Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 161

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
ས་དག་ལས། དེ་ལྟ་བས་ན་དགེ་སློང་མས་དབྱར་ཁང་སླར་མི་གཏོང་ངོ་། །གཏོང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དབྱར་ཁང་ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་དོ།། །།ད་འདི་
མན་ཆད་ནི་འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད་བཞི་སྟོན་ཏེ། དེ་རྣམས་ཀྱི་དང་པོ་ནི་གང་ལ་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བ་ལའོ་ཞེས་བྱ་བ་སྨོས་ཏེ། བྱེ་བྲག་མ་སྨོས་པའི་ཕྱིར་ཁས་མི་ལེན་པ་ཉིད་ལ་ཡང་ཞེས་བྱ་བས་རྟོགས་པའོ། །བྱ་བས་འགྲོ་བ་ནི་ལྗོངས་རྒྱུ་ཞིང་འགྲོ་བ་ནི་མ་ཡིན་
ཏེ། དེ་བས་ན་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་འདིས་གནོད་པ་མ་ཡིན་ནོ། །བུད་མེད་ཀྱི་ཚོགས་ལ་ནི་ཤིན་ཏུ་འཕྱན་པ་ཉིད་འདི་ཡིན་ཏེ་དུས་གང་གི་ཚེ་སྐྱེས་པས་ཀྱང་འཕྱན་པར་མི་བྱ་སྟེ། དེར་ཡང་འགྲོ་བ་དེ་བས་ན་ཁ་ན་མ་ཐོ་བ་འདིའོ། །ལམ་དུ་ཞུགས་པའི་ཚེ་ནི་ལྟུང་བྱེད་འདི་རྟོགས་པར་བྱའོ། །
བར་ཆད་ཉེ་བར་གནས་པ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་བར་ཆད་བརྒྱད་པོ་དག་ལས་གང་ཡང་རུང་བ་བྱུང་ན་དབྱར་གྱི་ནང་ལོགས་སུ་འགྲོ་བ་ལ་ནི་ལྟུང་བ་མེད་དོ། །གཉིས་པ་ནི་གང་ལ་དབྱར་གནས་པའི་འོག་ཏུ་དེར་མི་འགྲོ་བ་ལའོ་ཞེས་བྱ་བ་སྨོས་ཏེ། དེར་ཞེས་བྱ་བ་ནི་ལྗོངས་རྒྱུ་ཞིང་མི་འགྲོ་བ་ལའོ། །དགག་
དབྱེ་བྱས་པའི་འོག་ཏུ་ལམ་མི་འདའ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདི་སྐྱེད་པར་བྱེད་པའོ། །ཕྱོགས་ཀུན་ནས་འཇིགས་པ་དང་བཅས་པ་ཉིད་ཀྱིས་མི་འགྲོ་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བའི་འོག་མ་དག་གི་ཆོ་གས་རྟོགས་པའོ། །ནུས་པ་གང་དང་ལྷན་ཅིག་ཏུ་འགྲོ་བ་ལ་དོགས་པ་དང་འགལ་བ་གཉིས་མི་སྲིད་པས་
དེ་ལྟ་བུའི་ལམ་གྲོགས་དང་འཕྲད་པ་ལ་མི་འགྲོ་ན་ལྟུང་བར་འགྱུར་རོ། །ཚེས་བཅུ་དྲུག་གི་འོག་རོལ་དུ་ལམ་གྲོགས་ལ་སྡོད་པ་ལ་ནི་ལྟུང་བ་མེད་དོ། །གསུམ་པ་ནི་གང་ལ་ཡུལ་འཁོར་དོགས་པ་དང་བཅས་པར་འགྲོ་བ་ལའོ་ཞེས་བྱ་བ་སྨོས་ཏེ། ལྗོངས་རྒྱུ་ཞིང་ཞེས་བྱ་བར་སྦྱོར་རོ། །དོགས་པ་དང་བཅས་པ་
ཉིད་ནི་ཆོམ་རྐུན་པའི་འཇིགས་པས་འཇིགས་པ་དང་བཅས་པ་ཉིད་དོ། །བཞི་པ་གང་ཡིན་པ་དེ་ནི་བརྗོད་པར་བྱ་སྟེ། དེའི་ཕྱིར་མི་མཐུན་པ་དང་བཅས་པར་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ཡུལ་འཁོར་དུ་འགྲོ་བ་ལའོ་ཞེས་བྱ་བའི་ཕྱིར་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཡུལ་འཁོར་གང་

ན་དགྲ་བོ་མི་མཐུན་པ་ཡོད་པ་དེ་ནི་མི་མཐུན་པ་དང་བཅས་པ་ཡིན་ཏེ། ཕྱོགས་འདིར་སུ་ཡང་འགྲོ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་འགྲོ་བ་དགག་པའི་ཁྲིམས་སུ་བྱས་པའི་རྣམ་པར་གཞག་པའི་རྒྱུ་མཚན་ཡིན་གྱི། སྐྱེས་པ་ཉིད་ལ་སོགས་པའི་དོགས་པའི་རྒྱུ་མཚན་དུ་གྱུར་པ་ནི་མ་ཡིན་ནོ། །
གང་དུ་འཇིགས་པ་དང་བཅས་པ་ཉིད་དང་། མི་མཐུན་པ་དང་བཅས་པ་གཉིས་པོ་དེ་ལ་ཁ་ན་མ་ཐོ་བ་གཉིས་པོ་འདི་དག་ཀྱང་བསྐྱེད་པའོ། །འཇིགས་པ་དང་བཅས་པའི་གནས་ཐོབ་པ་ནི། དོགས་པ་དང་བཅས་པའི་ལྟུང་བྱེད་བསྐྱེད་པའི་དུས་ཡིན་ནོ། །མི་མཐུན་པ་དང་བཅས་པའི་ལྟུང་བྱེད་
ལ་མི་མཐུན་པ་དང་བཅས་པ་ཉེ་བའི་གནས་ཐོབ་པ་བསྐྱེད་པའི་དུས་སོ། །འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད་བཞི་པའོ།། །།ད་འདི་མན་ཆད་ནི་སྨྲ་བ་ལས་གྱུར་པའི་ལྟུང་བྱེད་གཉིས་སྟོན་ཏེ། དེ་གཉིས་ཀྱི་དང་པོ་ནི་གང་ལ་ལྷའི་གནས་ལ་སོགས་པ་དང་། མུ་སྟེགས་ཅན་གྱི་
གནས་སུ་སོང་སྟེ། རྩོད་པར་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། གང་གི་དོན་གཅིག་རྟོགས་པའི་དུས་ན་ལྟུང་བྱེད་འབྱུང་བའོ། །སྨྲ་བ་གཞན་ལ་རྩོམ་པ་གཅིག་པར་གྱུར་པ་ཉིད་ཀྱིས་དེ་ལ་ཞུགས་པའོ། །འདྲ་བ་གཞན་ལ་རྣམ་པར་ངེས་པར་རྟོགས་པ་ལ་རྩོད་པ་ནི་མ་ཡིན་ནོ། །དེ་ལྟར་རྣམ་པར་འབྱེད་པ་
ལས། རྩོད་པ་ནི་འཐབ་ཀྲོལ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བསྟན་པ་ནི་དེའི་ཕྱིར་སྐབས་མ་ཕྱེ་བར་དྲི་བ་ལའོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚིག་གི་སྐབས་མ་ཕྱེ་བར་དྲི་བ་དེ་དྲིས་པ་ལ་ལྟུང་བྱེད་ཅེས་བྱ་བའི་དོན་ཏོ། །འདིར་གླེང་གཞི་ལས་དགེ་སློང་ལ་གསུངས་མོད་ཀྱིས་ལྟུང་བ་
རྣམ་པར་གཞག་པ་ལས། སྤྱིར་བསྟན་གྱི་བྱེ་བྲག་འདི་བསྟན་པ་མ་ཡིན་ནོ། །ཁྱིམ་པ་དང་མུ་སྟེགས་པ་དག་ལ་ཤིན་ཏུ་ཉེས་པ་སྟོབས་དང་ལྡན་པ་རྣམ་པར་གཞག་པ་ཞེས་བྱ་བ་འདི་སྤྱིར་ཐམས་ཅད་ཁྱད་པར་མེད་པར་འཕངས་པའོ། །སྟན་བཏིང་སྟེ་ཕན་ཚུན་ཀུན་དགའ་བར་བྱས་ནས་ལུང་
འདྲི་བའི་སྦྱོར་བས་སྐབས་འབྱེད་དུ་གཞུག་པར་བྱའོ་ཞེས་བྱ་བ་ནི་འདི་ལ་ལུང་འདྲི་བའི་སྦྱོར་བ་ཡོད་པས་ན་ལུང་འདྲི་བའི་སྦྱོར་བ་དྲི་བར་བྱའོ། །འདིར་གཞུང་ནི་ཆོས་མངོན་པ་དང་འདུལ་བའི་ལུང་ཅི་དག་བཀླགས་ཞལ་སྟོན་ཅིང་མཁྱེན་ཞེས་དྲི་བས་སོ་ཞེས་གསུངས་པ་ཡིན་ནོ། །སྨྲ་བ་ལས་གྱུར་པའི་

ལྟུང་བྱེད་གཉིས་སོ།། །།ད་འདི་མན་ཆད་ནི་བཤང་བ་དང་འབྲེལ་པའི་ལྟུང་བྱེད་གསུམ་སྟོན་ཏེ། ཕྱི་སར་གཅིག་པུ་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འདིར་གཅི་བའི་ས་ནི་ཕྱི་སའོ། །དབྱར་ཁང་གི་ཉེ་འཁོར་འདོམ་གང་ལས་ལོགས་ཤིག་པ་ནི་ཕྱི་རོལ་གྱི་དངོས་པོའོ། །
འདིར་དབྱར་ཁང་གི་ཉེ་འཁོར་ལས་འདའ་བ་ནི་དངོས་གཞིའི་དུས་ཏེ། བུད་མེད་དུ་གྱུར་པ་ལ་གྲོགས་ཉིད་དོ། །ནུས་པ་གང་ཡང་རུང་བ་ལེན་དུ་བཅུག་པ་དགེ་སློང་མའམ་རབ་ཏུ་བྱུང་བ་ཁོ་ན་ལའོ། །གཉིས་པ་བསྟན་པ་ནི་དེའི་ཕྱིར་རྩྭ་སྔོན་པོའི་སྟེང་དུ་བཤང་བ་དོར་བ་ལའོ་ཞེས་བྱ་བ་སྨོས་ཏེ། མི་འདོར་
བ་ལ་ལྟུང་བ་མེད་དོ། །འདིར་མི་འདོར་བ་ཞེས་བྱ་བ་ནི་བཤང་བ་མེད་པ་ཞེས་ཤེས་པར་བྱའོ། །སྔོན་པོ་ལ་མི་གཙང་བས་ཕོག་པ་ནི་འདིར་དངོས་གཞིའི་དུས་སོ། །ནད་པ་ལ་ནི་ལྟུང་བ་མེད་དོ། །རྩྭ་སྔོན་པོ་ཐམས་ཅད་ལ་ཁྱབ་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི། ལྟུང་བ་མེད་དོ་ཞེས་བྱ་བའི་རྗེས་སྙེག་པའི་
ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གང་ལ་གསུམ་པ་དེ་བརྗོད་པར་བྱ་སྟེ་དེའི་ཕྱིར་རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་དོར་བ་ལའོ་ཞེས་བྱ་བ་སྨོས་ཏེ། ཉེས་བྱས་སུ་འགྱུར་བའོ། །རྩིག་པ་པུ་ཤུ་བཏགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ར་བའི་ཕྱི་རོལ་དུ་མི་སླེབ་པར་གྱུར་ན། དེའི་ཚེ་ཕག་
ཏུ་མ་བལྟས་པར་བཤང་བ་དོར་བ་ལ་ཉེས་པ་མེད་དོ། །དེ་གནས་པ་ལ་འཇུག་པ་མ་ཡིན་ཏེ། བལྟ་བར་ནུས་པ་ཉིད་ལ་འདིར་བསྒྲུབ་པ་རིགས་པ་ཡིན་ཏེ། གལ་ཏེ་བསྒྲུབ་པར་མི་ནུས་པ་ཉིད་ཡིན་ན་ཉེས་པ་མི་རིགས་པ་ཉིད་ཡིན་ནོ། །མི་གཙང་བ་ལ་བོང་རྡོག་འཕང་བར་མི་བྱའོ་ཞེས་བྱ་བ་ལ་གཞུང་ནི་ཕྲན་
ཚེགས་དག་ལས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལྗན་ལྗིན་གྱི་དྲུང་དུ་འགྲོ་བ་དེ་སྦོམ་དགའ་མོས་མཐོང་ནས། དེ་མྱུར་བ་མྱུར་བར་སོང་ནས། ལྗན་ལྗིན་དེའི་སྟེང་དུ་བོང་བ་ཅར་ཅེས་ཟེར་བ་བསྣུན་པས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོའི་ཆོས་གོས་དང་ལྷུང་བཟེད་སྣོད་མི་གཙང་བའི་ཟེག་མས་མ་རུངས་པར་གྱུར་པ་ནས།
བཅོམ་ལྡན་འདས་གྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་དགེ་སློང་ལ་མི་གཙང་བས་མ་རུངས་པར་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཤང་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ། །ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་རྫོགས་སོ།། །།

གང་ལ་འོ་མ་སློང་བའི་སོ་སོར་བཤགས་པར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་འོ་མ་བླངས་ཏེ་འཐུང་བ་ལའོ་ཞེས་བྱ་བ་སྨོས་ཏེ། ཅི་གནས་སྐབས་གང་ལ་འཐུང་བ་ལ་ཞེ་ན། དེའི་ཕྱིར་མི་ན་བས་སོ་ཞེས་བྱ་བ་སྨོས་ཏེ། གནས་སྐབས་གང་དང་ལྡན་པས་བླངས་པའི་གནས་སྐབས་
དེ་དང་ལྡན་པས་ཞེས་བྱེ་བྲག་མ་སྨོས་པས་རྟོགས་པའོ། །དེས་བསླངས་པའི་ཚེ་ཉེས་བྱས་སོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི། མི་ན་བ་དེས་བླངས་ཤིང་ཟ་བ་ལ་ལྟུང་བྱེད་ཅེས་བྱ་བ་འདིས་བྱས་པར་རིག་པར་བྱའོ། །གང་ལ་སོ་སོར་བཤགས་པར་བྱ་བ་གཞན་དགུ་པོ་དག་ཏུ་འགྱུར་ཞེ་ན། དེའི་ཕྱིར་ཞོ་དང་།
ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་ལྦུ་བ་དང་། ཉ་ཤ་དང་ཤ་སྐམ་རྣམས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་བླངས་ཏེ་འཐུངས་ཟོས་པ་ལའོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་དག་ལ་གཞན་བསླངས་པ་ལས་གཞན་
ཐོབ་པ་ལ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི། འདིར་འོ་མ་ལ་སོགས་པ་སྔར་བསྟན་པ་དེ་དག་ལས་གང་ཡང་རུང་བ་གཞན་པ་བསླངས་པ་ལས་གང་ཡང་རུང་བ་གཞན་ཐོབ་ཅིང་ཟོས་པ་ལ་ནི་ཉེས་པ་ན་སྨད་པ་མེད་དོ། །མི་བསོད་པ་ལ་ཡང་ངོ་ཞེས་བྱ་བ་ནི་བསླངས་ཏེ་ཐོབ་པ་ལ་ན་སྨད་པ་མེད་དོ་ཞེས་བྱ་བར་སྦྱར་ཏེ།
འོ་མ་ལ་སོགས་པ་བསོད་པ་སློང་བ་ལ་མི་བསོད་པ་ཐོབ་པ་ལ་ཡང་ན་སྨད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེར་རྟོགས་པ་ལ་དེ་ཐོབ་པ་ལ་ཡང་ངོ་ཞེས་བྱ་བ་ལ་ན་སྨད་པ་མེད་དོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །མི་བསོད་པར་བསོད་པ་དེ་བསླངས་པ་ལས་འོ་མ་ལ་སོགས་པ་བསོད་
པ་དེ་ཐོབ་ཅིང་ཟོས་སམ་འཐུངས་པ་ལ་ཡང་ཉེས་པ་ན་སྨད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་ཐམས་ཅད་དུ་འདིར་བཟའ་བ་ཉེ་བར་མཚོན་པའི་རྙེད་པའི་ཞེས་སྨོས་པར་རིག་པར་བྱའོ། །བསོད་པ་རྒྱུ་མཚན་གྱི་ཐོབ་པ་དང་བསླངས་པ་ལ་བསོད་པ་སློང་བའི་རྒྱུ་མཚན་ལ་མི་བསོད་པ་རྙེད་པ་ལ་ན་སྨད་པར་བརྗོད་
དོ། །དེ་ལ་འདིར་ཅི་རང་གིས་གཞན་ལ་བསླངས་པས་ཐོབ་པ་ལ་གཞན་བསླངས་པའི་རྒྱུས་ཐོབ་པ་ལ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པའོ། །གང་ལ་ན་སྨད་པ་མེད་པའི་ཞེས་སྨོས་པ་དེ་བརྗོད་པར་བྱ་སྟེ། དེའི་ཕྱིར་དེ་ནི་ཉེས་བྱས་བྱེད་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་བསླངས་པའི་རྒྱུས་

