Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 161

Văn bản gốc(Tây Tạng)

Trang 15 / 19 (50.000 ký tự/trang)
་དེ་ཉིད་ལ་བརྟེན་ནས་སམ་ཞེ་ན། དེའི་ཕྱིར་གཤེ་བ་དང་། སྤྱོ་བ་ལ་ཞེས་བྱ་བ་སྨོས་ཏེ། ཅི་འབྱུང་བ་དང་མི་འབྱུང་བ་ཁྱད་པར་མ་བྱས་པ་ཉིད་ཀྱི་ཕྱིར་གཉིས་ཀ་ལྟར་ཤེས་པའོ། །འདིར་གཞུང་ནི་ཞུ་བ་ལས་ཆོས་གཉིས་དང་
ལྡན་པའི་ཁྱིམ་བདག་ལ་ལྷུང་བཟེད་ཁས་སྦུབ་པར་བྱ་སྟེ། གཉིས་གང་ཞེ་ན། དགེ་སློང་དག་ལ་གཤེ་བ་དང་སྤྱོ་བར་བྱེད་པ་དང་། དགེ་སློང་དག་པ་ལ་གཞི་མེད་པ་ལ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པ་ལའོ་ཞེས་གསུངས་པ་ཡིན་ནོ། །ཅི་ཁས་ཕུབ་ཏུ་གཞག་
པས་ཁ་དབུབ་པར་བྱ་བའམ། ཇི་སྲིད་དུ་གན་རྐྱལ་དུ་མ་བྱས་པ་དེ་སྲིད་དུ་འདི་ལ་སུས་ཀྱང་ལྷུང་བཟེད་མེད་པར་མི་བྱའོ། །འོན་ཏེ་གཞན་གྱིས་ཤེ་ན། དེའི་རྣམ་པར་གཞག་པས་སོ་ཞེས་བྱ་བ་སྨོས་ཏེ། འདིར་ལྷུང་བཟེད་བཟེད་པར་མི་བྱའོ་ཞེས་བྱ་བ་ཁྲིམས་སུ་བྱ་བ་རྣམ་པར་གཞག་
པར་བྱ་བས་ཡིན་གྱི། ལྷུང་བཟེད་ཀྱི་དབྱིབས་སུ་གྲུབ་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གང་གིས་དེ་རྣམ་པར་གཞག་པར་བྱ་ཞེ་ན། དེའི་ཕྱིར་གསོལ་བས་སོ་ཞེས་བྱ་བ་སྨོས་ཏེ། གསོལ་བ་འབའ་ཞིག་གི་ལས་གྱིའོ། །གང་གི་ཕྱིར་ཁས་སྦུབ་པ་དེའི་དོན་བརྗོད་པར་བྱ་

སྟེ། ལྷུང་བཟེད་ཁས་སྦུབ་བའི་ཁྱིམ་དུ་འགྲོ་བར་མི་བྱའོ། །སྟན་ལ་འདུག་པར་མི་བྱའོ། །སྦྱིན་པར་བྱ་བའི་ཆོས་བཤམས་པ་ལས་ཡོངས་སུ་ལོངས་སྤྱོད་པར་མི་བྱའོ་ཞེས་བྱ་བ་ལ་འདིས་ནི་གཙུག་ལག་ཁང་ཡང་སྤང་བར་ཡང་རིག་པར་བྱའོ། །དེ་ལྟར་ཡང་
འདིར་གཞུང་ཁ་ཅིག་ལས་སྦྱིན་པར་བྱ་བའི་ཆོས་སྔར་བཤམས་པ་དག་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བསོད་སྙོམས་བླང་བར་མི་བྱའོ། །ཆོས་བསྟན་པར་མི་བྱའོ། །གང་དུ་ལས་བྱ་བ་དེར་གཏོགས་པ་དག་ལ་ཁས་སྦུབ་པ་ཉིད་ཡིན་ནོ་ཞེས་བྱ་
བ་ཡིན་ནོ། །གནས་ཀྱི་གཞི་གང་དུ་ལས་བྱ་བ་དེར་གཏོགས་པའི་ཁྱིམ་བདག་རྣམས་ལ་ལྷུང་བཟེད་ཁས་སྦུབ་པ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གི་ཁྱིམ་བདག་བཞིའི་གནས་བཞི་པོ་དག་ཏུ་ལྷུང་བཟེད་བཞི་ཁས་སྦུབ་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ། ཡོད་དེ་
ཁྲིའམ་ཁྲིའུ་འམ་ཤིང་ངམ་རེ་ལྡེས་གནས་བཞི་པོ་དག་གི་མཚམས་དག་མནན་ཏེ་ཁ་སྦུབ་པར་བྱེད་ནའོ་ཞེས་གསུངས་པ་ཡིན་ནོ། །ཐ་ན་གནས་ནས་ཕྱུང་བ་ཕན་ཆད་རང་གི་ཕྱོགས་དང་མཐུན་པའི་མ་ཡིན་པའི་ཁྱིམ་དུ་དེ་མི་འཆགས་སོ་ཞེས་བྱ་བ་ནི་ཐ་ན་གནས་ནས་ཕྱུང་བ་ཕན་ཆད་ཀྱི་
སྒྲ་དབྲི་བའོ། །ཐ་ན་གནས་ནས་ཕྱུང་བ་ཕན་ཆད་ཀྱི་སྒྲས་ཕྱོགས་དང་མཐུན་པ་མ་ཡིན་པ་ཚུན་ཆད་ཀྱི་དགེ་སློང་གི་ཡོན་བདག་གི་ཁྱིམ་དུ་ལྷུང་བཟེད་ཁས་སྦུབ་པ་དེ་མི་འཆགས་སོ། །འདིར་གཞུང་ནི་དགེ་སློང་ཁས་མ་བླངས་པ་དག་ལ་ཁས་བླངས་པ་དག་གིས་ཁྱིམ་དག་ཏུ་ལྷུང་བཟེད་
ཁས་མ་སྦུབ་པར་བརྗོད་པར་བྱའོ། །དེ་བཞིན་དུ་གནས་ནས་ཕྱུང་བ་དག་གིས་རང་བཞིན་དུ་གནས་པ་དག་གི་ཁྱིམ་བདག་རྣམས་ཀྱི་ཁྱིམ་བདག་ཏུ་ལྷུང་བཟེད་ཁས་སྦུབ་པར་བྱེད་ན་ཁས་མ་སྦུབ་པར་བརྗོད་པར་བྱའོ། །དེ་བཞིན་དུ་གནས་པར་མི་བྱ་བ་དག་གིས་གནས་པར་བྱ་བ་དག་གི་
ཁྱིམ་བདག་རྣམས་ཀྱི་ཁྱིམ་དག་ཏུ་ལྷུང་བཟེད་ཁས་སྦུབ་པར་བྱེད་ན་ཁས་མ་སྦུབ་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་འགའ་ཞིག་གིས་གོ་བར་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་ཁས་སྦུབ་པ་དེ་དགེ་སློང་འགའ་ཞིག་གིས་ཁྱིམ་བདག་དེ་ལ་དགེ་འདུན་གྱིས་ཁྱོད་ལ་ལྷུང་བཟེད་ཁས་

