱས་སོ། །བཞད་གད་ཀྱི་ཆེད་ དུ་རྩྭའི་ཆུན་པོ་དང་ཤིང་གི་དུམ་བུ་དང་། ས་དང་བ་གླང་གི་ལྕི་བའི་རང་བཞིན་ཀུན་ནས་འཚོ་བར་བྱེད་པ་བསྒྲུབ་པ་ཤིང་གི་དུམ་བུ་ཞེས་བྱ་བ་ལ་སོགས་པའི་མ་རྡོལ་བ་ལས་ཡོངས་སུ་རྫོགས་པའི་ཐུག་ཐུབ་བསྐྱེད་པའོ། །རྡོལ་བ་ལ་ན་ནི་སྨད་པ་བསྐྱེད་པའོ། །དེ་བས་ན་འདིར་སྔ་མ་ལ་ལྟུང་བྱེད་དོ། ། ཕྱི་མ་ལ་ནི་ཉེས་བྱས་སོ། །མལ་སྟན་ལ་ཡང་འདི་བསྟན་ཞེས་སྨོས་པས་བསྡུས་པར་རིག་པར་བྱ་སྟེ། གོས་ལ་ཡང་འཕངས་པར་རིག་པར་བྱའོ། །དགོས་པ་མེད་པ་དང་འདྲ་བའི་རྩྭའི་ཆུན་པོ་ལ་སོགས་པ་ལ་སྨོས་པའི་ཆོ་ག་རྣམས་རྣམ་པར་གཞག་པའོ། །འདུག་པ་ལ་ནི་ཤིན་ཏུ་ རིང་པོར་རྗེས་སུ་འགྲོ་བའི་ཕྱིས་གནོན་དུ་གྱུར་པ་ཉིད་དུ་རིག་པར་བྱའོ། །དེ་བས་ན་འདིར་ཉལ་བ་དག་ལ་ཁ་ན་མ་ཐོ་བ་དེ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཤིན་ཏུ་རིང་པོར་མ་སོང་བ་ལ་འདི་ནི་ཐུག་ཐུབ་ཆེས་ཤིན་ཏུ་ཆེ་བའི་ཕྱིར་རོ། །གང་ཞིག་རྐང་པ་དག་གིས་འཛེགས་ནས། ཙོག་ཅོག་ པོར་རམ་གཞན་དུ་གནས་པའོ། །དེ་བས་ན་འདིར་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་འདིའོ། །ཐུག་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དོ།། །།གང་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཆོས་ཉན་དུ་གཞུག་པའི་གནས་སྐབས་སུ་ ཁྱིམ་པའི་སྟན་སྤྱད་པའི་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ་འགྲོ་བ་ལའོ་ཞེས་བྱ་བ་སྨོས་ཏེ། ཆོས་ཉན་དུ་གཞུག་པའི་ཚེ་ཁྱིམ་པའི་སྟན་ཡོངས་སུ་ལོངས་སྤྱད་པའི་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་སྦོམ་དགའ་མོ་ཁྱིམ་བདག་གི་ཁྱིམ་དག་ཏུ་སོང་ སྟེ། ཁྱིམ་བདག་གི་ཆུང་མ་དག་གིས་ཀྱང་སྟན་དག་བཤམས་པ་ན་དེ་དེ་ལ་འདུག་སྟེ། རྒྱ་ཆེར་ཆོས་བསྟན་པར་བརྩམས་པ་དང་། དེ་རྣམས་ཀྱང་འདི་ནི་ལས་མེད་པ་ཞིག་གོ་སྙམ་ནས་ལངས་ཏེ། དོང་བའི་ཚེ་དེས་ཀྱང་སྟན་དག་མ་སྦྲན་པར་གཅིག་པུ་ལངས་ཏེ་སོང་བ་དང་། སྟན་དེ་ དག་རྐུན་པོ་དག་གིས་ཁྱེར་ནས་ཁྱིམ་མི་དག་གིས་སྟན་བཙལ་ན་མ་རྙེད་དེ། སྦོམ་དགའ་མོ་ལ་འཕགས་མ་སྟན་དག་ཅིར་བགྱིས་ཞེས་པ་དང་། དེས་སྨྲས་པ། ཇི་ལྟར་ཁྱེད་ཅག་གིས་ཁོ་མོ་ལ་མ་སྦྲན་པར་དོང་བ་དེ་བཞིན་དུ་ཁོ་མོས་ཀྱང་དེ་བཞིན་ནོ་ཞེས་ཟེར་བ་ལ་གཞི་དེ་ལས་བཅས་པ་ཡིན་ནོ། ། འདི་ནི་སྙིང་ནས་ལོག་ཐབས་བྱེད་པ་ནི་ཉེས་པ་ཉིད་དོ། །ཁྱིམ་པའི་དོན་ལ་ཡོངས་སུ་རྫོགས་པ་ཉིད་འཇུག་པ་འདི་ལ་ཡིན་ཏེ། དེ་བས་ན་འདིར་ནི་ཁྱིམ་པ་ལ་བརྟེན་པའོ། །གཞན་རབ་ཏུ་བྱུང་བ་འདི་པ་དང་། ཕྱི་རོལ་པའི་རབ་ཏུ་བྱུང་བ་དབང་བ་ཉིད་ལ་འདིར་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ནོ། ། གང་གི་ཚེ་དངོས་གཞིར་གྱུར་པའི་སོང་བའི་མཐར་ཐུག་པ་ཡོངས་སུ་རྫོགས་པའི་བདག་ཉིད་ལ་དངོས་གཞིའི་དུས་སུ་འགྱུར་ཞེ་ན། དེའི་ཕྱིར་སྤངས་པའི་ཉེ་འཁོར་གྱི་མཐའ་ལའོ་ཞེས་བྱ་བ་སྨོས་ཏེ། སྔར་གནས་མལ་སྤངས་ཏེ་འགྲོ་བའི་ཉེ་འཁོར་གྱི་མཐར་ཐུག་ན་རྫོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་དོ།། །།ད་འདི་མན་ཆད་ནི་ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་སྟེ། གང་ལ་དེ་རྣམས་ཀྱི་དབང་པོར་འགྱུར་ཞེ་ན། དེའི་ཕྱིར་སྐུད་པ་འཁལ་བ་ལའོ་ཞེས་བྱ་བ་སྨོས་ཏེ། རྒྱུད་ཀྱི་རང་གཞན་གང་ཡང་རུང་བ་བསྒྲུབ་པ་བྱས་ན་སྐུད་ པ་འཁལ་བ་ཉིད་ཡིན་ཏེ། རི་མོ་ཙམ་བྱས་པ་ལ་རི་མོ་བྱས་པ་ཉིད་སྨོས་པར་རྟོགས་པའོ། །འདི་ལྟར་རྣམ་པར་འབྱེད་པ་ལས། བདུན་པོ་དག་ལས་གང་ཡང་རུང་བ་ཞེས་གསུངས་མོད་ཀྱི། དེ་ནི་དཔེ་ཙམ་དུ་ཟད་དེ་རུང་བ་མ་ཡིན་པའི་སྐུད་པ་འཁལ་བ་ལ་ཡང་ཐམས་ཅད་དུ་བཟོ་སྟོན་ པའི་ཉེས་པ་འདྲ་བའི་ཕྱིར། འདི་ནི་ཐམས་ཅད་མཉམ་པ་ཡིན་ནོ། །དེ་བས་ན་ཐམས་ཅད་དུ་སྐུད་པ་ལ་ཀུན་ནས་བརྟེན་པའོ། །རྒྱ་ཅང་དང་ལྕག་པོད་ཀྱི་དོན་དུ་དབེན་པའི་ཕྱོགས་སུ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་དེའི་ཆེད་དུ་ཆོས་དང་ལྡན་པའི་དགོས་པའི་དབང་གིས་ཚངས་པར་སྤྱོད་པ་དང་ བཅས་པའི་འཇར་བ་བཞིན་དུ་འདི་ལ་ཉེས་པ་མེད་པ་བཞིན་དུ་རིག་པར་བྱའོ། །དབེན་པའི་ཞེས་བྱ་བ་ནི་དབེན་པའི་ས་ཕྱོགས་སུ་དང་བ་མི་སྐྱེ་བའི་དངོས་པོ་བྱས་པས་ཞེས་བྱ་བ་འདི་ལ་སྤྲོས་པ་འདིའོ། །གང་ཞིག་ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་ཞེས་སྨོས་པ་དེ་རྣམས་ལས་ཕྱི་མ་གཉིས་པོ་ སྤངས་ནས་རང་བཞིན་གྱི་རྣམ་པར་འགྱུར་བའི་དངོས་པོ་འདི་ལྟར་སྐུད་པ་དང་གོས་གཉིས་ནི་སྣམ་བུ་བྱ་བའི་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དུ་འབྲེལ་པའི་ཕྱིར་དང་། རྣམ་པར་བསྒྲུབ་པར་འདྲ་བའི་ཕྱིར་བཟོ་བསྟན་པའི་ལྟུང་བྱེད་དང་པོ་འདི་དང་མངོན་པར་འབྲེལ་པའི་དབང་གིས་དེ་ལས་ ཕྱི་མ་བདག་ཏུ་མི་བྱེད་པ་ལ་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པ་འདི་རྣམ་པར་གཞག་པའོ། །དེའི་རྗེས་སུ་གཞན་བྱས་པ་ལ་ཟས་འཚོང་བ་ཞེས་བྱ་བ་འདི་ལ་ཐོ་འཚམས་པར་བྱེད་པས། ཇི་ལྟར་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པ་དེ་དང་འདྲ་བའི་ཕྱིར་རྣམ་པར་གཞག་པའོ། ། ད་ནི་དེ་གཉིས་ཀྱི་དང་པོ་ཇེ་བསྟན་པར་བྱ་སྟེ། གང་ལ་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའོ་ཞེས་བྱ་བ་སྨོས་ཏེ། འདི་ནི་དགེ་སློང་མ་སྦོམ་དགའ་མོས་བཙུན་མོ་ཕྲེང་ལྡན་མ་ལ་བཅོམ་ལྡན་ འདས་ཀྱིས་བདག་ཅག་ལ་རྨེ་གབ་བཅང་བར་རྗེས་སུ་གནང་ན་བདག་ཅག་ལ་དེ་མི་བདོག་པས། དེ་ཁྱེད་ཀྱིས་བཙལ་བར་རིགས་སོ་ཞེས་སྨྲས་པ་དང་། དེས་གོས་ཀྱི་སྒྲོམ་ཐམས་ཅད་དགེ་སློང་མ་རྣམས་ལ་བྱིན་པ་དེ་སྦོམ་དགའ་མོས་བདག་གིར་བྱས་སོ། །དེས་ན་དགེ་སློང་མ་རབ་ཏུ་ མང་པོ་དག་གིས་བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ། བདག་ཅག་ལ་རྨེ་གབ་ཀྱི་གོས་བྱིན་ཅིག །དེས་སྨྲས་པ། དགེ་སློང་མ་ཐམས་ཅད་ལ་བདག་གིས་བྱིན་ནོ། །དེ་རྣམས་ཀྱིས་སྨྲས་པ་དང་། གང་གིས་ཁྱེར་ཞེས་ཟེར་རོ། །དེས་སྨྲས་པ། སྦོམ་དགའ་མོས་ཁྱེར་རོ། །དེ་ནས་ དགེ་སློང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་བླངས་པ་དང་། དེས་མ་སྟེར་བའི་གླེང་གཞི་ལས་བཅས་པ་ཡིན་ནོ། །གཞག་པའི་རྫས་འདི་ལ་སྦྱིན་པར་བྱའོ་སྙམ་ནས་མ་འོངས་པ་བདག་ཏུ་བྱེད་པ་ལ་གལ་ཏེ་དངོས་པོ་ཡོངས་སུ་ཚང་ན་ཕམ་པར་འགྱུར་རོ། །གལ་ཏེ་མ་ཡིན་ན་ལྟུང་བ་སྦོམ་ པོར་འགྱུར་རོམ། དེ་བས་ན་འདིར་མ་ཐོབ་པ་ཞེས་བྱ་བ་ཡོངས་སུ་བརྟགས་པ་སྟེ། མ་འོངས་པ་མ་ཡིན་པ་འདིར་བདག་ཏུ་བྱེད་པས་བསྔོས་པའི་རང་བཞིན་དུ་འགྱུར་བ་འདིར་འཇུག་པ་བསྟན་པ་ཞེས་བྱ་བ་རྫོགས་པར་བྱའོ། །འདིར་ཚོགས་ཞེས་བྱ་བའི་སྒྲ་ནི་དགེ་འདུན་ལ་བྱ་སྟེ། དེ་ དང་མ་བྲལ་བའི་ཕྱིར་ཡང་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་རྣམ་པར་འབྱེད་པ་ལས། ཚོགས་ཀྱི་གོས་ནི་དགེ་འདུན་གྱིའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མ་གཅིག་གམ་གཉིས་སམ་གསུམ་པོ་འདིའི་རྗེས་སུ་འབྲངས་ནས་ཁ་ན་མ་ཐོ་བ་ཤིན་ཏུ་ཆུང་བ་ ཉིད་དོ། །དེ་དག་ཀྱང་བསླུ་བའི་རྣམ་པ་དང་འདྲ་བའི་ཕྱིར་སྔ་མ་ཉིད་དང་འབྲེལ་པར་ཤེས་པར་བྱའོ། །དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའི་ལྟུང་བྱེད་དོ།། །།གཉིས་པ་ནི་ཟས་བཙོང་བ་བྱས་པ་ལའོ་ཞེས་བྱ་བ་སྟེ། ཟས་དེ་དག་ཇི་ཙམ་བྱས་ཀྱང་རུང་སྟེ་བྱས་པ་ཉིད་ ཡིན་ཏེ་བྱེ་བྲག་མ་སྨོས་པར་ཤེས་པའོ། །ཐ་སྙད་འདི་རྫོགས་པའི་དུས་ནི་དངོས་གཞིའི་དུས་སུ་རིག་པར་བྱའོ། །ཀུན་དུ་སྤྱོད་པ་ཙམ་ཉིད་ལ་ཁ་ན་མ་ཐོ་བ་ནི་ཡིན་ཏེ། རྙེད་པ་བསྒྲུབ་པ་ལ་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་ཡོད་པ་ལ་འདིར་སྤངས་པའི་ལྟུང་བྱེད་ཀྱི་ཁ་ན་མ་ཐོ་བ་གཞན་བསྐྱེད་པར་རིག་པར་བྱའོ། ། སྐབས་སུ་སྤྱད་པའི་ལྟུང་བྱེད་གཉིས་བསྟན་ནས། ད་ནི་ཁྱིམ་པ་མོ་ལ་བཟོ་སྟོན་པའི་ལྟུང་བྱེད་གཉིས་པོ་གང་ཡིན་པ་དེ་བརྗོད་པར་བྱ་སྟེ། དེའི་ཕྱིར་ཁྱིམ་གྱི་བྱ་བ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། །བྱས་པ་ལའོ་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དེ་དག་ཇི་ཙམ་བྱས་ཀྱང་ རུང་སྟེ་བྱས་པ་ཉིད་ཡིན་ནོ། །ཁྱིམ་དུ་ཆུས་ཆག་ཆག་གདབ་པ་དང་ཕྱག་དར་བྱས་པས་དག་པར་བྱས་པ་དང་། རྫ་ལས་བྱས་པའི་སྣོད་རྣམས་བཤལ་བ་དང་། བཟའ་བ་དང་བཏུང་བ་དང་། བལྡག་པ་ལ་སོགས་པའི་སྒྲུབ་པ་བསྒྲུབ་པར་བྱས་ཏེ་གཡོ་བ་དང་། ལག་པ་དང་རྐང་པ་ལ་སོགས་པ་ བཀྲུ་བ་དང་། རིགས་ཀྱི་ལྷ་རྣམས་མཆོད་པ་དང་། བདུག་སྤོས་དང་གཏོར་མའི་ལས་བྱ་བ་ནི་ཁྱིམ་གྱི་བྱ་བའི་ངོ་བོ་གླེང་གཞི་ལས་འབྱུང་བ་ཡིན་ཏེ། བལྟ་བ་དང་དྲུག་པ་དང་། སྐམ་པ་དང་། བཏག་པ་དང་། ཤིང་ལམ་བཀྲུ་བ་དང་། གཞག་པ་དང་། མལ་ཆ་དང་། སྟན་སྤྲུག་པ་དང་། གཞག་པ་དང་། བཤམས་པ་ལ་སོགས་པ་རྣམས་དང་། མཆིལ་ལྷམ་དང་ཁྲུས་རས་འབུལ་བ་དང་། གོས་གཟུང་བ་དང་། ཁྲུས་ཀྱི་གོས་འབུལ་བ་དང་། བཙིར་བ་དང་ཞུགས་པའི་སྐྱེ་བོ་ལ་ཆུ་དང་དྲི་འབུལ་བ་དང་། ཀུན་ནས་འཇུག་ཏུ་བཅུག་པ་དང་། སྣོད་བཀྲུ་བ་ལ་སོགས་པ་ཡང་དེ་ཞེས་ བྱ་བར་གྲགས་པའི་ཕྱིར་རྟོགས་པར་བྱའོ། །རྗེན་པ་འཚོད་པ་ལ་སོགས་པ་ཆོ་གའི་ཡུལ་ཡིན་པས་ལྷག་མ་འདི་རྣམས་ཞེས་བྱ་བར་རིག་པར་བྱའོ། །ཆང་གི་ལས་མི་བྱའོ་ཞེས་བྱ་བ་ནི། མནན་པ་ལ་སོགས་པ་ཆང་གི་ཡོ་བྱད་དེ་ལ་ཉེ་བར་མཁོ་བའི་ལས་མི་བྱའོ། ། བསླབ་པའི་བྱེ་བྲག་དང་འབྲེལ་བའི་ལས་འདི་རེས་འགའ་ཙམ་ཡིན་ཏེ། དེ་ལ་རེས་འགའ་ཙམ་འབྱུང་བ་ཡིན་ནོ། །བཟའ་བ་སྐམ་པོ་འཚོད་པ་ལྟར་འདི་ལ་ཁྱིམ་གྱི་བྱ་བ་ལ་ཁོངས་སུ་མ་འདུས་པའི་ཕྱིར་ཆོ་ག་འདི་བསྟན་པ་ཡིན་ནོ། །མདོ་འདི་དང་མདོ་འོག་མ་ནི་ཕྲན་ཚེགས་དག་ལས་འབྱུང་ངོ་། ། ཆང་ཁང་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི་གཞན་བྱེད་དུ་འཇུག་པ་བཀག་པ་སྟེ། རང་གིས་བྱེད་པ་ནི་ཆེས་ཤིན་ཏུ་ལྕི་བ་དེ་བས་ན་འདི་ལ་ཡང་དེས་བཀག་པ་ཐོབ་པར་བྱེད་པ་ཉིད་དོ། །ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་རྗེན་པ་འཚོད་པའིའོ་ཞེས་བྱ་བ་ སྨོས་ཏེ། མི་སྙི་བ་རྣམས་ཀྱི་སུམ་ཆ་བངས་པ་ཉིད་ཀྱི་མདུན་རོལ་དུ་དེ་ཉིད་ཡིན་ཏེ་མ་ཚོས་པའི་ཕྱིར་རོ། །སྙི་བ་རྣམས་ཀྱི་ཁ་དོག་གྱུར་པའིའོ། །ཁུ་བ་རྣམས་ཀྱི་ནི་ལན་གཉིས་ཁོལ་བར་གྱུར་པའིའོ་ཞེས་སྨོས་པ་ཡིན་ཏེ། འདི་རྗེན་པ་ཉིད་ཀྱི་ཕྱིར་རྣམ་པར་གནས་པ་ཡིན་ནོ། །གང་ཡང་རུང་ བ་ལ་དེ་བཏགས་པའི་དབང་གིས་མེ་ལས་ཁྱད་པར་བསྒྲུབ་པ་ཉིད་ལ་འཚོད་པ་ལས་སྐྱེས་པ་ཉིད་རྩོམ་པ་གཅིག་པར་གྱུར་པ་ཉིད་ཀྱིས་ཆ་གཞན་དེར་ཞུགས་པའོ། །བཏགས་པ་ལ་ནི་སྦྱོར་བ་ཉིད་དེ་སྔ་མ་ལ་དེ་སྦྱོར་བ་མ་ཡིན་པའི་སྦྱོར་བ་ཉིད་དོ། །དགེ་སློང་གི་དགེ་འདུན་དང་། མཁན་པོ་ དང་། སློབ་དཔོན་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཕྱིར་དབེན་པའི་ཕྱོགས་སུ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་ཚིག་ནི། སློབ་དཔོན་གང་ལ་ངེས་པ་ཉེ་བར་གཞག་པར་བྱ་བ་ཉིད་ནི་དེའམ་གཞན་ལ་ཡང་ངོ་། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཞེས་བྱ་བ་ནི། རྣམ་ པ་འདི་ལ་མངོན་པར་བརྟེན་ནས་འདིར་ཚངས་པ་མཚུངས་པར་སྤྱོད་པ་དང་བཅས་པ་ཉིད་ཀྱི་ཚིག་གིས་བཟུང་བ་བསྒྲུབ་པ་ཡོད་པ་ལ་ཐ་དད་པའི་ཞེས་སྨོས་སོ། །དེ་བས་ན་འདི་ནི་མཚོན་པ་ཙམ་ཡིན་ཏེ། སློབ་དཔོན་ཡང་འདིས་འཕངས་པ་ཉིད་ཡིན་ནོ། །འདིར་ཚངས་པ་མཚུངས་པར་སྤྱོད་ པ་ཞེས་སྨོས་པས་ནི་ཆོས་འདི་པའི་རབ་ཏུ་བྱུང་བ་ཉིད་དང་། སློབ་དཔོན་སྨོས་པས་རབ་ཏུ་བྱུང་བ་བསྡུས་པར་རྣམ་པར་གནས་པ་ཡིན་ཏེ། ཁྱིམ་པ་རྣམས་ལ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །ཕྱིར་ཞེས་བྱ་བ་ནི་འཚོད་པ་ཉིད་ལ་ཆོས་དང་ལྡན་པའི་དོན་གྱི་དབང་གིས་འཚོད་པ་ལ་ནི་ལྟུང་བ་ མེད་པར་རིག་པར་བྱའོ། །ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་མོ།། །།གང་ལ་ལྟོ་འདུན་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཟས་ཟོས་ནས་སྟན་ལས་ལངས་ཏེ་ཡང་ཟ་བ་ལའོ་ཞེས་བྱ་བ་སྨོས་ཏེ། གནས་བཏང་བར་བྱས་ནས་བཟའ་བར་བྱ་བ་གང་ ཡང་རུང་བ་ཟོས་པ་ལ་ལྟུང་བྱེད་འདི་ལྷག་པོར་མ་བྱས་པ་ཟ་བའི་ལྟུང་བྱེད་དུ་རྣམ་པར་གཞག་པ་མ་ཡིན་པ་སྟེ། འོན་ཀྱང་འདི་ནི་ཟས་གཅིག་ཁོ་ན་ལ་ཉེ་བར་བཏགས་པའི་བཟའ་བར་བྱ་བ་ཟ་བ་དང་ལྡན་པ་ཉིད་ཡོད་པ་ལ་ལྷག་པོར་མ་བྱས་པར་སྟན་ལས་ལངས་ཏེ་ཡང་ཟ་བ་ལ་ལྟུང་བ་ གཅིག་ཏུ་འགྱུར་རོ། །ངེས་པར་བྱས་པ་ཞེས་བྱ་བ་ལྟུང་བྱེད་གཉིས་སོ། །དེ་ཉིད་ལ་སྤངས་ཤིང་ལྷག་པོར་མ་བྱས་པར་ཟ་ན་ནི་ལྟུང་བ་འདི་ཡིན་པ་དེ་བས་ན། ཟ་བ་གཅིག་པ་ཉིད་ཀྱིས་ཉེ་བར་བརྟགས་པ་ལས་ལངས་ཤིང་ལངས་ཏེ། ཡང་ཡང་ཟ་བ་དེ་ཉིད་ལྟོ་འདུན་ལས་གྱུར་པའི་ ལྟུང་བྱེད་དོ། །དེ་ལྟར་འདིར་གླེང་གཞི་ལས། དགེ་སློང་མ་སྦོམ་དགའ་མོ་ནང་པར་སྔར་ལངས་ཏེ། བསོད་སྙོམས་བླངས་ནས་རང་གི་ཉེན་འཁོར་དུ་གཞག་སྟེ། ལྷུང་བཟེད་ཡང་བླངས་ཡང་བླངས་ཡང་ཟོས་ཡང་ཟོས་ཤིང་འཆག་པར་བྱེད་ཅིང་། བཅགས་ནས་ཡང་ཟ་བར་བྱེད་དོ། །ཡང་ འཆག་པར་བྱེད་ཡང་ཟ་བར་བྱེད་ཅིང་དྲོའི་བར་དུ་མ་སྤངས་པར་དེ་ལྟར་བྱེད་པ་ལས་བཅས་པ་ཡིན་ཏེ། སྐྱེས་པ་ནི་ལྟོ་འདུན་ལས་གྱུར་པའི་གདུངས་པ་དང་། བརྐམ་ཆགས་ཆུང་བ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་ལ་ནི་ལྷག་པོར་མ་བྱས་ཤིང་ཟ་བ་གཅིག་པ་ཉིད་ཀྱིས་ཉེ་བར་བརྟགས་པ་ལ་སྟན་ལས་ ལངས་ནས་ཡང་དང་ཡང་དུ་ཟ་བ་ན་ཉེས་བྱས་སོ། །ལྟོ་འདུན་ལས་གྱུར་པའི་ལྟུང་བྱེད་དོ། །གང་ལ་ཚོགས་པར་དབྱུང་བ་མ་ཡིན་པའི་དྲི་བསྟན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྒོག་སྐྱའོ་ཞེས་བྱ་བ་སྨོས་ཏེ། ཟ་བ་ལའོ་ཞེས་བྱ་བར་སྦྱར་རོ། །དེ་དག་ཅི་ཙམ་ལ་ཡང་རུང་སྟེ་ཞེས་བྱ་བ་བྱེ་བྲག་ མ་སྨོས་པས་རྟོགས་པར་བྱའོ། །ན་བའི་ཕྱིར་ནི་ལྟུང་བ་མེད་དོ། །བཙོང་དང་སྒོག་སྐྱ་དག་ལ་བྱེ་བྲག་སྨོས་པས་ཇི་ལྟར་ཐོབ་པའི་ཉེས་བྱས་སུ་རིག་པར་བྱའོ། །ཀུན་དོང་ཀེའུ་དག་ཟ་བ་ལ་ནི་དྲི་ཆུང་བའི་ཕྱིར་ཉེས་བྱས་སོ། །ཚོགས་པར་དབྱུང་བ་མ་ཡིན་པའི་དྲི་བསྟན་པའི་ ལྟུང་བྱེད་དོ།། །།ད་འདི་མན་ཆད་དུ་ནི་བསུ་བེལ་བ་ལས་གྱུར་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་རྣམས་ཀྱི་དང་པོ་བསྟན་པ་དེའི་ཕྱིར། རྨེ་གབ་མི་འཆང་བ་ལའོ་ཞེས་སྨོས་ཏེ། ལོངས་སྤྱོད་པར་བྱེད་པ་སྣང་དུ་རུང་བའི་གོས་ངན་པ་མི་འདོག་པ་བསལ་བའི་ཕྱིར་འདི་ཡིན་ཏེ། བསུ་བེལ་བ་ཞེས་བྱ་བ་ནི་གོས་མ་རུངས་པར་གྱུར་པ་དེ་གཞན་དག་གིས་ཚོར་བ་ལ་བྱའོ། །དེ་བས་ན་དེ་ལྟ་བུར་གྱུར་པའི་ལུས་འོག་མའི་གོས་སྤང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བརྗོད་པའི་ཉེས་པ་ཡོངས་སུ་སྤང་བའི་དོན་དུ་རྨེ་གབ་བཅང་བར་བྱའོ། །སྐྱེ་གནས་ཀྱི་སྒོར་འདི་མ་ བརྟགས་པ་ཉིད་ལ་ལྟུང་བྱེད་དོ། །དེ་ཐིག་གུས་བཏགས་ཏེ་བཞག་གོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་རྨེ་གབ་དེའོ། །མདོ་དེ་གཉིས་ཀྱི་ལུང་ནི་ཕྲན་ཚེགས་དག་ལས་ཁ་བསྒྱུར་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་དུས་དུས་སུ་བཀྲུ་བ་དང་ཁ་བསྒྱུར་བར་བྱའོ་ ཞེས་བྱ་བ་ནི། རྨེ་གབ་དེ་ཞེས་བྱ་བར་སྦྱར་རོ། །གང་ལ་བསླབ་པའི་གཞི་གཉིས་པ་དེ་བརྗོད་པར་བྱ་སྟེ། ཆུ་གོས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་གི་སྒྲ་ནི་མི་འཆང་བ་ལའོ་ཞེས་བྱ་བར་སྦྱར་རོ། །གང་གི་ཚེ་ལུས་གཤེར་བར་གྱུར་པ་དེའི་ཚེ། གང་གིས་ཆུ་གོས་མི་འཆང་མི་གོན་ ཞིང་དེ་ལ་ཞེས་བྱ་བའི་དོན་ཏོ། །མདོམས་ཀྱི་སྤུ་མན་ཆད་ནས། པུས་མོའི་ལྷ་ང་ཡན་ཆད་ཀྱི་ཕྱོགས་མི་འགེབས་པ་ལ་དངོས་གཞིའོ། །གཞན་གཉའ་བ་མན་ཆད་ནས་ལོང་བུ་ཡན་ཆད་ཀྱི་ལུས་མགྲིན་པའི་བར་དུ་ལུས་ཀྱི་ཕྱོགས་མི་འགེབས་པ་ལ་ནི་ཉེས་བྱས་སོ། །འདིར་ གླེང་གཞི་ལས་དགེ་སློང་མ་རབ་ཏུ་མང་པོ་དག་བུད་མེད་ཁྱིམ་པ་མོ་དག་དང་ལྷན་ཅིག་ཏུ་ཆུ་ཀླུང་གནས་ཅན་གྱི་ནང་དུ་ཁྲུས་བྱེད་ཅིང་དེ་དག་ཁྲུས་བྱེད་པ་ན་བུད་མེད་དག་མཛུབ་མོས་སྟོན་ཅིང་རབ་ཏུ་བྱུང་བ་མོ་ཆེ་གེ་མོ་དག་གི་ནུ་མ་གཉིས་ནི་འདི་འདྲའོ། །ཆེ་གེ་མོ་ཞིག་གི་ལྟོ་བ་ནི་སྤྱང་ཁྱི་འདྲའོ། ། ཆེ་གེ་མོ་ཞིག་གི་རྐེད་པ་ནི་སྦོམ་མོ། །ཆེ་གེ་མོ་ཞིག་གི་བརླ་ནི་གླང་པོ་ཆེའི་སྣ་འདྲའོ་ཞེས་ལུས་ཀྱི་ཡན་ལག་དང་གསང་བའི་ཕྱོགས་དག་གི་བརྗོད་པ་རྣམ་པ་མང་པོས་བསྙད་འདོགས་པ་ལས་འདི་བཅས་པ་ཡིན་ནོ། །འདིས་ནི་རོ་སྟོད་མ་གཡོགས་པའི་ཁ་ན་མ་ཐོ་བ་ཉིད་དུ་ཤེས་པར་བྱ་ སྟེ་ཞེས་བྱ་བ་འདིས་ཤེས་པར་བྱའོ། །ཆུ་གོས་དང་ཁྲུས་རས་ཞེས་བྱ་བ་འདིའི་རྣམ་པར་འབྱེད་པ་ལས་སོ། །ཆུ་གོས་འདི་དུས་ཐམས་ཅད་དུ་ཕྱི་རོལ་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དགེ་སློང་མ་རྣམས་ལ་དབྱར་གྱི་གོས་རས་ཆེན་མ་གསུངས་ཏེ། དེ་ཉིད་ཀྱིས་ཆོག་པའི་ཕྱིར་རོ། ། དེ་གཉིས་བཅང་བར་བྱའོ་ཞེས་བྱ་བ་ནི་རྨེ་གབ་དང་ཆུ་གོས་དག་གོ། །རང་ཉིད་ཀྱང་ཉེ་བར་གནས་པ་བཅའ་བ་བསྒྲུབ་པའི་ཕྱིར་བཅང་བར་བྱའོ། །གང་ལ་རྨེ་གབ་འཆང་བར་གཏོགས་པའི་ལྟུང་བྱེད་གསུམ་པར་འགྱུར་བ་དེ་བརྗོད་པར་བྱའོ། །དེའི་ཕྱིར་བཀྲུ་བཤལ་བ་ལ་གོས་འཁྲུར་འཇུག་ པ་ལའོ་ཞེས་བྱ་བ་སྨོས་ཏེ། རང་གི་གོས་བྱིན་གྱིས་བརླབས་པ་རྙིང་པ་བཀྲུ་བར་འོས་པ་ཆོས་གོས་དང་གདིང་བ་དག་བཀྲུ་བཤལ་བ་ལ་འཁྲུར་འཇུག་པ་ལ་ཞེས་བྱ་བ་འདིས་ནི་འདིའི་བྱེ་བྲག་ཞིབ་ཏུ་ནི་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །གང་གི་ཕྱིར་ ཁ་ན་མ་ཐོ་བ་ནི་རྣམ་པ་གཉིས་ཏེ། དེ་དང་འདྲ་བའི་ཉེས་དམིགས་ལ་ནི་བཅས་པའོ། །འདིར་གླེང་གཞི་ནི། དགེ་སློང་མ་བཅུ་གཉིས་སྡེ་དག་རྨི་ལམ་ན་གནོད་པ་མཐོང་བས་མི་གཙང་བས་གོས་དག་ལ་གོས་པར་གྱུར་ནས་བཀྲུ་བཤལ་བ་ལ་འཁྲུར་འཇུག་པ་དང་། བཀྲུ་བཤལ་བ་དག་གིས་ བླངས་ཏེ། ཁྱིམ་པའི་གོས་དག་དང་ལྷན་ཅིག་བཀྲུས་པས་ན། དེ་དག་གིས་འབགས་པ་ཁྱིམ་པའི་གོས་དཀར་པོ་དག་མི་གཙང་བས་མ་རུངས་པར་གྱུར་པ་དང་། ཁྱིམ་པ་རྣམས་ཀྱིས་བཀྲུ་བཤལ་བ་ལ་བདག་ཅག་གི་གོས་གང་གིས་འབགས་ཞེས་ཟེར་ཞིང་དྲིས་པ་དང་། དེས་ སྨྲས་པ། དགེ་སློང་མ་རྣམས་ཀྱི་གོས་བདག་གིས་བཀྲུ་བའི་ཕྱིར་བླངས་ཏེ། དེ་དང་འབྲེལ་པས་འདི་རྣམས་འབགས་པ་ཡིན་ནོ་ཞེས་དེ་སྐད་ཅེས་ཟེར་བ་དེ་ཐོས་པས་ཁྱིམ་པ་རྣམས་འཕྱ་ཞིང་རབ་ཏུ་བྱུང་བ་དག་ནི་ཉེ་བར་མ་ཞིའོ་ཞེས་ཟེར་བའི་བར་ལས་བཅས་པ་ཡིན་ནོ། །ཕྱོགས་གཅིག་ བཀྲུས་ན་ཡང་བཀྲུས་པ་ཉིད་ཡིན་ནོ། །བྱས་པ་ཉིད་ལ་བྱེད་དུ་བཅུག་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་། འབྲས་བུའི་མཐའ་ཚུན་ཆད་གཅིག་ཉིད་དོ། །བཤང་བ་དང་གཅི་བ་དང་། ལྗན་ལྗིན་དང་འདམ་རྫབ་ལ་སོགས་པས་མ་རུངས་པ་འཁྲུར་བཅུག་པ་ལ་ཡང་ན་སྨད་ པ་མེད་དོ་ཞེས་སྔར་བསྟན་པ་དག་ཀྱང་འདིར་དེ་བཞིན་དུ་རིག་པར་བྱའོ། །འདིར་གོས་ཁ་བསྒྱུར་བ་དང་མ་བསྒྱུར་བ་བཙོ་བླག་མཁན་ལ་ཁ་བསྒྱུར་དུ་བཅུག་པ་ནི་ཇི་ལྟར་ཐོབ་པ་ལས་ཉེས་བྱས་སུ་རིག་པར་བྱའོ། །བསུ་བེལ་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།གང་ལ་ ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སྦྱོང་གི་གོས་ཁྱིམ་པ་ལ་བགོ་བའི་ཕྱིར་སྦྱིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཚད་དང་ལྡན་པའི་གོས་སྣམ་སྦྱར་དང་བླ་གོས་ལ་སོགས་པ་ཁྱིམ་པ་ལ་བགོ་ཞིང་བསྐོན་པའི་ཕྱིར་སྦྱིན་པ་ལ་ཞེས་བྱ་བའི་དོན་ཏོ། །འདིར་ མདོ་ལས་བྱིན་ན་ཞེས་གསུངས་པ་དེའི་རྣམ་པར་འབྱེད་པ་ནི། །བགོ་བར་བྱེད་ཅིང་བསྐོན་པར་བྱེད་ན་ཞེས་གསུངས་པ་ཡིན་ནོ། །བསྐོན་པ་ལ་ངེས་པར་སྦྱོར་བར་འགྱུར་བས་སྦྱིན་པར་བྱའོ་སྙམ་པ་འདི་ནི་དོན་ལ་རྣམ་པར་གནས་པ་ཡིན་ནོ། །ཚད་ནི་འཁོར་གསུམ་ཁེབས་པའི་མཐར་ཐུག་པ་ ཡན་ཆད་ལ་ལྟུང་བྱེད་དོ། །ཁྲུ་གང་ཡན་ཆད་ལ་ནི་ཉེས་བྱས་སོ། །དེ་བས་ན་ཆུང་བ་གཞན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་འདིར་རྣམ་པར་གཞག་པ་རིག་པ་ཡིན་པར་ཤེས་པར་བྱའོ། །གང་ཞིག་བསྲུང་བའི་དོན་དུ་བྱིས་པ་དག་ལ་མགྲིན་པར་གོས་བཏགས་ཏེ། ཆ་ལུགས་བསྒྱུར་ བའམ་ཞེས་བྱ་བ་སྨོས་པས་ལྟུང་བ་བསྐྱེད་པའི་ཚད་དང་ལྡན་པ་ལ་ཡང་དེར་ཉེས་པ་མེད་པར་རིག་པར་བྱའོ། །དེ་ཡང་རབ་ཏུ་བྱུང་བའི་ཕྱོགས་ལ་གཞག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བར་རིག་པར་བྱའོ། །ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ལྟུང་བྱེད་དོ། །གང་ལྕི་བའི་ཆོས་ལས་འདའ་བར་བྱེད་ པའི་ཕྱོགས་དང་མཉམ་པར་བྱེད་པར་གྱུར་པས་རང་གི་ཕྱོགས་ཀྱིས་ལྕི་བའི་ཕྱོགས་ལ་རྒྱལ་མཚན་བརྗེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་དང་ལྷན་ཅིག་སྣམ་སྦྱར་བརྗེ་བ་ལའོ་ཞེས་བྱ་བ་སྨོས་ཏེ། ཆོས་གོས་ཆེན་པོ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་ཁ་ན་མ་ཐོ་བ་འདི་སྐྱེད་ པའོ། །འདིར་གཞན་ལས་ལེན་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་སྦྱིན་པ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བཟང་ངན་བརྗེ་བ་མ་གཏོགས་པར་དགེ་སློང་ལ་སྣམ་སྦྱར་ལེན་པ་ལ་ལྟུང་བྱེད་འདི་རྣམ་པར་གཞག་པ་ཁོ་ནའོ། །བརྗེ་བ་ཞེས་བྱ་བ་ནི་ལེན་པའི་དཔེ་ཙམ་དུ་ཟད་དོ། །རྒྱལ་ མཚན་བརྗེ་བའི་ལྟུང་བྱེད་དོ།། །།ད་འདི་མན་ཆད་སེར་སྣ་བྱེད་པའི་ལྟུང་བྱེད་ལྔ་སྟོན་ཏེ། གང་ལ་དེ་རྣམས་ཀྱི་དང་པོར་འགྱུར་ཞེ་ན། དེའི་ཕྱིར་བསྔགས་པ་ལ་སེར་སྣ་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་གཞན་དག་གི་བསྔགས་པ་བརྗོད་པ་ལ་སེར་སྣ་བྱེད་ པར་འགྱུར་བ་ལ་ལྟུང་བྱེད་ཅེས་བྱ་བའི་དོན་ཏོ། །གང་ལ་ལྟུང་བྱེད་བཞི་པོར་འགྱུར་ཞེ་ན། དེ་བརྗོད་པར་བྱ་སྟེ་ཁྱིམ་དང་། གནས་དང་། རྙེད་པ་དང་ཆོས་ལ་སེར་སྣ་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། ལའོ་ཞེས་བྱ་བའི་སྒྲ་ནི་འདིར་ཁྱིམ་ལ་སོགས་པ་རེ་རེ་ལ་སེར་སྣ་བྱེད་པ་ལའོ་ ཞེས་བྱ་བར་སྦྱར་རོ། །སྡོམ་པར་བྱེད་པ་ཐམས་ཅད་ལ་ཉེས་བྱས་ཉིད་དེ་བསྡམ་པར་བྱ་བ་ཐམས་ཅད་ཀྱང་ཡིད་ཀྱི་ལྟུང་བ་ཐམས་ཅད་ལ་ཞེས་བྱ་བར་རྣམ་པར་གཞག་པའོ། །འདིར་ཡིད་ཙམ་གྱི་སེར་སྣ་བྱེད་པ་ན་བསྡམ་པར་བྱ་བ་ཉིད་ཡིན་ཏེ་ཉེས་བྱས་སོ། །དེ་བས་ན་འདིར་ གཞན་ལ་བསྔགས་པ་ལ་སོགས་པ་ལྷག་པར་སྤྱོད་པའི་གཉེན་པོར་གྱུར་པ་ན་ལུས་ངག་ལ་སེར་སྣའི་དབང་གིས་བསྔགས་པ་ལ་སོགས་པའི་གེགས་སུ་གྱུར་པ་ཉིད་ཀྱིས་བསྔགས་པ་ལ་སོགས་པའི་སེར་སྣའི་སྒྲ་སྨོས་པ་ཡིན་གྱི་སེར་སྣའི་དྲི་མ་ལ་ནི་མ་ཡིན་ནོ། །འདིར་ནི་བསྒྲུབ་པ་བསྔགས་པ་ལ་ སོགས་པ་ལ་སེར་སྣ་བྱེད་པ་ལ་ཡིན་གྱི་སེམས་ཀྱི་དྲི་མ་ལ་ནི་མ་ཡིན་ནོ། །དེ་ལྟར་ཡང་འདིར་གླེང་གཞི་ལས་སྦོམ་དགའ་མོས་དགེ་སློང་མ་གཞན་དག་གིས་ཡོན་ཏན་ཡང་དག་པར་བརྗོད་པ་ཐོས་པ་དང་སྨོད་པར་བྱེད་དེ། དེ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཅིའི་ཕྱིར་སྨོད་པར་བྱེད་ཅེས་སྨྲས་པ་དང་། སྦོམ་དགའ་མོས་སྨྲས་པ། བདག་ནི་ཤཱཀྱའི་རིགས་སུ་སྐྱེས་པས་སྡེ་སྣོད་གསུམ་གྱི་ཆོས་སྨྲ་བར་རིགས་པ་དང་། གྲོལ་བའི་སྤོབས་པ་དང་ལྡན་པ་ཁོ་མོའི་བསྔགས་པ་མི་བརྗོད་པར་གཞན་དག་གི་བསྔགས་པ་བརྗོད་དམ་ཞེས་བྱ་བ་དང་། སྦོམ་དགའ་མོས་དགེ་སློང་མ་གཞན་དག་ལ་ཁྱེད་ཀྱིས་གང་ན་ བསོད་སྙོམས་བསོད་པ་རྙེད་ཅེས་དྲིས་པ་དང་། དགེ་སློང་མ་རྣམས་ཀྱིས་ཐམས་ཅད་སྨྲས་པ་དང་། དེ་ནས་སྦོམ་དགའ་མོ་སྨོད་ཅིང་དེ་དག་ཟློག་པར་བྱེད་དོ། །ཁྱིམ་ག་གེ་མོ་ཞིག་ཏུ་ཁྱེད་ཅག་མ་འགྲོ་ཤིག་ཅེས་བྱ་བའི་བར་དང་། སྦོམ་དགའ་མོས་དེ་དགེ་སློང་མའི་ དབྱར་ཁང་བྱེད་དུ་བཅུག་ནས། དེ་ན་དགེ་སློང་མ་རྣམས་གནས་ཤིང་ས་གཉིས་པ་གཞན་ལ་སྦོམ་དགའ་མོ་གནས་ཏེ། དེ་རྣམས་དེས་བག་ཡངས་སུ་རྐང་པ་དག་གིས་འཆག་ཅིང་སྤྱོད་པའི་སྒྲ་ཆེན་པོ་དག་གིས་གྲག་པར་གྱུར་ནས། སྦོམ་དགའ་མོ་དེ་རྣམས་ལ་སྨོད་ཅིང་འདི་ལྟར་རྣམ་པར་འགྱུར་བར་ བྱེད་དོ། །རྣམ་པར་འགྱུར་བ་དག་གིས་སྒེག་པ་དང་བཅས་པས་འཆག་པ་དེ་རྣམས་སུ་ཡིན་ཞེས་ཟེར་ནས། ཇི་ལྟར་བ་ལང་མོ་རྣམས་འཆག་པར་བྱེད་པ་ལྟར་མ་བསྡམས་པའི་སྒྲ་གང་གི་ཕྱིར་བྱུང་བར་གྱུར་ཏོ། །དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱོད་གནས་ལ་སེར་སྣ་བྱེད་དམ་ཞེས་སྨྲས་པ། ཅིའི་ ཕྱིར་ཁོ་མོ་མི་བྱེད་བདག་གིས་བླངས་ཤིང་གཙུག་ལག་ཁང་བྱེད་དུ་བཅུག་སྟེ་ཆོས་བསྟན་པས་ལྕེ་ལ་ཆུ་བུར་བྱུང་བྱུང་གི་བར་དུ་བསྒྲུབས་པ་ཡིན་ནོ། །བདག་གིས་སའི་ལས་བྱས་པས་རྐང་པ་བརྡོལ་ཞིང་ལག་པ་གཉིས་ལ་ཆུ་བུར་བསྐྱེད་པ་དེའི་ཕྱིར་བདག་སེར་སྣ་བྱེད་དོ། །སྦོམ་དགའ་མོ་འདི་སྙམ་ དུ་དགེ་སློང་མ་འདི་རྣམས་སྔ་མར་བསོད་སྙོམས་ལ་རབ་ཏུ་འཇུག་པས། ཁོ་མོས་རྙེད་པ་གང་ལ་ཐོབ་སྙམ་ནས། ད་ཐབས་ཅུང་ཟད་བྱས་ཏེ། གང་གིས་བདག་ཁོ་ན་སྔར་ཞུགས་ལ་ཕྱིས་འདི་རྣམས་འཇུག་གོ་སྙམ་ནས། དེས་དེ་རྣམས་གདམས་ངག་དང་རྗེས་སུ་བསྟན་པ་སྟེར་བར་བྱེད་དེ་ ཁྱེད་ཅག་ནི་ཟས་ཙམ་ལ་རྩེ་གཅིག་པ་ཟས་དང་འབྲེལ་པའི་སེམས་ཀྱིས་མཚན་མོ་འདའ་བར་བྱེད་དོ་ཞེས་ཟེར་ཞིང་། ཁྱེད་ཅག་རྣམས་ནི་མཁན་མོ་མ་ཡིན་ཏེ། ཉེ་གནས་དང་བསྙེན་བཀུར་གྱིས་ཤིག །ཁྱེད་ཅག་རྣམས་ནི་བཅོམ་ལྡན་འདས་ལ་མཎྜལ་དང་བསྟོད་པ་སྨྲ་བར་མི་བྱེད་དེ། གཅིག་ པུ་ལྟུང་བྱེད་དེ་བླངས་ནས་སྔ་བར་བསོད་སྙོམས་ལ་རབ་ཏུ་ཞུགས་སོ་ཞེས་བྱ་བ་དང་། དེ་རྣམས་ཀྱི་བསམས་པ་འཕགས་མ་དེ་བཞིན་དུ་རིགས་སོ་ཞེས་ཟེར་ཏེ། དེ་རྣམས་འགྲོ་བར་མ་བརྩམས་པ་དང་། སྦོམ་དགའ་མོས་ཀྱང་སྐྱ་རེངས་ཤར་བའི་དུས་ཀྱི་ཚེ་བསོད་སྙོམས་ལ་ཞུགས་པ་ན། བྲམ་ཟེ་ གཞན་དག་བཀྲ་ཤིས་དོན་དུ་གཉེར་བ་ཡུལ་གཞན་དུ་འགྲོ་བར་འདོད་པས་ཁྱིམ་ནས་བྱུང་བ་དང་། དེས་དེ་མཐོང་ནས་མགོ་རེག་མཐོང་ན་བཀྲ་མི་ཤིས་སོ་ཞེས་ཟེར་ཏེ། བཟུང་ནས་ཤིན་ཏུ་བརྡེགས་སོ་ཞེས་བྱ་བའི་བར་དང་། སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མས་བདག་ཅག་རྣམས་ལ་ ལུང་དབོག་པར་འཚལ་ན། གལ་ཏེ་ཁྱེད་ཀྱིས་བདག་ཅག་ལ་གནང་བ་སྟེར་ན་ལུང་དབོག་ཏུ་གསོལ་ཞེས་གསོལ་བ་བཏབ་པ་དང་། དེས་ཐོས་ནས་ལུང་དབོག་པའི་དུས་དགེ་སློང་མ་དེ་རྣམས་འོངས་པ་དང་། དེས་ཁོ་མོ་རོ་རྒྱབ་ནས་ཤས་དུགས་གྱིས་ཤིག་ཅེས་ལས་བྱེད་དུ་འཇུག་པ་དང་། དེ་ རྣམས་བྱེད་ཅིང་བདག་གི་གོས་རྣམས་དྲི་མ་ཅན་དུ་གྱུར་པས་ན། འཚེད་པའི་ལས་གྱིས་ཤིག་ཆུ་ལོང་ཅིག་ཅེས་བྱ་བ་ལ་སོགས་པ་འདི་ལྟར་བྱ་བ་མཐའ་ཡས་པ་ཡིན་ཏེ། དེ་རྣམས་ཀྱིས་འདི་ལྟར་བསམས་ཏེ། འཕགས་མ་ནི་ངེས་པར་ཆོས་ལ་སེར་སྣ་བྱེད་དོ་སྙམ་ནས་དེ་དག་གིས་དྲིས་པ། གཅིག་པུ་ཁོ་མོ་ཅག་ལ་ལས་བྱེད་དུ་བཅུག་སྟེ་གང་གིས་ཁོ་མོ་ཅག་ལ་གནང་བར་མི་བྱེད་དེ། དེས་སྨྲས་པ། ཁོ་མོ་ཅིའི་ཕྱིར་མི་བྱེད་ཅེས་བྱ་བའི་བར་དུའོ། །སེར་སྣ་བྱེད་པ་ལས་གྱུར་པའི་ལྟུང་བྱེད་ལྔའོ།། །།ད་འདི་མན་ཆད་ནི་སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་གཉིས་བསྟན་ཏེ། དེ་གཉིས་ཀྱི་དང་པོ་ནི་དབྱར་ཁང་ནས་དགེ་སློང་མ་གང་ཡང་རུང་བས་སྐྲོད་པ་ལའོ་ཞེས་བྱ་བ་སྟེ། གང་ཡང་རུང་བས་ཞེས་བྱ་བ་ནི་གཅིག་ཉིད་ལ་གཞན་གྱི་ངེས་པ་རྣམས་སོ། །བཀྲུ་བའི་དོན་དུ་རང་གི་ལུས་སམ་ངག་གིས་གཞན་ལ་བཅོལ་བའམ། སྤྲིང་ཡིག་ལ་སོགས་པའི་རྣམ་པ་གང་ཡང་རུང་བས་ཞེས་ བྱ་བའི་དོན་ཏོ། །འདིར་སྦོམ་དགའ་མོས་དགེ་སློང་མ་སྔ་ནས་འཁོད་པ་དག་རྐང་པ་དང་། ལག་པ་དག་གིས་མནན་པ་དང་། དེ་དག་གིས་སྨྲས་པ། འཕགས་མ་ཅིའི་ཕྱིར་གནོད་པ་བྱེད། དེས་སྨྲས་པ། སུ་ལ་གནོད་པ་དེ་དག་འགྲོ་ལ་རག་གོ། །དེ་རྣམས་ཀྱིས་ཕན་ཚུན་སྨྲས་པ། སྦོམ་དགའ་མོ་ ནི་སྟོབས་དང་ལྡན་པ་སྟེ། དུས་ནམ་གྱི་ཚེ་བདག་ཅག་ལ་རྒྱབ་ཏུ་རྐང་པའི་རྡོག་པ་དང་། ལག་པ་རྣམས་ཀྱིས་སྲོག་དང་འབྲལ་བ་འོང་ངོ་སྙམ་ནས་སྟན་ལས་ལངས་ཤིང་བདག་ཅག་རྣམས་འགྲོ་བར་བྱའོ་ཞེས་ཟེར་ཏེ། དེ་ལྟར་དགེ་སློང་མ་རྣམས་ཐམས་ཅད་དོང་བ་ལས་བཅས་པ་ཡིན་ཏེ། ཕྱི་མའི་གླེང་གཞི་ གང་ཡིན་པ་དེ་འདིར་ཡང་སྦྱར་བར་རིག་པར་བྱའོ། །བུད་མེད་རྣམས་ལ་འཇུག་པ་འདི་ནི་ཤིན་ཏུ་སྟོབས་དང་ལྡན་པ་མི་མཐུན་པ་ཞེས་བྱ་བ་འདིར་འདི་ཤེས་པའོ། །ལྷག་མ་ནི་དགེ་སློང་སྐྲོད་པའི་ལྟུང་བྱེད་དང་འབྲེལ་པ་དེར་གཏོགས་པ་ཐམས་ཅད་འདིར་ཤེས་པར་བྱའོ། །གང་དུ་གཉིས་ པ་དེ་བརྗོད་པར་བྱ་སྟེ། དེའི་ཕྱིར་ཁྱིམ་གཞན་ནས་དགེ་སློང་མ་སྔ་ན་གནས་པ་སྐྲོད་པ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ཡང་ངོ་ཞེས་བྱ་བའི་སྒྲས་ནི་དགེ་སློང་མ་གང་ཡང་རུང་བས་སྐྲོད་པ་ལའོ་ཞེས་བྱ་བར་སྦྱར་རོ། །སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ།། །།གང་ལ་ཆོས་ལ་རྨོངས་པས་ཐོ་ འཚམས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ལེགས་པར་མ་མཐོང་བ་ལ་སོགས་པས་གླེང་བ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་ལའོ་ཞེས་བྱ་བར་སྦྱར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི། ལེགས་པར་མ་ཐོས་པ་དང་ལེགས་པར་མི་དོགས་པ་གཉིས་སུ་བསྡུའོ། །གཞི་ལེགས་པ་མེད་པ་ ལས་གཞི་མེད་པ་ཉིད་ཆེས་སྡིག་ཆེ་བས་དེའི་ཕྱིར་འདིར་ཡང་ཁ་ན་མ་ཐོ་བ་འདིའོ། །ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་གཉིས་གླེང་བ་སྔར་བསྟན་ཟིན་པའི་ཕྱིར་ལྷག་མས་གླེང་བ་ཡིན་ནོ། །དྲན་པར་བྱ་བ་ཡང་གླེང་བའི་རྣམ་པ་ཡིན་པས། དེ་བས་ན་འདིར་ཡང་གླེང་བ་དང་འབྲེལ་པ་འདི་ལ་ཐ་དད་པར་རྩོམ་ པ་ཉིད་མེད་པས་ལྷག་མ་འདི་ནི་འདིའི་ཡུལ་ལོ། །གླེང་བ་ལས་གདམས་ངག་ལ་སོགས་པ་འཇོག་པ་དང་། གྱོད་ལ་བཏགས་པ་ཆེས་སྡིག་ཆེ་བས་དེ་བས་ན་གཉིས་པོ་འདི་དག་ཀྱང་གཞི་ལེགས་པ་མེད་པ་དང་གཞི་མེད་པ་དག་ལ་འདིའོ། །འདིར་གླེང་གཞི་ནི། དེ་དག་གིས་ལེགས་པར་མ་མཐོང་བ་དང་། ལེགས་པར་མི་ཐོས་པ་དང་། ལེགས་པར་མི་དོགས་པས་དགེ་སློང་མ་ལ་གླེང་བར་བྱེད་པ་དང་དྲན་དུ་བཅུག་པའོ། །དགེ་སློང་མ་ཆེ་གེ་མོ་ཞིག་འདི་འདྲའོ་ཞེས་གླེང་བར་བྱེད་ཅིང་དེ་རྣམས་ལ་གསོ་སྦྱོང་དང་དགག་དབྱེ་འཇོག་པར་བྱེད་པ་དང་། དེ་བཞིན་དུ་གཞི་མེད་པར་བརྫུན་གྱིས་དགེ་སློང་མ་རྣམས་ལ་ གླེང་གཞི་མི་མཐུན་པར་གནས་པར་བྱེད་ཅེས་བྱའོ། །དེ་བཞིན་དུ་འདིར་རང་ལ་ཡང་ཁ་ན་མ་ཐོ་བ་རྣམས་ལ་མཚོན་པ་ཉིད་ཀྱིས་འདིར་གླེང་གཞི་མི་མཐུན་པར་གནས་པར་བྱེད་དོ་ཞེས་བྱ་བ་འདི་ལས་ཤེས་པར་རོ། །ཐོ་འཚམས་པ་ལས་གྱུར་པའི་ལྟུང་བྱེད་དོ།། །།གང་ལ་རབ་ཏུ་བྱུང་བའི་ བསམ་པ་ལོག་པར་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་མནའ་དོར་བ་ལའོ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བ་རྣམས་ཀྱི་བསམ་པ་ནི་བདེན་པས་འཇུག་པ་ཡིན་ན། དེ་མནས་ལོག་པར་སྟོན་པ་སྟེ། ཁོ་མོ་ཐམས་ཅད་བདེན་པས་འཇུག་པ་མ་ཡིན་གྱི། འདི་ལྟར་གང་ལ་མནའ་ དོར་བར་འཇུག་པ་དེ་གཅིག་པུ་བདེན་ནོ་ཞེས་བྱ་བར་གྱུར་པས་སོ། །གཞན་གྱི་མདུན་མ་ཡིན་པར་མནའ་དོར་བ་ནི་ཚིག་ཀྱལ་པ་ཙམ་དུ་ཟད་པས། སྔ་མའི་རྗེས་སུ་འབྲང་བས་ན་འདི་ཉེས་བྱས་སུ་ཤེས་པར་བྱེད་པའོ། །འདི་ལ་ཤེས་པ་གཞན་ལ་དངོས་གཞི་འབྱུང་བའོ། །རྗེས་སུ་སྤྲོ་བ་ལ་ ནི་ཉེས་བྱས་སོ། །གཞན་ཉེ་བར་གནས་པ་ནི་ཚིག་ཀྱལ་པ་ཙམ་དུ་རིག་པར་བྱའོ། །ལོག་པར་སྟོན་པའི་ལྟུང་བྱེད་དོ། །གང་ལ་མི་བརྟན་པས་རྣམ་པར་འགྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཁྲོ་བས་བདག་ཉིད་ལ་གནོད་པར་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། གནོད་པ་བྱེད་པའི་ སྒྲ་ནི་རྡེག་པ་ལའོ། །བདག་ཉིད་ལ་གནོད་པར་བྱེད་ཅེས་བྱ་བའི་རྣམ་པར་འབྱེད་པ་ནི་རྡེག་པར་བྱེད་པའོ་ཞེས་གསུངས་པ་ཡིན་ནོ། །མི་བརྟན་པས་རྣམ་པར་འགྱུར་བ་ཞེས་བྱ་བ་འདི་ནི་འདི་ཡིན་ཏེ། དེ་བས་ན་མི་བརྟན་པ་རྣམ་པར་འགྱུར་བ་ཉིད་ཀྱིས་འདི་བརྗོད་པའོ། །མི་བརྟན་པས་རྣམ་པར་ འགྱུར་བའི་ལྟུང་བྱེད་དོ།། །།ད་འདི་མན་ཆད་ནི་བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་རྣམས་ཀྱི་དང་པོ་ནི་དགེ་སློང་མའི་ཚོགས་པ་ལ་བརྙས་ཐབས་བྱེད་པ་ལའོ། །ཚོགས་ཀྱི་སྒྲ་ནི་དགེ་འདུན་འདི་དང་འོག་མ་ལའོ། །དགེ་སློང་མའི་ཚོགས་ ཞེས་བྱ་བའི་རྣམ་པར་འབྱེད་པ་ནི་དགེ་སློང་མའི་དགེ་འདུན་ཞེས་གསུངས་པ་ཡིན་ནོ། །གསུམ་མམ་གཉིས་སམ་གཅིག་པོ་རྣམས་ཀྱི་རྗེས་སུ་འབྲངས་པས་ཉེས་བྱས་སུ་རིག་པར་བྱའོ། །བརྙས་ཐབས་བྱེད་པ་ཞེས་བྱ་བའི་མདོ་འདི་རྣམ་པར་འབྱེད་པ་ནི་བརྙས་ཐབས་བྱེད་པ་ལ་ཡང་ངོ་ཞེས་བྱ་བ་ སྟེ། དེ་བས་ན་འདིར་བརྙས་ཐབས་བྱེད་པ་ལ་ཡང་ངོ་ཞེས་བྱ་བ་སྨོས་སོ། །རྣམ་པ་སྣ་ཚོགས་དག་གིས་སྨོན་པར་བྱེད་དེ། ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་གྱིས་འཚོ་བར་བྱེད་དོ། །མི་གསལ་བ་རྨོངས་པ་མི་མཁས་པ་ཡིན་ནོ། །ལྟུང་བ་ ཡང་མི་ཤེས་ལྟུང་བ་མེད་པ་ཡང་མི་ཤེས་པ་ཡིན་ནོ། །འདི་ལ་བྱིན་པའམ་བྱས་པའམ། བསྙེན་བཀུར་ཀུན་དུ་སྤྱད་པས་ཅི་བྱ། ལོག་པའི་ཆོས་ཀྱིས་ཀུན་ཏུ་དཀྲིས་པ་ཡིན་ནོ་ཞེས་གླེང་གཞི་ལས་གསུངས་པ་ཡིན་ནོ། །དེ་བས་ན་འདི་ལྟ་བུའི་བརྙས་ཐབས་བྱེད་པ་ལ་ཡང་འདིའི་ངོ་བོ་ ཞེས་བྱ་བར་རྟོགས་པར་བྱའོ། །གང་ལ་བསླབ་པའི་གཞི་གཉིས་པ་དེ་བརྗོད་པར་བྱ་སྟེ། དེའི་ཕྱིར་སྤྱོ་བ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མའི་ཚོགས་ལ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲས་སྨོས་སོ། །དགེ་སློང་མའི་ཚོགས་ལ་སྤྱོད་པར་བྱེད་པའི་གླེང་གཞི་ནི། འདིར་ འཚོ་བའི་ཕྱིར་མགོ་བྲེགས་པ། མུ་གེའི་ཕྱིར་མགོ་བྲེགས་པ། སྡིག་པའི་ལས་ཅན། འཕགས་པ་མ་ཡིན་པ། ཟོལ་པ་མོ། །ཕ་རོལ་སླུ་བ་ཡང་དག་པར་སྡོམ་པ་མ་ཡིན་པ་ཚུལ་ཁྲིམས་འཆལ་པའོ་ཞེས་གསུངས་པ་ཡིན་ཏེ། དེ་བས་ན་སྤྱོ་བའི་རང་བཞིན་ནི་འདི་རྣམས་ཡིན་ནོ་ཞེས་རྟོགས་པར་ བྱའོ། །སྤྱོ་བའི་ཚིག་འདི་རྣམས་ལ་དོན་ཐ་དད་པ་ཉིད་དེ་ལོག་པའི་འཚོ་བའི་ཁོངས་སུ་ཚུལ་ཁྲིམས་འཆལ་བ་བསྡུས་པའི་ཕྱིར་རོ། །དེ་བས་ན་ཐ་དད་པའི་ངེས་པ་ནི་སེམས་ཐ་དད་པའི་དབང་གིས་ཚིག་ལའོ། །དེ་བས་ན་བརྙས་ཐབས་དང་སྤྱོ་བ་དག་ལ་དོན་ཐ་དད་པ་ཞེས་བྱ་བར་རྟོགས་པར་བྱའོ། ། གང་ལ་བསླབ་པའི་གཞི་གསུམ་པ་དེ་བརྗོད་པར་བྱ་སྟེ། དེའི་ཕྱིར་འཁོར་གཙོ་བོ་ལ་ཆུས་འཐོར་བ་ལའོ་ཞེས་བྱ་བ་སྨོས་ཏེ། འཁོར་གཙོ་བོ་ཞེས་བྱ་བའི་སྒྲས་ནི། འདིར་དགེ་སློང་ལ་བརྗོད་དོ། །འཁོར་གཙོ་བོ་ཞེས་བྱ་བ་རྣམ་པར་འབྱེད་པ་ལས་དགེ་སློང་ཞེས་གསུངས་པའི་ཕྱིར་རོ། །ལུས་ ལ་ཐིགས་པ་ཙམ་གྱིས་ཕོག་པར་གྱུར་ན་ཡང་དེའི་ཚེ་ཆུས་གཏོར་བ་ཡིན་ནོ། །བརྒྱལ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་དགེ་སློང་བརྒྱལ་བ་ལ་ཆུ་གཏོར་བ་ལ་ལྟུང་བ་མེད་དོ། །ཁ་ན་མ་ཐོ་བ་འདི་ནི་ལོག་པར་བསྒྲུབ་པར་གྱུར་པའི་གཏོང་བ་ལ་ཞེས་བསྟན་པར་རིག་པར་བྱའོ། །དགེ་སློང་ལ་ཐུ་ཞེས་མི་ བྱའོ་ཞེས་བྱ་བ་ནི། འདིར་གཞུང་ནི། ཕྲན་ཚེགས་རྣམས་ལས་ཐུ་ཞེས་མི་བྱའོ་ཞེས་བྱ་བའི་དང་པོ་འདི་ནས་བསྟན་པ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །རབ་ཏུ་བྱུང་བ་འདི་པ་ལ་སྤྱོ་བར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མའི་ཚོགས་ལ་སྤྱོ་བའི་ལྟུང་བྱེད་སྔར་ལོགས་ཤིག་ཏུ་བསྟན་ཟིན་པའི་ཕྱིར་རོ། ། ཆོས་འདི་པའི་རབ་ཏུ་བྱུང་བ་དགེ་སློང་ལ་སོགས་པ་ལ་ཆོས་འདི་པ་རབ་ཏུ་བྱུང་བའི་ཚིག་གིས་བསྡུས་ཏེ། འདི་ལ་སྤྱོ་བ་ལ་ཉེས་བྱས་སུ་རྣམ་པར་གཞག་པ་ཡིན་ཏེ། ལྕི་བའི་ཆོས་མ་ཡིན་པའི་ཕྱིར་མགུ་བར་སྤྱད་པ་ཡིན་ནོ། །མགུ་བར་སྤྱད་པ་ཞེས་སྨོས་པས་ཟླ་བ་ཕྱེད་སྤྱད་པར་བྱའོ། ། དེ་ལ་གཉིས་ཀ་ཡང་ངོ་ཞེས་བྱ་བ་ནི་གང་ཞིག་རབ་ཏུ་བྱུང་བ་འདི་པ་དེ་ལ་སྤྱོ་བར་མི་བྱའོ་ཞེས་བྱ་བ་སྨོས་པ་དེ་ལ་བརྙས་ཐབས་དང་སྤྱོ་བ་གཉིས་ཀ་ལ་ཡང་རིག་པར་བྱའོ། །རབ་ཏུ་བྱུང་བ་འདི་པ་ལ་བརྙས་ཐབས་མི་བྱའོ་ཞེས་བྱ་བ་འདི་ཡང་འདིས་འཕངས་སོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་གི་ མདུན་དུ་སྤྱོད་ཡུལ་དུ་རྒྱུ་བར་མི་བྱའོ། །ཟམ་པ་མི་བརྟན་པར་དགེ་སློང་དང་ལྷན་ཅིག་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་ཟམ་པ་བརྟན་པ་དང་མི་ལྡེག་པས་ལྟུང་བའི་བདག་ཉིད་ཅན་གྱི་ཉེས་དམིགས་མི་སྲིད་པས་ན་ལྟུང་བ་མེད་དོ། །དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །འདུག་པས་དེ་ འགྲེང་བས་ཧ་ཅང་ཡུན་རིང་དུ་འདའ་བར་བྱེད་ན་སྟན་ལ་འདུག་ཏུ་གཞུག་གོ་ཞེས་བྱ་བ་ལ། འདུག་པས་ཞེས་བྱ་བ་ནི་སྟན་ལ་འདུག་ཏུ་གཞུག་གོ་ཞེས་བྱ་བ་དང་འབྲེལ་ལོ། །དེ་ཞེས་བྱ་བ་ནི་དགེ་སློང་མའོ། །གནས་སྐབས་གང་དུ་འཇུག་པར་འགྱུར་ཞེ་ན། དེའི་ཕྱིར་འགྲེང་བ་ཞེས་སྨོས་ཏེ། གནས་པས་ཞེས་བྱ་བའི་སྤྱོད་ལམ་གྱིས་དུས་འདའ་བར་བྱེད་པ་ལའོ། །གནས་སྐབས་ཇི་ལྟ་བུས་དེ་སྟན་ལ་འདུག་ཏུ་གཞུག་ཅེ་ན། དེའི་ཕྱིར་འདུག་པས་ཞེས་བྱ་བ་སྨོས་སོ། །དགེ་སློང་ཞེས་བྱ་བ་འདི་ལ་འདིར་དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ཡོངས་སུ་གྱུར་པ་ལ་བྱེད་པ་པོ་ཉིད་ཀྱི་ཚིག་གིས་ འབྲེལ་ཏོ་སྙམ་དུ་ཤུགས་ཀྱིས་རྟོགས་པའོ། །མི་བྱེད་ན་འདུག་པའི་ཕྱིར་ཞུས་ཏེ་དེ་ལ་འདུག་པར་བྱའོ་ཞེས་བྱ་བ་ལ། མི་བྱེད་ན་ཞེས་བྱ་བ་ནི་དགེ་སློང་མ་སྟན་ལ་འདུག་པར་མ་བྱས་པ་ལ། འདི་ལ་དེས་འདུག་པ་ལ་ངེས་པར་སྦྱར་བ་ཞེས་བྱ་བའི་དོན་ཏོ། །མཐོང་མ་ཐག་ཏུ་ཞེས་བྱ་བ་ནི་དགེ་ སློང་དེའོ། །དེ་ལ་འདུག་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་སོ། །ཞུས་ཏེ་ཞེས་བྱ་བ་ནི་གནང་ན་སྟན་དེ་ལ་འདུག་པར་བྱ་སྟེ། དགེ་སློང་མས་ཞེས་བྱ་བའི་དོན་གྱིས་རྟོགས་པར་བྱའོ། །བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་གསུམ་མོ།། །།གང་ལ་འཁྲུག་ལང་ཡལ་ བར་དོར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་མ་རྣམས་ཀྱིས་རྩོད་པ་མཐུ་ཡོད་བཞིན་དུ་ཉེ་བར་ཞི་བར་མི་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཉེ་བར་ཞི་བར་བྱ་བའི་མཐུ་ཡོད་བཞིན་དུ་རྩོད་པ་ཉེ་བར་ཞི་བར་མི་བྱེད་པ་ལ་ཁ་ན་མ་ཐོ་བ་འདི་བསྒྲུབ་པར་འགྱུར་རོ། །གལ་ཏེ་གང་གི་ཚེ་ དེའི་འོག་ཏུ་མ་བྲལ་བ་ཉིད་ལ་དེའི་སེམས་ལ་དེ་དང་འབྲེལ་པ་རྣམ་པར་ངེས་པའམ། བསམ་པ་བཏང་ནས་ཡང་བསམ་པ་གཞན་བསྐྱེད་པ་ལྟུང་བ་ཐམས་ཅད་ཀྱི་བསམ་པ་མ་བཏང་བ་ཉིད་ལ། ལྟུང་བ་གཅིག་པ་ཉིད་ཀྱི་བསམ་པ་དོར་ནས་སླར་ཡང་མངོན་པར་བསྟེན་པ་ལ་ལྟུང་བྱེད་གཞན་བསྐྱེད་པར་ འགྱུར་རོ། །འཁྲུག་ལོང་ཡལ་བར་དོར་བའི་ལྟུང་བྱེད་དོ། །གང་ལ་བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཞག་ལོན་པའི་མི་འདུན་པ་སྦྱིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཉི་མ་སྔ་མ་གཞན་ལ་འདུན་པ་ཕུལ་བ་དེ་ཉིད་དུ་ཡང་ཡོད་པས། འདུན་པ་སྔ་མ་དེ་གང་གི་ཕྱིར་བདག་ གིས་དང་དུ་མ་བླངས་པས་ཡང་ཅིའི་ཕྱིར། ད་ལྟར་འདུན་པ་ཕུལ་བ་དེ་བདག་གིས་མ་བླངས་སོ་ཞེས་ཟེར་ཞིང་ཞག་ལོན་པའི་འདུན་པ་སྦྱིན་པའོ། །ཕྱིས་ཉི་མ་གཞན་ལ་འདུན་པ་སྦྱིན་པ་ལ་ཞེས་བྱ་བ་འདིས་བྱེ་བྲག་པ་ཉིད་བསྟན་པར་རིག་པར་བྱའོ། །ལས་གང་ལ་སྦྱིན་པ་ཉིད་དེ། དེའི་ཚེ་ལས་ མ་བྱས་པ་ཉིད་ལ་མདུན་དུ་དེའི་ལས་བྱ་བའི་དོན་སླར་བསྡུས་པའི་རྣམ་པ་འདི་ལ་གོ་སྐབས་སོ། །དེ་ལྟར་འདིར་གླེང་གཞི་ནི་སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་དགེ་སློང་མའི་དགེ་འདུན་འཚོགས་ཀྱིས་ཚུར་ཤོག་ཅིག་ཅེས་བྱས་པ་དང་། དེས་སྨྲས་པ་ཆོས་བཞིན་དུ་བྱེད་པའི་ལས་ལ་འདུན་ པ་འབུལ་ལོ། །བྱ་བ་དེ་ཡང་མ་བྱས་སོ། །ཡང་ཕྱི་དེ་ཉིན་ཕར་དགེ་སློང་མའི་དགེ་འདུན་འདུས་ནས་སྦོམ་དགའ་མོ་ལ་སྦྲན་པ་དང་། དེ་འོང་དུ་མ་བཏུབ་ནས་དགེ་སྐོས་མོས་ཅི་འཕགས་མ་འདུན་པ་འབུལ་མི་འདོད་དམ་ཞེས་སྨྲས་པ་དང་། དེས་སྨྲས་པ་ཁོ་མོས་འདུན་པ་ཕུལ་ཟིན་ཏོ། །ནམ་ཕུལ་ཉི་མ་སྔ་མ་ ལའོ། །འཕགས་མས་ཞག་ལོན་པའི་འདུན་པ་འབུལ་དུ་རུང་ངམ། དེས་སྨྲས་པ་ཆག་གམ་རྡུལ་ཏམ་ཅི་ཉེས་ཞེས་ཟེར་བ་ལས་བཅས་པ་ཡིན་ནོ། །བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད་དོ། །བློ་མཐུན་པ་ལ་རྩེ་བར་གྱུར་པ་ཉིད་ཀྱི་ཕྱིར། ལྕི་བའི་ཆོས་ལ་འདས་པའི་ལྟུང་བྱེད་གསུམ་དང་། ལྕི་བའི་ ཆོས་དང་འབྲེལ་པའི་ལྟུང་བྱེད་ཆོས་ལས་འདས་པ་ཞེས་བྱ་བའི་ལྟུང་བྱེད་འོག་མ་བཞི་པོ་སྟེ། དེ་རྣམས་ཀྱི་དང་པོ་ནི་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལས་གདམས་ངག་དང་རྗེས་སུ་བསྟན་པ་དག་ཉམས་སུ་མྱོང་བར་མི་བྱེད་པ་ལའོ་ཞེས་བྱ་བ་ནི་གསོ་སྦྱོང་གི་ཉིན་མོ་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་ བྱས་པ་ཉིད་དོ། །དེ་བས་ན་གསོ་སྦྱོང་གི་ཉིན་མོ་ལས་འདས་ན་ཁ་ན་མ་ཐོ་བ་འདི་སྐྱེད་པའོ། །རྐྱེན་བྱུང་ན་སོ་སོར་ཉམས་སུ་མྱོང་བར་བྱ་བ་ཉིད་མ་ཡིན་ནོ། །ཉམས་སུ་མྱོང་བ་ནི་ལས་ཉིད་མ་ཡིན་པ་མ་ཡིན་ནོ། །གསོ་སྦྱོང་གི་དུས་ཀྱང་འདིའི་དུས་སོ། །དེ་ལྟ་བས་ན་འདིར་ཉི་མ་འཆར་བའི་དུས་ལས་འདའ་ བར་བྱེད་ན་འདས་པ་ཞེས་བྱ་བ་འདི་ལ་ན་སྨད་པ་འཇུག་གོ། །གཉིས་པ་ནི་གང་ལ་དགེ་སློང་དག་མེད་པར་གསོ་སྦྱོང་བྱེད་པ་ལའོ་ཞེས་བྱ་བ་སྟེ། དགེ་སློང་མའི་དགེ་འདུན་གྱིས་སྔར་དགེ་འདུན་ལས་འདུན་པའི་གསོ་སྦྱོང་བླངས་ནས་འཚོགས་པ་སྒྲུབ་པར་མི་བྱེད་པ་དེ་ནི་འདིར་གསོ་སྦྱོང་བྱེད་པ་ལ་ཡན་ལག་ཏུ་རྣམ་ པར་གཞག་པ་དེ་བས་ན་ཚོགས་པ་སྒྲུབ་པར་མི་བྱེད་པ་དེ་ནི་འདིར་དགེ་སློང་དག་མེད་པར་གསོ་སྦྱོང་བྱེད་པར་རིག་པར་བྱའོ། །འདི་ན་འདིར་ལྕི་བའི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པའི་ཁ་ན་མ་ཐོ་བའོ། །འདིར་གླེང་གཞི་ལས་དགེ་སློང་མ་ཁྱོད་ཀྱིས་དགེ་སློང་དག་མེད་པར་གསོ་སྦྱོང་དག་བྱས་པ་བདེན་ནམ་ ཞེས་གསུངས་པ་དང་ཡང་དགེ་སློང་མ་གང་དགེ་སློང་མེད་པར་གསོ་སྦྱོང་བྱེད་ན་ལྟུང་བྱེད་དོ་ཞེས་མདོ་ལས་གསུངས་པ་ཡིན་ནོ། །དགེ་སློང་མའི་ཚིག་འདི་ནི་རིགས་ཀྱི་དགོངས་པ་ཅན་ཡིན་ནོ། །གསུམ་པ་ནི་གང་ལ་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་ མེད་པའི་གནས་ཞེས་བྱ་བ་ནི། གང་ལ་ལས་རྣམས་ཐམས་ཅད་མི་བྱེད་པའོ་ཞེས་བྱ་བའོ། །འདིའི་རྣམ་པར་འབྱེད་པ་ནི་གང་ན་ལས་གཅིག་ཀྱང་མི་ཤེས་པ་ཞེས་བྱ་བའི་དོན་ཏོ། །གནས་གང་ན་རང་བཞིན་དུ་གནས་པའི་དགེ་སློང་བཞི་ཡན་ཆད་གནས་ཤིང་ལས་བྱེད་པ་མེད་པ་དེ་ནི་དེ་ལས་འདིས་བྱས་སོ། ། འདིའི་དོན་ནི་གསོ་སྦྱོང་དང་། གདམས་ངག་དང་རྗེས་སུ་བསྟན་པ་དག་ལས་མ་ཉམས་པ་དང་། ལྕི་བའི་ཆོས་རྣམས་བཟུང་བ་ཉིད་དོ། །དེ་ལྟ་བུར་གྱུར་པའི་དགེ་སློང་རྣམས་ལ་འདི་ཙམ་ཉིད་ལ་གཉིས་པོ་འདི་བསྒྲུབ་པ་ཞེས་བྱ་བ་འདི་ཡོངས་སུ་བཟུང་བའོ། །གང་ཞིག་དབྱར་གནས་པར་གྱུར་པ་ལ་གནས་པ་མི་ རིགས་པ་དང་། བུད་མེད་ཀྱི་ཚོགས་ལ་བརྟེན་པ་མེད་པས་འདུག་པ་མི་རིགས་པ་ཞེས་བྱ་བ་འདིར་ལྕི་བའི་ཆོས་བཟུང་བ་ལ་ཀུན་ནས་བརྟེན་པ་འདི་ནི་གནས་ཡིན་ནོ། །བཞི་པ་ནི་གང་ལ་དབྱར་གནས་པས་གཉིས་ཀའི་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་མི་བྱེད་པ་ལའོ་ཞེས་ བྱ་བ་སྨོས་ཏེ། དགག་དབྱེའི་ཉིན་མོ་ལས་འདས་པ་ལས་ཁ་ན་མ་ཐོ་བ་ནི་གསོ་སྦྱོང་དང་འདྲའོ། །ལྕི་བའི་ཆོས་ལས་འདས་པ་ལས་གྱུར་པའི་ལྟུང་བྱེད་དོ།། །།ད་འདི་མན་ཆད་ནི་གཞན་ལ་གནོད་པར་བྱེད་པའི་ལྟུང་བྱེད་གསུམ་སྟེ། དེ་རྣམས་ཀྱི་དང་པོ་ནི་གང་ཞེ་ན་དབུལ་པོ་སྲ་ བརྐྱང་སྦྱོར་དུ་བཅུག་པ་ལའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་འདིར་སྦྱིན་པ་དང་སྦྱོར་དུ་འཇུག་པ་དང་། བསོད་ནམས་ལྷག་པར་སྦྱོང་པའི་སྒོ་ནས་གཉིས་ཀའི་དོན་དུ་སྲ་བརྐྱང་སྦྱོར་དུ་འཇུག་ན་བྱས་སམ་བྱེད་དུ་འཇུག་ན་ཐབ་ན་དངོས་གཞིའོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །གཞན་ལ་ཡང་ཆོས་གོས་ གཏན་པའི་ཟོང་ཙམ་དགེ་འདུན་གྱི་དོན་དུ་དབུལ་པོ་སྦྱོར་དུ་བཅུག་ན་ཡང་ལྟུང་བྱེད་དོ། །ཆོས་གོས་གཏན་པ་ཞེས་བྱ་བ་ནི་འདིར་དཔེ་ཙམ་དུ་རྣམ་པར་གནས་པར་གྱུར་པར་རིག་པར་བྱ་སྟེ་མ་ཆོག་པ་ལ་ནི་ཉེས་པས་སོ། །དུ་མ་སྦྱོར་དུ་བཅུག་པ་ལ་ནི་རེ་རེ་ལས་ཁ་ན་མ་ཐོ་བ་རེ་རེར་འགྱུར་རོ། ། གཉིས་པ་ནི་གང་ལ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་བག་ཡངས་སུ་བྱ་བའི་ཚོགས་པ་ལ་མི་སྦྱིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། དུས་སུ་དབྱུང་བའི་ཕྱིར་ཚོགས་པ་མི་སྦྱིན་པ་ལ་ནི་སྤང་བའི་ལྟུང་བྱེད་དུ་རྣམ་པར་གཞག་པའི་ཕྱིར་བག་ཡངས་སུ་བྱ་བ་ཞེས་བྱ་བ་འདི་ཡང་དག་པར་བསྟན་པའོ། ། དཔྱིད་ཟླ་ར་བའི་ཉ་ཚུན་ཆད་གློ་བུར་དུ་སྲ་བརྐྱང་འབྱིན་པར་རྗེས་སུ་གནང་བའི་དུས་དེར་རམ་གཞན་ལ་དགོས་པའི་དབང་འགའ་ཞིག་གིས་སྲ་བརྐྱང་དབྱུང་བའི་ཕྱིར། བག་ཡངས་སུ་བྱ་བ་གང་ཡིན་པ་དེ་ལའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་དུས་ཐ་དད་པ་ཙམ་གྱིས་འདི་ནི་སྤང་བའི་ལྟུང་བྱེད་ ལས་ཐ་དད་པར་རིག་པར་བྱའོ། །འདིར་སྤང་བ་ཉིད་ལ་རྙེད་པ་མ་བྱས་པའི་རྒྱུ་མཚན་ཡིན་པ་དེ་བས་ན་འདི་རྣམ་པར་མ་བཞག་གོ། །དགེ་སློང་མའི་དགེ་འདུན་ཚོགས་པ་ཉིད་ལ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་དེ་ཐོབ་པའི་ཞུ་བ་ཉིད་ཞུ་བ་མི་བྱེད་པར་མཚམས་ལས་འདའ་བར་བྱེད་པ་ལ་ ཚོགས་པ་མི་སྦྱིན་པའི་སེམས་ཀྱིས་འདི་དང་འོག་མ་ལ་ཁ་ན་མ་ཐོ་བར་རྣམ་པར་གནས་པ་ཡིན་ནོ། །གང་ལ་གསུམ་པ་དེ་བརྗོད་པར་བྱ་སྟེ། དེའི་ཕྱིར་གོས་འགྱེད་པའི་ཕྱིར་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ཚོགས་པ་མི་སྦྱིན་པ་ལ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་ སྒྲ་སྨོས་སོ། །རང་གི་རྙེད་པ་གཞན་ལ་བགོ་བའི་ཕྱིར་རྒྱུ་མཚན་འདི་ཡིན་པ་དེ་བས་ན་འདིར་ཡང་བ་ཉིད་མེད་པའོ། །འདིར་གོས་སྨོས་པ་ནི། དཔེ་ཙམ་དུ་ཟད་དེ་ད་ལྟར་ཡང་། ཆོས་དང་ལྡན་པའི་རྙེད་པ་གཞན་ལ་བགོ་བའི་ཕྱིར་ཁ་ན་མ་ཐོ་བ་འདི་རྣམ་པར་གནས་པ་ཡིན་ནོ་ཞེས་ རིག་པར་བྱའོ། །འདིས་ལེན་མི་འདོད་པ་ཉིད་ནི་མ་བྱས་པ་ཉིད་དོ་ཞེས་བྱ་བ་ལ། འདིས་ཞེས་བྱ་བ་ནི་ཚོགས་པ་མི་སྦྱིན་པ་ལའོ། །ལེན་མི་འདོད་པ་ཉིད་ཅེས་བྱ་བ་ནི་ཤུགས་ཀྱིས་སྐལ་བ་ཞེས་བྱ་བར་རྟོགས་པར་བྱའོ། །ལེན་མི་འདོད་པ་ཉིད་ལ། ཚོགས་པ་མི་སྦྱིན་པ་ལ་བྱས་པ་ཉིད་དོ། ། དེ་བས་ན་ལེན་མི་འདོད་པ་ལ་འདིར་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ། །གཞན་ལ་གནོད་པར་སྤྱོད་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ།། །།གང་ལ་དབྱར་ཁང་ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དབྱར་ཁང་མ་གཏད་པར་འགྲོ་བ་ལའོ་ཞེས་བྱ་བ་ སྨོས་ཏེ། དགེ་འདུན་གྱིའམ། གང་ཟག་གི་ཡང་ཞེས་བྱ་བ་བྱེ་བྲག་མ་སྨོས་པའོ། །ཤིན་ཏུ་སྟོབས་དང་ལྡན་པ་ལ་དགེ་འདུན་གྱི་ལས་ལོག་པར་རྟོགས་པ་ལ་ཉེས་བྱས་སུ་རྣམ་པར་གཞག་པའི་ཕྱིར་རོ། །གནས་མལ་གྱི་རྣམ་པ་ལ་དབྱར་ཁང་འདི་ཡིན་ཏེ། དེ་བས་ན་འདི་ལ་གནས་མལ་བཞིན་ དུ་བལྟ་བར་བྱ་བ་ཡིན་ཏེ། དེ་འདིར་མ་གཏད་པ་དེ་ལ་བྱ་བ་ཉིད་དོ། །གལ་ཏེ་གནས་དེ་ལ་ཉེ་གནས་པ་ཉིད་ཡོད་ན་བྱ་བ་ཉིད་དོ། །གལ་ཏེ་མེད་ན་ཁྱིམ་པ་འདི་ལ་ཞེས་བྱ་བར་རྣམ་པར་གཞག་པར་རིག་པར་བྱའོ། །བརྩམས་པའི་ཆ་གང་ལ་ཡིན་ཞེ་ན། དེའི་ཕྱིར་ཉེ་འཁོར་བཏང་ནའོ་ཞེས་བྱ་བ་སྨོས་ཏེ། དབྱར་ཁང་གི་འཕྲལ་གྱི་བྱ་བ་རྣམས་ཀྱི་ཡང་དག་པར་སྲིད་པར་གྱུར་པའི་ཕྱོགས་ནི་འདིར་ཉེ་འཁོར་དུ་རྣམ་པར་གནས་པ་ཡིན་ནོ། །དབྱར་ཁང་སླར་མི་གཏོང་ངོ་། །ཁང་ཁྱིམ་གྱི་གཞི་དང་ཚོང་ཁང་གི་གཞི་ཡང་ངོ་ཞེས་བྱ་བ་ལ། སླར་མི་གཏོང་ངོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ སོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་ཕྲན་ཚེག