ཐོབ་པ་ལའོ། །བྱེ་བྲག་མ་སྨོས་པ་སྦྱོར་བ་ལ་དངོས་གཞི་ཞེས་བྱ་བ་རྟོགས་པར་བྱའོ། །འདིར་ལྷག་མ་ཐམས་ཅད་ནི་བསོད་པ་སློང་བའི་ལྟུང་བྱེད་ཀྱི་སྐབས་སུ་ཤེས་པར་བྱའོ། །སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པ་བསྟན་པར་བྱ་བའི་ཕྱིར་སེང་གེ་ལས་གྱུར་པའོ་ཞེས་བྱ་བ་
སྨོས་ཏེ། དམག་དཔོན་སེང་གེའི་གླེང་གཞི་ལས་དགེ་སློང་རྣམས་ཀྱིས་སོ་སོར་བཤགས་པར་བྱ་བ་གང་ཡིན་པ་དེ་ནི་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་རིག་པར་བྱའོ། །སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སོ།། །།ཤམ་ཐབས་རྐེད་པར་སྣང་བར་བགོ་བར་མི་བྱའོ། །ཆགས་
པར་གྱུར་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། མི་འདོད་བཞིན་དུ་རྐྱེན་གྱི་དབང་གིས་འགྲོ་དགོས་པ་ལ་སྐད་ཅིག་རེ་རེ་རྩེ་གཅིག་པར་ལྷག་པར་མི་གནས་པ་ལ་ལྟུང་བ་མེད་པར་ཤེས་པར་བྱའོ། །འགྲོ་བར་མི་བྱའོ་ཞེས་བྱ་བའི་ཚིག་ནི་དཔེ་ཙམ་དུ་ཟད་དེ་སོང་ཟིན་པའི་གནས་སྐབས་ལ་ཡང་
ཁ་ན་མ་ཐོ་བར་འགྱུར་རོ། །དེ་ལྟར་ཡང་གླེང་གཞི་ནི་དེ་རྣམས་ལེགས་པར་ཞུགས་པ་ན་དེ་དག་གིས་སྐྱེས་བུ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་མཐོང་བ་དང་། དེ་རྣམས་མཐོང་ནས་ཆགས་པར་གྱུར་ཏོ་ཞེས་གསུངས་པ་ཉིད་འདིར་རིག་པར་བྱའོ། །དགེ་སློང་དག་ལས་གྱུར་པ་བཞིན་ནོ་
ཞེས་བྱ་བ་ནི། གང་དག་དགེ་སློང་རྣམས་ལ་བརྗོད་པར་བྱས་པ་གཞན་བསླབ་པ་རྣམས་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་མ་གནང་བ་ཉིད་ནི་སྟན་ལ་ཁྱིམ་གྱི་ནང་དུ་འདུག་པ་དང་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་བ་འདོར་བ་ལ་ལྟུང་བྱེད་ཀྱི་རྣམ་པའོ་ཞེས་བྱ་བའི་ཆོ་ག་འདི་ལ་གནོད་
པ་ཉིད་དུ་རིག་པར་བྱའོ། །བསླབ་པ་རྣམས་སོ། །དགེ་སློང་མའི་རྣམ་པར་འབྱེད་པ་རྫོགས་སོ།། །།ཞུ་བར་གཏོགས་པ་ལ་སོ་སོ་བ་དང་ཐུན་མོང་བ་རྣམ་པར་གནས་པ་གཉིས་ལས། སོ་སོ་བ་གང་ཡིན་པ་དེ་འདིར་མ་སྨོས་ཀྱང་ཐམས་ཅད་དུ་རིགས་པ་མཉམ་པ་ཉིད་ཀྱི་ཕྱིར་ཐམས་ཅད་དུ་
འགྲོ་བ་ཉིད་ཀྱིས་རྣམ་པར་ཤེས་ནས་ཐམས་ཅད་དུ་རང་གི་ཡུལ་ལ་དབང་དུ་བྱེད་པ་ཉིད་ཀྱིས་ཉེ་བར་འབྲེལ་པའོ། །ད་འདི་མན་ཆད་ནི་ཕལ་ཆེར་རྣམ་པར་འབྱེད་པ་ལ་གཏོགས་པ་ཉིད་ཀྱིས་བཤད་པར་བྱ་སྟེ། དེའི་ཕྱིར་ཉམས་པ་དང་མ་སྐྱེས་པ་གཉིས་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་

བྱ་བ་སྨོས་ཏེ། ཉམས་པ་ཞེས་བྱ་བ་ནི་ཕམ་པར་གྱུར་པ་སྟེ། འདི་ལ་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ། བསྙེན་པར་རྫོགས་པ་ཉིད་དང་། དགེ་ཚུལ་ཉིད་ཀྱི་ལམ་ལ་གནས་པའོ། །མ་སྐྱེས་པ་ཞེས་བྱ་བ་ནི་སྡོམ་པ་མ་ཐོབ་པ་སྟེ། ལྟུང་བའི་གྲངས་དང་མི་སྤྱོད་
པ་དང་ལྡན་པ་ལ་ཉེས་བྱས་སོ། །ཉམས་པ་ལ་ནི་དམིགས་ཀྱིས་བསལ་བ་སྟེ། བསྙེན་པར་རྫོགས་པ་ཅན་ཉིད་ཀྱི་ཕྱིར་མ་སྐྱེས་པ་ནི་སྒྲུབ་པ་ཡིན་ཏེ། གང་ལ་འདི་དང་འགྲོ་བ་ལ་བདག་ཉིད་ཀྱིས་ཉེ་བར་བསྟན་པ་དེ་ནི་དེ་དང་རྗེས་སུ་མཐུན་པ་ཡིན་ཏེ། དེ་བས་ན་མ་སྐྱེས་པ་ལ་ཉེས་པ་འདི་འབྱུང་ངོ་། །ཕམ་པར་གྱུར་
པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི། དགོས་པ་མེད་པ་ཉིད་དུ་འགྱུར་རོ། །འདིར་སྡོམ་པ་མེད་པ་དང་འདྲ་བ་ཉིད་དུ་རྟོགས་པའི་རྒྱུ་ཞེས་བྱ་བར་བརྗོད་དོ། །འདིར་གཞུང་ནི། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་འཁྲུགས་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བས་
ཉམས་པར་བྱས་པ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་མ་སྐྱེས་པ་ཐམས་ཅད་ཀྱི་དཔེ་ཙམ་དུ་ཟད་དོ། །དེ་བས་ན་ཐམས་ཅད་མ་སྐྱེས་པའི་ཁོངས་སུ་བསྡུ་བར་བྱས་སོ། །སྔར་ལྟུང་བ་བྱུང་བ་ཞེས་བྱ་བ་ནི་འདི་ལྟར་སྔར་བསྙེན་
པར་རྫོགས་པ་ཉིད་ཀྱི་ཚེ་ན་ལྟུང་བ་བྱུང་བར་རིག་པར་བྱ་བའོ། །བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ལ་ཡང་ངོ་ཞེས་བྱ་བ་ལ་ཉེས་བྱས་སོ་ཞེས་བྱ་བའི་རྗེས་སུ་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདིར་དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློང་མ་རྣམས་
ཀྱིས་ཡང་དག་པར་བླངས་པའི་སྤྱོད་པ་ལས་འདའ་བར་བྱེད་པ་ནི་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ། །ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་སྔར་སྨོས་པས་འདིར་ཡང་ལྟུང་བ་དེ་དག་ཐམས་ཅད་ལ་ཡང་ཐལ་བ་བསལ་བའི་ཕྱིར་བླངས་པ་ལས་འདས་པ་ལ་ཞེས་གསུངས་སོ། །དེའི་ཕྱོགས་དང་མཐུན་པ་ལ་
ནི་ཡིད་ཀྱིའོ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་བླངས་པའི་ཕྱོགས་དང་མཐུན་པའི་ལྟུང་བྱེད་རྣམས་གང་ཡིན་པ་མ་བླངས་ཀྱང་བླངས་པའི་ཕྱོགས་ལ་བརྟེན་པ་སྟེ། དེ་དག་ལས་འདས་ཤིང་འགལ་བར་བྱས་པ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་ཏེ། བསྡམ་པར་བྱ་བའི་ཉེས་བྱས་ཞེས་བྱ་བའི་

དོན་ཏོ། །དེའི་ཕྱོགས་དང་མཐུན་པ་དག་གང་ཞེ་ན། དེ་བསྟན་པའི་ཕྱིར་དགེ་སློབ་མའི་ནི། འཆང་བ་དང་ནི་འབྲལ་བ་དང་། །མེ་ལ་རེག་དང་སྤངས་པ་དང་། །ཟས་དང་ས་བོན་འཇིག་པ་དང་། །རྩྭ་སྔོན་ཡོད་པའི་ས་ཕྱོགས་སུ། །མི་གཙང་འདོར་དང་ཤིང་འཛེག་དང་། །
བླངས་པ་མདོར་གཏོགས་དགེ་སློབ་མའི། །དགེ་ཚུལ་གཉིས་ཀྱིས་རིན་ཆེན་རེག །སོག་འཇོག་བྱས་པ་ཟ་བ་དང་། །བྱིན་ལེན་མ་བྱས་ས་བརྐོ་དང་། །སྐྱེ་བ་འཇིག་དང་བཅས་པ་དང་། །མདོར་གཏོགས་པ་ནི་མ་གཏོགས་པར། །དབྱར་གནས་གཅིག་ཏུ་གནས་པ་དང་། །གསོ་སྦྱོང་དགག་དབྱེ་
བཅས་པ་དང་། །དེ་ལ་སོགས་པ་དེ་ཡིས་ནི། །བླངས་པའི་ཕྱོགས་དང་མཐུན་པ་ཡིན། །རྟགས་དང་སློང་དང་སྣོད་དང་ནི། །ལོངས་སྤྱོད་འཕྱར་གཡེང་འདོད་པ་དང་། །གནོད་པ་དང་ནི་གནས་པ་དང་། །མི་གུས་མི་སྦྱོང་གཞི་ལས་བྱུང་། །ཞེས་བྱ་བ་སྨོས་སོ། །དེ་ལ་འཆང་བ་ཞེས་བྱ་བ་ནི་
ཆོས་གོས་དང་། ལྷུང་བཟེད་ལྷག་མ་འཆང་བའོ། །འབྲལ་བ་ཞེས་བྱ་བ་ནི་ཆོས་གོས་དང་འབྲལ་བའོ། །མེ་ལ་རེག་པ་ཞེས་བྱ་བ་ནི་མེ་འབུད་པ་ལ་སོགས་པ་དང་འབྲེལ་པའོ། །སྤངས་པ་ཟ་བ་ཞེས་བྱ་བ་ནི་ཟས་སྤངས་པ་ཟ་བའོ། །ས་བོན་གྱི་ཚོགས་འཇིག་པ་ཞེས་བྱ་བ་ནི། རུང་བར་མ་བྱས་
པའི་ས་བོན་གྱི་ཚོགས་འཇིག་པའོ། །རྩྭ་སྔོན་པོའི་ཕྱོགས་སུ་མི་གཙང་བ་འདོར་བ་ཞེས་བྱ་བ་ནི། རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་བ་ལ་སོགས་པ་འདོར་བའོ། །ཤིང་ལ་འཛེག་པ་ཞེས་བྱ་བ་ནི་ཤིང་ལ་མི་གང་ཙམ་ལས་མཐོར་འཛེག་པའོ་ཞེས་བྱ་བ་འདི་ནི་བསླབ་པ་རྣམས་སོ། །བསླབ་པ་
མདོར་གཏོགས་ཞེས་བྱ་བ་ནི་དགེ་སློབ་མ་དོར་ནས་སོ། །མདོར་གཏོགས་པ་ནི་དགེ་ཚུལ་དང་དགེ་ཚུལ་མ་དག་གིས་ས་ལེ་སྦྲམ་ལ་སོགས་པ་འཆང་བའོ། །སོག་འཇོག་བྱས་པ་ཟ་བ་ཞེས་བྱ་བ་ནི་ཉེ་བར་གནས་པའོ། །བྱིན་ལེན་མ་བྱས་པ་ཞེས་བྱ་བ་ནི་གཞན་གྱིས་བྱིན་ལེན་མ་བྱས་པའི་ཟས་ཟ་བའོ། །
ས་རྐོ་བ་ཞེས་བྱ་བ་ནི་ས་རྐོ་བའམ་རྐོར་འཇུག་པའོ། །སྐྱེ་བའི་ཚོགས་འཇིག་པ་ཞེས་བྱ་བ་ནི་ཤིང་ལྗོན་པ་ལ་སོགས་པ་གཅོད་པའོ། །བཅས་པ་ནི་འདི་དང་བཅས་པའོ། །བླངས་པ་ནི་དགེ་ཚུལ་དང་དགེ་ཚུལ་མ་དང་། དགེ་སློང་མ་འདི་རྣམས་ཀྱིས་ཡང་དག་པར་བླངས་པའོ། །མདོར་གཏོགས་པ་

ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མའི་སོ་སོར་ཐར་པའི་མདོ་དག་ལས་འདོན་པ་དོར་ནས་ལྷག་མ་སོ་སོར་ཐར་པའི་མདོ་ལས་གཏོགས་པའོ། །དབྱར་གནས་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་པའོ། །གསོ་སྦྱོང་ལ་སོགས་པ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་ལ་སོགས་པའོ། །དེ་ལ་སོགས་
པ་དེ་ཡི་ནི་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་ལ་བླངས་པའི་ཕྱོགས་དང་མཐུན་པར་རིག་པར་བྱའོ། །གང་ཞིག་དེ་དག་ལས་འདའ་བར་བྱེད་པ་ལ་ཡིད་ཀྱི་ཉེས་བྱས་སོ། །འདིར་རྣམ་པ་གང་གིས་དེ་རྣམས་ནི་སོགས་པའི་སྒྲས་འཕངས་པའོ། །དེ་བསྟན་པའི་དོན་དུ་འདིར་རྟགས་ལ་
སོགས་པའི་གཞི་བརྗོད་པའོ། །འདིར་གཞིའི་སྒྲ་ནི་རེ་རེ་ཞིང་སྦྱར་བར་བྱའོ། །རྟགས་ཀྱི་གཞི་ལས་བྱུང་བ་དང་། སློང་བའི་གཞི་ལས་བྱུང་བ་དང་། སྣོད་ཀྱི་གཞི་ལས་བྱུང་བ་དང་། འཕྱར་གཡེངས་ཀྱི་གཞི་ལས་བྱུང་བ་དང་། འདོད་པའི་གཞི་ལས་བྱུང་བ་དང་། གནོད་པའི་གཞི་ལས་བྱུང་
བ་དང་། མི་གུས་པའི་གཞི་ལས་བྱུང་བ་དང་། མི་སྦྱང་བའི་གཞི་ལས་བྱུང་བའོ། །དེ་ལ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ཞེས་སྨོས་པའི་ཚིག་གང་ཡིན་པ་དེ་ནི་རེ་ཞིག་བླངས་པ་ཡིན་པ་དང་། དེའི་ཕྱིར་མུ་སྟེགས་ཅན་གྱི་རྟགས་འཆང་བ་ལ་ནི་ཇི་ལྟར་ཁྱིམ་པའི་རྟགས་འཆང་བ་བཞིན་
དུ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །རྫས་རུང་བ་མ་ཡིན་པ་ཆོས་གོས་ཚད་ལས་ཆུང་བ་དང་ཆེ་བའི་བདག་ཉིད་ཀྱི་ཡོ་བྱད་རྣམས་ལ་འཆང་བ་དང་འཆང་བར་བྱེད་དུ་བཅུག་པའམ། སེན་མོ་བཅོས་པ་
རྗེས་སུ་མ་གནང་བ་དག་དང་། ཆ་ལུགས་ཉམས་པར་གྱུར་པ་སྐྲ་ཆན་པས་བྲེགས་པར་གྱུར་པ་དག་དང་། རྗེས་སུ་མ་གནང་བའི་ཕྱོགས་ཀྱི་སྤུ་བྲེགས་པ་ལ་སོགས་པ་རྣམས་ནི་རྟགས་བླངས་པ་དེའི་ཕྱོགས་དང་མཐུན་པའི་ཚིག་གོ། །ལྷུང་བཟེད་རུང་བ་མ་ཡིན་པ་ཐོགས་ཤིང་བསོད་སྙོམས་ལ་རྒྱུ་
བ་ནི། རྟགས་སུ་གྱུར་པ་ཡིན་པ་དེ་ཡང་རབ་ཏུ་བྱུང་བ་གཞན་གྱི་རྟགས་སུ་གྱུར་པ་དང་། ཁྱིམ་པའི་རྟགས་དང་འདྲ་བའི་ལྷུང་བཟེད་འཆང་བ་ཡང་རྟགས་ཡང་དག་པར་བླངས་པ་ལས་འདས་པར་རིག་པར་བྱའོ། །རྫས་གཞན་ལས་བྱས་པ་དང་། ཚད་ལས་ཆུང་བ་དང་ཆེ་བ་དང་སྐྱ་བ་འཆང་བ་

གང་ཡིན་པ་དེ་ནི་རྟགས་བླངས་པ་དེའི་ཕྱོགས་དང་མཐུན་པའོ། །སློང་བའི་སྣོད་ཀྱི་གཞི་ལས་འབྱུང་བ་གང་ཡིན་པ་དེ་རྣམས་ནི་ས་ལེ་སྦྲམ་དང་དངུལ་ལ་སོགས་པ་ནི་མ་བྱིན་པ་ལེན་གྱི་ཕྱོགས་དང་མཐུན་པ་རྣམས་སོ། །སློང་བའི་གཞི་ལས་བྱུང་བ་ནི་ཆོས་གོས་ལ་སོགས་པ་
སློང་བའོ། །སྣོད་ཀྱི་གཞི་ལས་བྱུང་བ་གང་ཡིན་པ་དེ་རྣམས་ནི་ཁབ་རལ་ལ་སོགས་པ་བྱེད་དུ་བཅུག་པའོ། །ལོངས་སྤྱོད་ཀྱི་གཞི་ལས་བྱུང་བ་གང་ཡིན་པ་དེ་རྣམས་ནི་བཙོང་ཟ་བ་ལ་སོགས་པ་དུས་མ་ཡིན་པར་ཟ་བའི་ཕྱོགས་ཉིད་དོ། །འཕྱར་གཡེང་གི་གཞི་ལས་བྱུང་བ་རྣམས་ནི། རྒྱུག་པ་དང་།
མཆོང་བ་དང་། ཆུ་ལ་རྩེ་བ་ལ་སོགས་པ་རྣམས་ལ་གླུ་གར་དང་། རོལ་མོའི་སྒྲ་དང་། མེ་ཏོག་ཕྲེང་བ་དང་། དྲིས་བྱུག་པ་དང་། ཁ་དོག་འཆང་བ་དང་། མལ་སྟན་མཐོན་པོ་དང་། མལ་སྟན་ཆེན་པོའི་ཕྱོགས་དང་མཐུན་པ་ཉིད་དོ། །གང་ཞིག་འདི་ནི་ཁྱིམ་བྱེད་དུ་བཅུག་པའི་ཁ་ན་མ་ཐོ་བ་སྟེ། ཁང་
པ་དང་ཁང་ཆེན་རྩིག་པར་གཏོགས་པར་འདོད་པའི་ཕྱོགས་དང་མཐུན་པ་ཉིད་དོ། །ཁྱིམ་གྱི་འདོད་པའི་ཕྱོགས་ནི་དེའི་ཕྱིར་དེ་ལ་འདོད་པའི་དངོས་པོ་ཉིད་ལ་ཞུགས་པར་གྱུར་པ་ཉིད་ཀྱིས་འདི་ལ་རབ་ཏུ་བྱུང་བ་ཡང་དག་པར་བླངས་པའི་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་དོ། །ཁུ་བ་འབྱིན་པ་དང་། བཟང་
བ་དང་འཁྲིག་པ་ཀུན་ཏུ་སྤྱོད་པ་རྣམས་ནི་འདོད་པའི་དངོས་པོ་ཉིད་དོ། །གནོད་པའི་གཞི་ཉིད་ནི་མི་ཚངས་པར་སྤྱོད་པའི་ཕྱོགས་ཉིད་དོ། །ཐལ་ལྕག་བརྡེགས་པ་དང་མཆིལ་ལྷམ་སྦ་བ་ལ་སོགས་པ་རྣམས་ནི་སྲོག་གཅོད་པའི་ཕྱོགས་དང་མཐུན་པ་ཉིད་དོ། །ཁྲོ་བ་ལ་སོགས་པ་རྣམས་ལ་བརྫུན་དུ་སྨྲ་བའི་
ཕྱོགས་ཉིད་དོ། །དགེ་འདུན་འབྱེད་པ་ལ་སོགས་པའི་འཇིག་པ་གསུམ་ནི་གནོད་པའི་གཞི་ཉིད་དང་མཐུན་པ་ཉིད་དོ། །གནས་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི་གང་ཞིག་དགེ་འདུན་གྱིས་སྤངས་པའི་གང་ཟག་ནི་དགེ་འདུན་ལ་ཡང་མི་གུས་པར་གྱུར་པ་ཉིད་དང་། ཆོས་ལ་ཡང་མི་གུས་པར་གྱུར་པ་ཉིད་
དོ། །གང་ཞིག་བསྙེན་པར་མ་རྫོགས་པ་ཉིད་དང་ལྷན་ཅིག་ཉལ་བའི་བདག་ཉིད་ཅན་དེ་ལ་འདོད་ཆགས་དང་བྲལ་བ་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉིད་ཀྱིས་སྤང་བར་བྱ་བ་ཉིད་ཀྱི་ཕྱིར། སྡོམ་པ་མ་ལུས་པ་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་དོ། །ཁྱིམ་པ་དང་མུ་སྟེགས་པ་དང་ལྷན་ཅིག་ཉལ་བའི་

གནས་ལ་རིག་པར་བྱ། མཚན་མི་མཐུན་པ་དང་ལྷན་ཅིག་ཏུ་གང་ཞིག་ཉལ་བའི་བདག་ཉིད་ཅན་གྱི་གནས་པ་ནི་དེ་ལ་མི་ཚངས་པར་སྤྱོད་པའི་ཕྱོགས་དང་མཐུན་པ་ཉིད་དོ། །དེ་ཡང་གནས་པ་མ་ཡིན་པའི་གཞི་ཉིད་དོ། །མ་གུས་པའི་གཞི་ལས་བྱུང་བ་ཉིད་ནི་སངས་རྒྱས་དང་། ཆོས་དང་། དགེ་
འདུན་གྱི་ཕྱིར་མ་གུས་པས་སྐྱབས་སུ་འགྲོ་བ་ཞེས་བྱའོ། །གང་ཞིག་རབ་ཏུ་བྱུང་བ་ཉིད་དང་། རབ་ཏུ་བྱུང་བའི་སྡོམ་པ་དག་གི་ཡན་ལག་དེ་ལ་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་དོ། །གལ་ཏེ་གང་ཟག་གི་ཕྱིར་བརྟེན་པ་ཡིན་ན་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཉིད་དོ། །མཁན་
པོའི་ཕྱོགས་འདི་ནི་བདག་གི་མཁན་པོའི་ཞེས་བྱ་བས་བླངས་པ་སྔོན་དུ་འགྲོ་བ་ཅན་གྱི་ཁས་བླངས་པ་གང་ཡིན་པ་དེ་ནི་འཇིག་པའི་ཕྱོགས་དང་མཐུན་པ་ཉིད་དོ། །གལ་ཏེ་གང་ཟག་གཞན་ཡིན་ན་དེའི་ཕྱོགས་དང་མཐུན་པ་འདི་ལ་མ་གུས་པའི་ཕྱོགས་དང་མཐུན་པ་ཉིད་དོ། །མི་སྦྱོང་བའི་གཞི་ནི་སྦྱོང་
བར་མི་བྱེད་པ་སྟེ། བདག་ཉིད་དག་པར་བྱ་བའི་ཕྱིར་གསོ་སྦྱོང་དང་དགག་དབྱེ་དག་མི་བྱེད་པའོ། །མི་གནས་པར་འདུག་པ་ལ་སོགས་པས་སྦྱོང་བར་མི་བྱེད་པའོ། །གཞན་དུ་ན་འཇུག་པ་ཉིད་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བ་འདི་རྣམས་ཀྱི་བྱ་བ་ཉིད་དོ། །དེ་ལྟ་བས་ན་འདི་རྣམས་ལ་སྡོམ་པ་ཐམས་
ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཉིད་དུ་རིག་པར་བྱ་སྟེ། གསོ་སྦྱོང་བྱེད་པ་ལ་ནི་མ་ཡིན་ནོ། །འདིའི་ཚིག་མེད་པའི་ཕྱིར་རྗེས་སུ་བསྒྲུབ་པར་བྱ་བ་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གཞན་དུ་ན་འཇུག་པ་བསྒྲུབ་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་རིགས་པ་ལས་ཐོབ་པའི་ཕྱིར་དང་དགག་དབྱེ་
བསྒྲུབ་པའི་རྗེས་སུ་འབྲངས་པས་སྦྱོང་བར་རིག་པར་བྱའོ། །མཚན་མཐུན་པ་བསྙེན་པར་རྫོགས་པ་ལ་གསོ་སྦྱོང་བྱེད་པ་འདི་རྣམ་པར་གནས་པ་ཡིན་ནོ། །སྔགས་ནི་འདི་ཡིན་ཏེ། ཆེ་གེ་མོ་ཞིག་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་
མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ། བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་ཉིད་ཆེ་ཞེས་བྱ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་ལྟུང་བ་ལ་སྦྱོར་བ་དགེ་སློང་

འདྲ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །འདིར་འདི་ལ་དགེ་སློང་མ་ཡང་དེ་བཞིན་དུ་ཕན་ཚུན་འདྲ་བ་ཉིད་དུ་རིག་པར་བྱའོ། །དགེ་སློང་བཞིན་དུ་འདིས་ལྷག་པར་སྤྱོད་པ་ལ། དགེ་སློང་བཞིན་དུ་ཡང་གཞན་ལ་བརྡེག་པ་དང་། གཟས་པ་དང་། འགྱོད་པ་བསྐྱེད་པ་ལ་སོགས་
པས་ལྟུང་བ་རྣམས་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི། འདི་ལ་རྣམ་པ་འདིས་དགེ་སློང་དང་མཉམ་པ་ཉིད་ཡོད་པར་གྱུར་ཀྱང་གང་ལ་བྱིན་ལེན་བྱེད་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ལ་སོགས་པ་བསྙེན་པར་མ་རྫོགས་པ་ལ་བསྐྱེད་པ་དེ་ལ་
དེ་ལས་མ་ཡིན་ཏེ། གང་ལ་ཡང་བསྙེན་པར་རྫོགས་པ་གཞན་ལས་སྐྱེས་པ་རང་གི་བདག་ཉིད་ལ་ཡང་སྐྱེས་པ་ཉིད་ཉེ་བར་གནས་པ་ཉིད་དང་། འཛིན་པ་ཉིད་ལས་སྐྱེས་པ་ཡིན་ནོ། །དེ་ལ་འདིར་ཉམས་པ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསླབ་པ་བྱིན་པ་དེ་ལ་
བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ནི་མ་ཡིན་ཏེ། ཕྱོགས་གཅིག་པ་ཉིད་ཀྱི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། གསུམ་གྱིས་ཏེ། གསུམ་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་
སློང་གིས་གསོག་འཇོག་བྱས་པ་དང་། དགེ་སློང་གི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་དགེ་སློང་མ་ལ་རྒྱུ་དུས་གསོག་འཇོག་བྱས་པར་འགྱུར། གསུམ་གྱིས་ཏེ། གསུམ་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་སློང་མས་གསོག་
འཇོག་བྱས་པ་དང་། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་བསླབ་པ་བྱིན་པ་ལ་རྒྱུ་དུས་གསོག་འཇོག་བྱས་པར་འགྱུར། བཞི་སྟེ། བཞི་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། བསླབ་པ་བྱིན་པས་གསོག་འཇོག་བྱས་པ་དང་། དགེ་
སློང་གིས་གསོག་འཇོག་བྱས་པ་དང་། དགེ་སློང་གི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་བསླབ་པ་བྱིན་པ་མོ་ལ་ཞེས་བྱ་བ་ནས། བཞི་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། བསླབ་པ་བྱིན་པ་མོས་གསོག་འཇོག་བྱས་པ་དང་། དགེ་སློང་མས་གསོག་

འཇོག་བྱས་པ་དང་། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློབ་མ་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློབ་མ་
ལ་ཞེས་བྱ་བ་ནས་ལྔ་སྟེ། ལྔ་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་སློབ་མས་གསོག་འཇོག་བྱས་པ་དང་། བསླབ་པ་བྱིན་པ་མོས་གསོག་འཇོག་བྱས་པ་དང་། དགེ་སློང་མས་གསོག་འཇོག་བྱས་པ་དང་། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ་
ཞེས་གསུངས་པ་ཡིན་ནོ། །འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལའོ་ཞེས་བྱ་བ་ལྟུང་བ་ལ་སྦྱོར་བ་འདྲ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་སྔགས་དང་སྨན་ལ་སོགས་པའི་དབང་གིས་འགྲོ་བ་གཞན་གྱི་རྣམ་པ་ཞེས་བྱ་བ་དུད་འགྲོ་ལ་སོགས་པའི་གཟུགས་སུ་བསྒྱུར་ནས་བྱ་བ་མ་
ཡིན་པ་བྱེད་པ་གང་ཡིན་པ་དེ་ལ་དེར་ལྟུང་བ་ཉིད་དོ། །གལ་ཏེ་བྱེད་པའི་དུས་ན་དགེ་སློང་ལ་སོགས་པའི་འདུ་ཤེས་མ་བརྗེད་པར་གྱུར་ན་ལྟུང་བ་འདྲ་བ་ཉིད་དོ། །མེད་ན་ནི་སྨད་པའོ་ཞེས་བྱ་བ་དེའི་ཚེ་ལྟུང་བ་འབྱིན་པ་དེ་ལ་བདག་ཉིད་དགེ་སློང་ཡིན་པའི་འདུ་ཤེས་མེད་ཅིང་བརྗེད་པར་གྱུར་པ་ཉིད་ཡིན་ན་ནི་ལྟུང་བ་ལ་
སྦྱོར་བ་དེའི་ཚིག་འོག་མར་ན་སྨད་པ་ཡིན་ནོ། །ཚིག་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་བྱ་བ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཁྱིམ་པ་ཉིད་དུ་སྦྱོར་བ་ཙམ་གྱི་དབང་གིས་གང་ཞིག་དགེ་ཚུལ་ཉིད་ལ་ཚིག་སྔ་མར་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་བསྙེན་
པར་རྫོགས་པ་ཉིད་ལ་དེ་ལ་ཡང་མ་རྫོགས་པ་ཉིད་ནི་ན་སྨད་པ་ཉིད་ཡིན་ཏེ། དེ་མ་ཐག་པའི་ཚིག་ཉིད་དོ། །དེ་ལྟར་ཡང་འདིར་གཞུང་ནི་བསྙེན་པར་མ་རྫོགས་པས་བརྐུ་བ་ལ་སྦྱོར་ཞིང་བསྙེན་པར་མ་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་བརྐུ་བ་ལ་ཇི་སྲིད་དུ་བསྙེན་པར་
རྫོགས་པའི་ཕྱིར་རྐུ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདིར་དེའི་ཕྱིར་ཞེས་བསྟན་པར་ཤེས་པར་བྱ་སྟེ། ཚིག་སྔ་མར་སྦྱོར་བ་ཙམ་གྱི་དབང་ཁོ་ན་ལས་མེད་ན། དེའི་ཚེ་སྦྱོར་བ་ན་སྨད་པའོ། །སྦྱོར་བ་ཡོད་ན་ནི་དེའི་ཚེ་བྱས་པ་ཉིད་ལ་དངོས་པོ་ལ་ན་སྨད་པའི་རིགས་

