Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 161
Văn bản gốc(Tây Tạng)
Trang 11 / 19 (50.000 ký tự/trang)
་བསྟན་པར་བྱའོ་ཞེས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །མཆིལ་ལྷམ་དག་རིམ་པ་མང་པོ་ཉིད་ཀྱིས་ཀྱང་ངོ་ཞེས་བྱ་བ་ཡང་ཕན་པ་བྱེད་པ་ཉིད་དུ་རིག་གོ་ཞེས་བྱ་བར་སྦྱར་ཏེ། རིམ་པ་གཅིག་པ་ཡང་ཐམས་ཅད་ཀྱིས་ཐམས་ཅད་དུ་ཕན་པར་བྱེད་པ་ ཉིད་ཡིན་པས། དེ་བས་ན་རབ་ཀྱི་དགོངས་པ་ཅན་ཏེ་ཞེས་བྱ་བར་ཤེས་པར་བྱའོ། །དུ་མའི་སྟེང་དུ་གཅིག་གཞག་པས་ཀྱང་ངོ་ཞེས་བྱ་བ་ནི་ཀོ་ལྤགས་བཞིན་རིམ་པ་དུ་མའི་སྟེང་དུ་དོམ་ལྤགས་གཅིག་གཞག་པས་ཀྱང་ཕན་པར་བྱེད་པ་ཉིད་དུ་རིག་གོ་ཞེས་བྱ་བར་སྦྱར་ཏེ། སྔ་མའི་རྣམ་པ་མེད་པ་ལ་ གང་བསྟེན་པ་ཉིད་དུ་རིག་པར་བྱའོ། །འདིར་གཞུང་ནི། རིམ་པ་མང་པོ་དག་རྙེད་པ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་དུ་རིམ་པ་གཅིག་བཅུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཨཤྨ་པ་རནྟ་དག་ཏུ་ནི་ཀོ་ལྤགས་མི་བཅང་བར་མི་བྱའོ་ཞེས་བྱ་བ་ནི། ཡུལ་ཨཤྨ་པ་ རནྟ་དག་ཏུ་ནི་ཀོ་ལྤགས་ནི་དགའ་མགུར་བཅང་དུ་གནང་བའོ། །འདིར་གཞུང་ནི། བེའུ་གསོད་པ་པའི་གླེང་གཞི་ལས། དེ་ལྟ་བས་ན་དགེ་སློང་གིས་ཀོ་ལྤགས་མི་བཅང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །སེང་གེ་ལ་སོགས་པའི་མི་བཅང་ངོ་ཞེས་བྱ་བ་ཡང་ཀོ་ལྤགས་ཞེས་བྱ་བར་སྦྱར་ཏེ། སེང་གེ་དང་སྟག་དང་། གླང་པོ་ཆེ་ཅང་ཤེས་དང་། རྟ་ཅང་ཤེས་ལ་སོགས་པ་རྣམས་ཀྱིས་ཉེ་བར་བསྡུ་བའོ། །དེ་བས་ན་འདིར་ཡང་གླང་པོ་ཆེ་ལ་སོགས་པ་དག་ཀྱང་དེ་རྣམས་ཀྱིས་བསྙེགས་པ་ཉིད་དོ། །འདི་རྣམས་ལ་ཉེ་བར་གནས་པར་བྱ་བ་ཉིད་མ་ཡིན་པ་དེ་བས་ན་དེའི་བྱེད་པའོ། །གང་ གིས་ཀོ་ལྤགས་མི་རུང་བ་ཉིད་ཡིན་པ་དེའི་རྒྱུས་པ་དང་། རུས་པ་དང་སོ་དང་ཤ་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ནི་སྲོག་ཆགས་གང་གིས་ཀོ་ལྤགས་མི་རུང་བ་དེའི་རྒྱུས་པ་ལ་སོགས་པ་ཡང་མི་རུང་བ་ཉིད་ཡིན་པའོ། །འགྲོ་བ་དམན་པའི་དེ་ལའོ། །རྐྱལ་བ་སྐ་བ་ཅན་བཅང་བར་བྱའོ་ཞེས་བྱ་བ་ནི། ཆུ་ལ་རྒལ་བ་དང་ཆུ་འཛིན་པའི་དོན་དུའོ། །ཡང་ན་རྐྱལ་སྐྱའོ་ཞེས་བྱ་བ་ནི། དཀར་པོ་རྐྱལ་སྐྱ་ཉིད་དུ་བརྗོད་པའོ། །དོན་གསལ་བ་དོན་གྱིས་ཐོབ་པ་མཛད་པར་བྱ་སྟེ། དེའི་ཕྱིར་ཁྲ་བོ་བཀྲ་བ་མི་བཅང་ངོ་ཞེས་བྱ་བ་ནི། རྐྱལ་པ་དང་རྐྱལ་སྐྱའོ། །རྐྱལ་མི་ཤེས་པས་སྟ་གོན་མ་བྱས་པར་ཆུའི་གཏིང་ དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ལ། མ་བྱས་པར་ཞེས་བྱ་བ་ནི་འདིར་གཞུང་ནི། གང་རྐྱལ་མི་ཤེས་པར་དེས་རང་གི་ལུས་སུ་ཡོངས་སུ་དོར་བར་མི་བྱའོ་ཞེས་འདོན་པ་གཅིག་ལས་གསུངས་པའི་དེའི་འདི་བསྡུས་པ་ཡིན་ནོ། །དབེན་པའི་ཕྱོགས་སུ་རྐྱལ་བསླབ་པར་བྱའོ་ཞེས་བྱ་བ་ནི་འགྲོ་བའི་ དོན་ཅན་ལ་རྒོད་བག་གི་རྣམ་པ་ཉིད་ཀྱིས་རྒལ་བ་ནི་མ་ཡིན་ཏེ། བསླབ་པར་བྱ་བ་ནི་རྒོད་བག་གི་རྣམ་པ་ཉིད་དེ་བསལ་ན་དེ་བཞིན་དུ་འདི་ལ་རྗེས་སུ་བསྒྲུབ་པའི་སྔ་རོལ་དུ་གནས་པར་མི་འགྱུར་རོ། །དབེན་པ་ཞེས་བྱ་བ་ནི་རབ་ཏུ་དབེན་པའི་ས་ཕྱོགས་སུ་དབེན་པའི་ཁྱམས་ ཀྱི་དངོས་པོ་བྱེད་པ་དེ་བས་ན་དེའི་སྤྲོས་པ་འདིའོ། ཁ་ཅིག་ལས་མི་འདོད་བཞིན་དུ་རྒལ་བར་འདོད་པ་དེ་ན་མི་བདེན་ཏེ། གང་གི་ཕྱིར་སྟོབས་ལ་སོགས་པ་མེད་པའི་ཕྱིར་དང་། དམིགས་ཀྱིས་བསལ་བའི་བར་མེད་པའི་ཕྱིར་རོ། །དེ་མ་ཡིན་པའི་གཏིང་དུ་ཁྱུ་མཆོག་མ་གཏོགས་པའི་བ་ལང་ལ་ བརྟེན་པར་མི་བྱའོ་ཞེས་བྱ་བ་ལ། དེ་མ་ཡིན་པའི་གཏིང་ཞེས་བྱ་བ་ནི་བ་ལང་གིས་རྒལ་མི་ནུས་པའི་གཏིང་དུའོ། །མདོར་གྱུར་པ་ལ་ཡང་བྱེ་བྲག་མ་བཟུང་བར་ཆོ་ག་འདིའོ། །དེ་ལ་མདོར་གྱུར་པ་འདི་ལ་བརྟེན་ནས་ནི་བསླབ་པའི་གཞི་འདི་ལས་འགལ་བའི་ཉེས་བྱས་གཅིག་དང་། མོ་ལ་རེག་པའི་ ཉེས་བྱས་གཞན་ཅིག་དང་གཉིས་སུ་འགྱུར་རོ། །ཆོ་ག་འདི་འདའ་བར་གྱུར་པ་ལ་ཞུས་པ་ལས། མོ་ལ་རེག་པར་མི་བྱའོ་ཞེས་གསུངས་པ་ལས་ཤེས་པ་ཡིན་ནོ། །གླང་པོ་ཆེ་དང་རྟ་དང་མ་ཧེ་དང་གཡག་དག་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི་ཁ་ཅིག་འདིར་གཡག་གི་གནས་སུ་རྔ་མོ་འདོན་པ་ ཡིན་ནོ། །འདི་ནི་མི་རིགས་ཏེ་དེས་རྒལ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཀོ་ལྤགས་ཀྱི་གཞི་རྫོགས་སོ།། །།སྨན་བསྟེན་པར་བྱའོ། །དེ་ནི་རྣམ་པ་བཞིའོ། །དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་ཉིད་དོ། །དང་པོ་མ་ཡིན་པ་ཉིད་དག་ ནི་ནད་པའི་ཕྱིར་རོ་ཞེས་བྱ་བ་ལ། འདིར་དང་པོ་ཞེས་བྱ་བ་ནི་དུས་སུ་རུང་བ་སྟེ། དེ་མ་ཡིན་པ་གཞན་ཐུན་ཚོད་དུ་རུང་བ་ལ་སོགས་པ་ནི་དང་པོ་མ་ཡིན་པ་ཉིད་དོ། །དེའི་དངོས་པོ་ནི་དང་པོ་མ་ཡིན་པ་ཉིད་དོ། །དུས་སུ་རུང་བའི་སྤངས་པའི་ཐུན་ཚོད་དུ་རུང་བ་ལ་སོགས་པ་གསུམ་ལ་ནད་པའི་ཡུལ་ ལ་བརྟེན་པར་བྱ་བ་ཉིད་ཡིན་གྱི་མིན་པའི་ཡུལ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདིར་གཞུང་ནི། དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། བཙུན་པ་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བར་བྱ་བའི་སྨན་བྱིན་གྱིས་བརླབས་པ་གང་དག་ལགས་པ་དེ་དག་བྲོ་མི་ འཚལ་བས་ཡོངས་སུ་སྤྱད་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །བྱིན་ལེན་བགྱིས་པ་དང་བྱིན་གྱིས་བརླབས་པ་དེ་དག་བྲོ་འཚལ་བས་ཡོངས་སུ་སྤྱད་དུ་རུང་ངམ། ཉེ་བ་འཁོར་རུང་ངོ་ཞེས་གསུངས་པ་ཡིན་ནོ། །བཙོ་ཚ་དང་ཆུ་ཤིང་གི་འབྲས་བུ་དང་། རྒྱ་ཤུག་དང་ཨ་ཤྭདྠ་དང་། ཨུ་དུམ་བཱ་ར་ དང་རྩུབ་འགྱུར་དང་། རྒུན་ཆུ་དང་། འབྲ་གོའི་བཏུང་བ་རྣམས་ནི་ཐམས་ཅད་དུའོ་ཞེས་བྱ་བ་ལ་ཐམས་ཅད་དུའོ་ཞེས་བྱ་བ་ནི་ན་བ་དང་། མི་ན་བའི་ཕྱིར་བཙོ་ཚ་ལ་སོགས་པའི་བཏུང་བ་བརྒྱད་པོ་འདི་རྣམས་ལ་ཐམས་ཅད་ཉིད་ཀྱི་ཕྱིར་དང་པོ་མ་ཡིན་པ་ཉིད་དོ། །ནད་པ་མ་ཡིན་པའི་ཕྱིར་ཏེ། ནད་པ་ཁོ་ནའི་ ཕྱིར་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །བཙོས་པའི་ཚ་དང་། འབྲུའི་ཚ་དང་ཞོ་ག་ཆུ་དང་། དར་བའི་དངས་མ་དང་། རྩབ་མོ་ཆུས་བཏབ་པ་ཚགས་ཀྱིས་བཙགས་པ་ཤིན་ཏུ་སླ་བ་བཞིན་སྣང་བ་འདམ་བུའི་ཉག་མའི་མདོག་ལྟ་བུ་དག་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ལ་དེ་དང་འདྲའོ་ཞེས་བྱ་བ་སྟེ་བཙོ་ཚ་ ལ་སོགས་པའི་བཏུང་བའང་དེ་དང་འདྲའོ་ཞེས་སྦྱར་རོ། །འདི་རྣམས་ཀྱང་ཞོ་ག་ཆུའི་བྱེ་བྲག་དང་ལྡན་པ་རྣམས་ལ་ཐམས་ཅད་ཀྱི་ཕྱིར་དང་པོ་མ་ཡིན་པ་དང་བཏུང་བའི་ཞེས་བྱ་བའི་དོན་ཏོ། །འདིར་གླེང་གཞི་རྣམས་ལས་མདོ་འདི་གཞུང་ངོ་། །སྤངས་པ་གདོང་མཐོང་བ་ནི་ཞེས་བྱ་བའི་ཚིག་ འདིའོ། །ཐུན་ཚོད་དུ་རུང་བ་གཞག་པའི་ཕྱིར། བཏུང་བ་ནི་བྱེད་པའི་ཡན་ལག་ཉིད་ལའོ། །དེ་ལ་སིལ་བུ་རྣམས་ལས་དངས་མ་ཞེས་བྱ་བ་སྟེ། འདིར་རྒྱས་པར་བཤད་པར་བྱ་སྟེ། གདོང་མཐོང་བ་ནི་ཞེས་བྱ་བའོ། །འདིར་གཞུང་ནི། ཆང་བཏུང་བའི་ལྟུང་བྱེད་ཀྱི་ཞུ་བ་ལས། བཙུན་ པ་དུས་མ་ཡིན་པར་བཅོས་པའི་ཚ་བྱར་རུང་ངམ། གལ་ཏེ་དངས་མར་གྱུར་ན་བྱེ་བྲག་ཏུ་གསལ་བ་གང་ལ་བཞིན་སྣང་བའོ། །མྱོས་པ་དང་བྲལ་བ་ཞེས་བྱ་བ་ཐམས་ཅད་དུ་བཏུང་བར་གཏོགས་པ་དངས་མ་དེ་ལའོ། །དེ་ལས་རྗེས་སུ་མཐུན་པར་རྣམ་པར་གནས་པ་ཡིན་ནོ། །ལྷག་མ་ རྣམས་ལ་ཡང་ཚ་ལ་སོགས་པ་འདི་སྨོས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུ་ཉིད་ཀྱི་མདུན་རོལ་དུ་བསྙེན་པར་རྫོགས་པར་མཚན་མཐུན་པས་རེག་ཏུ་མི་རུང་ངོ་ཞེས་བྱ་བ་ནི་དེ་ལྟ་བུའི་དངོས་པོ་ནི་དེ་ལྟ་བུ་ཉིད་དོ། །ཞོ་ག་ཆུ་ལ་སོགས་པ་མདུན་རོལ་དུ་བསྙེན་པར་རྫོགས་པ་གཞན་མཚན་མཐུན་ པས་དེ་ལ་རེག་ཏུ་མི་རུང་བ་ནི་རིགས་པ་ཡིན་ནོ། །ཇི་ལྟར་དུས་སུ་རུང་བའི་རྫས་ཀྱང་བཏུང་བ་ལ་མདུན་རོལ་དུ་ནི་དུས་མ་ཡིན་པ་ཉིད་ཀྱི་ཕྱིར་དང་། བཏུང་བར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཨ་རུ་ར་ལ་སོགས་པ་ལྔ་ཡང་ངོ་ཞེས་བྱ་བ་ནི་ཨ་རུ་ར་དང་སྐྱུ་རུ་ར་དང་། བ་རུ་ར་དང་ ན་ལེ་ཤམ་དང་པི་པི་ལིང་ཞེས་གསུངས་པ་ཡིན་ནོ། །བུ་རམ་ཡང་ངོ་ཞེས་བྱ་བ་ནི་ཐམས་ཅད་དུ་རུང་བ་སྟེ་དང་པོ་ཉིད་མ་ཡིན་ནོ། །དེ་བྱིན་གྱིས་བརླབས་པ་བཟའ་བ་ལམ་དུ་ཞུགས་པ་དང་། དགེ་སྐོས་དང་ལག་གི་བླ་རྣམས་ནི་ནད་པ་དང་འདྲ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བུ་རམ་དེ་ཞག་བདུན་པ་ལ་སོགས་ པར་བྱིན་གྱིས་བརླབས་པ་བཟའ་བ་ལ་ཇི་ལྟར་ནད་པས་དུས་དང་དུས་མ་ཡིན་པར་ཐམས་ཅད་དུ་བཟར་རུང་བ་དེ་བཞིན་དུ་ལམ་དུ་ཞུགས་པ་ལ་ཡང་ཞེས་བྱ་བའི་དོན་ཏོ། །ཟན་ཆད་པས་ཀྱང་དེ་དང་དུས་སུ་རུང་བ་མ་ཡིན་པ་བཟར་རུང་ངོ་ཞེས་བྱ་བ་ལ། དེ་དང་ཞེས་བྱ་བ་ནི་དེ་ལ་བུ་རམ་བྱིན་གྱིས་བརླབས་ པ་དེ་ཡང་ནད་པ་དེ་དང་འདྲ་བ་ཉིད་དུ་བཟར་རུང་ལ་ཐམས་ཅད་ཀྱིས་སམ། གཞན་གྱིས་ཀྱང་དུས་སུ་རུང་བ་དང་མར་དང་འབྲུ་མར་ལ་སོགས་པ་ཡང་དུས་མ་ཡིན་པར་བཟར་རུང་ཞིང་ནད་པ་ཉིད་ཀྱིས་སོ། །དེ་ནི་རྣམ་པ་བཞི་པོ་དག་བརྗོད་པར་བྱ་སྟེ། དེའི་ཕྱིར་ཐུན་ཚོད་དུ་རུང་བའི་ནི་བཏུང་བ་དག་གོ་ ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི། ཐུན་ཚོད་དུ་རུང་བ་ནི་ཁྱིམ་པའམ་དགེ་ཚུལ་གྱིས་སྦྱར་བ་ཚགས་ཀྱིས་བཙགས་པ་དག་ནི་ཐུན་ཚོད་དུ་རུང་བའོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ནི་ཐུན་ཚོད་དུ་རུང་བའི་བཏུང་བ་བརྒྱད་པོ་ཞེས་ཀྱང་ཟེར་རོ། །འདིར་གཞུང་དུ་བྱེད་དེ་བཙོ་ཚའི་བཏུང་བ་དང་། ཆུ་ཤིང་གི་འབྲས་བུའི་བཏུང་བ་དང་། རྒྱ་ཤུག་གི་བཏུང་བའམ། ཨ་ཤྭདྠའི་བཏུང་བའམ། ཨུ་དུམ་བཱ་རའི་བཏུང་བའམ། རྩུབ་འགྱུར་གྱི་བཏུང་བའམ། རྒུན་ཆུའི་བཏུང་བའམ། འབྲ་གོའི་བཏུང་བ་རྣམས་ནི་ཐམས་ཅད་དུ་བྱའི་ཞེས་ཟེར་བ་དེ་ནི་མི་རིགས་ཏེ། ནད་པ་མ་ཡིན་པ་ལ་ཡང་དེ་ རྣམས་འོས་པའི་ཕྱིར་ཞེས་བྱ་བའོ། །འབྲས་བུ་བརྒྱད་པོ་འདི་རྣམས་ཁྱིམ་པ་དང་དགེ་ཚུལ་གྱིས་སྦྱར་བ། ཚགས་ཀྱིས་བཙགས་པ་འདི་དག་ནི་དུས་སམ་དུས་མ་ཡིན་པར་ཡང་ན་བའམ་ན་བ་མ་ཡིན་པས་ཀྱང་བཏུང་བར་བྱ་བ་དག་ཡིན་ཏེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། ། དངས་མ་ཞེས་བྱ་བ་ནི་སྐ་བ་ཉིད་བསལ་བའོ། །ཤིན་ཏུ་སླ་བའོ་ཞེས་བྱ་བ་ནི་ཐུན་ཚོད་དུ་རུང་བའི་བཏུང་བ་དག་གོ། །དེའི་རྫས་དེ་ཉིད་མ་ཡིན་པ་དེའི་ཕྱིར་གལ་ཏེ་དུས་སུ་རུང་བ་ཉིད་ཡིན་ན་བསྙེན་པར་མ་རྫོགས་པས་སྦྱར་ཞིང་ཚགས་ཀྱིས་ཀྱང་བཙགས་པར་བྱའོ་ཞེས་བྱ་བ་དང་། དེའི་རྫས་དེ་ཉིད་མ་ ཡིན་པའི་ཕྱིར་ཞེས་བྱ་བ་ནི་བཏུང་བ་ཉིད་མ་ཡིན་པའི་ཕྱིར་རོ། །དེའི་རྫས་ཞེས་བྱ་བ་ནི་བཏུང་བར་བྱ་བའི་རྫས་དེའོ། །གལ་ཏེ་དུས་སུ་རུང་བ་ཡིན་ན་ཞེས་བྱ་བ་ནི་རྫས་དེའོ། །བསྙེན་པར་མ་རྫོགས་པས་སྦྱར་ཞིང་ཞེས་བྱ་བ་ནི་དུས་མ་ཡིན་པར་རུང་བ་ཉིད་ཡིན་ན། བསྙེན་པར་རྫོགས་པས་སྦྱར་ཞིང་ བཙགས་པ་ལ་ཡང་ཉེས་པ་མེད་དོ། །དེ་དག་ལས་གཞན་བལ་པོ་སེའུ་དང་མ་དུ་ལུང་ག་ལ་སོགས་པའི་རྫས་ཀྱི་ཞེས་བྱ་བ་ནི་བཙོ་ཚ་ལ་སོགས་པའི་བཏུང་བ་དག་ལས་གཞན་པ་ཐུན་ཚོད་དུ་རུང་བའི་བཏུང་བ་ལས། བལ་པོ་སེའུ་དང་མ་དུ་ལུང་ག་ལ་སོགས་པའི་རྫས་གང་ཞིག་རྩ་བ་དང་སྡོང་བུ་དང་། འདབ་མ་དང་མེ་ཏོག་དང་འབྲས་བུ་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་གང་ཡིན་པ་དེ་དག་ཀྱང་བསྡུ་བའི་ཕྱིར་སྙེགས་པར་རིག་པར་བྱའོ། །འདིར་གཞུང་ནི། སིལ་བུ་དག་ལས། འདི་དང་པོ་བྱས་ཏེ་སིངས་པོ་ཞེས་བྱ་བའི་མཐར་ཐུག་པའོ་ཞེས་གསུངས་པ་ཡིན་ནོ། །དེ་དུས་སུ་རུང་བ་ཉིད་ཡིན་ན་ ཐུན་ཚོད་ཀྱི་མཐའ་ཡིན་ནོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བཏུང་བའི་རྫས་དེའོ། །གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ་ཞེས་བྱ་བ་ནི་བཏུང་བའི་རྫས་དེ་དུས་སུ་རུང་བ་ལས་གཞན་པ་དུས་མ་ཡིན་པར་རུང་བ་ཉིད་ཡིན་ན་གང་ཞིག་རྫས་དེའི་མཐར་ཐུག་པ་བཏུང་བ་དེ་ལ་ཐུན་ཚོད་ཀྱི་མཐའ་གཞན་བཟའ་ བར་བྱ་བ་ལ་དུས་གང་གི་ཚེ་བཟའ་བར་བྱ་བ་ཉིད་སྐྱེས་པར་འགྱུར་བ་དེའི་ཚེ་བཟའ་བའི་ཕྱིར་དུས་མ་ཡིན་པར་བཏུང་བའི་རྫས་ལ་དུས་ཐམས་ཅད་པ་ཉིད་ཡིན་པར་ཤེས་པར་བྱའོ། །བྱིན་གྱིས་བརླབས་པའི་ཕྱིར་ནི་ཐུན་ཚོད་དུ་རུང་བ་ཉིད་ཡིན་པར་ཤེས་པར་བྱའོ། །ཁ་ཅིག་ན་རེ་མ་གྱུར་ན་དེ་ཡིན་གྱི་གྱུར་ན་གང་ ཚུན་ཆད་དེ་ཡིན་པའོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གང་ཞིག་བཏུང་བའི་རྫས་ཀྱི་མཐའ་ཡིན་པ་དེ་ཉིད་བཏུང་བ་ལ་ཞེས་གང་སྨོས་པ་དེ་གཅིག་ཏུ་ངེས་པར་རྣམ་པར་གནས་པ་མ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ངོ་བོ་ཉིད་མ་གྱུར་ན་དེ་ལྟུང་བའི་མཐའ་ཡིན་གྱི། གྱུར་ན་སྐད་ཅིག་གང་ཚུན་ཆད་ཀྱི་འོག་ཏུ་ངོ་བོ་ཉིད་ དུ་གྱུར་པའི་སྐད་ཅིག་དེ་ཉིད་བཏུང་བའི་མཐའ་ཡིན་པར་ཤེས་པར་བྱའོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་དུས་ལྷག་པ་ལ་བརྟེན་ན་མི་འཆགས་པར་འགྱུར་བའི་ཕྱིར་དང་། དེ་འབྱུང་བར་འགྱུར་བ་ཕལ་པ་རྣམས་ཀྱི་བགྲོད་པ་མ་ཡིན་པའི་ཕྱིར་བྱིན་གྱིས་བརླབ་པར་བྱ་བ་ཉིད་མ་ཡིན་པར་ འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་གྱུར་ན་གང་ཚུན་ཆད་དེ་ཡིན་པའོ་ཞེས་ཟེར་བ་ནི། དེ་ནི་མ་ཡིན་ཏེ། དུས་ལྷག་པ་ལ་བརྟེན་ན་མི་འཆགས་པར་འགྱུར་བའི་ཕྱིར་ཏེ། གང་ལས་བཏུང་བར་གྱུར་པར་འགྱུར་ན། དེའི་ཕྱིར་དུས་ལྷག་པ་ལ་བྱིན་གྱིས་བརླབ་པ་བརྟེན་པའི་བྱིན་གྱིས་བརླབ་པ་མི་འཆགས་པ་སྟེ། འདིར་དེ་ཙམ་གྱི་དུས་ལས་མ་གནང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདི་ཐོབ་པའོ། །ཐོབ་པ་དེ་དང་མི་འཆགས་པ་མེད་པ་ལ་ཤེས་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་འབྱུང་བར་འགྱུར་བ་ལ་ཐ་མལ་པ་རྣམས་ལ་བྱིན་གྱིས་བརླབ་པ་མ་ཡིན་པ་ཉིད་ཐལ་བར་འགྱུར་རོ། །གང་གི་ཕྱིར་གང་ཞིག་འབྱུང་བར་འགྱུར་བ་དེ་ནི་ ཐ་མལ་པ་དང་། མ་ཐོབ་པ་རྣམས་ལ་མ་འོངས་པའི་ཤེས་པའི་ནུས་པས་བགྲོད་པར་བྱ་བ་མ་ཡིན་ནོ། །དེ་ལྟ་བས་ན་དེ་མི་ཤེས་པའི་ཕྱིར་ཡོངས་སུ་གཟུང་བར་བྱ་བའི་དུས་གང་ཡིན་པ་དེ་མི་ཤེས་པས། དེས་ན་བྱིན་གྱིས་བརླབ་པར་བྱ་བ་ཉིད་བཏུང་བ་ལ་ཐོབ་པར་འགྱུར་རོ། །ཐུན་ཚོད་ཉིད་ཀྱིས་ ཀྱང་མདུན་རོལ་དུ་ཐུན་ཚོད་ཀྱི་ཐ་མ་ལས་འགའ་ཞིག་ལས་ཡོངས་སུ་གཟུང་བར་འགྱུར་རོ། །འདིར་རོ་དང་ཕྱེ་མ་སྦྱར་བའི་བཏུང་བ་དག་འདུས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་ཐུན་ཚོད་དུ་རུང་བ་རྣམས་ལའོ། །རོ་དང་ཕྱེ་མ་སྦྱར་བའི་བཏུང་བ་ལ་ཡང་ཐུན་ཚོད་དུ་རིག་པར་བྱའོ་ཞེས་ བྱ་བའི་དོན་ཏོ། །སྨན་རྩབས་ཤིན་ཏུ་སླ་བ་ཡང་ངོ་ཞེས་བྱ་བ་ལ། ཐུན་ཚོད་དུ་རུང་བའི་བཏུང་བ་དག་ཏུ་འདུས་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྨན་རྩབས་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར་དེ་ནི་རྩ་བ་ལ་སོགས་པའི་སྨན་བཀུས་པ་སྐྱུར་པོ་ཞེས་བྱ་བ་སྨོས་ཏེ། ཐུན་ཚོད་དུ་རུང་བ་བསྟན་ ནས། དེའི་ཕྱིར་ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་བུ་རམ་གྱི་སྦུ་བ་དག་ནི་ཞག་བདུན་པའོ། །བུ་རམ་དང་ཧྭགས་དང་། ལི་ཁ་ར་ལ་སོགས་པ་ཐམས་ཅད་ནི་བུ་རམ་གྱི་སྦུ་བ་ཉིད་ཀྱིས་འཕངས་སོ་ཞེས་བྱ་བ་ནི་ཁྱིམ་བདག་གླང་བུ་ལྟ་བུས་དགེ་སློང་ཟན་ཆད་པ་རྣམས་ཀྱིས་དུས་མ་ལགས་པར་ཅི་ ཞིག་འཚལ་དུ་རུང་ཞེས་ཞུས་ན། བུ་རམ་དང་། ཞུན་མར་དང་། ཧྭགས་དང་། ལི་ཁ་ར་དག་དང་། བཏུང་བ་དག་གོ་ཞེས་གསུངས་པ་གང་ཡིན་པ་དེ་ལས་འདི་ལྟར་ཤེས་པར་བྱ་བ་ཡིན་ནོ། །བདུད་རྩི་ནི་ཞུན་མར་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་བཟའ་བར་བྱ་བ་ཉིད་དང་ཞག་བདུན་པ་ཉིད་ཀྱི་ཕྱིར་ ཏེ། ཞུན་མར་གྱི་རྣམ་པ་ཉིད་བསྟན་པའི་ཕྱིར་དེ་ལྟར་འདི་སྨོས་ཏེ། འདིར་གཞུང་ནི། ཞུ་བ་ལས་སོ། །ཞག་བསྐོལ་ཞིང་བཙགས་པ་དག་ནི་འབྲུ་མར་དང་མར་འདྲ་བ་ཉིད་དོ་ཞེས་བྱ་བ་ཡང་། དེའི་ཚེ་དེ་རྣམས་ཡིན་པར་བྱིན་ལེན་བྱས་པ་རྣམས་ནི་འབྲུ་མར་གྱི་རྣམ་པ་ཉིད་ལས་སྐྱེས་པ་ཉིད་དོ། །འདིར་ གཞུང་ནི། ཞག་རྣམ་པ་ལྔ་པོ་འདི་དག་ནི་དུས་མ་ཡིན་པར་བསྐོལ། དུས་མ་ཡིན་པར་བཙགས། དུས་མ་ཡིན་པར་བྱིན་ལེན་བྱས། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །དུས་སུ་བསྐོལ་དུས་སུ་བཙགས། དུས་སུ་བྱིན་ལེན་བྱས་ཤིང་དུས་མ་ཡིན་པར་ བྱིན་གྱིས་བརླབས་ན་ཡང་ལོངས་སྤྱད་པར་མི་བྱའོ། །དུས་སུ་བསྐོལ་དུས་སུ་བཙགས་དུས་སུ་བྱིན་ལེན་བྱས། དུས་སུ་བྱིན་གྱིས་བརླབས་ན་འབྲུ་མར་ཉིད་དུ་ལོངས་སྤྱད་པས་ཞག་བདུན་པས་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་འདིར་བསྐོལ་བ་དང་བཙགས་པ་ ཉིད་ནི་ཁས་ལེན་པར་བྱེད་པ་དེ་བས་ན་འདིར་དོན་འདི་རྙེད་པའོ། །འདིར་དེ་དག་ལ་དུས་མ་ཡིན་པར་བྱས་པ་ཉིད་ལ་བཟའ་བར་བྱ་བ་མ་ཡིན་པ་ཉིད་དུ་ཤེས་པར་བྱ་བ་ཡིན་ནོ། །དུས་མ་ཡིན་པ་འམ་དུས་སུ་འདི་དག་བྱས་པ་ལ་དུས་མ་ཡིན་པར་བྱིན་གྱིས་བརླབས་པ་ཉིད་ལ་བཟའ་བར་བྱ་བ་མ་ཡིན་པ་ཉིད་ཅེས་ བྱ་བ་འདིར་དོན་དེའོ། །བྱིན་ལེན་བྱེད་པ་ལ་ཡང་ཚུལ་འདི་ཉིད་དོ། །འདིར་གནས་སྐབས་དང་འབྲེལ་པའི་བྱེ་བྲག་ནི་འདི་ཡིན་ནོ། །བྱིན་ལེན་འདི་ལ་བསྐོལ་བ་དང་། བཙགས་པ་ལྟར་དུས་མ་ཡིན་པར་བྱིན་གྱིས་བརླབས་པ་ལ་གནས་སྐབས་ཉིད་ཡོད་པ་མ་ཡིན་ནོ། །ཞག་རྣམ་པ་ལྔ་ཞེས་ གསུངས་པ་དེ་དག་ལ་ནི་ངེས་པ་ནི་མ་ཡིན་ནོ། །འདི་རྣམས་ཉིད་ལ་འབྲུ་མར་དང་འདྲ་བ་ཉིད་ཡིན་ནམ་འོན་ཏེ་འདྲ་བ་ཉིད་མ་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་དགོས་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་ཉ་དང་རི་བོང་གི་དང་ཆུ་སྲིན་བྱིས་པ་གསོད་ཀྱི་དང་། དོམ་གྱི་དང་ཕག་གིའོ། །དེ་དག་ནི་ནད་པ་ལ་ཕལ་ཆེར་ སྦྱོར་བར་བྱེད་དོ་ཞེས་བྱ་བ་སྨོས་ཏེ། ཕལ་ཆེར་ཞེས་བྱ་བ་ནི་ལན་ཤིན་ཏུ་མང་བའོ། །རྒྱུ་དེས་ཉེ་བར་ཞི་བར་བྱེད་པའི་ན་བ་རྣམས་ལ་ཕལ་ཆེར་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །སོས་པ་ཉིད་ནི་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ་ཞེས་བྱ་བ་ནི་དེ་རྣམས་ལ་ནི་ནད་སོས་པས་བཅང་ བར་མི་བྱའོ་ཞེས་བྱ་བ་དེ་འདིས་བྱས་པར་རིག་པར་བྱའོ། །དེ་ཡང་དེ་ལྟ་བུར་གྱུར་པ་ཉིད་ཀྱིས་འདི་རྣམས་དང་མི་མཐུན་པ་ཉིད་ཀྱི་ཕྱིར་རིག་པར་བྱའོ། །རྒྱུ་མེད་པར་ན་བ་ཞེས་བྱ་བ་གང་ལ་ཞག་གིས་གནོད་པའི་ནད་དེ་ལ་སྙམ་དུ་ཤུགས་ཀྱིས་རྟོགས་པར་བྱའོ། །དགེ་སློང་གི་ཚིག་ཀྱང་འདིར་འདོན་པ་ ཡིན་ཏེ། གླེང་གཞིའི་མཐའ་མའི་ཞག་ལ་དེར་མཚོན་པར་གྱུར་པ་སྨོས་པར་རྣམ་པར་གནས་པ་ཡིན་ཏེ། ཁྱིམ་པ་ནད་པ་ལ་ཡང་སྦྱིན་པར་རིག་པའི་ཕྱིར། དེ་བས་ན་འདིར་ཉེ་བར་མ་བསྡུས་སོ། །དེ་མེད་ན་སྨན་ཁང་དུའོ་ཞེས་བྱ་བ་ནི། སློང་བ་ནི་མེད་ན་དགེ་འདུན་གྱི་སྨན་ཁང་དུ་གཞག་པར་བྱའོ། ། སྨན་ཁུ་དང་མིག་སྨན་དག་ཀྱང་ངོ་ཞེས་བྱ་བ་ཡང་། སོས་པ་ཉིད་ན་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ་ཞེས་བྱ་བ་དང་། དེ་མེད་ན་སྨན་ཁང་དུ་གཞག་གོ་ཞེས་བྱ་བར་སྦྱར་རོ། །ད་ནི་བཞི་པ་བཤད་པར་བྱ་སྟེ། དེའི་ཕྱིར་འཚོ་བའི་བར་དུ་བཅང་བ་ནི་རྩ་བ་དང་། སྡོང་བུ་དང་འདབ་མ་དང་། མེ་ཏོག་ དང་འབྲས་བུ་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པའོ་ཞེས་བྱ་བ་སྨོས་སོ། །ཁ་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པ་དེ་དག་འཚོ་བའི་བར་དུ་བཅང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྩ་བ་དག་གང་ཞེ་ན་འདི་ལྟ་སྟེ་གླ་སྒང་དང་ཤུ་དག་དང་། ཡུང་བ་དང་། སྒེའུ་གཤེར་དང་བོང་ང་དཀར་པོ་ དག་གོ། །སྡོང་བུ་དག་གང་ཞེ་ན། ཙན་དན་དང་། སྦྱི་མོ་དང་ཤུག་པ་དང་སྲེ་ཏྲེས་དང་། ཐང་ཤིང་དང་སྐྱེར་པ་དག་གོ། །འདབ་མ་དག་གང་ཞེ་ན། བ་ཤ་ཀ་དང་ཀོ་ཤ་ཏ་ཀི་དང་། པ་ཏོ་ལ་དང་ནི་མ་པ་དང་། སཔྟ་པརྞའི་འདབ་མ་དག་གོ། །མེ་ཏོག་དག་གང་ཞེ་ན། མེ་ཏོག་ནི་བ་ཤ་ཀ་དང་། ནིམ་པ་ དང་། ཧ་ད་ཀི་དང་། ཀླུ་ཤིང་དང་པདྨའི་ཟེ་བ་དག་གོ་ཞེས་བྱ་བ་སྨོས་ཏེ། ཟེ་བ་དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི། མེ་ཏོག་ལས་ཕལ་ཆེར་སྨན་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པ་གཞན་དག་ཐ་དད་དུ་བྱས་ནས་བསྡུས་པའོ། །འབྲས་བུ་དག་གང་ཞེ་ན། ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་ དང་། ན་ལེ་ཤམ་དང་། པི་པི་ལིང་དག་གོ་ཞེས་བྱ་བ་སྨོས་ཏེ། རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་རྣམས་བཤད་ནས། གཞན་འཚོ་བའི་བར་དུ་བཅང་བར་བསྟན་པའི་ཕྱིར་བྱའོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་བསྟན་པའི་ཕྱིར་སྤྱིལ་བའོ། །འདི་ལྟ་སྟེ་ཤིང་ཤུན་དང་ཕྲ་རྩི་དང་རྒྱ་སྐྱེགས་ དང་སྤྲ་ཚིལ་དང་ཤིང་མ་ཞོའོ་ཞེས་བྱ་བ་སྨོས་ཏེ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲས་ནི་འོག་མ་རྣམས་ལ་ཡང་དཔེར་བསྟན་པའི་ཕྱིར་རོ། །རྒྱ་སྐྱེགས་ནི་རྒྱ་སྐྱེགས་སོ། །སྤྲ་ཚིལ་ནི་སྤྲ་ཚིལ་ལོ། །ཤིང་མ་ཞོ་ཞེས་བྱ་བ་ནི། རྒྱ་སྐྱེགས་ལས་གཞན་པའི་ཤིང་དག་གི་ཤིང་མ་ཞོ་དག་སྟེ། ཤིང་དག་ལས་ འབྱུང་བའོ། །འགྱུར་བྱེད་དོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཏིལ་གྱི་དང་རྒྱ་སྐྱེགས་ཀྱི་ཤིང་དང་། ས་ཚུར་གྱི་དང་། ནས་ཀྱི་དང་། ནས་ཀྱི་དྲ་མའི་དང་། བ་ཤ་ཀའི་དང་ཐལ་བའི་འགྱུར་བྱེད་དོ་ཞེས་བྱ་བ་སྨོས་སོ། །ལན་ཚྭའོ་ཞེས་བྱ་བ་ནི། འདི་ལྟ་སྟེ་རྒྱམ་ཚ་དང་། ཁ་རུ་ཚ་དང་། ཚ་དམར་དང་། རྒྱ་མཚོའི་ ཚ་དང་། བ་ཚའོ་ཞེས་བྱ་བ་སྨོས་སོ། །སྨན་ཁུའོ་ཞེས་བྱ་བ་ནི། འདི་ལྟ་སྟེ། ཤིང་ཨ་མྲ་དང་ནིམ་པ་དང་ཀོ་ཤམ་པ་དང་ཤི་རི་ཤ་དང་འཛམ་བུ་དག་གོ་ཞེས་བྱ་བ་སྨོས་སོ། །ཇི་ཙམ་གྱིས་ཆོག་པ་བསྟན་ནོ། །བཀྲུས་ནས་ཡང་ངོ་ཞེས་བྱ་བ་ནི། ཇི་ཙམ་གྱིས་ཆོག་པ་བསྟེན་ཏོ་ཞེས་བྱ་བར་སྦྱར་ རོ། །མི་མཉེ་བ་ལན་ཅིག་བཀྲུའོ་ཞེས་བྱ་བ་ནི་དེ་ལ་རེག་པ་མེད་པས་ན་རེག་པ་མེད་པའོ། །སྨན་ཁུ་དེ་ལྟར་བསྟན་ནོ་ཞེས་བྱ་བ་ནི་རྣམ་པ་དེ་ལྟར་ཞེས་བྱ་བའི་དོན་ཏོ། །སྐམ་སྔོ་ལ་སོགས་པ་ལ་ཡང་དེ་བཞིན་ནོ། །སྨན་སྨོས་པས་དུག་སྨན་མ་བསྡུས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཡང་སྨན་ཞེས་བྱ་ བས་དུག་སྨན་ཡང་བསྡུས་པར་རིག་པར་བྱའོ། །དེ་ནི་འཚོ་བའི་བར་དུ་བཅང་བ་ཉིད་དོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་དུག་སྨན་དེ་ལའོ། །འདིར་གཞུང་ནི། གང་ཞིག་བུ་རམ་ཤིང་དང་བུ་རམ་གཉིས་བསྲེགས་པའི་ཐལ་བ་ནི་འཚོ་བའི་བར་དུ་བཅང་བའོ་ཞེས་གསུངས་སོ། །སིལ་བུ་རྣམས་ ལས་ཀྱང་འདི་གསུངས་སོ། །ནུ་ཞོས་འཚོ་བའི་བེའུ་རྣམས་ཀྱི་ལྕི་བ་དང་། གཅིན་དག་ནི་དེ་ཞེས་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དུག་སྨན་དེ་ལའོ། །འདིར་གཞུང་ནི། གང་ཞིག་དེ་ཞེས་བྱ་བ་ནི་དུག་ལ་ཕན་ནོ་ཞེས་བྱ་བ་ནི། ལྕི་བ་དང་གཅིན་ལ་སོགས་པ་དུག་སྨན་ཞེས་བྱ་བ་ཇི་སྐད་ བསྟན་པ་དེ་དག་ནི་དུག་ཟོས་པ་ལ་ཕན་ནོ། །ཐལ་བའོ་ཞེས་བྱ་བ་ནི་ཤིང་ཀ་ཙ་ན་དང་། ཀ་བི་ཀ་ལ་དང་། ཨ་ཤྭདྠ་དང་། ཨུ་དུམ་བཱ་ར་དང་། ནྱ་གྲོ་དྷ་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། དེའོ་ཞེས་བྱ་བ་ནི་དུག་ལ་སྨན་པའོ། །ས་ནི་སོར་བཞིའི་འོག་གི་བཟང་ངོ་ཞེས་བྱ་བ་ནི་རླུང་དང་ཉི་མ་ ལ་སོགས་པ་རྣམས་ཀྱིས་སྟེང་གི་ལ་གནོད་པའི་ཕྱིར་རོ། །འདིར་གཞུང་ནི། དགེ་སློང་དག་དུག་སྨན་ཞེས་བྱ་བ་ནི་ལྕི་བ་དང་གཅིན་དང་ཐལ་བ་དང་ས་སྟེ། དེ་ལ་ལྕི་བ་ནི་བེའུ་འབྲེངས་ནས་རིང་པོ་མ་ལོན་པ་མའི་ནུ་ཞོས་འཚོ་བ་གང་དག་ཡིན་པ་རྣམས་ཏེ་གཅིན་ཡང་དེ་དག་ཉིད་ཀྱིའོ་ཞེས་བྱ་བ་ལ་ སོགས་པ་གསུངས་པ་ཡིན་ནོ། །དེ་དགེ་བསྙེན་དད་པ་ཅན་ལས་བླང་ངོ་ཞེས་བྱ་བ་ལ་དེ་ནི་ཞེས་བྱ་བ་ནི་དུག་སྨན་དེའོ། །འདི་ནི་སིལ་བུ་དག་ལས་དེས་བྱིན་ལེན་ཡང་ངོ་། །དེས་བྱིན་ལེན་བསྟབ་པར་བྱའོ་ཞེས་བྱ་བ་ནི་བྱིན་ལེན་ཡང་དགེ་བསྙེན་དད་པ་ཅན་དེས་བསྟབ་པར་བྱའོ། །ཤའི་བདག་ཉིད་ ཀྱི་སྨན་དེ་ཡང་ངོ་ཞེས་བྱ་བ་ཡང་། ཤའི་བདག་ཉིད་ཀྱི་སྨན་དེ་ལ་དེས་བྱིན་ལེན་བསྟབ་པར་བྱའོ། །ཐམས་ཅད་ཤན་པའི་གནས་ནས་བླང་ངོ་ཞེས་བྱ་བ་ནི་ཤ་རློན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཤའི་སྨན་ཐམས་ཅད་དགེ་བསྙེན་དད་པ་ཅན་གྱིས་ཤན་པའི་གནས་ནས་བླང་བའོ། །དེ་ནི་བྱ་བ་ཉིད་ཡིན་ ནོ་ཞེས་བྱ་བ་ནི་ཤའི་སྨན་བླང་བ་དེ་ནི་ཤན་པའི་གནས་ནས་བླང་བ་ཉིད་དོ། །དེ་ལ་བྱ་བའི་ཆ་མ་ཡིན་པར་དོགས་པ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དུས་མ་ཡིན་པར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་དེའི་དོན་དུ་བ་ལང་རྒན་པོའི་ལྕི་བའི་ནས་ཀྱིས་ཆོག་པར་བྱའི་གཞན་བཟའ་བར་མི་ བྱའོ་ཞེས་བྱ་བ་ལ། དེའི་དོན་དུ་ཞེས་བྱ་བ་ནི་ནས་ལས་བྱས་པའི་སྨན་དེའི་དོན་དུའོ། །གཞན་ཞེས་བྱ་བ་ནི་ནས་གཞན་དག་གོ། །གལ་ཏེ་སྐྱོ་མ་ཚགས་ཀྱིས་བཙགས་ནས་ཏེ་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དུས་མ་ཡིན་པར་ཟ་བར་བྱ་བ་ཉིད་ལ་གང་ཞིག་སྨན་དུ་བྱས་པ་དེའི་དོན་དུ་བྱའི་ནས་ལས་བྱས་ པ་གཞན་དུ་ནི་མ་ཡིན་ནོ། །དེ་རྣམས་ལ་ཡང་བ་ལང་རྒན་པོའི་ལྕི་བའི་ནས་ཀྱིས་ཆོག་པར་བྱའི་གཞན་བཟའ་བར་མི་བྱའོ། །གལ་ཏེ་ཤའི་སྨན་དགོས་པ་ཉིད་ཡིན་ན་མཚའི་རྟུག་པའི་ཤས་སོ་ཞེས་བྱ་བ་དུས་མ་ཡིན་པར་དགོས་པ་ཉིད་ལ་མཚའི་རྟུག་པའི་ནང་ནས་བྱུང་བའི་ཤས་དེའི་དོན་དུ་ཆོག་པར་བྱའི་ ཤ་གཞན་ལོངས་སྤྱད་པར་མི་བྱའོ། །གལ་ཏེ་ཁུ་བ་ཚགས་ཀྱིས་བཙགས་ནས་ཏེ། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དུས་མ་ཡིན་པར་ཤ་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ནོ། །དེའི་དོན་དུ་མཚའི་རྟུག་པའི་ནང་ནས་བྱུང་བའི་ཤས་ཆོག་པར་བྱ་བ་དེ་ཡང་ཤ་དེས་བྱས་པའི་ཁུ་བ་གལ་ཏེ་ཚགས་ ཀྱིས་བཙགས་ན་དེས་ཆོག་པར་བྱ་བ་ཡིན་གྱི། དེ་ལས་གཞན་པའི་ཚགས་ཀྱིས་མ་བཙགས་པ་དག་ནི་བཟའ་བར་མི་བྱའོ། །གཞན་དག་བཅས་པ་ལ་དེ་ལྷག་པར་སྤྱོད་པ་ཡོད་དོ། །དེའི་ཕྱིར་དེ་ལས་བཅས་པ་ལ་ཆོ་ག་སྔ་མས་འཇུག་པར་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་གཞན་དང་བཅས་པ་དེ་ལ་ལྷག་ པར་སྤྱད་པ་ལྷག་པར་མི་སྤྱོད་པར་འགྱུར་བ་དེ་བས་ན་གང་ཞིག་འདིར་དུས་དང་དུས་མ་ཡིན་པ་ལ་སོགས་པ་ཆོ་ག་སྔ་མ་དེ་དང་དེས་ཕྱི་མ་བཅས་པ་ཉིད་ལ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དང་དུས་སུ་རུང་བ་དང་འདྲེས་བ་གང་དག་ནི་དུས་ ཁོ་ནར་ལོངས་སྤྱད་པར་བྱའི། དུས་མ་ཡིན་པར་ལོངས་སྤྱད་པར་མི་བྱའོ། །ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་ཐུན་ཚོད་དུ་རུང་བ་དང་། འདྲེས་པ་དག་གིས་ཐུན་ཚོད་དུ་ཁོ་ནར་ཡོངས་སུ་ལོངས་སྤྱད་པར་བྱའི། ཐུན་ཚོད་ཀྱི་མཐའ་ལས་ཡོལ་བར་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །འཚོ་ བའི་བར་དུ་བཅང་བ་དང་ཞག་བདུན་པ་དང་། འདྲེས་པ་ནི་ཞག་བདུན་པ་ཁོ་ནར་ཡོངས་སུ་ལོངས་སྤྱད་པར་བྱའི། འཚོ་བའི་བར་བཅང་བར་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་བྱ་བ་དེ་ལ་མདོ་འདི་བྱས་པའོ། །རང་བཞིན་གཞན་དུ་མ་གྱུར་པ་ནི་སྔོན་གྱི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་ནོ། །དེའི་ ཕྱིར་གཞན་དང་མ་འདྲེས་པ་ལ་ནི་རང་གི་ཆོ་གས་རུང་བར་བྱ་བ་མི་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ལ། རང་བཞིན་གཞན་དུ་མ་གྱུར་པ་ནི་གང་དང་མ་འདྲེས་པ་དེའི་བག་ཆགས་སུ་འགྱུར་བའི་ངོ་བོ་ཉིད་གཞན་ནོ། །སྔོན་གྱི་རང་བཞིན་མ་ཡིན་པ་ཞེས་བྱ་བ་ནི་གང་གི་སྔོན་དུ་རང་གི་རིགས་ཙམ་དུ་གྱུར་པ་ངོ་བོ་ཡོད་ པར་གྱུར་པ་དེ་ལས་རྣམ་པ་གཞན་ཉིད་ནི་སྔོན་གྱི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར་རང་བཞིན་གཞན་དུ་མ་གྱུར་པ་ནི་སྔོན་གྱི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་པ་དེའི་ཕྱིར། གཞན་དང་མ་འདྲེས་པའི་ཞེས་བྱ་བ་ནི། གང་གིས་འདི་དང་འདྲེས་པ་ཡང་དག་པར་འབྱུང་བར་འགྱུར་བ་དེ་ལས་ཐ་ དད་པར་གྱུར་པ་ལ་རང་གི་ཆོ་གས་རུང་བས་བྱ་བ་མི་འགྲུབ་པ་མ་ཡིན་པ་དེ་འགྲུབ་པ་ཁོ་ན་ཡིན་ནོ། །དུས་སུ་རུང་བའི་ནང་ན་འདུག་པའི་འཚོ་བའི་བར་དུ་བཅང་བ་ལ་དུས་སུ་རུང་བ་ཉིད་དང་། རང་བཞིན་གཞན་དུ་མ་གྱུར་པ་དང་། གཞན་དང་མ་འདྲེས་པ་ལ་ནི་དུས་སུ་རུང་བ་དེ་ལས་འཚོ་ བའི་བར་དུ་བཅང་བས་རུང་བ་བྱ་བ་མི་འགྲུབ་པ་མ་ཡིན་ཏེ། རང་རང་གི་ཆོ་ག་འདི་ལ་འཇུག་པར་བྱར་རུང་ཞེས་བྱ་བའི་དོན་ཏོ། །བུ་རམ་བསྒོང་བའི་ཕྱིར་འབྲས་ཕྱེའི་ནང་དུ་གཞག་པ་ནི་བཀྲུ་བས་རང་ཁོ་ནའི་གྲངས་ཉིད་དུ་འགྲུབ་པོ་ཞེས་བྱ་བ་ནི་ཞག་བདུན་པ་ཉིད་ཅེས་བྱ་བའི་དོན་ཏོ། །འགོར་གྱི་ཟུངས་ནི་བུ་རམ་ ཉིད་དུ་ཤེས་པར་བྱའོ་ཞེས་བྱ་བ་ནི་བུ་རམ་བསྐོལ་བའི་དུས་སུ་འགོར་དང་ལིངས་ཉིད་དུ་བྱ་བའི་ཕྱིར་འབྲས་ཀྱི་བག་ཕྱེ་ལ་སོགས་པ་བླུགས་པ་དེ་ནི་བུ་རམ་ཉིད་ཡིན་པས། དེ་ལ་དུས་སུ་རུང་བ་ཉིད་ནི་མ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་དེ་ལ་འདི་བསྟན་པའོ། །བྱིན་གྱིས་བརླབས་པ་ལ་ནི་གསོག་ འཇོག་མི་འབྱུང་ངོ་ཞེས་བྱ་བ་ལ་འདིར་གཞུང་ནི། བཙུན་པ་བྲོ་འཚལ་བས་བྱིན་ལེན་བགྱིས་པ་དང་། བྱིན་གྱིས་བརླབས་པ་ཡོངས་སུ་ལོངས་སྤྱོད་དུ་རུང་ངམ། ཉེ་བ་འཁོར་རུང་ངོ་ཞེས་གང་ཞིག་གསུངས་པ་དེ་བས་ན་མདོ་འདི་བྱས་སོ། །བྲོ་འཚལ་བ་ཞེས་བྱ་བ་ནི་ན་བ་ལ་རུང་བ་ཉིད་དུ་བསྟན་པ་ཉིད་ ཡིན་ནོ། །ནད་པའི་ཆེད་དུ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ལ། དུས་སུ་རུང་བའི་ནི་དེའི་ཡུལ་མ་ཡིན་ཏེ། བྱིན་གྱིས་བརླབས་པ་དོན་མེད་པའི་ཕྱིར་རོ། །ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་བ་དག་རང་རང་ གི་དུས་ཀྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབ་པར་བྱའོ། །དུས་གང་གི་ཚེ་བྱིན་གྱིས་བརླབ་པར་བྱ་ཞེ་ན། དེའི་ཕྱིར་ཟས་སྔ་མའི་ཚེའོ་ཞེས་བྱ་བ་སྨོས་ཏེ། འདིར་ཆོ་གའི་གཞིར་གྱུར་པ་ཞེས་བྱ་བ་ཡིན་པས། དུས་སུ་བཟའ་བར་བྱ་བ་ལ་བརྟེན་པའོ། །བཟའ་བར་བྱ་བའི་དུས་འདི་ལ་གཞིར་གྱུར་པ་ཉིད་ ཀྱི་ཕྱིར་ཞེས་བྱ་བས་དེ་ཤེས་པའོ། །ཐུན་ཚོད་ཀྱི་དོན་ལས་ཀྱང་འདིའི་ངེས་པ་རྣམ་པར་གནས་པ་བྱིན་གྱིས་བརླབ་པ་མེད་པར་ཕྱིས་ཟས་བྱིན་ལེན་བྱས་པ་ལ་ཐུན་གཅིག་གི་མཐར་ཇི་སྲིད་དུ་རུང་བ་ཉིད་ཅེས་བྱ་བ་དེ་ཉིད་དུ་འདི་ལ་དོན་དང་བཅས་པ་ཉིད་དོ། །ཇི་ལྟར་ཞེ་ན། དེའི་ཕྱིར་བྱིན་ལེན་བྱས་ཏེའོ། །བྱིན་ ལེན་མ་བྱས་པ་དང་གསོག་འཇོག་དང་འདྲེས་པ་བསྲུང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་ལག་པ་གཉིས་ཀ་བསྙལ་ནས་སོ་ཞེས་བྱ་བ་ནི་གང་གི་ཕྱིར་ལག་པ་གཉིས་མ་བསྙལ་བ་ལ་བྱིན་ལེན་མ་བྱས་པ་དང་། གསོག་འཇོག་དང་འདྲེས་པ་བསྲུང་བར་བྱ་བ་ཡིན་ནོ། །ལག་ཉར་བླངས་པ་དང་གསོག་ འཇོག་བྱས་པ་དང་། བྱིན་ལེན་མ་བྱས་པ་དང་། ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པ་དག་ལ་བྱིན་གྱིས་བརླབས་པ་མི་འཆགས་སོ་ཞེས་བྱ་བ་ལ་བཙོས་པའི་སྒྲས་ཀྱང་ནང་དུའི་སྒྲ་དང་འབྲེལ་པའོ། །འདིར་གཞུང་ནི་ཞུ་བ་ལས། ནང་དུ་བཙོས་པ་ཞེས་བྱ་བ་ལ་སོགས་ པ་གསུངས་པ་ཡིན་ནོ། །རོ་དང་སླ་བ་ཉིད་ཡོངས་སུ་གྱུར་ན་ནི་གསོག་འཇོག་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རོ་མི་སྣང་བ་ཉིད་དུ་ཡོངས་སུ་གྱུར་པ་ནི་དེའི་ཚེ་གསོག་འཇོག་བྱས་པ་ཉིད་ཡིན་ནོ། །འདིར་ནི་འདི་གཉིས་ཀྱི་ནི་ངོ་བོ་ཉིད་གྱུར་པར་བསྟན་ཏེ། དེ་བས་ན་དེ་གཉིས་སྨོས་པ་ཡིན་ནོ། །དེ་ལྟ་ བས་ན་གཅིག་ལ་ཡང་དེ་ལས་ཡོངས་སུ་གྱུར་ན་གསོག་འཇོག་ཉིད་དོ། །འདིར་གཞུང་ནི་སིལ་བུ་དག་ལས། བུ་རམ་གྱི་བཏུང་བའི་སྐབས་ནས། བཙུན་པ་བཏུང་བ་བཙགས་ནས་དགུང་བདུན་པར་བྱིན་གྱིས་བརླབ་ཏུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །བཙུན་པ་ཡུན་ཇི་སྲིད་ཅིག་ཏུ་གཞག་ པར་འཚལ་བར་བགྱི། ཉེ་བ་འཁོར་ཤིན་ཏུ་སླ་ཞིང་མི་སྐྱུར་ལ་རང་གི་ངོ་བོ་ཉིད་མི་སྤོང་བ་དེ་སྲིད་དུའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཞུ་བ་བྱ་བ་མ་ཡིན་པ་ཉིད་གསུངས་ཏེ། འདི་ལ་གསོག་འཇོག་ལས་གཞན་པའི་བཏུང་བར་བྱ་བ་མ་ཡིན་པ་ཉིད་ལ་རྒྱུ་རྣམ་པར་མི་གནས་པ་དེ་བས་ན་གསོག་འཇོག་ ཉིད་དུ་ཤེས་པའོ། །བྱིན་གྱིས་བརླབ་པ་འོག་མ་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི་འདིར་བྱེ་བྲག་ཏུ་བཅད་པས་བྱིན་གྱིས་བརླབས་པ་དང་། གསོག་འཇོག་གི་དུས་ལ་མ་བབ་པ་དང་ལྷན་ཅིག་ཅེས་བྱ་བར་ཤེས་པར་བྱའོ། །འདིར་གཞུང་ནི། མཽད་གལ་གྱི་བུ་ལ་ཐུན་ཚོད་ དུ་རུང་བ་གང་ཡིན་པ་དང་། ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་དུས་སུ་རུང་བ་དང་འདྲེས་ན་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་ཐུན་ཚོད་དུ་རུང་བ་དང་འདྲེས་ན་ཡང་ཡོངས་སུ་ལོངས་སྤྱད་ པར་མི་བྱའོ། །འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་ཞག་བདུན་པ་དང་འདྲེས་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །སྨན་གྱི་གོ་རིམས་ནི་དཔེའོ་ཞེས་བྱ་བ་ནི་སྔར་དེ་ནི་རྣམ་པ་བཞིའོ་ཞེས་སྨོས་པས། སྨན་རྣམ་པ་བཞི་སྨོས་པའི་གོ་རིམས་དེ་ནི་དཔེ་ ཙམ་དུ་ཟད་དེ། དེ་བས་ན་འདིས་མིག་སྨན་ལ་སོགས་པ་དག་ཀྱང་མ་འཕངས་པ་ཉིད་མ་ཡིན་ནོ། །དེ་བས་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར་མིག་སྨན་བསྟེན་པར་བྱའོ། །སྨན་མ་ཡིན་པའི་དོན་དུ་མི་བྱའོ་ཞེས་བྱ་བའི་སྒེག་པའི་དོན་ནི་སྨན་མ་ཡིན་པའི་དོན་ཏེ་དེའི་དོན་དུ་མིག་སྨན་བསྟེན་པར་མི་བྱའོ། །འདི་ ནི་དྲིས་བྱུག་པ་དང་ཁ་དོག་འཆང་བའི་ཕྱོགས་ཉིད་དུ་དོགས་པ་དེ་བས་ན་འདི་སྤངས་པའོ། །འདིར་གཞུང་ནི་མ་མོ་དག་ལས་མིག་ཐུར་བཅང་བར་བྱ་སྟེ། ཇི་སྙེད་དུ་རང་འཁྲུངས་དག་གོ་ཞེས་བྱ་བའོ། །དེའི་སྣོད་རིགས་པའོ་ཞེས་བྱ་བ་སྨོས་ཏེ། གང་གི་སྣོད་ཅི་ཡིན་ཞེ་ན། དེའི་ཕྱིར་མིག་སྨན་སྐྱེར་ ཁཎྜའི་ནི་ཟ་མ་ཏོག་གོ་ཞེས་བྱ་བ་སྨོས་ཏེ། བཅང་བར་བྱ་བ་ཉིད་ཀྱང་དེ་ལ་སོགས་པ་དང་སྐྱེར་ཁཎྜ་ལ་སོགས་པར་དོན་གྱིས་རིག་པར་བྱའོ། །མིག་སྨན་རི་ལུའི་ནི་སྒེའུ་འོ། །མིག་སྨན་དུ་བ་དང་སྦྲུས་པ་དང་། ཕྱེ་མ་རྣམས་ཀྱི་ནི་དོང་བུའི་ཐུར་མ་བཅང་བར་བྱའོ། །ཟངས་མ་དང་ལྕགས་དག་གི་ བཟང་ངོ་། །ཅི་མིག་ཐུར་ཐམས་ཅད་རུང་ངམ་ཞེ་ན། དེའི་ཕྱིར་རང་འཁྲུངས་དག་གོ་ཞེས་བྱ་བ་སྨོས་སོ། །ནད་པས་སྨན་གཞུག་པའི་ཕྱིར་མཆན་ཁུག་བཅང་བར་བྱའོ། །དེར་མ་ཤོང་བ་ཉིད་ཡིན་ན་བྲུབས་སམ་ཐུམ་པོ་བྱས་ཏེ་བཅེར་རོ་ཤེས་བྱ་བ་ལ། དེར་ཞེས་བྱ་བ་ནི་མཚན་ཁུག་དེར་བྲུབས་ སམ་ཐུམ་པོ་བྱས་ཏེ་བཅེར་རོ། །བཅུག་པ་མི་འདྲུལ་བར་བྱ་བའི་ཕྱིར་དུས་སུ་སྐམ་མོ་ཞེས་བྱ་བ་ལ་གང་དུ་བསྐམ་པར་བྱ་ཞེ་ན། དེའི་ཕྱིར་ཉི་གྲིབ་ལའོ། །བསྐམས་ན་མཐུ་འབྲིའོ་ཞེས་བྱ་བ་ནི་སྐབས་འདིར་བསྒྲུབ་པ་འདི་བསྡུས་པ་ཡིན་ནོ། །གོས་ལ་སོགས་པ་བསྐམ་པ་ལ་ཡང་ཆོ་ག་འདི་ཡིན་ གྱི་དེ་ཉིད་ལ་ནི་མ་ཡིན་ཞེས་བྱ་བ་བསྟན་པའི་དོན་དུའོ། །མ་རུང་བར་འགྱུར་བའི་རྒྱུ་བྱུང་ན་རང་གིས་བྲུབ་པར་བྱའོ་ཞེས་བྱ་བ་ནི། རླུང་དང་ཆར་པ་ལ་སོགས་པས་སྨན་མ་རུང་བར་གྱུར་པའི་རྒྱུ་བྱུང་ན་དེ་བསྐམས་པའི་གནས་ནས་རང་གིས་བསྡུ་ཞིང་བྲུབ་པར་བྱའོ། །ཅི་གནས་སྐབས་ཐམས་ཅད་ དུའམ་ཞེ་ན། དེའི་ཕྱིར་བསྙེན་པར་རྫོགས་པ་མེད་ནའོ། །སྨན་ཕོར་བཅང་བར་བྱའོ་ཞེས་བྱ་བ་ནི་ནད་པས་ཞེས་བྱ་བར་སྦྱར་རོ། །ཕྲན་ཚེགས་དག་ལས། འདིར་དང་པོར་བྱས་ཏེ་ཕྱིས་ལོངས་སྤྱད་པ་ཞེས་བྱ་བའི་མཐར་ཐུག་པའོ། །སྨན་གྱི་ནལ་ཟེ་ཡང་ངོ་ཞེས་བྱ་བ་ཡང་། ནད་པས་བཅང་བར་ བྱའོ་ཞེས་བྱ་བར་སྦྱར་རོ། །འགྲོར་མི་བཏུབ་པས་ཕུལ་བའི་བཏུང་ཕོར་རོ་ཞེས་བྱ་བ་ཡང་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །འགྲོར་མི་བཏུབ་པས་ཞེས་བྱ་བ་ལ་འགྲོ་བ་ཞེས་བྱ་བ་ནི་མིད་པའི་ཚེ་ནང་དུ་འགྲོ་བའོ། །མི་བཏུབ་པ་ཞེས་བྱ་བ་ནི་མིད་པའི་ཚེ་ནང་དུ་འགྲོར་མི་བཏུབ་ཅིང་མགུལ་བར་ ཐོགས་ཤིང་སྣང་བ་སྟེ། གང་གིས་དེར་འགྲོར་མི་བཏུབ་པ་དེ་ནི་འདིར་མགུལ་པའི་ནད་ཅེས་བྱ་བའི་དོན་ཏོ། །ཕུལ་བའི་བཏུང་ཕོར་ཞེས་བྱ་བ་ནི་གང་ཟས་ཟོས་ན་མགུལ་པར་ཐོགས་པ་དེ་འཕུལ་བར་བྱེད་པའི་ཕྱིར། ཕྱི་ནས་སྐོམ་འཐུང་བར་བྱེད་པའི་སྣོད་ཆུང་ངུ་མ་ལ་བྱའོ། །འདིར་གཞུང་ནི། གནས་ བརྟན་ཁྱོད་ཅི་བསྲུང་། ཚེ་དང་ལྡན་པ་འགྲོར་མི་བཏུབ་པའོ། །ཁྱོད་ཀྱིས་སྔོན་ཅི་བགྱིས་ཕུལ་བའི་བཏུང་པོར་བཅངས་སོ། །དེ་ཅིའི་ཕྱིར་མི་བཅང་། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་ནས་ཇི་སྲིད་དུ་བཀའ་སྩལ་པ། དེ་ལྟ་བས་ན་ཕུལ་བའི་བཏུང་ཕོར་བཅང་བར་རྗེས་སུ་གནང་ངོ་ཞེས་ བྱ་བའི་བར་དུ་གསུངས་པ་ཡིན་ནོ། །འདིར་དེ་ལ་ལྟོས་པའི་གླེང་གཞིའི་དབང་གིས་རྗེས་སུ་གནང་བ་དེ་རིགས་པ་ཡིན་ཏེ། དེའི་ཕྱིར་འདིར་མདོར་བསྡུས་པ་བྱས་སོ། །ནད་པས་ལན་ཚྭ་བཅང་བར་བྱའོ་ཞེས་བྱ་བ་ནི་འགྲོར་མི་བཏུབ་པས་ཞེས་བྱ་བ་བསལ་བའི་ཕྱིར་འདིར་ནད་པ་ཞེས་བྱ་བ་སྨོས་སོ། ། དེའི་སྣོད་ནི་རྭའི་སྦུབས་བཟང་ངོ་ཞེས་བྱ་བ་ནི་ལན་ཚྭ་དེའིའོ། །རྭ་ཇི་ལྟ་བུ་བཟང་ཞེ་ན། དེའི་ཕྱིར་ལྕི་བས་ཀུན་ནས་བསྐོར་བའོ། །དེ་མེད་པའི་ཉིས་པར་མི་འགྱུར་བར་བྱ་བའི་ཕྱིར་ཁ་གབ་གཞུག་གོ་ཞེས་བྱ་བ་ནི་ཁ་གབ་དང་བྲལ་བའི་ཉེས་པ་གང་ཡིན་པ་དེའོ། །ཅི་ལས་བྱས་པ་ཞེ་ན། དེའི་ཕྱིར་དེ་ཉིད་ལས་བྱས་པའོ་ ཞེས་བྱ་བ་སྨོས་ཏེ། རྭ་ལྕི་བས་ཀུན་ནས་བསྐོར་བ་ལས་བྱས་པའི་འགང་གཞུག་པའོ། །དྲིས་བསྒོས་པའི་སའོ་ཞེས་བྱ་བ་ནི་ནད་པས་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཆུ་སྲོ་བའི་ཕྱིར་ལྕགས་ཀྱི་གར་བུའོ་ཞེས་བྱ་བ་ཡང་ནད་པས་བཅང་ངོ་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་ཀྱིས་སྤྱད་པར་བྱའོ། ། ཞེས་བྱ་བ་ནི་ནད་པ་འབའ་ཞག་གིས་སྤྱད་པར་མ་ཟད་ཀྱི་ན་བ་དང་མི་ན་བ་ཐམས་ཅད་ཀྱིས་སྤྱད་དུ་རུང་བའོ། །འདིར་གཞུང་ཁ་ཅིག་ལས་ནི། བཅོམ་ལྡན་འདས་ཀྱིས་བསྲོ་ཁང་བྱའོ་ཞེས་གསུངས་པ་དང་། གནས་པར་བྱ་བའི་དགེ་སློང་དག་ཆུ་དྲོན་བསྐོལ་བས་ངལ་བར་ གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྕགས་ཀྱི་གར་བུ་བསྲེག་པར་བྱ་ཞིང་ལྕགས་ཐག་གིས་གདགས་པར་བྱའོ་ཞེས་གསུངས་པ་དེ་མདོ་འདིར་བསྡུས་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་དོགས་པ་དང་། འོས་པ་དགེ་འདུན་གྱིས་འཆང་བ་ལ་མི་རིགས་པ་མེད་དོ། །དེ་ལྟ་བས་ན་ དགེ་འདུན་གྱིས་ཀྱང་བཅང་དུ་རུང་པར་རིག་པར་བྱའོ། །བསྲེགས་པ་གདགས་པའི་ཕྱིར་དེ་ལ་ལྕགས་ཐག་གདགས་སོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་ལྕགས་ཀྱི་གར་བུ་དེ་ལའོ། །ཚ་བའི་དུས་ནས་གཤེར་བས་དེ་མནན་ནོ་ཞེས་བྱ་བ་ལ། དེ་མནན་ཏོ་ཞེས་བྱ་བ་ནི་ལྕགས་ཐག་དེ་མནན་པའོ། །བསྲེགས་ པ་ནི་ཟས་དང་འབགས་པའི་གནས་མེད་དོ་ཞེས་བྱ་བ་ནི། ལྕགས་ཀྱི་གར་བུ་བསྲེགས་པ་ན་དེ་ལ་ཟས་དང་འབགས་པའི་གནས་མེད་པའོ། །དེ་བས་ན་ལྕགས་ཀྱི་བར་དུ་དེ་རུང་བར་བྱ་བའི་ཕྱིར་འབད་པ་ནི་དོན་མེད་དོ། །དེའི་ཕྱིར་དེ་ལ་འདི་བརྗོད་དོ། །རུང་བ་སྔར་བསྲོ་བའོ། །ལོངས་སྤྱད་པ་ཕྱིས་སོ་ཞེས་བྱ་བ་ ནི་འདི་གཉིས་ནི་གཙང་སྦྲའི་ཕྱིར་དེ་བསྒྲུབ་བོ། །མདོམས་ཀྱི་གསོ་བ་བསྟེན་པར་བྱའོ་ཞེས་བྱ་བ་ནི་ནད་པ་ཞེས་བྱ་བར་དོན་གྱིས་གྱུར་པ་དང་སྦྱར་རོ། །འདིར་གཞུང་ནི་སིལ་བུ་དག་ལས། མས་བཏང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་གྱིས་འཚོ་བར་ནུས་པ་ཉིད་ན་དེ་ལ་སྦོམ་ པོའོ་ཞེས་བྱ་བ་ནི་སྨན་གཞན་བྱ་བའི་ཐབས་ཀྱིས་ནད་དེ་ལས་འཚོ་བར་ནུས་པ་ཉིད་ཡིན་ན་མདོམས་ཀྱི་གསོ་བ་བསྟེན་པ་དེ་ལས་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་མ་མོ་ལས། དེ་ལས་གཞན་པའི་སྨན་དག་གིས་འཚོ་ན་དགེ་སློང་གིས་མདོམས་ཀྱི་ལས་བྱེད་དུ་མི་གཞུག་གོ། །གང་བྱེད་དུ་ འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །མི་འཚོ་བ་ཉིད་ཡིན་ན་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་ཟངས་མའམ་ཁར་བའི་སྦུ་གུ་བཟང་གི་ལྕགས་ཀྱི་ནི་མི་རུང་ངོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་མདོམས་ཀྱི་གསོ་བ་འདི་ལའོ། །མཚོན་གྱིས་གསོ་བ་ཡང་དེ་དང་འདྲའོ་ཞེས་བྱ་བ་ལ། དེ་དང་འདྲའོ་ཞེས་བྱ་བ་ནི་མཚོན་གྱིས་གསོ་བ་བསྟེན་པར་བྱ་བ་ལའོ། །གཞན་གྱིས་འཚོ་བར་ནུས་པ་ཉིད་ན་དེ་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་མ་མོ་ལས། རྟུལ་བ་གཞན་ཡོད་ན་དགེ་སློང་གིས་མཚོན་གྱི་ལས་བྱེད་དུ་མི་གཞུག་གོ། །གང་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོའོ། ། རྟུལ་བ་གཞན་མེད་ན་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །གདོང་བུ་རྩའི་རྒྱུན་ལས་གཞན་པར་དེ་མི་བསྟེན་ནོ་ཞེས་བྱ་བ་ནི་གདོང་བུ་རྩའི་རྒྱུན་ལས་གཞན་པར་མཚོན་གྱིས་འཚོ་བ་དེ་མི་བསྟེན་པའོ། །འདིར་གཞུང་ནི། ཕྲན་ཚེགས་དག་ལས། དགེ་སློང་གི་གདོང་ནི་མེ་ལོང་ལྟ་བུ་ཡིན་པས། དེའི་ཕྱིར་སྨན་པ་གདོང་དུ་མཚོན་གྱི་ལས་བྱེད་དུ་མི་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །གཞང་འབྲུམ་བཅད་པར་མི་བྱའོ་ཞེས་བྱ་བ་ནི་དེ་མི་བསྟེན་ནོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་གཅིག་ཏུ་གྱུར་པ་ནི་གདོང་དུ་མཚོན་གྱི་ལས་བྱེད་པ་དང་། གཞང་འབྲུམ་གཅོད་པ་ཡིན་ཏེ་འདི་གཉིས་ཡིན་པས་འདི་ གཉིས་ལ་ཡང་སྦོམ་པོར་རིག་པར་བྱའོ། །མཚོན་ལས་གཞན་པས་ཀྱང་ངོ་ཞེས་བྱ་བ་ལ་གཞན་གྱིས་ཀྱང་ཞེས་བྱ་བ་ནི་སེན་མོ་ལ་སོགས་པས་ཀྱང་ཞེས་བྱ་བའི་དོན་ཏོ། །དེ་གསང་སྔགས་དང་སྨན་དག་གིས་གསོའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་གཞང་འབྲུམ་རྣམས་སོ། །ཞེ་འགྲས་པ་གསོར་ མི་གཞུག་གོ་ཞེས་བྱ་བ་ནི་གཞང་འབྲུམ་རྣམས་སོ། །གསོ་བའི་ཕྱིར་ནུབ་མོ་ཟ་བ་ནི་ཚུལ་དང་མི་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་ནི། སིལ་བུ་དག་ལས་མདོ་འདི་དག་དང་འོག་མ་གཉིས་སོ། །འདི་ལ་བྱིན་ལེན་མ་བྱས་པ་གསོག་འཇོག་བྱས་པ་དག་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི་གསོ་ བ་འདི་ལའོ། །གསོ་བའི་ཕྱིར་རེང་བུའི་དུ་བས་བདུག་པར་བྱའོ་ཞེས་བྱ་བ་ནི་ཕྲན་ཚེགས་དག་ལས། འདི་དང་པོར་བྱས་ཏེ་འདི་བཟའ་བར་བྱ་བ་མ་ཡིན་པ་མ་ཡིན་ཞེས་བྱ་བའི་མཐར་ཐུག་པའོ། །དེ་ནི་སྨན་གཅེའུས་འགྲུབ་པའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དུ་བར་བདུག་པ་དེའོ། །ལྕགས་ལས་བྱས་པའོ་ཞེས་བྱ་བ་ནི་ སྨན་གཅེའུའོ། །སོར་བཅུ་གཉིས་པ་བཟང་ངོ་། །རྣོ་བ་དང་རྩུབ་པ་མི་བྱའོ་ཞེས་བྱ་བ་ནི་སྨན་གཅེའུའི་སྦུབས་སོ། །ཞུན་མར་རམ་བུ་རམ་གྱིས་བསྐུས་ཏེ་ཤུབས་སུ་གཞུག་གོ། །དེ་ནི་ཟུང་ངམ་ཆོས་གོས་ཀྱི་གདང་བུ་ལ་གདགས་སོ་ཞེས་བྱ་བ་ནི་ཤུབས་དེའོ། །དྲི་མ་མེད་པར་བྱ་བའི་ཕྱིར་མེར་གཞུག་ གོ་ཞེས་བྱ་བ་ནི་སྨན་གཅེའུའོ། །སྣར་བླུགས་པའི་ལས་བྱའོ། །དེ་ནི་སྣར་ལྡུགས་པ་སྤྱད་ཀྱིས་འགྲུབ་པོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་སྣར་ལྡུགས་པའི་ལས་བྱས་པ་དེའོ། །མཆུ་གཉིས་མི་རྣོ་བ་བཟང་ངོ་ཞེས་བྱ་བ་ནི་སྣར་ལྡུགས་པའི་སྤྱད་ནི་ཁ་བྲག་མཆུ་གཉིས་པ་མི་རྣོ་བ་བཟང་ ངོ་། །དེ་བྱའོ་ཞེས་བྱ་བ་ནི་སྣར་ལྡུགས་པའི་སྤྱད་དེའོ། །དེ་ནི་བཟའ་བར་བྱ་བ་མ་ཡིན་པ་མ་ཡིན་ཏེ། བྱིན་ལེན་བྱས་ཏེ། སྣར་བླུགས་པའི་ལས་བྱའོ། །གལ་ཏེ་འཚོ་བའི་བར་དུ་བཅང་བ་སྨིན་པར་འགྱུར་ན། དེས་རང་ཉིད་ཀྱིས་བཟུང་སྟེ། སྦྱངས་ཏེ་སྦྱིན་པར་བྱ་ཞེས་སྨོས་ཏེ། དེ་ལ་དྲི་མ་མེད་ པའི་རིགས་པའི་གནས་ལ་སོགས་པ་དང་ལྷན་ཅིག་ཏུ་དེ་ལྟ་བུས་བསྡུ་བ་འདིའོ། །སྨན་གྱི་གོ་རིམས་ནི་དཔེའོ་ཞེས་སྨོས་ཏེ་དེས་མཚོན་པ་གཞན་བསྟན་པའི་ཕྱིར། སྨན་གྱི་ཕྱིར་ཤ་རློན་པ་བསྟེན་པར་བྱའོ། །དེ་ཟ་མི་ནུས་ན་ཐབས་བྱའོ། །རས་ཀྱིས་མིག་གཉིས་དགབ་པོ། །མི་རྒལ་བར་བྱ་ བའི་ཕྱིར་དྲི་ཞིམ་པོས་བསྒོའོ། །ཤ་མེད་པ་ཉིད་ན་མདུན་དུ་བཟའ་བ་དང་བཅའ་བ་ཡིད་དུ་འོང་བ་གཞག་སྟེ་དགྲོལ་ལོ་ཞེས་བྱ་བ་ལ། དགྲོལ་ལོ་ཞེས་བྱ་བ་ནི་མིག་རས་ཀྱིས་གཡོགས་པ་དེའོ། །གཞན་གྱི་དོན་དེར་ན་སྦོམ་པོའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ཤ་རློན་པ་དེ་སྨན་གྱི་དོན་ལས་གཞན་ པར་ཟ་བ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །མིའི་ཤ་ནི་ཐམས་ཅད་དུའོ་ཞེས་བྱ་བ་ནི་སྨན་གྱི་དོན་དུ་ཡང་མི་ཤ་ཟོས་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྨན་གྱི་ཕྱིར་ཟ་བ་ཡང་བཅོམ་ལྡན་འདས་ཀྱིས་སྨད་པས་དེ་དགག་པ་དེའི་ཕྱིར་ཐམས་ཅད་དུའོ་ཞེས་མདོར་བསྡུ་བ་བྱས་སོ། །ཤ་བསྔོས་པར་ཤེས་ན་ བཟའ་བར་མི་བྱའོ་ཞེས་བྱ་བ་ནི། ཟ་བ་པོ་ལ་བརྟེན་ནས་བསྔོས་པར་ཟ་བ་པོས་མཐོང་བ་དང་ཐོས་པ་དང་དོགས་པའི་སྒོ་ནས་ཤེས་ན་དེས་ཤ་ཟ་བར་མི་བྱ་སྟེ། རྣམ་པར་རྟོག་པ་ཡོངས་སུ་སྐྱེས་པས་བཟའ་བར་བྱ་བ་མ་ཡིན་པ་ཉིད་དུ་སྨོས་པ་གང་ཡིན་པ་དེ་འདིས་མ་བསྡུས་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་ པ་དེ་ངེས་ན་ནི་ཤེས་པ་ཁོ་ན་ཡིན་ནོ། །གལ་ཏེ་ཡིད་གཉིས་སུ་གྱུར་ན་འདུ་ཤེས་པ་ལྟར་ཡིད་གཉིས་སོ་སྙམ་དུ་ངེས་པའི་ཕྱིར་དེས་འདི་བསྡུས་པའོ། །སྟག་གི་གོད་མའི་ཤ་མི་བཟའོ་ཞེས་བྱ་བ་ནི། ཤར་ཤེས་ན་ཟ་བར་མི་བྱའོ། །འདི་ནི་ཕྲན་ཚེགས་དག་ལས་དགེ་སློང་དག་སྟག་ནི་རུལ་སྦེད་པ་ཡིན་པས་ དེའི་ཕྱིར་དགེ་སློང་གིས་སྟག་གི་གོད་མའི་ཤ་བཟའ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །གླང་པོ་ཆེ་དང་། རྟ་དང་། ཀླུ་རྣམས་ཀྱི་མི་བཟའོ། །མིག་གཅིག་པ་དང་། ཝ་དང་། སྤྲེའུ་དང་། ཤིང་རྟ་མོ་དང་། བྱ་རོག་དང་། བྱ་རྒོད་དང་། ཆུ་སྐྱར་དང་། ཁྱི་དང་། བྱ་ཁྲ་དང་། འུག་པ་དང་། དེ་དག་ ལས་གཞན་པའི་བྱ་མི་རོ་ཟ་བ་དག་དང་། བྱ་གར་དང་། ཕ་བང་དང་། སྐྱིན་གོར་དང་། དྲེའུ་སྲིན་དང་། སྲིན་བུ་རྣམས་ཀྱི་ཡང་མི་བཟའོ་ཞེས་བྱ་བ་ནི། དེ་དག་གི་ཤ་ཡང་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལས་གཞན་པའི་ཞེས་བྱ་བ་ནི་གང་དུ་མི་རོ་ཟ་བའི་བྱ་སྔར་བསྟན་པ་དེ་དག་ལས་གཞན་ པའི་ལའོ། །ཞུ་བའི་གཞུང་ཁ་ཅིག་ལས། སྲིན་བུ་རྣམས་ཀྱི་ཚིལ་འཚལ་བར་བགྱིའམ། འཚལ་བར་མི་བགྱི། བཀའ་སྩལ་པ་བཟའ་བར་མི་བྱའོ། །ནད་དང་བྲལ་བའི་ཕྱིར་ལུས་བསྐུ་བར་ནི་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་ངང་སྐྱ་ལ་སོགས་པ་རྣམས་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་ པ་ལས་སོ། །ལྷག་མ་རྣམས་ནི་སིལ་བུ་དག་ལས་སོ། །ཤའི་བྱིན་ལེན་སྟོབས་པ་ལ་བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི་མི་ལ་སོགས་པའི་ཤ་བཅད་པ་གང་ཡིན་པ་དེ་བྱུང་བ་ཉིད་མ་ཡིན་ནམ་ཞེས་བྱ་བ་དང་། བཅས་པར་དྲི་བར་བྱའོ། །དེ་མི་ལ་སོགས་པ་མ་ཡིན་ནམ་ཞེས་ བྱ་བ་ལ་སོགས་པས་སོ། །དུ་མ་ཉིད་ཡིན་ན་དང་པོས་སོ་ཞེས་བྱ་བ་དང་། ཟ་བ་པོ་དུ་མ་ཉིད་ཡོད་ན་དང་པོས་དྲི་བར་བྱ་བ་སྟེ། དགེ་འདུན་གྱི་གནས་བརྟན་གྱི་ཆོས་ཉིད་ཀྱིས་གསུངས་པ་དེ་འདིར་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་དེ་ལྟར་ཉེ་བར་སྦྱར་བའོ། །ཉམས་ན་འོག་མས་སོ་ཞེས་བྱ་བ་ནི་ཤའི་ སྐབས་དྲིའོ་ཞེས་བྱ་བར་སྦྱར་ཏེ། དང་པོས་དྲི་བ་ཉམས་ན་འོག་མས་དྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །གླང་པོ་ཆེ་དང་མིའི་འོ་མ་དག་བཏུང་བར་མི་བྱའོ་ཞེས་བྱ་བ་ནི་གླང་པོ་ཆེ་ཞེས་བྱ་བ་གཞན་དུ་རིགས་ཙམ་པོའི་གཙོ་བོ་ལ་བརྟེན་ནས་མོའི་རྐྱེན་མ་བསྐྱེད་པ་སྟེ། དེ་ལྟ་བུའི་སྦྱོར་བ་ཡང་མཐོང་སྟེ་རིགས་ཀྱིའོ་ཞེས་བྱ་ བ་ལྟ་བུའོ། །ཞུ་བའི་གཞུང་ཁ་ཅིག་ལས། བཙུན་པ་གླང་མོའི་འོ་མ་འམ་ཞོ་ལོངས་སྤྱད་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །གང་ཞིག་ལོངས་སྤྱོད་པར་བྱེད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་མིའི་བུད་མེད་ཀྱི་འོ་མ་བཏུང་དུ་རུང་ངམ་མི་རུང་། བཀའ་ སྩལ་པ། མི་རུང་ངོ་། འོན་ཀྱང་ལུས་ལ་བསྐུ་བར་བྱའོ་ཞེས་གསུངས་པ་དེ་གཉིས་ཀ་བསྡུས་ནས་སྨོས་པ་ཡིན་ནོ། །པགས་པ་དང་རྨར་བསྐུ་བ་དང་སྣར་བླུགས་པ་དང་། མིག་སྐུད་ཅིང་བཟའ་བཏུང་མི་བྱེད་པ་ལ་ནི་སྐྱོན་ཆགས་པ་མེད་དོ་ཞེས་བྱ་བ་ནི་དེ་དག་གིས་པགས་པ་སྐུད་པ་དང་། རྨ་སྐུད་ པ་དང་། སྣར་བླུགས་པ་དང་མིག་སྐུད་ཅིང་བཟའ་བཏུང་མི་བྱེད་པ་ལ་ནི་སྐྱོན་ཆགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། བཙུན་པ་སྨན་རུང་བ་མ་ལགས་པ་དག་དང་བསྐོལ་བའི་འབྲུ་མར་འཚལ་དུ་རུང་ངམ་ཉེ་བ་འཁོར་མི་རུང་ངོ་། །ལུས་སྐུད་པ་དེ་ དང་། རྨའི་བསྐུ་མཉེ་བྱ་བ་དང་། སྣར་ལྡུགས་པའི་ལས་བྱ་བ་ནི་ལྟུང་བ་མེད་དོ། །བཙུན་པ་བུད་མེད་ཀྱི་འོ་མ་འཚལ་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །མིག་ལ་སྐུད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ལུས་སྐུད་པ་ལ་ལྟུང་བ་མེད་དོ། །སྔར་ཞུ་བ་ལས་གསུངས་སོ། །ནད་པས་ ནི་ཞུན་མར་དང་འབྲུ་མར་ཆང་དང་འདྲེས་པ་བཏུང་བར་བྱ་བ་ཉིད་དོ། །ཆང་མ་ཡིན་པ་ཉིད་ནི་ཉེས་པ་མེད་པ་ཉིད་དོ་ཞེས་བྱ་བ་ལ། ནད་པ་ཞེས་བྱ་བ་ནི་འདིར་བཏུང་བ་པོའི་ཡུལ་ལ་ཞུ་བ་ལས། འདི་ནི་དང་པོ་སྟེ་བསྐོལ་ན་རུང་ངོ་ཞེས་བྱ་བའི་མཐར་ཐུག་པའོ། །ཆང་མ་ཡིན་པ་ཉིད་ན་ཞེས་བྱ་བ་ནི་ཆང་མ་ཡིན་པ་ཉིད་ དུ་གྱུར་ན་ཉེས་པ་མེད་དོ། །བཏུང་དུ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་དྲི་དང་རོ་དག་ཀྱང་གང་དུ་བྲལ་བ་ཉིད་དེ་ནི་འདིར་ཆང་མ་ཡིན་པ་ཉིད་དུ་གསུངས་སོ། །དེའི་ཕྱིར་ཆང་གི་དྲི་དང་རོ་མྱང་བ་མྱོས་པར་མི་བྱེད་པ་དག་ཅེས་གསུངས་པ་ལས་ཤེས་པར་བྱའོ། །དེ་ནི་བསྐོལ་བ་ལས་འགྲུབ་པོ་ཞེས་བྱ་ བ་ལ། དེ་ནི་ཞེས་བྱ་བ་ལ་ནི་ཆང་མ་ཡིན་པ་ཉིད་དེ་ནི་བསྐོལ་བ་ལས་ཆང་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། བཙུན་པ་མྱོས་པར་འགྱུར་བའི་བཏུང་བ་ཞུགས་ཀྱིས་བསྐོལ་ནས་འཚལ་དུ་རུང་ངམ་ཉེ་བ་འཁོར་རུང་ངོ་ཞེས་གསུངས་པ་ཡིན་ནོ། །གོས་ཀྱི་གཞི་ལས་སྨོས་པའི་ཚ་ཉིད་དུ་སྒྲུབ་ པར་བྱེད་པའི་ཆང་གི་ཆོ་ག་བརྗོད་པའི་ཕྱིར། དེ་ནི་ནས་རྔོས་པས་གདབ་ཅིང་སའི་སྟེང་དུ་བཅུག་པ་ཚ་ཉིད་དུ་འགྱུར་རོ། །རྒུན་གྱི་ཁུ་བ་ནི་བསྐོལ་ན་ཆང་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་སྨོས་ཏེ་འདིར་གཞུང་ནི། བསྐོལ་ཏེ་གཞག་པར་བྱ་ཞིང་དགེ་འདུན་གྱི་དུས་མ་ཡིན་པའི་བཏུང་བར་འགྱུར་རོ་ཞེས་གསུངས་ བའི་དགོངས་པ་ལ་འདི་སྨོས་པ་ཡིན་ནོ། །ཐ་དད་པ་མ་ཡིན་པ་ཉིད་ལ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་ཐ་དད་པ་མ་ཡིན་པ་དེ་ནི་ཐ་མི་དད་པར་གྱུར་པའོ། །དཔེར་ན་ཏིལ་རྣམས་ལ་ཏིལ་མར་དང་། བུ་རམ་ཤིང་ལ་ཁུ་བ་དང་། དེ་ལ་ཡང་བུ་རམ་ཡོད་པ་ཉིད་མ་ཡིན་པ་ལྟ་བུའོ། །དེ་ལྟ་བས་ན་ ཏིལ་ལ་བྱིན་ལེན་བྱས་པས་ཏིལ་མར་ལ་བྱིན་ལེན་བྱས་པར་མི་འགྱུར་ལ། བུ་རམ་ཤིང་ལ་བྱིན་ལེན་བྱས་པས་བུ་རམ་བྱིན་ལེན་བྱས་པར་མི་འགྱུར་བར་ཤེས་པར་བྱའོ། །བག་ཆགས་སུ་གྱུར་པ་ཉིད་ནི་ཡོད་པ་ཉིད་དོ་ཞེས་བྱ་བ་ནི། འདིར་གཞུང་ནི། ཞག་རུང་བ་མ་ལགས་པ་དག་བསྐོལ་བའི་དཔོན་ཚ་འཚལ་ དུ་རུང་ངམ་མི་རུང་བཀའ་སྩལ་པ། ནད་པས་ནི་བཟར་རུང་ལ་མིན་པས་ནི་མི་རུང་ངོ་། །ཤ་ལ་ཡང་དེ་བཞིན་ནོ་ཞེས་གང་ཞིག་ཞུས་པ་ལས་རྫས་རུང་བ་མ་ཡིན་པ་དང་འབགས་པ་བཟའ་བར་བྱ་བ་ཉིད་མ་ཡིན་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །ཆང་གི་སྲིད་པ་དང་བྲལ་བར་བྱ་བའི་ཕྱིར་རྩ་བ་ དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཆང་གི་དྲིས་བསྒོས་པ་ཆུ་དང་སྦྱར་བ་བཏུང་ངོ་ཞེས་བྱ་བ་ནི་ཆང་གི་དྲིས་བསྒོས་པའི་རྩ་བ་ལ་སོགས་པའི་སྨན་རྣམས་ལ་སྐམ་པོའི་ཕྱེ་མ་དང་སྦྱར་བའི་ཆུས་སོ། །འདིར་གཞུང་ནི། སིལ་བུ་དག་ལས། དེ་ལྟ་བས་ན་ཆང་ དུ་རུང་བའི་རྩ་བ་དང་སྡོང་བུ་ལ་སོགས་པའི་རྫས་སྐམ་པོ་གང་དག་ཡིན་པ་དེ་དག་ཕྱེ་མར་བྱས་ཏེ། རས་མ་དཀར་པོས་ཕུལ་ཏེ་ཆང་གི་ཤུགས་དང་བྲལ་བའི་སྣོད་མ་གང་བར་བཅང་བར་བྱ་ཞིང་དེ་ནས་ཕྱུང་སྟེ། བྱི་དོར་བྱས་ནས་ཟས་དང་མ་འབགས་པའི་ཆུ་དང་ལྷན་ཅིག་སྦྱར་ཞིང་བཙགས་ཏེ་བཏུང་བར་རྗེས་ སུ་གནང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆང་དང་བཅས་པའི་སྣོད་དུ་སྦྱངས་ཏེ་གཞག་པར་བསྒོ་བར་བྱའོ། །རེག་པ་བསྲུང་ངོ་ཞེས་བྱ་བ་ནི་ཕྱེ་མའི་ཕུར་མ་དེ་ཆང་དང་རེག་པར་མི་འགྱུར་བར་བྱ་བའི་ཕྱིར་བསྲུང་བར་བྱའོ། །དེའི་ཕྱིར་མ་གང་བ་དང་ཤུགས་དང་བྲལ་བ་ཉིད་དུའོ་ཞེས་བྱ་བ་ནི་ ཆང་གིས་མ་གང་བའི་སྣོད་དང་བཅས་པ་ལ་ཆང་གི་ཤུགས་དང་བྲལ་བ་ཉིད་ནི་དེའི་སྣོད་དུ་གཏོགས་པའི་ཆང་ལའོ། །གཞན་དུ་ན་གྱེན་དུ་བཏུང་བས་རེག་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རོ་མེད་པར་བྱེད་པ་དང་། དུས་མ་ཡིན་པར་བཏུང་བ་ལ་ཟས་དང་ཡང་ངོ་ཞེས་བྱ་བ་ནི་ཇི་ལྟར་ཕྱེ་མ་ཆང་དང་རག་པ་བསྲུང་ བ་དེ་བཞིན་དུ་རོ་མེད་པར་གྱུར་པའི་རྫས་ཀྱིས་ཀྱང་དུས་མ་ཡིན་པར་བཏུང་བར་འདོད་པའི་ཟས་དང་རེག་པ་བསྲུང་བར་བྱའོ། །མཛེས་པ་ཡང་བཟང་ངོ་ཞེས་བྱ་བ་ནི་ཕྱེ་མ་སྐམ་པོ་ཆང་གི་དྲིས་བསྒོས་པ་དང་སྦྱར་བའི་ཆུ་བཟང་བའོ། །གང་གི་ཕྱིར་དེ་ལྟར་བསྲུང་བར་བྱ་བ་ཉིད་མཛེས་ པ་ཡིན་ཏེ། དེའི་ཕྱིར་རས་མ་དཀར་པོས་བཙགས་པར་བྱའོ། །ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་ཞེས་བྱ་བ་འདི་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་གནང་བའི་ཡུལ་ལ་རྗེས་སུ་གནང་བ་དེ་ནི་དམིགས་ཀྱིས་བསལ་བ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཤཱཀྱ་ན་བར་ གྱུར་པ་དག་ལ་དེ་ཉིད་མ་གནང་བར་གསུངས་པ་ཡིན་ནོ། །དེ་ལྟར་དགེ་སློང་དག་ང་ལ་སྟོན་པ་ཞེས་ཟེར་བ་ཁྱེད་ཅག་གི་ཚང་རྩྭ་མཆོག་གིས་ཀྱང་མི་བླུད་མི་བཏུང་ངོ་ཞེས་གསུངས་པ་དེ་བས་མདོ་འདི་བྱས་སོ། །དགེ་བསྙེན་ཡན་ཆད་ཀྱིས་མི་བླུད་ཅིང་ཞེས་བྱ་བ་ནི་འདིར་ཡན་ཆད་ཀྱི་སྒྲ་བྲིས་པར་རིག་པར་བྱའོ། ། དགེ་བསྙེན་གྱི་མཐའ་ཡན་ཆད་ཆོས་འདི་པ་བསླབ་པ་མ་བླངས་པ་ཐམས་ཅད་ཀྱིས་ཀྱང་ཆང་བླུད་པར་མི་བྱའོ། །དགེ་བསྙེན་གྱིས་མི་བྱ་བའི་ལས་དྲུག་སྟེ། སེམས་ཅན་འཚོང་བ་དང་། ཆང་འཚོང་བ་དང་། མཚོན་ཆ་འཚོང་བ་དང་། དུག་འཚོང་བ་དང་། རྒྱ་སྐྱེགས་ཀྱི་ལས་དང་། ཏིལ་འཚོང་བའི་ ལས་སོ་ཞེས་བྱ་བ་འདིས་བསྡུས་པ་ཡིན་ནོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་པ་ཐམས་ཅད་ལ་གསོ་བའི་དོན་ཉིད་མ་གཏོགས་སོ་ཞེས་བྱ་བའི་ལྷག་མའོ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་བཟའ་བ་ཐམས་ཅད་བཀག་པ་ལས་གཞན་དུ་ཡང་དགག་པའི་ཕྱིར་གང་ ཡིན་པ་དེ་ཐམས་ཅད་ལ་གསོལ་བའི་དོན་ཉིད་དུ་ནི་མ་གཏོགས་སོ་ཞེས་བྱ་བའི་ལྷག་མ་འདི་ཤེས་པར་བྱའོ། །ཕྲན་ཚེགས་དག་ལས་འདི་དང་པོར་བྱས་ཏེ་གཙང་བར་བྱས་པ་དང་སྤོས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བའི་མཐར་ཐུག་པའོ། །སྒོག་སྐྱ་དང་ཀུན་དོང་ཀེའུ་བཟའ་བར་མི་བྱའོ། །ནད་པས་ནི་དབེན་ པའི་ཕྱོགས་སུའོ་ཞེས་བྱ་བ་ནི་བཟའ་བར་བྱ་བའོ། །ཟོས་ནས་སྒོག་སྐྱ་ནི་ཞག་བདུན། ཀུན་དོང་ནི་ཞག་གསུམ། ཀེའུ་ནི་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། ཟོས་ནས་ཞེས་བྱ་བར་སྦྱར་རོ། །སྒོག་སྐྱ་ཟོས་ནས་ནི་ཞག་བདུན་ནོ། །དེ་བཞིན་དུ་ཀུན་དོང་ཟོས་ ནས་ནི་ཞག་གསུམ་མོ། །ཀེའུ་ཟོས་ནས་ནི་ཞག་གཅིག་གོ། །གནས་མལ་ལ་མི་བྱའོ་ཞེས་བྱ་བ་ནི་ལོངས་སྤྱད་པར་མི་བྱའོ། །བཤང་བའི་སར་འཇུག་པར་མི་བྱའོ། །གཅི་བའི་སར་མི་བྱའོ། །དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱའོ། །མཆོད་རྟེན་གྱི་ཉེན་ཀོར་དུ་མི་བྱའོ། །དེའི་ཐག་ནི་འདོམ་གང་ངོ་ཞེས་ བྱ་བ་ནི་མཆོད་རྟེན་གྱི་ཉེན་ཀོར་དེའི་འོ། །འདིར་གཞུང་ནི། མཆོད་རྟེན་གྱི་ཉེན་ཀོར་འདོམ་གང་སྤང་བར་བྱ་སྟེ། དགེ་སློང་དག་མཆོད་རྟེན་ནི་ལྷ་མངོན་པར་དད་པ་ཅན་དག་གིས་ཀུན་ནས་གང་བ་ཡིན་ལ། ལྷ་རྣམས་ནི་གཙང་སྦྲ་འདོད་པ་ཡིན་པས་དྲི་དེ་ནི་དེ་དག་དང་མི་མཐུན་པའི་ཕྱིར་མཆོད་རྟེན་ལ་ཕྱག་མི་བྱའོ་ཞེས་ གསུངས་པ་ཡིན་ནོ། །འདི་ནི་མི་རིགས་པར་གྱུར་པ་སྟེ། གང་གི་ཕྱིར་དེ་ལྟ་བུར་གྱུར་པའི་གནས་སྐབས་རྣམས་ལ་མཆོད་རྟེན་ལ་ཕྱག་བྱ་བར་མི་རིགས་པ་ཁོ་ན་ཡིན་ནོ། །ཁྱིམ་བདག་དག་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །སྐྱེ་བོས་གང་བའི་ས་ཕྱོགས་སུ་མི་བྱའོ། ། མཇུག་ཏུ་ཁྲུས་བྱའོ། །གོས་དག་གི་དྲི་ནི་བཀྲུ་བ་དང་། དུ་བ་དག་གིས་བསལ་ལོ། །རུང་བ་ཉིད་དུ་བྱིན་གྱིས་བརླབས་པར་བཙོས་པ་དང་གནས་པ་དག་ནི་ཕྱི་རོལ་དང་འདྲའོ་ཞེས་བྱ་བ་ནི་དཔེར་ན་དགེ་སློང་གིས་གནས་ཉེན་ཀོར་འདོམ་གང་དང་བཅས་པ་ནས་ཕྱི་རོལ་དུ་གྱུར་པའི་བཙོས་པ་དང་གནས་པ་དག་གིས་ ཟས་ལ་རྟེན་ཉིད་དུ་འགྲོ་ཞིང་མི་རུང་བ་ཉིད་བྱེད་པ་པོ་མ་ཡིན་པའི་ཟས་དེ་ལ་དེ་བཞིན་དུ་རུང་བ་ཉིད་དུ་བྱིན་གྱིས་བརླབ་པའོ། །དེར་ཡང་ཉེས་པ་དེ་དག་མི་འབྱུང་བ་ཉིད་བྱིན་གྱིས་བརླབས་པ་ལས་གསུངས་སོ། །འདི་བྱེད་པར་རིགས་པ་མ་ཡིན་པའམ། འོན་ཏེ་ཡིན་སྙམ་པ་དེ་བསྟན་པའི་ཕྱིར། བྱིན་གྱིས་བརླབ་ པར་བྱའོ། །ཤིང་དྲུང་དང་གླང་པོ་ཆེའི་ར་བ་དང་། མུ་སྟེགས་ཅན་གྱི་འདུག་གནས་དང་། རྒྱལ་པོའི་ཕོ་བྲང་ས་དང་། དགེ་སློང་མའི་དབྱར་ཁང་དང་། གཙུག་ལག་ཁང་གི་བང་རིམ་དང་། སྒོ་ཁང་དང་། ཁྱམས་དང་། བསྲོ་ཁང་དང་། དཔོང་སའི་ར་བ་དག་ཏུ་མི་བྱའོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་ ཞེས་བྱ་བར་སྦྱར་རོ། །གཏུམ་ཕུག་ཅན་དང་བསྙོན་ཐབས་མཁན་དང་། ཟིལ་གྱིས་གནོན་པར་བྱེད་པ་དང་། ཁང་པ་དང་། ཁྱམས་སུ་མི་བྱེད་པ་དང་། དོན་ཉམས་པ་དང་གུས་པ་ཉམས་པ་ཞེས་བྱ་བ་དེ་རྣམས་ཡོངས་སུ་སྤང་བའི་ཕྱིར་དེ་རྣམས་འདིས་དགག་པ་སྟེ་བསྒྲུབ་པ་ལ་སོགས་པ་ལ་ཡང་ངོ་། །ཁ་ ཅིག་ལས་བླ་གབ་མེད་པ་དང་། མེ་ཁང་དང་། མཆོད་རྟེན་གྱི་གཞི་དང་། ཁྱིམ་བདག་གི་ས་གཞི་ཡང་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་འདི་རྣམས་དང་སྔར་སྨོས་པ་དག་ཏུ་རུང་བའི་ཁང་པ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་བྱ་བ་ནི་གཞན་གྱི་འདོད་པའོ། །དེར་གཡོས་དང་བཙོ་བ་ ཡང་མི་བྱའོ་ཞེས་བྱ་བ་ལ་དེར་ཞེས་བྱ་བ་ནི་ཤིང་དྲུང་ལ་སོགས་པ་དང་བླ་གབ་མེད་པ་དེར་རོ། །ཀུན་དུ་སྤྱོད་པ་འདི་ནི་ཁྱིམ་པ་དང་འདྲ་བ་སྟེ། གཡོས་དང་བཙོ་བ་བྱེད་པ་དེའི་ཕྱིར་ཤིན་ཏུ་དབེན་པར་འདི་བྱ་བར་རིགས་པ་ཡིན་ནོ། །འདིར་མ་སྦས་པར་གནས་པས་མི་བྱ་བར་རབ་ཏུ་བྱུང་བའི་ཕམ་པར་གྱུར་པའི་དོན་ འདིས་གཞན་རྣམས་ལ་ཡང་འགྱུར་རོ། །ཤིང་དྲུང་ལ་སོགས་པ་རྣམས་ལ་འདི་ཤིན་ཏུ་མ་སྦས་པ་ཉིད་དང་། གུས་པ་ཉམས་པའི་མཐའ་མ་ཅན་གྱི་ཉེས་པ་རྣམས་ལ་འགའ་ཞིག་ཏུ་ཞེས་བྱ་བ་ལས་གཡོས་པ་དང་བཙོ་བ་དག་ལས་འདི་རྣམས་བཀག་པ་དང་། ཚོས་པའི་བྱི་དོར་ཡང་མི་བྱའོ་ཞེས་བྱ་ བ་ལ། ཚོས་པའི་བྱི་དོར་ནི་ཚོས་པའི་བྱི་དོར་རོ། །དེ་མི་བྱ་བ་སུམ་ཆ་བངས་པ་ན་ཚོས་པ་ཡིན་ཏེ། ཚོས་པ་དེ་དག་དགེ་སློང་རང་གིས་བྱི་དོར་བྱ་བ་ནི་ཤིང་དྲུང་ལ་སོགས་པའི་གནས་དེ་རྣམས་སུ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཀློག་པ་མ་ཡིན་ཏེ། ཤིན་ཏུ་སྡིག་པ་བསྲུང་བ་ལ་སོགས་པ་དེ་ལྟ་ བས་ན་ཉེ་བར་བསྡུས་པའོ། །འདི་ལ་དུས་བཞི་ཡོད་དོ་ཞེས་བྱ་བ་ནི་འདིར་རུང་བའི་ཁང་པ་བྱིན་གྱིས་བརླབ་པ་འདི་ལ་དུས་བཞི་ཡོད་པའོ། །དེ་དག་ཀྱང་གང་ཞེ་ན། དང་པོ་སོ་ཕག་འགྲེམས་པའོ། །ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བ་ནི་དང་པོ་སོ་ཕག་བཀྲམ་པའི་འོག་ཏུ་རུང་བའི་ཁང་པ་བྱིན་ གྱིས་བརླབ་པ་ནི་དུས་གཅིག་གོ། །དང་པོ་སོ་ཕག་བཀྲམ་པའི་འོག་ཏུ་དེང་ཕྱིན་ཆད་ནས་ཇི་སྲིད་དུ་ལས་སར་པ་ཡོད་པ་ཉིད་འདི་ནི་གཞན་ནོ། །གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའོ་ཞེས་བྱ་བ་ནི་དགེ་སློང་གནས་པ་ཉིད་དང་མ་བྲལ་བ་འདི་ལ་ཡོད་པས་ན་འདི་ནི་དགེ་སློང་གནས་པ་ཉིད་དང་མ་བྲལ་ བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལས་སར་པ་ཉིད་ཀྱི་ཕྱིར་དུས་གཞན་གྱི་ཚེ་ན་གལ་ཏེ་དགེ་སློང་རྣམས་ཀྱིས་ལྷག་པར་གནས་པ་དང་མི་འབྲལ་བར་འགྱུར་ན། དེ་ནས་བྱིན་གྱིས་བརླབ་པར་བྱ་བ་ཉིད་ཅེས་བྱ་བ་འདི་ནི་དུས་གསུམ་པའོ། །དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པ་ན་ ཞེས་བྱ་བ་ནི། དེ་ན་དགེ་སློང་སྔར་གནས་པ་གནས་ཁང་ན་མེད་པ་དེ་ནི་དེ་མ་ཡིན་པ་དེ་གང་ཡིན་པ་དེ་ལ་དགེ་སློང་གནས་པ་མེད་པར་གྱུར་པ་ལ་ལྷག་པར་གནས་པའི་ཕྱིར། དགེ་སློང་རྣམས་ཀྱིས་ཕྱིན་པ་གང་ཡིན་པ་དེ་ནི་བྱིན་གྱིས་བརླབ་པའི་དུས་བཞི་པའོ། །ཕྱིན་པའི་དུས་དེ་ཉིད་དུ་བྱིན་གྱིས་བརླབ་ པར་བྱའོ། །བྱ་བ་གཞན་བརྩམས་པ་དང་ངལ་བསོ་བ་མ་བྱས་པ་ཚུན་ཆད་ནི་དེ་ཉིད་དོ་ཞེས་བྱ་བ་ནི་ཇི་སྲིད་དུ་དེ་རྣམས་ཕྱིན་པ་བྱ་བ་གཞན་བརྩམས་པ་མ་བྱས་པ་ཚུན་ཆད་ཞི་བར་མི་འགྱུར་རོ། །འདུག་པ་ལ་སོགས་པ་གནས་པར་གྱུར་པ་རེ་ཞིག་བརྟག་པར་མི་བྱ་སྟེ། དེ་ཉིད་ནི་ཕྱིན་པ་ཉིད་དོ། །ཕྱིན་པའི་གནས་ སྐབས་སུ་རིག་པར་བྱ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ལ་དགེ་འདུན་གྱི་ལས་ཀྱིས་སོ་ཞེས་བྱ་བ་ནི་དུས་བཞི་པོ་དེ་རྣམས་ལ་དགེ་འདུན་གྱི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དང་པོ་གཉིས་ལ་ནི་གང་ཟག་གིས་ཀྱང་ངོ་ཞེས་བྱ་བ་ནི་དང་པོ་སོ་ཕག་འགྲེམས་པར་གྱུར་པ་དང་། ཕྱིས་ལས་སར་པ་དང་ བཅས་པར་གྱུར་པ་ཉིད་ནི་གང་ཟག་གིས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །གང་ཟག་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་ལག་གི་བླས་སོ། །དང་པོ་ཤོས་ལ་ནི་འབའ་ཞིག་གིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། དང་པོའི་དུས་ལ་དང་པོའི་སོ་ཕག་འགྲེམས་པ་ཉིད་ན་ལག་གི་བླ་འབའ་ཞིག་གིས་ཀྱང་བྱིན་གྱིས་ བརླབ་ཏུ་རུང་བའོ། །དགེ་སློང་རབ་ཏུ་མང་པོ་རྣམས་ཀྱིས་སེམས་བསྡུ་བ་འབའ་ཞིག་ཏུ་མ་ཟད་ཀྱི་འདིའི་སྔགས་ནི། ཚེ་དང་ལྡན་པ་དག་སེམས་སྡུས་ཤིག་ཅེས་བྱ་བའི་དོན་ཏོ། །དང་པོར་འབའ་ཞིག་ལ་འདིས་ཇི་ལྟར་བྱིན་གྱིས་བརླབ་པར་བྱ་ཞེ་ན། དེའི་ཕྱིར་བརྗོད་པས་སོ་ཞེས་བྱ་བ་སྨོས་སོ། ། ཇི་ལྟར་ཡང་དེ་དགེ་སློང་ལག་གི་བླས་རྡོ་བརྟེག་པ་ན། དེའི་ཕྱིར་དང་པོར་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པ་འབྱུང་བར་འགྱུར་ཞེས་གསུངས་པ་ཡིན་ནོ། །གཉིས་པ་ལ་ནི་དགེ་ སློང་རབ་ཏུ་མང་པོ་དག་གིས་སེམས་བསྡུས་པས་སོ་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པའི་དུས་གཉིས་པ་སྟེ། ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བའི་དུས་དེར་ནི་དགེ་སློང་རབ་ཏུ་མང་པོ་དག་གིས་རུང་བའི་ཁང་པར་སེམས་བསྡུས་པར་བྱིན་གྱིས་བརླབ་པར་བྱ་བ་སྟེ། དེའི་ཚེ་ན་ཡང་གཙུག་ལག་ ཁང་བྱེད་པ་སྲིད་པའི་ཕྱིར་རོ། །གསུམ་པ་ལ་ནི་ལས་ཁོ་ནས་སོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའི་དུས་གསུམ་པ་སྟེ། གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའོ་ཞེས་བྱ་བའི་དུས་ཀྱི་དེའི་ཚེ་ན་དགེ་འདུན་གྱིས་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་བྱིན་གྱིས་བརླབ་ པ་ཁོ་ནར་བྱས་པའོ། །དུས་གསུམ་པར་བྱིན་གྱིས་བརླབ་པའི་རུང་བའི་ཁང་པ་འདིའི་མིང་ནི་ལས་ཀྱི་མཐའ་ལས་བྱུང་བའི་ཞེས་བྱ་བའོ། །བཞི་པ་ལ་ནི་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་པ་ཉིད་དུ་བསྒྲག་པའི་ཚིག་ཅིག་ཅར་བརྗོད་པས་སོ་ཞེས་བྱ་བ་ལ། ཇི་སྙེད་ཕྱིན་པ་ཞེས་བྱ་བ་ནི་བྱེ་བྲག་མ་ཐོབ་པ་ རྣམས་ལ་མང་པོ་ཉིད་དུ་འཇུག་པར་འགྱུར་བས། མཉམ་པ་སྲིད་པ་ལ་བྱིན་གྱིས་བརླབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །བཞི་པ་ལ་ནི་ཞེས་བྱ་བ་ནི་དུས་ལའོ། །དེ་མ་ཡིན་པ་ལ་ལྷག་པར་གནས་པའི་ཕྱིར་དགེ་སློང་རྣམས་ཕྱིན་པ་ཞེས་བྱ་བ་དེ་ལའོ། །ཅིག་ཅར་ཞེས་བྱ་བ་ལ་དགེ་སློང་ཕྱིན་པ་ཐམས་ཅད་ཀྱིས་ གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་རོ་ཞེས་ཚིག་མཐུན་པར་ཅིག་ཅར་བར་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་ཆོ་ག་དང་སྔགས་མ་བརྗོད་པ་དེ་བས་ན་འདི་ལྟར་སྨོས་སོ། །འདིའི་མིང་ནི་འཕྲལ་ལ་བྱུང་བའི་གནས་ཞེས་བྱའོ། །དུས་གཞན་གྱི་ཚེ་ན་དགེ་སློང་གནས་པ་ཉིད་དང་མ་བྲལ་ ལོ་ཞེས་བྱ་བའི་དུས་གསུམ་པ་འདི་ལ་ལས་གཅིག་པ་ཉིད་ཀྱིས་ཞེས་བྱ་བ་དེ་གནས་པར་རིག་པར་བྱའོ། །གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པ་ལ་མི་མཛེས་པ་མེད་པ་ཞེས་བྱ་བ་ལ་གཅིག་གིས་ཞེས་བྱ་བ་ནི་རུང་བའི་ཁང་པའོ། །འདིར་གཞུང་ནི། བ་ལང་གི་གནས་པ་ལྟ་བུ་གང་ཞེ་ན། གཙུག་ ལག་ཁང་ཐ་དད་པ་ན་གནས་པའོ་ཞེས་བྱ་བའི་དོན་དེ་འདིས་ཤེས་པའོ། །དེ་ནི་ཐ་དད་པར་གྱུར་པའི་གནས་ཏེ་ཐ་དད་པ་དུ་མ་དག་ཏུ་རུང་བའི་ཁང་པ་གཅིག་ཏུ་གཙུག་ལག་ཁང་དུ་མའི་དེ་གནས་རྣམས་ཀྱིས་བྱ་བ་བྱེད་པ་གང་ཡིན་པ་དེ་ནི་མི་མཛེས་པ་མ་ཡིན་པར་ཤེས་པར་བྱའོ། །དེ་ནི་ཐ་དད་པར་གྱུར་ པའི་རུང་བ་ཉིད་དུ་མ་བསྟན་ཏོ་ཞེས་བྱ་བ་ནི་དོན་གཞན་འདིས་དོགས་པ་ཡིན་ལ་འབྲེལ་བར་གནས་པའི་གཞི་ཐ་དད་པར་གྱུར་པ་གང་ཡིན་པ་དེས་སོ། །བྱིན་གྱིས་མ་བརླབས་པར་ཡང་རུང་བ་ཞེས་བྱ་བ་གཞུང་འདིས་སྨོས་པ་དེ་བས་ན་དེའི་འདི་བཀག་པའོ། །འདིར་ནི་དེ་མ་གསུངས་སོ་ཞེས་བྱ་བ་ཡང་ཅིའི་ ཕྱིར་ངེས་པ་འདིར་ཡིན་ཞེ་ན། དེའི་ཕྱིར་གལ་ཏེ་གནས་ཀྱི་གཞི་ཡིན་ན། དེའི་ཕྱིར་ཐ་དད་པར་གྱུར་པའོ། །འདི་བྱིན་གྱིས་བརླབ་པ་མེད་པ་རུང་བ་ཉིད་ལ་མི་སྦྱར་རོ། །གལ་ཏེ་མ་ཡིན་ན་འདིར་མི་རུང་བ་ཉིད་དུ་ཐལ་བ་མེད་པའོ། །གསོག་འཇོག་ཏུ་གྱུར་པ་ཟ་བ་དེ་བསལ་བའོ། །གནས་པ་མ་ཡིན་པའི་ གཞི་ལ་མི་སྤྲོ་བ་འདི་མཐོང་བ་མ་ཡིན་ཞེས་བྱ་བའོ། །ཡང་ཁ་ཅིག་ནི་འདི་སྐད་ཅེས་ཟེར་ཏེ། བ་ལང་གི་གནས་ཞེས་བྱ་བ་འདི་ལྟར་བརྗོད་པ་ཡིན་ཏེ། ཇི་ལྟར་ཡང་མཚམས་གཅིག་ཏུ་གཙུག་ལག་ཁང་རབ་ཏུ་མང་པོ་ཐ་དད་པ་དག་ཏུ་བཀོད་པར་གྱུར་ཅིང་། དེ་རུང་བའི་ཁང་པ་གཅིག་ལ་བློ་མཐུན་ པར་བྱས་ནས་གཙུག་ལག་ཁང་དེ་དག་ཐམས་ཅད་ཀྱི་རུང་བའི་ཁང་པ་གཅིག་ཁོ་ན་ཡིན་ཏེ་བ་ལང་གི་གནས་ལྟ་བུ་ཞེས་གསུངས་པ་ནི་ཁང་པ་གཅིག་ཁོ་ན་ཡིན་ནོ། །པད་མའི་ཞེས་བྱ་བ་ཡན་ཆད་མུ་གེའི་ཚེའོ། །མུ་གེའི་ཚེ་དགེ་སློང་གིས་བཙོས་པ་དག་དང་ལག་ཉེར་བླངས་པ་དང་། བྱིན་ལེན་མ་ བྱས་པ་དག་བཟའ་བར་བྱའོ། །ནང་དུ་བཙོས་པ་དང་ཞག་ལོན་པའོ། །སྔ་དྲོ་བའི་ཟས་སོ་ཞེས་བྱ་བ་དེ་དག་ནི་ཟས་སྤངས་ནས་བཟའ་བ་དང་ཡང་ཡང་ཟ་བའི་གནང་བའོ། །བཏུང་བ་ནི་དུས་ཐམས་ཅད་དུའོ་ཞེས་བྱ་བ་ནི་ལོ་ལེགས་པའི་དུས་སུ་ཡང་བཟའ་བར་བྱ་བའོ། །འདིར་གཞུང་ནི་སིལ་བུ་ལས་དེ་ ལྟ་བས་ན་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་ཉི་ཤུ་པ་ལ་བརྟེན་ཏེ། དེ་དགེ་འདུན་ཐམས་ཅད་ཀྱིས་གང་ཞིག་བཏུང་བ་བཏུང་བར་རྫས་སུ་གནང་ངོ་ཞེས་གསུངས་པ་དེ་ཡིས་བསྡུས་པ་འདི་ཡིན་ནོ། །དེ་ཡང་སྤངས་པ་ཟ་བ་དང་ཡང་ཡང་ཟ་བ་བག་ཡངས་སུ་གནང་བར་རྣམ་པར་གནས་པ་ཡིན་ནོ། །སྔར་ བྱིན་ལེན་བྱས་པ་སྤངས་ཏེ་ལངས་པས་སོ་ཞེས་བྱ་བ་ནི་སྔར་བྱིན་ལེན་བྱས་པ་གང་ཡིན་པ་དེ་སྤངས་ཏེ་ལངས་པས་བཟའ་བར་བྱའོ། །དེ་བླང་བར་བྱ་བའི་ཕྱིར་ལྡང་བར་བྱའོ་ཞེས་བྱ་བ་ནི་སྔར་བྱིན་ལེན་བྱས་པ་དེ་བླང་བར་བྱ་བའི་ཕྱིར་རོ། །འདི་ནི་ཟས་བརྩམས་པས་བླང་བར་མི་བྱའོ་ཞེས་བྱ་བ་ནི་དེའི་བག་ ཡངས་སུ་བྱ་བ་ཡིན་ནོ། །ལྷག་མའོ་ཞེས་བྱ་བ་ནི་དེས་བཟའ་བར་བྱ་བའི་ཕྱིར་སྟ་གོན་བྱས་པ་གང་ཡིན་པ་དེ་ལས་ལྷག་མ་ཡོད་པ་དེ་གང་ཡིན་པ་དེ་དགེ་སློང་སྤངས་ཏེ་ལངས་པས་བཟའ་བར་བྱའོ། །མངོན་པར་བསྒྲུབ་པོ་ཞེས་བྱ་བ་ནི་གཞག་པའི་གནས་པས་དྲངས་པ་སྤངས་ཏེ་ལངས་པས་བཟའ་བར་ བྱའོ། །ལྷག་མ་དེ་འབྱུང་བ་གང་གིས་མི་རིགས་པ་གང་ཞིག་གི་འདོད་པ་དེ་ལ་བརྗོད་པར་བྱ་སྟེ། དེས་བསྒྲུབ་པར་བྱའོ། །གཞན་ཡང་གནང་བ་དེའི་ཕྱིར་ནགས་ཀྱི་རུས་པའོ་ཞེས་བྱ་བ་སྨོས་ཏེ། སྤངས་ཏེ་ལངས་པ་ལས་བཟའ་བར་བྱའོ། །ནགས་ཀྱི་རུས་པ་ཞེས་བྱ་བ་ནི་དཔེར་ ན་ཤའི་རུས་པ་ནི་རུས་པ་དག་ཡིན་པ་དེ་བཞིན་དུ་ནགས་ཀྱི་ཤིང་དག་ནི་རུས་པ་ཅན་དག་ཡིན་པས་དེའི་ཕྱིར་ཤིང་ཐོག་རུས་པ་ཅན་ནི་ནགས་ཀྱི་རུས་པ་ཡིན་ནོ། །ཤ་གན་དྷ་ལ་སོགས་པ་ལྟར་གཞན་གྱི་གཟུགས་སོ། །ཡང་ནགས་ཀྱི་རུས་པ་ཞེས་བྱ་བ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ་རྒུན་ དང་བལ་པོ་སེའུ་དང་། འབྲ་གོ་དང་སྟར་ཀ་དང་པ་ཏ་མ་དང་། ཨུ་རུ་མའི་ཀ་དང་ཀུ་རུ་མའི་ཀ་དང་ཁམ་བུ་དང་རྒྱ་ཤུག་དང་ས་ར་དག་ནི་དེ་ཞེས་བྱ་བའོ། །པདྨའོ་ཞེས་བྱ་བ་སྨོས་ཏེ། དེ་ཡང་ནགས་ཀྱི་རུས་པ་ཡིན་ཏེ། སྤངས་ཏེ་ལངས་པས་བཟའ་བར་བྱའོ། །འདིར་ཐམས་ཅད་དུ་ལྷག་མའོ་ཞེས་བྱ་བ་ལ་ སོགས་པས་སྤངས་ཏེ་ལངས་པས་ཞེས་བྱ་བ་དང་སྦྱར་རོ། །པདྨ་ཞེས་བྱ་བ་དེ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ་པདྨའི་རྩ་བ་དང་། པདྨའི་རྩ་ལག་དང་བེ་ཊ་དང་། ཨུཏྤ་ལའི་རྩ་བ་དང་པདྨའི་སྙིང་པོ་དག་ནི་དེ་ཞེས་བྱའོ་ཞེས་སྨོས་སོ། །གཞིར་གཏོགས་པའི་སྨན་གྱི་གཞིའོ།། །།དེ་ལ་ རེ་ཞིག་འབྲེལ་པ་བསྟན་པར་བྱ་སྟེ། བཀྲེས་པ་དང་སྐོམ་པ་དག་ནི་ནད་དང་འདྲ་བ་མ་ཡིན་ཏེ། དེ་བས་ན་དེ་དག་གི་གཉེན་པོར་གྱུར་པ་འཚོ་བ་ཙམ་སྒྲུབ་པར་བྱེད་པ་བཟའ་བར་བྱ་བ་དང་། བཏུང་བར་བྱ་བ་དུས་སུ་རུང་བའི་སྨན་གྱི་ཆོས་ཁོངས་སུ་གཏོགས་པ་ཉིད་གང་ཡིན་པ་དེ་དག་གི་འདུ་བའི་སྒོ་བསྟན་ པའི་ཕྱིར། རྒྱལ་སྲིད་དང་དེའི་ཕྱེད་ནོད་པར་མི་བྱའོ་ཞེས་བྱ་བ་སྨོས་ཏེ་དེའི་ཞེས་བྱ་བ་ནི་རྒྱལ་སྲིད་དེའོ། །དགེ་འདུན་གྱི་ཆེད་དུ་གྲོང་མནོད་པའོ། །ཞིང་ཡང་ངོ་ཞེས་བྱ་བ་ནི་མནོད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཞིང་ནི་གྲོང་གི་ཕྱོགས་གཅིག་པ་ཡིན་པའི་ཕྱིར་གྲོང་མེད་པའི་ཕྱིར་དགོན་པ་དང་། འབད་ རྩོལ་མེད་པའི་གནས་དང་འབྲེལ་པ་ཞེས་བྱ་བ་ལྷག་མས་ཤེས་པར་བྱའོ། །དེ་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི་ཞིང་དེའོ། །དེའི་འོག་ཤས་མནོད་དོ། །ཐོག་ཤས་བརྩལ་ལོ། །མནོད་པས་དེ་གཙུག་ལག་ཁང་དུ་དབུལ་བར་བྱ་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ནམ་གྱི་ཚེ་གང་ཞེ་ན། དེའི་ཕྱིར་བདག་ ཉིད་ཀྱི་བས་དང་པོར་རོ། །བསྲུང་བའི་ཕྱིར་དགེ་སློང་དག་བསྐོའོ་ཞེས་བྱ་བ་ནི་ཐོག་ཤས་མནོད་པ་ལ་སོགས་པ་ལའོ། །འདུ་བ་དང་འགོད་པ་དང་གཉིས་ཀ་ལས་གང་ཡང་རུང་བ་མི་མངོན་པས་རྩིས་གདབ་པར་མི་བྱའོ་ཞེས་བྱ་བ་ནི། འདུ་བ་དང་འགོད་པ་དང་། འདུ་འགོད་གཉིས་ལས་གང་ཡང་རུང་ བ་ཞེས་བྱ་བའོ། །འདི་རྣམས་ལས་གཞན་པའི་དག་འདུན་གྱི་གནས་གཅིག་ལས་གདགས་པར་མི་བྱ་སྟེ། དེར་རྩིས་གདབ་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །གཞན་ལ་དྲན་པ་དང་ཤེས་བཞིན་སྔོན་དུ་བཏང་སྟེ་དེ་ལ་འཇུག་པར་བྱའོ་ཞེས་བྱ་བ་ལ། གཞན་ལ་ཞེས་བྱ་བ་ནི་གང་དུ་གཉིས་ཀ་གདགས་ པ་བྱེད་པ་ལ་དེར་རྩིས་བྱེད་པ་ལ་དྲན་པ་དང་། ཤེས་བཞིན་སྔོན་དུ་བཏང་སྟེ་འཇུག་པར་བྱའོ། །དགེ་འདུན་གྱི་ཆེད་དུ་གཡོག་འཁོར་ཉེ་བར་གཞག་གོ་ཞེས་བྱ་བ་ལ་འདིར་གཞུང་ནི་མ་བྱིན་པར་ལེན་པའི་ཕམ་པར་གྱུར་པ་ལས་འདིར་ལས་ཀྱི་མཐར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ ཆེད་དུ་གཡོག་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ནས་གཙུག་ལག་ཁང་དུ་སྒྲ་མི་འབྱུང་བ་དེར་ལྷ་འབངས་ཀྱི་ཁྱིམ་བྱེད་དུ་གཞུག་གོ། །ཇི་སྙད་དགོས་པར་འཇུག་པར་བྱའོ། །ཟས་དང་གོས་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གཙོ་བོར་དགེ་འདུན་གྱི་གཡོག་དག་ལའོ། །གལ་ཏེ་ གཞན་མེད་ན་དེའི་དོན་དུ་སྦྱིན་པ་ཤུགས་ཀྱིས་རྟོགས་པའོ། །གལ་ཏེ་ལས་བྱེད་པ་ནའོ་ཞེས་བྱ་བ་ནི་གལ་ཏེ་གཡོག་དག་ལས་བྱས་ན་དེ་དག་ལ་ཟས་དང་གོས་སྦྱིན་པར་བྱ་བ་ཉིད་དོ། །ན་བ་རྣམས་ལ་གཡོག་བྱའོ་ཞེས་བྱ་བ་ནི་གཡོག་དག་གལ་ཏེ་ན་ན་དེ་རྣམས་ལ་ཡལ་བར་མི་དོར་དེ་སྨན་ལ་སོགས་པས་ བསྙེན་བཀུར་བྱའོ། །བ་གླང་དང་མ་ཧེ་དང་ར་དང་ལུག་དང་། གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བོང་བུ་དང་། འབྲུ་ཙམ་པ་དང་སྣོད་ཀྱང་ངོ་ཞེས་བྱ་བ་ཡང་དགེ་འདུན་གྱི་ཆེད་དུ་བླང་བར་བྱའོ། །གླེང་གཞི་རྣམས་ལས་འབྲུ་ཙམ་པ་གནང་བ་རྗེས་སུ་གསུངས་པ་ཡིན་ནོ། །ཕྲན་ཚེགས་དག་ལས་ནི་སྣོད་རྣམས་ ལའོ་ཞེས་གསུངས་པ་ཡིན་ནོ། །འདི་ཡང་འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ལོངས་སྤྱོད་དང་། ལོངས་སྤྱོད་མཆོག་བླང་དུ་རུང་ངམ་ཀ་ཏ་ཡ་ན་དགེ་འདུན་གྱི་ཆེད་དུ་བླང་དུ་རུང་ངོ་། །དེ་ལ་ལོངས་སྤྱོད་ནི་གྲོང་དང་ཞིང་དག་གོ། །ལོངས་སྤྱོད་མཆོག་ནི་བ་ལང་དང་ར་དང་ལུག་དང་མ་ཧེའོ། །ཡོ་ བྱད་མ་ཡིན་པ་དག་གང་ཞེ་ན་གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བ་ལང་དང་། བོང་བུ་དང་ར་དང་ལུག་དང་མ་ཧེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཆོད་རྟེན་གྱི་ཡང་རུང་བ་དག་གོ་ཞེས་བྱ་བ་ནི། མ་མོ་ལས་དེ་བསྡུས་ནས་གསུངས་པ་ཡིན་ནོ། །གང་ཞིག་ཕུལ་ནས་ཁྱིམ་པ་ཤི་ ན་གླང་པོ་ཆེ་ལ་སོགས་པ་རྣམས་རྒྱལ་པོ་ལ་དབུལ་ལོ་ཞེས་གསུངས་སོ། །རྫས་འདི་ཉིད་རྙེད་པ་ལ་ཡང་ཁྱིམ་པས་རྒྱལ་པོ་དབང་བ་ཉིད་ཅེས་བྱ་བ་དེའི་དགོངས་པ་ནི་འདི་ཡིན་གྱི། དེ་བདག་ཏུ་བྱེད་པ་ལ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་རྟེན་རྟོགས་པར་བྱའོ། །དེ་དག་མཆོད་རྟེན་གྱིར་ཡང་མི་རུང་ བ་མ་ཡིན་ནོ་ཞེས་བྱ་བ་ནི། གྲོང་ལ་སོགས་པ་དགེ་འདུན་གྱ