པའི་ཕྱིར་ལེན་པའི་དབང་དང་རྟེན་གྱི་བྱེ་བྲག་གི་དབང་གིས་འདི་ཚིག་འོག་མར་གཏན་དུ་བའི་སྦྱོར་བ་ལ་ལྟུང་བར་འགྱུར་བའི་རྣམ་པར་རིག་པར་སྐྱེས་པའི་བདག་གི་དངོས་པོའི་དབང་དུ་བྱས་པ་ལ་ལྟུང་བྱེད་དུ་རྣམ་པར་གནས་པ་ལ་ལྕི་བ་ཉིད་ནི་ཡང་བསྙེན་པར་རྫོགས་པ་ཉིད་ལ་ཡང་
རྣམ་པར་གཞག་པའོ། །ན་སྨད་པའི་སྦྱོར་བ་དེའི་ཚེ་ན་མེད་པས་དེ་བཞིན་དུ་འོག་མའི་ཚིག་སྦྱོར་བའི་དབང་གིས་ཚིག་སྔ་མ་ལ་འཆད་པར་འགྱུར་བའི་ལྟུང་བར་འགྱུར་བའི་རྣམ་པར་རིག་པ་ལས་སྐྱེས་པ། བདག་གི་དངོས་པོ་རྣམ་པར་འགྱུར་བ་ལ་ལྟུང་བྱེད་དུ་རྣམ་པར་གཞག་པ་ལ་ཡང་བ་ཉིད་ནི་ཡང་
དགེ་ཚུལ་ཉིད་ལ་སོགས་པ་ལ་རྣམ་པར་གཞག་པའོ། །འདིར་སྦྱོར་བ་གང་ཡིན་པ་དེ་ལ་མཚན་ཉིད་ཇི་ལྟ་བར་ལྟུང་བ་དང་ལྟུང་བ་མེད་པར་རིག་པར་བྱའོ། །ཕྱི་མ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདིར་གང་དུ་ཚིག་ཕྱི་མ་སྟེ། དགེ་ཚུལ་ཉིད་ལ་སོགས་པ་ལ་བསྙེན་པར་རྫོགས་པའི་
གནས་སྐབས་ཀྱི་སྦྱོར་བ་ཙམ་གྱི་དབང་གིས་བསྒྲུབ་པ་ནི་དེ་དང་ལྡན་པ་ཉིད་དང་ཚིག་སྔ་མ་ཉིད་དེ་ལ་ཉེས་བྱས་ཡོངས་སུ་རྫོགས་པར་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་བསྙེན་པར་རྫོགས་པའི་གནས་སྐབས་ལ་སྦྱོར་བ་བྱས་པ་གང་ཡིན་པ་དེ་ལ་མཚན་ཉིད་ཇི་ལྟ་བར་ལྟུང་བ་རྣམ་པར་གཞག་པ་རིག་
པར་བྱའོ། །རྫས་བཀག་པས་བཟང་པོ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བཀག་པ་ལས་ཤིན་ཏུ་ཁྱད་པར་འཕགས་པའི་རྫས་གང་ཡིན་པ་དེ་ལ་ཡང་གང་ཞིག་གཞན་ཉིད་ནི་དེ་དང་ལྡན་པར་འགྱུར་བ་ཉིད་བཀག་པར་གྱུར་པ་ནི། དཔེར་ན་བལ་ནག་པོ་འབའ་ཞིག་ལས་སྟན་བྱེད་ན་སྤང་བའི་
ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དེ་ལས། དེ་བཞིན་དུ་སྲིན་བལ་དང་རྫས་རིན་པོ་ཆེ་ལས་སྟན་བྱེད་པ་ལས་ཡང་བཀག་སྟེ། སྤང་བའི་ལྟུང་བྱེད་ཁོ་ནར་འགྱུར་ཞེས་བྱ་བའི་དོན་ཏོ། །འདྲ་བ་ལ་ཡང་ངོ་ཞེས་བྱ་བ་ནི་རྫས་བཟང་ངན་འདྲ་བ་ལ་ཡང་བཀག་པ་ཉིད་ཀྱིས་སྙིང་པོ་དང་ལྡན་པ་ཉིད་ཀྱིས་སྤང་བའི་ལྟུང་བ་
ཁོ་ནར་འགྱུར་རོ། །གང་ཞིག་བལ་གྱི་གོས་དང་འདྲེས་པའི་སྲིན་བལ་དང་བལ་ནག་པོ་འབའ་ཞིག་གམ། བལ་དཀར་པོ་དང་བཅས་པའམ་བལ་དཀར་པོའི་སྟན་བྱེད་པ་ལ་ཡང་སྤང་བ་ཁོ་ནར་འགྱུར་རོ། །མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བ་ནི་ལྟུང་བ་དེའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །

ཞིང་ཉིད་གང་ཡིན་པ་དེ་ནི་ལྟུང་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་མཚན་གྱུར་པ་ཞེས་བྱ་བ་ནི་མཚན་མ་སྔ་མ་ཉིད་སྦྱོར་བ་ཙམ་གྱི་དབང་གིས་བསྒྲུབ་པར་གྱུར་པའི་ལྟུང་བྱེད་དོ། །གང་ཞིག་ལྟུང་བ་ལ་དེའི་མཚན་མ་ཉིད་ཞིང་དུ་གྱུར་པ་ན་གལ་ཏེ་དེ་ཉིད་ལ་ཞིང་ཉིད་གང་གི་དོན་དུ་སྦྱོར་བ་དང་བཅས་པ་ད་
ཉིད་དོ། །གལ་ཏེ་ན་སྨད་པ་ཉིད་ཡིན་ན་སྨད་པའོ། །འདི་ལ་དམིགས་ཀྱིས་བསལ་བ་བྱས་པ་ནི་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་སོ་ཞེས་བྱ་བ་སྨོས་ཏེ། ལྟུང་བ་ན་སྨད་པ་ཉིད་དོན་ཡིན་ཏེ། མཚན་མ་གཞན་གཏོགས་པའི་སྦྱོར་བ་ལས་མཚན་གྱུར་པ་དེ་ལ་ནི་ལྟུང་བ་གང་གི་སྦྱོར་བ་
བྱས་པའི་ལྟུང་བ་དེ་ཉིད་ཉེས་བྱས་སོ། །འདི་ལྟ་སྟེ་དཔེར་ན་དགེ་སློང་གཉིས་ཁྲི་གཅིག་ལ་རེག་པ་དང་བཅས་བཞིན་དུ་དགེ་སློང་མ་ཉིད་དུ་གྱུར་པ་ན་སྐྱ་རེངས་མ་ཤར་བའི་མདུན་རོལ་དུ་ཉལ་བ་ལ་ཉེས་བྱས་ཁོ་ནར་ཟད་ཀྱིས་ལྟུང་བྱེད་དུ་ནི་མི་འགྱུར་བ་ལྟ་བུའོ། །བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་མ་
གྱུར་པའི་གནས་སྐབས་སུ་ཁ་ན་མ་ཐོ་བ་གང་བྱས་པ་དེ་ནི། ཕྱིས་མཚན་གྱུར་ན་ཡང་ཁ་ན་མ་ཐོ་བ་གང་ཡིན་པ་དེའི་མཚན་གྱུར་པ་ཉིད་ལ་ཞིང་ཉིད་ནི་དེའི་ཁ་ན་མ་ཐོ་བ་ཉིད་དོ། །དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོར་འགྱུར་ཏེ། དགེ་སློང་ཉིད་དུ་གྱུར་པའི་དགེ་སློང་མ་ལ་རེག་པའི་ཕམ་པ་གང་ཡིན་པ་
དེའི་སྦྱོར་བ་ལ་ཉེས་བྱས་ཉིད་དོ། །སྦོམ་པོ་ཉིད་ནི་ལུས་བཀན་པར་གྱུར་པའི་ཕམ་པར་གྱུར་པ་ཉིད་ལའོ། །འཆབ་པའི་ཕམ་པར་གྱུར་པ་ལ་ནི་ཉེས་བྱས་ཉིད་དེ་ལྟུང་བྱེད་དུ་འགྱུར་བ་ཉིད་ལ་ནི་མ་ཡིན་ཏེ། མཚན་ཐ་དད་དུ་གྱུར་པ་འཆབ་པ་ལ་དེའི་ཚེ་འདི་ཡོད་པའི་ཕྱིར་རོ། །རྗེས་སུ་ཕྱོགས་པའི་ལྟུང་བྱེད་
གང་ཡིན་པ་དེ་ཉིད་འབྱིན་བཞིན་དུ་མཚན་གྱུར་ཅིང་དགེ་སློང་མར་གྱུར་ན་རྗེས་སུ་ཕྱོགས་པའི་ལྟུང་བྱེད་ནི་མཚན་ཐ་དད་པ་ལའོ། །འདིར་དགེ་སློང་མ་ལ་ན་སྨད་པར་གྱུར་པ་ཉིད་ཁུ་བ་འབྱིན་པ་དགེ་འདུན་ལྷག་མ་དགེ་སློང་མ་ཉིད་དུ་གྱུར་པ་ལ་ལྟུང་བྱེད་ཅེས་བྱའོ། །ན་སྨད་པ་ནི་རང་གི་ཉིད་དོ་ཞེས་བྱ་བ་ནི་
མཚན་གྱུར་པ་གཞན་ཉིད་ལ་ནི་ན་སྨད་པ་ཉིད་དེ་ཁ་ན་མ་ཐོ་བ་བྱས་པ་ཡིན་པ་དེ་གྱུར་པ་ལ། མཚན་གྱུར་ན་རང་གི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་ཏེ། ལྟུང་བྱེད་ཁོ་ནར་འགྱུར་རོ། །དགེ་སློང་དུ་གྱུར་ན་ཁུ་བ་འབྱིན་པའི་ལྟུང་བྱེད་དུ་འགྱུར་རོ། །ཇི་ལྟར་རྗེས་སུ་མཐུན་པའི་མཚན་གྱུར་པའི་དབང་གིས་ནི་ན་སྨད་པ་མི་

རིགས་པ་དེ་བཞིན་དུ་ལྷག་མ་ཉིད་དུ་མི་འགྱུར་རོ། །ལྷག་པར་སྤྱོད་པ་འདི་ལས་རྣམ་པར་གཞག་པའོ། །འདིར་དེའི་ལྷག་པར་སྤྱོད་པ་མེད་པ་དེ་བས་ན་འདིས་ཤེས་པའོ། །ཞག་བཅུར་མ་ལོན་པ་ནི་ཆ་ཉིད་དོ་ཞེས་བྱ་བ་ནི་འདི་ནི་ཡོད་པ་ལ་སྟེ། ཞག་བཅུ་མ་ལོན་པའི་བདག་ཉིད་
ཀྱི་དུས་ཡོད་པ་ལ་དེའི་མཚན་གྱུར་ཏེ། འཆང་བའི་དུས་གང་ཡིན་པ་དེ་ལ་ཆ་ཉིད་དོ། །དེ་ཉིད་ནི་དེའི་དུས་ཉིད་མ་ཡིན་ནོ། །འདིར་ཡོངས་སུ་རྫོགས་པ་ལ་ཇི་ལྟར་རྙེད་པའི་དེ་ཉིད་དོ། །འདིའི་ཡུལ་ནི་ལྷུང་བཟེད་འཆང་བ་སྟེ། གཞན་དུ་ཆོ་ག་ཐ་དད་པ་མེད་པའི་ཕྱིར་རོ། །འདིར་དུ་མ་ལ་སོགས་
པ་དགུའི་མཐར་ཐུག་པའི་ཞག་རྣམས་ལས་འདས་ན་དེ་དགེ་སློང་མ་ཉིད་དུ་གྱུར་ན། ཞག་དགུ་པོ་དེ་དག་ཞག་གཅིག་པོའི་ཁོངས་སུ་གཏོགས་པས་དོན་མེད་པ་ཉིད་ཐོབ་པར་བྱེད་པའོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ལྷུང་བཟེད་རྙེད་པ་ན་མཚན་གྱུར་ཏེ་དགེ་སློང་མར་གྱུར་ནས་དགུང་
གཅིག་ལས་ལྷག་པར་འཆང་ན་ལྟུང་བ་ཅིར་འགྱུར། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དུས་དང་ལྷན་ཅིག་ཏུ་ལྷག་པར་འཆང་བ་ནི། དགུང་གཅིག་གི་ཆ་ལས་གྱུར་པ་ཉིད་ཀྱིས་ལྷག་པར་གནས་པས་སྨོས་པར་རྣམ་པར་གནས་པ་ཡིན་ནོ། །འདིར་ཡང་ལྷན་ཅིག་རྙེད་པ་འཆང་
བ་ལ་བཙུན་པ་དགེ་སློང་གིས་ལྷུང་བཟེད་ལྷག་པ་དགུང་གཅིག་ལས་ལྷག་པར་འཆང་བ་ལས་སྤང་བའི་ལྟུང་བྱེད་དུ་འགྱུར་བ་མཆིས་སམ། ཡོད་དེ་དགེ་སློང་གིས་ལྷུང་བཟེད་རྙེད་པ་ན་མཚན་གྱུར་ཏེ་དགེ་སློང་མར་གྱུར་ནའོ་ཞེས་གསུངས་པ་ཡིན་ནོ། །རིགས་ལ་ནི་ཕན་ཚུན་གནས་ཐོབ་པ་ཉིད་འདིར་
ཞག་བཅུ་དང་ཞག་གཅིག་ལ་འཆང་བ་འདི་ཐུན་མོང་བ་ཉིད་དོ། །ཞིང་མ་ཡིན་པ་ཉིད་ལས་ནི་ཉམས་སོ་ཞེས་བྱ་བ་ནི་མཚན་གྱུར་པ་གང་ལ་དེའི་མཚན་གྱུར་པ་ཉིད་ལ་ལྟུང་བའི་ཞིང་མ་ཡིན་པ་ཉིད་དོ། །ཐུན་མོང་མ་ཡིན་པ་སྔར་གནང་བ་མ་ཐོབ་པར་འཁོར་ཉེ་བར་འཇོག་པ་ལའོ། །ཤམ་ཐབས་
རྐེད་པ་སྣང་བ་བགོ་བར་མི་བྱའོ་ཞེས་བྱ་བའི་བསླབ་པ་ལ་སོགས་པ་ལས་འདས་ཏེ་སྔོན་གྱི་མཚན་མ་ཉིད་དུ་བྱས་པ་ནི་མ་གཏོགས་པའོ། །འདིར་གཞུང་ནི། གཏམ་གྱི་གཞི་ལས་དགེ་སློང་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་བཞི་པོ་དག་བྱུང་བ་དེ་མཚན་གྱུར་ཏེ། དགེ་སློང་མར་གྱུར་པ་ལྟུང་བ་དེ་

དག་ལས་འབྱུང་བར་བརྗོད་པར་བྱའོ། །དགེ་སློང་མ་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་ལྔ་པོ་དག་བྱུང་བ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་དེ་དག་ལས་བྱུང་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཉེས་པ་བཅས་པ་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་དེ་ཉིད་ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་
ཞེས་བྱ་བ་སྨོས་པ་དེ་ལ་ནི་འཆབ་པའི་ཉེས་པ་དོགས་པར་མི་བྱའོ། །མཚན་ཐ་དད་པ་མ་ཡིན་པའི་དོན་དུ་ནི་འདི་སྐྱེས་པ་སྟེ། དེའི་ཕྱིར་མཚན་གཞན་གྱུར་པ་དེ་དང་མཉམ་པ་ནི་འདིར་ཞིང་ཉིད་མ་ཡིན་ནོ། །མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དང་རྣམ་པ་
ཐམས་ཅད་མ་ཡིན་པ་ཞེས་བྱ་བ་བྱེ་བྲག་མ་སྨོས་པས་རྟོགས་པར་བྱའོ། །འདིར་གཞུང་ནི་སྤོ་བའི་གཞིའི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་དབྱུང་བ་ལ་སོགས་པ་ཐུག་པ་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན། ཅི་དེས་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་སྤྱད་པ་སྤྱད་པར་བགྱིད་
འཚལ་ལམ། སྤྱད་པར་བྱ་དགོས་སོ། །བཙུན་པ་རེ་ཞིག་དགེ་སློང་མ་གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱོད་པ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་ན་ཅི་དེས་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པ་སྤྱད་པར་བགྱིད་འཚལ་ལམ། སྤྱད་པར་བྱ་དགོས་སོ་ཞེས་གསུངས་པ་ཡིན་ནོ། །མདོ་སྔ་མ་
ཤོས་ཀྱིས་ནི་ལུས་ཀྱི་ཉེས་པ་བཅབས་པ་ཉམས་པ་བསྟན་པར་རིག་པར་བྱའོ། །ཕྱི་མའི་སྤྱད་པ་ཡང་སྤྱད་པར་བྱ་བ་ཉིད་དོ། །ཡང་གང་གི་ཕྱིར་བྱས་པ་ནི་དེ་ཉིད་ཡིན་ནོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ། །དེའི་ཚེ་ན་འབྱུང་བའི་མཚན་མ་ལོངས་སྤྱོད་པ་རྣམས་ཀྱིས་མཚན་མ་འདི་ལ་བྱ་བ་ཉིད་དོ་
ཞེས་བྱ་བ་ནི་འདིར་རྣམས་པར་གཞག་པའོ། །འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་མཚན་གྱུར་པ་ལའོ། །མཚན་གྱུར་པ་འདི་ལ་ཆོ་ག་སྤྱད་པ་རྣམས་གྱུར་པ་དེའི་ཕྱིར། དེ་དག་རྣམ་པར་གཞག་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ལུས་བྱེད་པ་པོ་ཉིད་ཡིན་ནོ་
ཞེས་བྱ་བ་ནི་གང་གི་ཚེ་དེའི་ཚེ་ན་འབྱུང་བའི་གཞིའི་དགོས་པ་དེ་ནི་བདག་ཉིད་གང་ཡིན་པ་དེའི་དབང་གིས་ལྟུང་བ་དང་ལྟུང་བ་མེད་པ་སྐྱེས་པའོ། །འདི་ལྟ་སྟེ་དཔེར་ན་གསད་པར་བྱ་བ་དགྲ་བཅོམ་པ་ཉིད་མ་ཡིན་པའི་གནས་སྐབས་ལ་གསད་པའི་སྦྱོར་བ་བརྩམས་ནས། དགྲ་བཅོམ་པ་ཉིད་ཐོབ་པའི་

གནས་སྐབས་སུ་གསད་པའི་མཚམས་མེད་པ་ལས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བརྩམས་པ་ན་བུད་མེད་ཉིད་དུ་འགྱུར་ན། དེའི་ལུས་ལ་རེག་པ་ལས་སྙོམས་པར་ཞུགས་པ་ལ་བུད་མེད་ལ་རེག་པའི་ལྟུང་བ་གང་ཡིན་པ་དེ་འགྲུབ་པར་འགྱུར་རོ། །
བུད་མེད་ལ་སྦྱར་བར་སྐྱེས་པར་གྱུར་ན། དེར་སྙོམས་པར་ཞུགས་པ་ལས་སྐྱེས་པ་ཉིད་ལ་གང་ཡིན་པ་འདི་དང་། སྐྱེས་པར་གྱུར་པ་ལ་སྦྱར་ནས་བུད་མེད་ཀྱི་གནས་སྐབས་ལ་སྙོམས་པར་ཞུགས་པ་ལ་བུད་མེད་ཉིད་ལ་གང་ཡིན་པ་འདི་བུད་མེད་དུ་གྱུར་པ་ལ་སྦྱར་ཏེ། སྐྱེས་པའི་གནས་སྐབས་སུ་སྙོམས་
པར་ཞུགས་པ་དང་། སྐྱེས་པ་ཉིད་ལ་གང་ཡིན་པ་འདི་ཞེས་བྱ་བ་ལ་སོགས་པའོ། །གཞན་ལས་སྐྱེས་པ་ནི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་འགྲོ་བ་གཞན་མ་ཡིན་པ་ཞིང་དུ་གྱུར་པ་ལས་སྐྱེས་པའམ། གང་གི་འགྲོ་བར་གྱུར་པ་འདི་ནི་སྒྲུབ་པ་དེའི་འགྲོ་བ་ཉིད་མ་ཡིན་པ་དེ་བས་
ན། མི་མ་ཡིན་པ་ཉིད་ལས་རང་གིས་ཕྲོགས་པ་ལ་ཕམ་པའོ། །མིའི་འགྲོ་བ་པའི་བདག་ཉིད་དུ་གྱུར་པའམ། དུད་འགྲོ་མོའི་མངལ་ལས་སྐྱེས་པ་ལས་མི་མ་ཡིན་མོ་ཉིད་དོ། །མི་མ་ཡིན་པའི་ངོ་བོ་འདི་ལ་སྦོམ་པོའོ། །དུད་འགྲོའི་བདག་ཉིད་ཅན་ལ་ལྟུང་བྱེད་ཅེས་བྱ་བ་ལ་སོགས་པའོ། །འགྲོ་
བ་གཞན་གྱི་རྣམ་པ་བསྟེན་པ་གསད་པ་ལ་ཡང་ངོ་ཞེས་བྱ་བ་ལ། རང་གི་འགྲོ་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དཔེར་ན་མི་སྨན་དང་སྔགས་ལ་སོགས་པའི་དབང་གིས་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་མ་ཡིན་ནོ། །གང་འདི་
ལ་སྐྱེ་བ་པོའི་འགྲོ་བ་ཉིད་མ་ཡིན་ནོ། །ཡང་དེ་གསད་པ་ལ་ཡང་དུད་འགྲོའི་རྣམ་པ་དང་། མི་མ་ཡིན་པའི་རྣམ་པ་དང་ལྡན་པ་ལ་མིའི་འགྲོ་བ་པ་དེའི་འདུ་ཤེས་ཀྱིས་སོ། །དེའི་ཚེ་འབྱུང་བའི་རྣམ་པར་འགྲོ་བའི་འདུ་ཤེས་ཀྱི་ཡན་ལག་ཉིད་ལས་འགྲོ་བར་འདུ་ཤེས་པ་ལ་དེའི་འགྲོ་བའི་སྟོབས་
ཀྱིས་སངས་རྒྱས་ཉིད་དང་དགྲ་བཅོམ་པ་ཉིད་དང་མ་དང་ཕ་ཉིད་ཀྱི་བློ་དང་འདྲ་བར་མཚམས་མེད་པའི་ལས་ལ་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་མངོན་པར་འདོད་པའི་སྲོག་ཆགས་ཙམ་པོ་ལ་འདིར་ཡན་ལག་ཉིད་ཀྱི་ཕྱིར་ལྟུང་བ་དངོས་གཞིའོ། །སྦྱོར་བ་ནི་མིའི་འགྲོ་བར་འདུ་ཤེས་ན་སྦོམ་པོའོ། །

དེའི་ཚེ་ན་འབྱུང་བའི་རྣམ་པའི་འགྲོ་བར་འདུ་ཤེས་པ་ལ། འདུ་ཤེས་ཀྱི་སྦྱོར་བའི་ཡན་ལག་གོ། །དེ་བས་ན་ཉེས་བྱས་སོ། །དུད་འགྲོ་མི་མ་ཡིན་པའི་རྣམ་པ་དང་ལྡན་པ་དུད་འགྲོའི་འདུ་ཤེས་ཀྱིས་དེའི་ཚེ་ན་འབྱུང་བའི་རྣམ་པ་ལ་འགྲོ་བའི་འདུ་ཤེས་ཀྱི་ཡན་ལག་ལས་ལྟུང་བའི་དངོས་གཞིའོ། །
སྦྱོར་བའི་སྔོན་རོལ་དུ་ཉེས་བྱས་སོ། །འོག་མ་ལ་ནི་གྲངས་ཇི་ལྟ་བ་བཞིན་དུ་ཉེས་བྱས་དང་སྦོམ་པོའི་ལྟུང་བ་དག་གོ། །མི་མ་ཡིན་པ་དུད་འགྲོའི་རྣམ་པ་དང་། མི་ཡིན་པའི་རྣམ་པ་དང་ལྡན་པ་ལ་མི་མ་ཡིན་པའི་འདུ་ཤེས་ཀྱིས་དེའི་ཚེ་ན་འབྱུང་བའི་རྣམ་པས་གནོད་པར་བྱེད་ཅིང་དངོས་
གཞིའི་དུས་ན་སྦོམ་པོ་སྟེ། སྦོམ་པོའི་སྔོན་རོལ་དུ་ནི་ཉེས་བྱས་སོ། །ཕྱི་མ་ལ་ནི་གྲངས་ཇི་ལྟ་བར་ཉེས་བྱས་དང་སྦོམ་པོའོ། །མ་བྱིན་པར་ལེན་པ་དང་། ལུས་ཀྱིས་རེག་པ་དང་སློང་བ་དང་སྟན་རྣམས་ལ་འགྲོ་བའི་འདུ་ཤེས་ཀྱིས་བདག་ཉིད་ཀྱི་གང་ཡིན་པ་དེ་ལ་འགྲོ་བ་གཞན་གྱི་རྣམ་པ་
ལ་བརྟེན་དུ་ཟིན་ཀྱང་། འགྲོ་བ་དེ་ཉིད་དུ་རྣམ་པར་གཞག་པར་རྣམ་པར་གནས་པ་ཡིན་ཏེ། དེའི་རང་བཞིན་གྱིས་འདི་ལ་བདག་པོ་ཉིད་ལ་སོགས་པ་དང་བཟའ་བ་དག་ལ་བརྟེན་པའི་ཕྱིར་རོ། །གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགྲ་བཅོམ་པ་ལ་སོགས་
པའི་གནས་སྐབས་གཞན་ཐོབ་པ་ན། དེའི་རྒྱུད་ནི་གཞན་ཉིད་མ་ཡིན་པ་ནི་སེམས་ཅན་དེ་ལ་སེམས་ཅན་གཞན་ཉིད་མ་ཡིན་ནོ། །སེམས་ཅན་གཞན་དུ་མཐར་ཐུག་པ་མངོན་པར་འདོད་པ་ཡིན་པ་ནི། མཐར་ཐུག་པ་བྱས་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་གནས་སྐབས་གཞན་ལ་སྦྱོར་བ་བྱས་
ནས། སྦྱོར་བ་གཞན་གྱི་སྐབས་སུ་མཐར་ཐུག་པ་ཉིད་དོ། །དགྲ་བཅོམ་པ་མ་ཡིན་པའི་གནས་སྐབས་སུ་སྦྱོར་བ་བྱས་ན་དགྲ་བཅོམ་པ་ཉིད་ཐོབ་པ་ནི་གསོད་པར་བྱེད་ན་དེ་ལ་ཕམ་པ་སྐྱེད་པར་བྱེད་པ་མ་ཡིན་པར་འགྲུབ་བོ་ཞེས་བྱ་བ་ལ་སོགས་པའོ། །ཉེས་པ་དེ་མེད་པ་ཉིད་ལ་འོང་བ་ནི་ཐ་
དད་དོ་ཞེས་བྱ་བ་ནི་དེ་ལ་ནི་དེའི་ལས་ཀྱི་ཉེས་པ་སྐྱེད་པ་མ་ཡིན་པ་དེ་བས་ན་ཉེས་པ་དེ་མེད་པའོ། །དེ་ཉིད་ཀྱི་གནས་སྐབས་ཅན་དུ་གྱུར་པ་ནི་ཐ་དད་པའོ། །གང་ཞིག་དེར་དེའི་ཉེས་པ་ཉིད་ལ་བྱས་པ་དང་། གང་ཡང་དེའི་ཉེས་པ་ཉིད་མ་ཡིན་པ་དང་། གང་ཡང་སླར་དེའི་འོག་ཏུ་ཉེས་པ་དེ་ཡོད་པ་ལས་

དེ་དག་ནི་ཕན་ཚུན་ཐ་དད་པར་ཤེས་པར་བྱའི་གཅིག་པ་ཉིད་མ་ཡིན་ནོ། །དུས་མ་ཡིན་པ་ཁོ་ན་སྟན་བརྩམས་ནས་ངལ་སོ་བར་བྱེད་པ་དེ་ཡང་བསྙེན་པར་རྫོགས་པར་བྱས་ནས་དུས་མ་ཡིན་པ་ཁོ་ནར་ཟིན་པར་བྱེད་པའོ། །བུད་མེད་དུ་གྱུར་ནས་ཡང་སྐྱེས་པ་ཉིད་ཐོབ་ན་ཐ་དད་པ་
ཉིད་དོ། །གལ་ཏེ་ཡང་བསམ་པ་ཐག་པ་ནས་གཏང་བ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཉིད་དུ་གྱུར་ནས་དེ་ལྟ་བུ་ཡང་ཐ་དད་པ་ཉིད་ཀྱིས་སྔ་མ་དང་ཕྱི་མའི་ཆ་གང་དག་ལས་ལྟུང་བའི་བྱེད་པ་པོ་ཉིད་དོ། །གཙོ་བོ་མ་ཡིན་པས་བཏང་བ་དང་། གང་ཞིག་དེའི་སྔ་མ་ཕྱེད་བྱས་སམ་བྱེད་པ་ལ་གང་ཞིག་
དེའི་ཕྱི་མ་དང་རབ་ཏུ་བྱུང་ནས་ཡང་བསྙེན་པར་རྫོགས་པ་ལ་ཐོག་མ་ཉིད་དུ་སྟན་གཞན་བྱས་པའི་དབང་གིས་དུས་མ་ཡིན་པ་ཉིད་དུ་རིག་པར་བྱའོ། །དགེ་སློང་མ་ཉིད་ལས་ཡང་ལྟུང་བར་སྔར་བྱས་པ་ལ་ཡང་ངོ་། །བཏང་བ་ལ་ཡང་ངོ་ཞེས་བྱ་བ་ནི་ལས་གང་བརྩམས་པ་དེ་མ་ཟིན་པར་དེ་ཡང་དེའི་ཆད་
པའོ། །སྔར་བྱས་པ་ལ་དེ་ཙམ་ཉིད་དོ། །ཡང་ལས་གཞན་ཉིད་ནི་བྱས་པ་ནས་བརྩམས་ཏེ་ཁང་པའམ་སྟན་བརྩམས་ནས་བཏང་སྟེ། ཡང་བྱེད་ན་སྔ་མ་དང་ཕྱི་མ་ཉིད་ལ་ལྟུང་བའི་བྱེད་པ་པོ་ཉིད་དོ། །གཞི་གཅིག་ལ་དུ་མ་ཉིད་བཅས་པ་ལ་ནི་ཇི་སྙེད་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བ་ནི་གང་དུ་གཞི་
གཅིག་ལ་དུ་མ་ཉིད་ཐོབ་པར་འགྱུར་བ་ནི་འདི་ལྟ་སྟེ་དཔེར་ན་བརྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དགག་པ་ལ་ནི་མ་ཡིན་ནོ། །བསྙིལ་བ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལའོ། །དགེ་ཚུལ་བསྙིལ་བ་དང་བུད་མེད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ་བཅས་པ་
སྟེ། དེ་ལ་ལྟུང་བྱེད་དོ། །འདིར་གཞུང་ཁ་ཅིག་ལས་ནི། ཞར་བ་ལོངས་ཤིག་ཅེས་ཟེར་བ་ལ་ཞར་བ་མ་ཡིན་ན་ལྟུང་བྱེད་གཉིས་སུ་འགྱུར་ཏེ། ཤེས་བཞིན་དུ་བརྫུན་སྨྲ་བ་དང་མིའི་སྐྱོན་ནས་སྨྲ་བ་ལས་སོ། །དགེ་སློང་གིས་དགེ་སློང་མ་བྲམ་ཟེའི་རིགས་ཅན་མོ་ལ་ཁྱོད་ཀྱིས་འདྲེག་མཁན་གྱི་ལས་བྱས་
སོ་ཞེས་སྨྲས་ན་ལྟུང་བྱེད་དང་ཉེས་བྱས་སུ་འགྱུར་ཏེ། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ལས་ལྟུང་བྱེད་དང་སྐྱོན་ནས་སྨྲ་བ་ལ་ཉེས་བྱས་སོ། །དགེ་སློང་མ་རྒྱལ་རིགས་ཀྱི་རིགས་ཅན་མོ་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་དང་། དགེ་སློང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་དགུང་

གསུམ་ཉལ་བ་ལ་ལྟུང་བྱེད་གཉིས་འབྱུང་བ་འགའ་མཆིས་སམ། ཡོད་དེ་ཞག་གཉིས་དགེ་ཚུལ་དང་ཉལ་བ། ཞག་གསུམ་པ་ལ་ཁྱིམ་པ་མོ་དང་ལྷན་ཅིག་ཉལ་བ་ལའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་ཆ་ནི་དེར་གཏོགས་སོ་ཞེས་བྱ་བ་ནི་གང་ཞིག་ཁ་ན་མ་ཐོ་བ་ནི་
དེའི་ཆ་ཞེས་བྱ་བ་ཤན་ནམ་ལྷག་མ་ནི་དེ་དང་གཞན་མ་ཡིན་ནོ། །མི་ཚངས་པར་སྤྱོད་པའི་ཆ་གང་ཞེ་ན། ཁུ་བ་འབྱིན་པ་དང་། ལུས་ཀྱི་རེག་པ་དང་། འཁྲིག་པ་དང་ལྡན་པ་སྨྲ་བ་དང་། ཀུན་སྤྱོད་བསྔགས་པ་དང་། སྨྱན་བྱེད་པ་དང་། དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་
འཇུག་པ་དང་། ལེན་པ་དང་དེ་ལས་གཞན་པའི་གོས་ཀྱི་ལས་བྱེད་པ་དང་། འདིས་བལ་རྨེལ་དུ་འཇུག་པ་དང་། རིག་པའི་སྐྱེས་བུ་མེད་པར་ཚིག་དྲུག་གམ་ལྔ་ལས་ལྷག་པར་ཆོས་སྟོན་པ་དང་། མ་བསྐོས་པར་གདམས་ངག་ལ་སོགས་པ་སྟོན་པ་བཅུ་དང་། བཟའ་བ་ཟ་བའི་དུས་སུ་
ཁྱིམ་དུ་འདུག་ཅིང་མི་གནས་པ་དང་། ཁྱིམ་དུ་ཟ་བའི་ཕྱིར་འདུག་སྟེ་མི་གནས་པ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་བྱིན་པ་དང་། ཁྱིམ་དུ་ལྷན་ཅིག་ཉལ་བ་དང་། ལམ་དུ་འགྲོ་བ་དང་། སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་གྲོང་དུ་འཇུག་པ་དང་། ཉེ་དུ་མ་ཡིན་པའི་གྲོང་དུ་འགྲོ་བ་
དང་། དགེ་སློང་མ་ལས་བླངས་ཏེ་ཟ་བ་དང་། དགེ་སློང་མའི་མིང་གིས་ངེས་པ་དང་བཅས་པས་ཁྱིམ་དུ་འགྲོ་བ་དེས་བྱ་བ་ལ་སོགས་པའོ། །སྔར་མ་གནང་བའི་སྟན་ལ་འདུག་པ་ལ་འདི་ཡིན་ནོ། །མ་བྱིན་པར་ལེན་པའི་ཆ་གང་ཡིན་ཞེ་ན། བྱིན་པ་ཕྲོགས་ཏེ་སྤྱོད་པ་དང་། མ་གནང་བར་སྟན་ལ་
འདུག་པ་དང་། ཕྱིར་མ་བླངས་པར་སྤྱོད་པ་དང་། སོ་སོར་བསྡུས་ནས་ལོངས་སྤྱོད་པ་དང་། བསྔོས་པ་ལས་བསྒྱུར་བ་དང་། སྐྲོད་པ་དང་། སྦེད་པ་དང་། རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའོ། །མི་གསོད་པའི་ཆ་གང་ཞེ་ན། རྩོད་པ་དང་བཅས་པའི་གཞི་མི་གཏོང་བ་དང་། ས་བོན་
གྱི་ཚོགས་དང་། སྐྱེ་བའི་ཚོགས་འཇིག་པ་དང་། མཐོ་འཚམས་པ་དང་། ཕྱིས་གནོན་བྱས་ནས་འདུག་པ་དང་། བསྒོ་བ་བཅག་པ་དང་། རྩ་བ་འབྱུང་བ་ལ་འདུག་པ་དང་། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང་། དམག་ལ་ལྟ་བ་དང་། དམག་གི་ནང་ན་གནས་པ་དང་། བཤམས་པ་

དཀྲུག་པ་དང་། བརྡེག་པ་དང་། གཟས་པ་དང་། ཟས་གཅོད་དུ་འཇུག་པ་དང་། དུད་འགྲོ་གསོད་པ་དང་། འགྱོད་པ་སྐྱེད་པ་དང་། ག་ག་ཚིལ་བྱེད་པ་དང་། སྔངས་པར་བྱེད་པ་དང་། ས་བརྐོ་བའོ། །མིའི་ཆོས་བླ་མ་སྨྲ་བའི་ཆ་གང་ཞེ་ན། འདི་ལྟ་སྟེ་དཔེར་ན་ཕམ་པར་འགྱུར་བ་དང་།
དགེ་འདུན་ལྷག་མ་གཉིས་ཀྱིས་འདུན་པ་ལ་སོགས་པ་འགྲོ་བར་བརྗོད་པའི་ཚིག་སྟེ། ཇི་ལྟར་བརྩམས་པས་བཤེས་ངོར་བྱེད་པ་དང་། འཕྱ་བ་དང་། གཞོགས་འཕྱས་བྱེད་པ་དང་། དགེ་འདུན་གྱི་དབྱེན་དང་། བརྫུན་གྱི་ལྷག་མ་དང་། མིའི་ཆོས་བླ་མ་བདེན་པར་སྨྲ་བའོ། །ཕམ་པར་འགྱུར་བས་སྐུར་པ་
འདེབས་པའི་ཆ་གང་ཞེ་ན། དགེ་འདུན་ལྷག་མས་སྐུར་པ་འདེབས་པའོ། །དགེ་འདུན་གྱི་དབྱེན་བྱེད་པའི་ཆ་གང་ཞེ་ན། དགེ་སློང་ལ་ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། དད་པའི་ཕྱིར་བསྒྱུར་བ་དང་། ལས་ལས་འདའ་བར་བྱེད་པ་དང་། ལྟ་བར་གྱུར་པ་མི་འདོར་བ་དང་། བསླབ་པ་ལ་མ་གུས་པ་
དང་། འདུས་ཤིང་ཟ་བ་དང་། སྤངས་པའི་རྗེས་སུ་ཕྱོགས་པ་དང་། ཚིག་མི་སྙན་པས་བསླབ་པ་ལ་ཁྱད་དུ་གསོད་པའོ། །གསོག་འཇོག་བྱས་པ་ཟ་བའི་ཆ་ནི་དགེ་སློང་གིས་བཙོས་པ་ཟ་བའི་མཐར་ཐུག་པའོ། །དེ་ལྟ་བས་ན་ཆའི་ངོ་བོ་ཉིད་ཅེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་སྤྱད་པའི་ཕྱིར་འགྲོ་བ་གང་ཡིན་པ་དེ་
ནི་ཉེས་བྱས་སོ། །བདག་ཉིད་ཀྱི་ཀུན་དུ་སྤྱོད་པ་བསྔགས་པ་གང་ཡིན་པ་དེ་ནི་དགེ་འདུན་ལྷག་མའོ། །གནས་ངན་ལེན་སྨྲ་བ་གང་ཡིན་པ་དེ་ནི་གཞན་མ་ཡིན་ནོ། །བདག་ཉིད་ཀྱི་དོན་དུ་བུད་མེད་ལ་གཞོལ་བ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་བར་གཏོགས་པའི་སྦོམ་པོའོ། །ཀུན་དུ་སྤྱོད་པ་བསྔགས་པའི་
དགེ་འདུན་ལྷག་མར་གཏོགས་པའི་ཉེས་བྱས་སོ། །འཁྱུད་པ་དང་འོ་བྱེད་པ་དང་ཉལ་བ་དང་མཚམས་ཀྱི་ཕྱི་རོལ་དུ་འགྱུར་བ་དག་གང་ཡིན་པ་དེ་ནི་ལུས་ཀྱི་རེག་པའི་བདག་ཉིད་གཞན་ཡིན་ནོ། །མཚན་གྱི་ནང་དུ་རེག་པ་ལ་ཉལ་ཏེ་རྨ་ཉམས་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་རོ། །གལ་ཏེ་ཉམས་
པ་ཡིན་ན་གཞན་དང་ལྷན་ཅིག་རྩོད་པ་ན་མ་བྱུང་བའི་མདུན་རོལ་དུ་ནི་སྦོམ་པོའོ། །བྱུང་ན་ནི་དགེ་འདུན་ལྷག་མའོ། །མདོ་འདིས་ནི་དེའི་ཆ་མ་བརྗོད་པ་ཅུང་ཟད་ཀྱང་མ་བརྗོད་ཀྱི་ཧ་ཅང་ཐལ་བ་དེ་དམིགས་ཀྱིས་བསལ་བར་བྱེད་དེ་ཁུ་བ་འབྱིན་པ་ལ་སོགས་པ་མི་ཚངས་པར་སྤྱོད་པ་སྤྱད་པར་གཏོགས་པའི་སྦོམ་པོ་ལ་

སོགས་པ་ལ་ཁ་ན་མ་ཐོ་བ་གཞན་དུ་ཐལ་བར་འགྱུར་བ་སྟེ། དེའི་ཆ་ནི་དར་གཏོགས་སོ་ཞེས་བྱ་བའི་མདོ་འདིས་སྦོམ་པོ་ལ་སོགས་པ་ཁ་ན་མ་ཐོ་བ་གཞན་དུ་འགྱུར་བ་དམིགས་ཀྱིས་བསལ་བ་འདི་བྱས་པ་ཡིན་ནོ། །ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་དཔེར་ན་
སྤྱད་མི་བཟོད་པའི་བུད་མེད་དང་ལྷན་ཅིག་ཉམས་པར་བྱེད་པ་དང་། མགོ་བཅད་པའི་ཁ་ལ་སོགས་པ་དག་ཏུ་ཉམས་པར་བྱེད་པ་ནི་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཞུ་བ་ཁ་ཅིག་དང་གཞན་དག་ལས་ཁུ་བ་འབྱིན་པའི་རྣམ་པ་གསུངས་པ་དག་གམ། དེ་ཐམས་ཅད་ལ་ཐ་མ་ཉིད་མེད་པ་ལ་ཁུ་བ་
འབྱིན་པའི་འདུན་པས་ཁུ་བ་འབྱིན་པ་ལ་ཕམ་པ་ཉིད་མ་ཡིན་པ་ཐམས་ཅད་དུ་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་ཤེས་པར་བྱའོ། །མདོ་འདི་ནི་སྔར་དེའི་ཆ་ནི་དེར་གཏོགས་སོ་ཞེས་བསྟན་པ་དེའི་སྤྲོས་པ་འདི་ཡིན་ནོ། །འདིར་གང་དག་དགེ་འདུན་གྱི་ལྷག་མར་མི་འགྱུར་ཏེ། མི་ཚངས་པར་སྤྱོད་པའི་
སྐབས་ཉིད་ཀྱི་ཕྱིར་འདི་སྙམ་དུ་སེམས་པ་དེའི་བསམ་པ་བཟློག་པའི་ཕྱིར་སྨོས་སོ། །སྦྱོར་བ་གང་ལ་ལྟུང་བ་རྣམ་པར་མ་བཞག་པ་དེ་ལ་ན་སྨད་པའི་ལྟུང་བ་རྣམ་པར་གཞག་པ་ཡང་ཡོད་དེ། གང་དུ་རྣམ་པར་གཞག་པ་དེར་ལྟུང་བྱེད་དོ། །མི་ཚངས་པར་སྤྱོད་པའི་བསམ་པས་བུད་མེད་ཀྱི་ཚོགས་ལ་རེག་
པ་ལ་ནི་དགེ་འདུན་ལྷག་མ་ཡིན་ཏེ། སྦྱོར་བ་དེར་གཏོགས་པ་གང་ཞེ་ན། གང་ནས་བརྩམས་ཏེ་དེ་དང་འདྲ་བའི་ཁུ་བ་འབྱིན་པའི་མཐར་ཐུག་པ་ཉིད་དེ་ནས་བརྩམས་ཏེ། དགེ་འདུན་ལྷག་མར་འགྱུར་བ་དང་། སྦྱོར་བ་སྔ་མ་ནི་ཕམ་པར་འགྱུར་བའི་སྦྱོར་བ་ཞེས་བྱའོ། །དེ་ལྟར་དེ་ལ་ཉེས་པ་སྦོམ་པོ་
གཉིས་སུ་འགྱུར་ཏེ། ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མར་འགྱུར་བའི་ཞེས་བྱ་བར་རིག་པར་བྱའོ། །འདིར་གཞུང་ཁ་ཅིག་ལས། གཞི་ཐམས་ཅད་ལ་འདི་འབྱུང་བ་ཡིན་ཏེ། བུད་མེད་ཇི་ལྟ་བུ་དང་མི་ཚངས་པར་སྤྱོད་པར་བགྱིད་ན་མཐར་འགྱུར་ལགས། ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་
བ་གང་ཡིན་པ་དང་ངོ་། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་དང་དུ་བླང་དུ་མི་རུང་ན་དེ་དང་ལྷན་ཅིག་ཉམས་པར་བྱེད་པ་དེ་ལ་ཁུ་བ་འབྱུང་ན་ནི་དགེ་འདུན་ལྷག་མར་འགྱུར་རོ། །གལ་ཏེ་ཁུ་བ་མ་ཕྱུང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །

གཞུང་གཞན་ལས་ཀྱང་རེ་ཞིག་ཇི་ཙམ་གྱིས་ན་སྦུབས་ཉམས་པར་བརྗོད་པར་བགྱིད། གང་གི་ཕྱིར་དེའི་རྨའི་ཐན་ཀོར་ཉམས་པར་འགྱུར་ན་སྟེ། དེ་ཉམས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་འབྱིན་པ་ན་ནི་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བྱ་བ་
དུ་མའི་འབྲས་བུས་ལྟུང་བ་རྣམ་པར་མི་གཞག་གོ་ཞེས་བྱ་བ་ནི་བྱ་བ་འབྲས་བུ་ཐ་དད་པས་བར་དུ་ཆོད་པའི་འབྲས་བུ་ཐ་དད་པ་གྲུབ་པ་དུ་མ་དག་གིས་འབྲས་བུ་གཅིག་ཏུ་བསྡུས་པས་དངོས་གཞིའི་ལྟུང་བ་རྣམ་པར་མི་གཞག་སྟེ། དེ་དག་གི་འབྲས་བུ་ནི་ཐ་དད་པ་ཉིད་ཡིན་ནོ། །དཔེར་ན་ཉུང་ངུ་ཉུང་ངུར་བརྐུས་པ་གཅིག་ཏུ་
བསྡོམས་པས་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་དུ་ཆོག་པ་གང་ཡིན་པ་དེས་ཕམ་པར་མི་འགྱུར་བ་ལྟ་བུ་དང་། ཁང་པ་ཆུང་ངུ་མ་བཞི་བསྡོམས་ནས་ཚད་ལས་ལྷག་པར་གྱུར་པ་གང་ཡིན་པ་དེས་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་གོས་ཀྱི་དུམ་བུ་ཚད་དུ་མི་ཆོག་པ་དུ་མ་ཚང་བར་བཅངས་ཏེ། དུས་
ལས་འདས་པར་སྒྲུབ་པ་རྣམས་ལ་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུ་དང་། ཉུང་ངུ་ཉུང་ངུ་ནས་རྫོགས་པར་གྱུར་པའི་དོན་རྣམས་ལ་དེ་བཞིན་དུ་ལམ་ན་བལ་ཐོགས་པ་ཡང་ཉིན་རེ་ཞིང་ཅུང་ཟད་ཅུང་ཟད་དུ་ཁྱེར་བའི་ལམ་སྤྱིར་བསྡོམས་པས་རྒྱང་གྲགས་ལས་འདའ་བའོ། །དུས་གཞན་དང་གཞན་དུ་ཚིག་རེ་རེ་སྨྲས་པའི་ཚིག་
རྣམས་སྤྱིར་བསྡོམས་པས་ཚིག་ལྔ་འམ་དྲུག་ལས་འདས་པར་ཆོས་སྟོན་པ་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུའོ། །འདིར་གཞུང་ནི་མ་བྱིན་པར་ལེན་པ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ནས་མཐར་འགྱུར་རོ་ཞེས་གསུངས་པ་དེ་ལ། བཙུན་པ་རེ་ཞིག་དགེ་སློང་གིས་བརྐུས་པ་དེ་ལ་མ་ཤ་ཀ་བརྒྱ་འམ་
སྟོང་སྙེད་བརྐུས་ཀྱང་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ་མ་ཤ་ཀ་བ་ནི་བཞི་རྐུ་ཞིང་ནམ་ཡང་ལྔ་མ་ཡིན་ཏེ། སྦྱོར་བ་ལ་ནི་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱི་དབང་དུ་ཉེ་བར་སྦྱར་རོ། །ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ལ་འདིར་ཕྱེད་བྱས་པ་ལ་ཞེས་
བྱ་བའི་ཕྱེད་ཀྱི་སྒྲ་ནི་ཡན་ལག་གི་ཚིག་སྟེ། ལས་བརྩམས་པ་ཕྱེད་བྱས་པ་དེ་ལ་བྱེད་པ་ཞེས་བྱ་བ་ལ་ལྷག་མ་སྒྲུབ་པར་བྱེད་པ་དེ་ལ་ཕྱེད་ཉིད་དོ། །དེ་ལས་དེའི་སྒྲུབ་པ་ཕྱེད་བྱས་པ་ཉིད་ཡིན་ནོ། །བྱ་བ་མ་བརྩམས་པ་ལ་ཉེས་པ་གང་ཡིན་པ་དེའི་རྗེས་ལ་དེའི་ཚིག་ཅེས་བྱ་བ་འདི་ལ་དེ་སྒྲུབ་པར་བྱེད་པའོ། །དཔེར་ན་གོས་

རྙིངས་པ་ཅུང་ཟད་བཅགས་པ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཆག་ཏུ་བཅོལ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་དང་། ལུག་གི་བལ་ཅུང་ཟད་བཀྲུས་སམ་ཕྱེད་བཀྲུ་བར་བྱས་པ་དག་རྨེལ་དུ་བཅོལ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་དང་། འཁྲུར་བཅོལ་ཏམ་འཚེད་དུ་བཅོལ་བ་འདི་གཉིས་ཀ་དང་། བཀྲུས་པ་དང་བཙོས་པ་གཉིས་ཀ་
དག་ལ་རང་བཞིན་རྣམ་པར་འགྱུར་བ་སྲིན་བལ་རྙིང་པ་དང་ལུག་གི་བལ་རྙིང་པ་དང་། ལུག་གི་བལ་རྙིང་པ་ནག་པོ་ལས་བྱས་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །ཁ་ན་མ་ཐོ་བ་ན་སྨད་པ་དག་གིས་ཆ་ཉིད་ནི་ན་སྨད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་བུའི་ཁ་ན་མ་ཐོ་བ་དག་གི་ཆ་ནི་ན་སྨད་པ་ཉིད་ཡིན་ཏེ། ན་སྨད་པའི་ཆར་གྱུར་
པ་ཉིད་དུ་བལྟ་བར་བྱའོ། །དཔེར་ན་ཉེས་པ་སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་ཉེས་བྱས་རྣམས་ཀྱིས་སྐུར་བ་བཏབ་པ་ལས་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མཚམས་མེད་པ་གསུམ་པོ་ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་རྣམས་ཀྱིས་སྐུར་པ་འདེབས་པ་
གང་ཡིན་པ་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ། །དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་པ་གཉིས་པོ་དག་གིས་སྐུར་པ་འདེབས་པ་དེ་ལ་སྦོམ་པོའི་ལྟུང་བར་མི་འགྱུར་ཏེ། དེ་ལ་ནི་ཉེས་བྱས་ཉིད་ཡིན་ནོ། །ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་
པ་ནི་བསམ་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བཞིན་དུ་འདི་ཡིན་ནམ་འོན་ཏེ་མ་ཡིན། འདི་བདག་གི་ཕ་ཡིན་ནམ་འོན་ཏེ་མ་ཡིན། འདི་དགྲ་བཅོམ་པ་ཡིན་ནམ་འོན་ཏེ་མ་ཡིན། འདི་དེ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་བྱ་བ་ལ་སོགས་པར་གཞི་ཐམས་ཅད་ལ་ཞུགས་པ་གང་ཡིན་པ་དེ་ནི་བསམ་པ་དང་བཅས་
པས་གནས་པ་ཡིན་ནོ། །གང་ཞིག་ཡང་དེའི་མདུན་དུ་སྟེ། ཐམས་ཅད་དུ་མ་ཡིན་ནོ། །དེ་ལ་ཡང་དེའི་ཚེ་ན་གནས་པ་ཞེས་བྱ་བའི་དོན་ཏོ། །བསམ་པ་དང་བཅས་པ་ནི་དགོས་པ་སྟེ་ངེས་པའི་བསམ་པའོ། །ངེས་པར་འདི་ལ་དེར་ཡང་ཉེ་བར་མི་སྡུད་པ་ནི། གང་ཡང་དེ་ཡིན་ཡང་རུང་མ་ཡིན་ཡང་རུང་
གིས་སྙམ་པའི་བསམ་པས་གནས་པ་སྟེ། དེ་འདི་ཡིན་ནམ་འོན་ཏེ་མ་ཡིན་སྙམ་ནས་གསོད་པ་ལ་ཇི་ལྟར་གསོད་པར་བྱེད་པ་ལ་ལྟུང་བྱེད་དོ། །འདི་ནི་མི་ཁོ་ན་སྟེ། འདི་ནི་མི་མ་ཡིན་སྙམ་པས་གསོད་པ་ལ་ཕམ་པ་ཁོ་ན་ཡིན་ཏེ། འདི་ནི་མི་ཡིན་ཏེ་མི་མ་ཡིན་པ་མ་ཡིན་སྙམ་ནས། འདི་ནི་དགྲ་

བཅོམ་པ་སྟེ། དགྲ་བཅོམ་པ་མ་ཡིན་པ་ནི་མ་ཡིན་ནོ་སྙམ་པས་མ་ལ་སོགས་པ་གསོད་པ་ལ་མཚམས་མེད་པའི་ལས་ཀྱང་ངོ་། །གང་ལ་བདག་ཆགས་པ་དེ་འདི་ཡིན་ནམ་འོན་ཏེ་མ་ཡིན། འདི་ནི་བུད་མེད་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་དངོས་པོ་ཇི་ལྟ་བར་འདུ་ཤེས་པར་མ་གྱུར་པའོ། །
སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི་སྦྱོར་བ་ལ་འདུ་ཤེས་ཡན་ལག་ཡིན་གྱི་དོན་ཉིད་མ་ཡིན་ཏེ། དཔེར་ན་དུད་འགྲོ་ནི་མིར་འདུ་ཤེས་པས་བསད་ན་དེའི་དོན་གྱི་སྦྱོར་བ་ལ་སྦོམ་པོ་ཉིད་དུ་འགྱུར་བ་དང་། མི་མ་ཡིན་པ་ལ་མིར་འདུ་ཤེས་པའི་ཕྱིར་དེ་ཉིད་ཀྱིས་བསད་ན་སྦྱོར་བ་སྦོམ་པོར་འགྱུར་བ་
དང་། དེ་མ་བྱིན་པར་ལེན་པ་དང་། ཆོས་བླ་མ་དང་ལུས་ཀྱི་རེག་པ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །བསམས་པ་ནི་དེ་ཉིད་དོ་ཞེས་བྱ་བ་ནི་སེམས་ཅན་ནམ་རྫས་ལ་བསམས་ཏེ། ཞུགས་པ་གང་ཡིན་པ་ལ་ནི་བསམས་པའི་དོན་གྱིས་རང་གི་ངོ་བོ་ཉིད་ཡན་ལག་དེ་ཉིད་དོ། །
གལ་ཏེ་དོན་དེ་ཉིད་ཡིན་ན་གང་ལ་བརྩམས་ཏེ། འཇུག་ཅིང་བསམས་ཏེ་ཞུགས་པའི་ཡན་ལག་དེ་ཉིད་ཡན་ལག་ཡིན་ནམ། དེའི་ཚེ་དངོས་གཞིའི་ལྟུང་བ་འགྲུབ་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་གཉིས་འཁོད་པ་ལས་གཅིག་གསད་པར་བྱའོ་སྙམ་པ་ལས་ཅིག་ཤོས་བསད་པ་དང་། དགྲ་བཅོམ་པ་གསད་
པར་བྱའོ་སྙམ་པ་ལས་དགྲ་བཅོམ་པ་མ་ཡིན་པ་བསད་པ་དང་། མ་ཞེས་བྱ་བ་ཕ་མ་གཉིས་དང་དགྲ་བཅོམ་པ་ལ་སོགས་པ་ཞེས་བྱ་བ་དགྲ་བཅོམ་པ་ལ་སོགས་པ་ལའོ། །མི་གསད་པར་བྱའོ་སྙམ་པ་ལས་མི་མ་ཡིན་པ་བསད་པ་དང་། མི་མ་ཡིན་པ་གསད་པར་བྱའོ་སྙམ་པ་ལས་མི་བསད་པ་ལ་སོགས་པ་ནི་སྦྱོར་བའི་
ལྟུང་བ་ཁོ་ན་ཡིན་གྱི་དངོས་གཞིར་མི་འགྱུར་རོ། །དེ་བཞིན་དུ་དུད་འགྲོ་བསད་དོ་སྙམ་པ་ལས་མི་བསད་ན་ཡང་ཉེས་བྱས་སོ། །རྩིག་པ་དང་། ཀ་བ་དང་ཤིང་ལྗོན་པ་ལ་སོགས་པ་སེམས་མེད་པ་གཅད་དོ་སྙམ་པ་ལས། མ་ལ་སོགས་པ་བསད་ན་ཡང་སྦྱོར་བའི་ཉེས་བྱས་སོ། །ཀ་བ་ལ་བརྡེག་པར་མི་བྱ་ཞེས་བྱ་བའི་
མཚན་ཉིད་དེར་གཏོགས་པའི་སྦྱོར་བའི་ཉེས་བྱས་སོ། །མི་ལ་སོགས་པ་བསད་པ་ལ་ནི་སྦྱོར་བར་ཡང་མི་འགྱུར་ལ། དངོས་གཞིར་ཡང་མི་འགྱུར་རོ། །མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་བྱ་བ་ནི། གཉིས་པོ་དེ་དག་ལ་ནི་བསམ་པ་འབའ་ཞིག་ཡན་ལག་མ་ཡིན་པར་མ་ཟད་

ཀྱི། བསམ་པས་མ་ཡིན་པའི་དོན་གཞན་བུད་མེད་ལ་སོགས་པ་བསྟེན་པ་ལ་ཡང་ཕམ་པའོ། །བསམ་པ་མ་ཡིན་པའི་བྲམ་ཟེའི་བུ་མོས་ཡན་ལག་ལ་དྲུད་པས་ཁུ་བ་བྱུང་བ་ལ་ཡང་དགེ་འདུན་ལྷག་མར་འགྱུར་ལ། སེམས་ཅན་དུ་བགྲང་བ་མ་ཡིན་པ་ལ་ཡང་སྦོམ་པོར་འགྱུར་རོ། །རེག་པ་བདག་གིར་བྱེད་པ་འདི་
གཉིས་པ་དེ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་བྱ་བ་ལ་དེར་མ་ཟད་དོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །མི་བདེན་པ་ལ་ཞེས་བརྫུན་དུ་སྨྲ་བའི་ཡུལ་ཡང་བསམས་པ་ཡན་ལག་ཡིན་པར་མ་ཟད་ཀྱི། མ་བསམས་པ་ཡང་ཡན་ལག་ཡིན་ཏེ། ཉན་
པ་པོ་མ་བསམས་པ་གཞན་ལ་ཡང་མི་ཆོས་བླ་མར་འགྱུར་བའི་བརྫུན་དུ་སྨྲས་ན་དེ་ཡང་ཕམ་པར་འགྱུར་ལ། གཞན་དག་ལ་ནི་ལྟུང་བྱེད་དུ་འགྱུར་རོ། །ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་དག་ནི་བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལུས་ཀྱི་རེག་པ་ལ་སོགས་པའི་ཡུལ་
ལ་དེ་བསྟེན་པའི་ཕྱིར་དང་མཐུ་དང་ལྡན་པ་ཉིད་ཡིན་པར་ཁས་བླངས་པ་དེ་ནི་དེའི་ངོ་བོའོ། །འོག་མ་དག་ལ་ནི་གཞན་ལ་ནི་སྨད་པ་ཉིད་དོ་ཞེས་བྱ་བ་ནི་འདི་མན་ཆད་ནས་འོག་གི་མདོ་ལས་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཕྱིར་བསྟན་པ་
རྫོགས་པའི་བར་གྱི་མདོ་འོག་མ་དག་ལས་དེ་གཞན་ལ་ན་སྨད་པ་ཉིད་དོ། །དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་བྱ་བ་ནི་དེ་ལས་ཀྱང་མ་ཚང་བས་ཡན་ལག་ཏུ་མ་ཚང་བ་ལ་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་དོ། །འདི་ལྟ་སྟེ་དཔེར་ན་ལུས་ཀྱི་རེག་པ་དང་། ག་ག་ཚིལ་བྱེད་པའི་ཁ་ན་མ་ཐོ་བ་ཉིད་གཉིས་ལ་རེག་པར་བྱེད་
པ་དང་། རེག་པར་བྱེད་པའི་ལུས་གཉིས་ཀ་ལ་ཡན་ལག་ཡིན་པས་རྣམ་པར་འགྱུར་བ་གཅིག་པ་འདི་ལ་དེ་མ་ཐག་པའི་ཚིག་གོ། །དེ་མ་ཐག་པ་དེ་ལས་གཞན་ཞེས་བྱ་བ་འདི་དང་སྔ་མ་བྱེད་པའོ། །རྣམ་པར་འགྱུར་བ་གཉིས་ཀ་ལ་ཡང་འདིས་ན་སྨད་པར་བྱས་པའོ། །མི་ལ་དུད་འགྲོ་ཡང་ངོ་ཞེས་བྱ་བ་ནི་མིའི་
གནས་སུ་དུད་འགྲོ་ཞེས་སྨོས་པ་ལ་ཡང་ན་སྨད་པ་དེ་སྦྱོར་རོ། །དུད་འགྲོ་དང་འབྲེལ་པ་ལ་ཉེས་བྱས་སུ་འགྱུར་རོ། །འདི་སྨྲ་བ་དང་བདག་ཉིད་ཀྱི་ཀུན་དུ་སྤྱོད་པ་བསྔགས་པ་ལ་ཉེས་བྱས་སུ་འགྱུར་གྱི། ཇི་ལྟར་མི་མ་ཡིན་པ་མཐུ་མེད་པ་དང་ལྷན་ཅིག་ཏུ་ལུས་ཀྱི་རེག་པ་ལ་སོགས་པ་བྱེད་པ་ལ་ན་སྨད་དེ། སྦོམ་པོར་

འགྱུར་བ་ལྟ་བུ་མ་ཡིན་ཏེ། དེ་བས་ཀྱང་ན་སྨད་པ་ཉིད་ཡིན་པའོ། །དེ་བཞིན་དུ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི་འདི་བསྟེན་པ་ལ་དེ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ། །འདིར་གཞུང་ནི། འདུལ་བྱེད་དག་ལས་འདི་ནི་
དེའི་རིམ་པ་ཞེས་བྱ་བ་འདིས་ནི་འདིར་བསྡུས་པའོ། །སྨྲ་བའི་སྐབས་ནས་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོས་ཅན་མོ་ལ་སྨྲས་ན་སྦོམ་པོར་འགྱུར་རོ། །རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བའི་ཆོས་ཅན་མོ་མ་ཡིན་པས་སྨྲ་ན་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དང་པོ་རྫུ་འཕྲུལ་རྣམ་པར་
འཕྲུལ་པའི་ཆོས་ཅན་ལ་མེད་པས་ན་སྨད་པ་འདི་ཤེས་སོ་ཞེས་བྱ་བ་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་གཅིག་ལ་རེག་པས་འདིར་རེག་པ་སྤང་བ་ཉིད་ཀྱི་ཕྱིར་ཆོས་འདི་ལ་འཇུག་པའི་སྦྱོར་བ་འདི་གཞན་འགའ་ཞིག་བསྟེན་པ་དང་འབྲེལ་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་དུ་འདུ་ཤེས་པའོ། །སྨྲ་བ་ལ་
སོགས་པ་རྣམས་ལ་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོས་ཅན་ལ་ནི་སྦོམ་པོར་འགྱུར་རོ། །རེག་པ་ལ་ནི་དགེ་འདུན་ལྷག་མ་ཁོ་ནར་འགྱུར་རོ། །རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ་ཞེས་བྱ་བ་ནི་བསྟེན་པར་བྱ་བའི་ལུས་ཞེས་བྱ་བར་སྦྱར་རོ། །འདིར་ལུས་ཀྱི་རེག་པའི་བདེ་བ་ཉམས་སུ་མྱོང་བ་གཙོ་བོ་ཡིན་
པའི་ཕྱིར་རོའི་རྣམ་པར་གཞག་པ་འདིའོ། །འདིར་དཔེར་ན་རྨ་དང་ནད་ལ་སོགས་པས་ཉམས་པས་མཚན་མི་མཐུན་པའི་ཡན་ལག་གིས་ལུས་ལ་རེག་ན་སྦོམ་པོར་འགྱུར་རོ། །ཤུ་བ་དང་གཡན་པ་ཅན་དང་ཁྱི་རྔོ་ཅན་གྱིས་རེག་ན་ཡང་དེ་བཞིན་དུ་སྦོམ་པོའོ། །བདག་ཉིད་ཀྱི་ལུས་དེ་ལྟར་འགྱུར་ན་ནི་ཉེས་
བྱས་སོ། །རྣམ་པར་བསྔོས་པ་ལ་འཁྱུད་པ་ལ་ནི་སྦོམ་པོའོ། །དེ་བཞིན་དུ་རྣམ་པར་རྣགས་པ་མོ་དང་། རྣམ་པར་འབུས་གཞིག་པ་མོ་དང་། རྣམ་པར་བམ་པ་མོ་དང་། རྣམ་པར་ཟོས་པ་མོ་དང་། རྣམ་པར་དམར་བ་མོ་དང་། རྣམ་པར་འཐོར་བ་མོ་ནས་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་
འབྱུང་བ་དེ་ཙམ་གྱི་བར་དུ་འདིར་དམ་དུམ་དུ་འཐོར་བ་ཉིད་ཡིན་པ་ཁས་བླངས་པར་རིགས་སོ། །མཐུ་དང་ལྡན་པ་ཉིད་ཡན་ལག་ཉིད་ཡིན་པ་དེ་བས་ན་འདིར་རོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར། དེས་ན་རྣམ་པར་བསྔོས་པ་ལ་སོགས་པ་དག་ལ་སྦོམ་པོར་གསུངས་སོ། །ག་ག་ཚིལ་བྱེད་པ་ལ་ཡང་ངོ་ཞེས་བྱ་བ་

ནི། སོར་མོས་ག་ག་ཚིལ་བྱེད་པ་ལ་ཡང་རེག་པར་བྱ་བ་ལ་ཡན་ལག་ཉིད་ནི་མ་ཉམས་པའོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདི་ཡང་འདི་ལྟ་བུའི་ཡན་ལག་རྣམས་ལ་ག་ག་ཚིལ་བྱེད་པ་ལ་ནི་ན་སྨད་པ་ཉིད་དོ། །གཉིས་ཀའི་ལུས་ཇི་སྙེད་བསྟན་པ་དེ་ལྟ་བུ་ཉིད་ལ་ཉམས་པ་ལ་སོགས་
པ་རྣམ་པར་གྱུར་པ་ལ་འདིར་དོན་ཉིད་ཀྱི་ཕྱིར། དེ་ལྟ་བུའི་རེག་པར་བྱ་བ་ལ་ཡོངས་སུ་མ་རྫོགས་པ་གྲུབ་པ་ལ་དེ་ལྟ་བུའི་རེག་པར་བྱ་བ་ལས་ཀྱང་གྲུབ་པའོ། །སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་སྤུ་དག་ནི་གཞན་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི་བསྟན་པ་དང་ག་ག་ཚིལ་བྱེད་པ་གཉིས་པོ་འདི་ནི་རྣམ་པར་འགྱུར་བ་ཉིད་ཡིན་
ནོ། །སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་ཀེང་རུས་སུ་གྱུར་པ་གཞན་དང་། སྤུ་རྣམས་ལ་ཡང་ཡན་ལག་གཞན་གྱིས་རེག་པ་དང་། ག་ག་ཚིལ་བྱེད་པ་དག་ལ་ནི་གོ་རིམས་བཞིན་དུ་སྦོམ་པོ་དང་ཉེས་བྱས་སུ་འགྱུར་རོ། །འདི་རྣམས་ཀྱིས་ཀྱང་ཡན་ལག་གཞན་ལ་སེན་མོ་ལ་སོགས་པ་རྣམས་ལ་རེག་པ་དང་ག་ག་
ཚིལ་བྱེད་པ་དག་ལ་ཉེས་བྱས་དང་ཉེས་བྱས་ཕྲ་མོར་འགྱུར་རོ། །འདི་རྣམས་ལ་ནི་མངོན་པར་ཞེན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་ཉམས་པ་ལ་སོགས་པའི་རྣམ་པར་འགྱུར་བ་མེད་པའི་ཕྱིར་ཉེས་བྱས་དང་ཉེས་བྱས་ཕྲ་མོར་འགྱུར་རོ། །མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མིའི་
འགྲོ་བ་འདི་ལ་ཡོད་པས་ན་མིའི་འགྲོ་བ་པའོ། །སྲོག་ཆགས་དང་ལྡན་པ་དེ་ལ་ཐ་སྙད་དུ་བྱ་བ་ཉིད་དོ། །སྣོད་དུ་གྱུར་པའི་དོན་དང་འབྲེལ་པ་སྲོག་ཆགས་སུ་གྱུར་པ་རྣམས་ལ། འདི་ལྟར་མིའི་འགྲོ་བར་སྐྱེས་པ་རྣམས་བསྡུས་པར་རིག་པར་བྱའོ། །དེ་དང་འབྲེལ་པ་ལྷག་པར་སྤྱོད་
པ་ལ་ནི་ཐ་སྙད་དུ་རྫོགས་པར་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མི་མ་ཡིན་པ་མཐུ་དང་མི་ལྡན་པ་ལ་ཀུན་དུ་སྤྱོད་པ་བསྔགས་པ་ནི་སྦོམ་པོའོ། །དེ་ལ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བདག་ཉིད་ལ་ཀུན་དུ་སྤྱོད་པ་བསྔགས་པ་དང་། འདི་ལ་སྨྱན་བྱེད་པ་དང་། དེ་ལ་བརྟེན་པར་བྱ་བ་ཉིད་དང་། རྟེན་པར་
བྱེད་པ་ཉིད་གཉིས་ཀ་ལ་ཡང་འདིར་ཉེས་བྱས་སོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་ལ་སོགས་པ་རྣམས་ལ་སློང་བ་དང་། སོ་སོ་ནས་སྤགས་པ་སློང་བའི་རྣམ་པར་རྟོག་པས་གོས་ཐོབ་པའོ། །དེ་རྣམས་དང་

ལྷན་ཅིག་ཏུ་མངོན་མཚན་ཅན་གྱི་སྤྱོད་པ་དང་། ཉོ་ཚོང་བྱས་ཏེ་ཐོབ་པ་དང་། དེ་དག་ལས་རྒྱུ་སྤུན་སློང་པ་དང་། རིག་པའི་ཕོ་དེ་རྣམས་དང་ལྷན་ཅིག་སྟོན་པ་དང་། ཉེ་བར་སྟོན་པ་དང་། ཀློག་པ་དང་། གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དོ། །འདིར་སྟོན་པའི་མིའི་ཆོས་བླ་མ་བརྗོད་པ་
དེ་དག་མོ་དང་ལྷན་ཅིག་དབེན་པ་ལ་འདུག་པ་དང་། དེ་དག་གིས་བྱེད་དུ་བཅུག་པའམ། དེ་དག་དབང་བའི་འདུག་གནས་གཅིག་ཏུ་ལྷས་ལ་སོགས་པ་བྱེད་དུ་བཅུག་པ་དང་། ལྷས་ལ་སོགས་པ་དང་འབྲེལ་བའི་ཁྱིམ་དུ་ཟན་ཟོས་པ་དང་། དེའི་འོག་ཏུ་དེ་དག་ལ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་
ལེན་པ་དང་། དེ་དག་ལས་ཟས་བསོད་པ་སློང་བ་དང་། དེ་དག་ལས་བཟའ་བ་དང་བཅའ་བ་ཉིད་དང་འདུག་པ་དང་། མི་མ་ཡིན་མོ་དང་ལྷན་ཅིག་ཁྱིམ་དུ་ཉལ་བ་དང་། དེ་དག་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། མི་མ་ཡིན་པའི་ཁྱིམ་དུ་སྒོའི་གཏན་པ་ལས་འདས་པའི་འགྲོ་བ་ལ་ནི་ཉེས་བྱས་སོ། །རང་
བཞིན་ཉམས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། མིའི་འགྲོ་བ་པ་ཡིན་ཡང་རང་བཞིན་ཉམས་པ་སྨྱོན་པ་དང་སེམས་འཁྲུགས་པ་དང་། ཚོར་བས་ཉན་པ་རྣམས་ནི་ཐ་སྙད་དུ་བྱ་བའི་ཡན་ལག་མ་ཡིན་ནོ། །གོ་བར་བྱ་བའི་ཕྱིར་ཐ་སྙད་བྱེད་པ་ན་རང་བཞིན་དུ་མི་གནས་པའི་དྲུང་ནས། ཕྲིན་བླངས་ཏེ་ཐ་མལ་པར་
གནས་པ་ལ། ཕྲིན་ཕར་བསྐྱལ་ཞིང་སྨྱོན་པ་ལ། ཕྲིན་ཕྱིར་བསྐྱལ་བ་དང་། སྨྱོན་པའི་དྲུང་ནས་ཕྲིན་བླངས་ཏེ་ཕྲིན་ཕར་བསྐྱལ་ཞིང་སྨྱོན་པ་ལ་ཕྲིན་ཕྱིར་བསྐྱལ་བ་ལ་ནི་སྨྱན་བྱེད་པ་ལ་སྦོམ་པོ་ཞེས་བྱ་བ་ལ་སོགས་པར་སྦྱར་བ་འདི་རྟོགས་པར་བྱའོ། །བླངས་ཏེ་ཐ་མལ་པར་གནས་པ་ལ་སོགས་པས་གནོན་
པ་སོགས་ལ་ནི་རང་བཞིན་དུ་གནས་པ་སྦོམ་པོའོ། །གཞན་ཉིད་ལ་ནི་ཉེས་བྱས་སོ། །གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པ་ནི་སྨྱོན་པ་ལ་སོགས་པ་འདི་དག་གི་དྲུང་ན་སྦོམ་པོའོ། །མི་སྨྱོན་པ་དག་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་དང་ཉོ་ཚོང་བྱས་ཏེ་ཐོབ་པ་དག་ལ་ཉེས་བྱས་སོ། །
དེ་དག་གི་སྐྱོན་ནས་སྨྲ་བ་དང་། དེ་དག་གི་རྩོད་པ་ལ་སྐྱོ་སྔོགས་བྱེད་པ་དང་། རིགས་པའི་སྐྱེས་པ་དེ་རྣམས་དང་ལྷན་ཅིག་བུད་མེད་ལ་ཆོས་སྟོན་པ་དང་། དེ་དག་དང་ཚིག་རེ་རེ་ནས་ཀློག་པ་དང་། མིའི་ཆོས་བླ་མ་བརྗོད་པ་དང་། དེ་རྣམས་དབང་བའི་རྙེད་པའམ་དེ་རྣམས་ཀྱི་རྙེད་པ་ཡོངས་སུ་

སྔོ་བར་བྱེད་པ་དང་། སྐུར་པ་འདེབས་པ་དང་། འདིར་བསླབ་པ་ལ་ཁྱད་དུ་གསོད་པ་དང་། འཕྱ་བ་དང་། གཞོགས་འཕྱས་བྱེད་པ་དང་། བསྒོ་བ་བཅག་པ་དང་། སྐྲོད་པ་དང་། དེ་ལྟ་བུའི་དགེ་སློང་མ་རྣམས་ལ་སྟོན་པ་དང་། ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་གཞན་ལ་སྐུར་པ་འདེབས་པ་དང་། གོས་སྦྱིན་
པ་དང་བྱེད་པ་དག་ལས་དེ་ལྟ་བུའི་དགེ་སློང་མ་དག་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། གྲུར་འཇུག་པ་དང་། དེ་ལྟ་བུའི་བུད་མེད་དང་། དགེ་སློང་མ་དང་དབེན་པ་ན་འདུག་པ་དང་། འདི་རྣམས་ཀྱིས་མགྲོན་དུ་བོས་པ་བདག་གིར་བྱེད་པ་དང་། དེ་ལྟ་བུའི་འདུག་གནས་སུ་ཉི་མ་གཉིས་པར་ཟན་ཟ་བ་དང་།
འདུག་པ་དང་། འགྲེང་བ་དང་དེ་ལྟ་བུ་དག་གིས་དམག་ལ་བལྟ་བ་དང་། བསྙེན་པར་རྫོགས་པ་དང་བཅས་པ་འདི་རྣམས་ལ་ཡང་བསྡིགས་པ་དང་། ཡོ་བྱད་སྦེད་པ་དང་། གཞི་མེད་པར་སྐུར་པ་འདེབས་པ་དང་། ཕྱིར་མ་བླངས་པར་སྤྱོད་པ་དང་། རྐུན་མ་འདི་རྣམས་དང་ལྷན་ཅིག་ལམ་དུ་འགྲོ་བ་ལ་ནི་
ཉེས་བྱས་སོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི། དེ་གཉིས་ནི་སྨྱོན་པ་ལ་སོགས་པ་དང་ལྡན་པ་ཉིད་ཡིན་ཏེ། ཇི་ལྟར་སྨྱོན་པ་ལ་སོགས་པ་དག་ལ་ཐ་སྙད་དུ་བྱས་པ་མ་ཡིན་པ་བཞིན་དུ་དེ་དག་ལ་ཡང་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ཀྱི་ལུས་ལ་འདི་དག་མ་ཡིན་པ་
ཉིད་ཀྱི་ཕྱིར། སེམས་ལ་ཡང་ཉམས་པ་འདི་དག་རོ་ལྟ་བུའི་ལུ