སྦུབ་པོ་ཞེས་གོ་བར་བྱའོ། །བཟོད་པར་གསོལ་བ་དང་ལྡན་ན་གསོལ་བས་བཟློག་པར་བྱའོ་ཞེས་བྱ་བ་ནི་ཁྱིམ་བདག་དེ་བཟོད་པར་གསོལ་བར་བྱེད་ན། དགེ་སློང་དེ་ལ་གསོལ་བ་འབའ་ཞིག་གི་ལས་ཀྱིས་ལྷུང་བཟེད་ཕྱིར་བཟློག་པར་བྱའོ། །བཅབ་པའི་སེམས་མ་སྐྱེས་ན་
མཐའ་ལས་ལྡང་བར་འགྱུར་རོ་ཞེས་བྱ་བ་ནི་གང་ལ་བཅབ་པའི་སེམས་གཅིག་ཀྱང་མ་སྐྱེས་ན་དེ་ཕམ་པར་འགྱུར་བའི་ལྟུང་བ་ལས་ལྡང་བར་འགྱུར་བའོ། །ཐབས་གང་གིས་ལྡང་བར་འགྱུར་ཞེ་ན། དེའི་ཕྱིར་བསླབ་པ་སྤྱོད་པས་སོ་ཞེས་བྱ་བ་སྨོས་སོ། །བསླབ་པ་སྤྱོད་པ་
དེ་དག་གང་གིས་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར། དེ་ཐོབ་པས་སོ་ཞེས་བྱ་བ་སྨོས་ཏེ། བསླབ་པ་ལ་སྤྱོད་པ་ཐོབ་པས་བསྒྲུབ་པར་བྱའི་མ་ཐོབ་པས་མ་ཡིན་ནོ། །སུ་ལས་ཐོབ་པ་ཞེ་ན། དེའི་ཕྱིར། དགེ་འདུན་ལས་སོ་ཞེས་བྱ་བ་སྨོས་སོ། །དགེ་འདུན་གྱིས་དེ་ལ་ཇི་ལྟར་སྦྱིན་
པར་བྱ་ཞེ་ན། དེའི་ཕྱིར། ལས་ཀྱིས་སྦྱིན་ནོ་ཞེས་བྱ་བ་སྨོས་སོ། །དུས་ཇི་སྲིད་དུ་ཞེ་ན། དེའི་ཕྱིར། ཇི་སྲིད་འཚོ་བའི་བར་དུའོ་ཞེས་བྱ་བ་སྨོས་ཏེ་འདིར་གཞུང་ནི་ཇི་ལྟར་དེ་སྙོམས་པར་ཞུགས་པ་ལ་དེ་ལྟར་དགྲ་བཅོམ་པ་ཉིད་བག་ཡངས་སུ་སྦྱོར་བའོ། །གང་གི་ཚེ་འཁྲུལ་པའི་རྒྱུ་
ཟད་ནས་བསྙེན་པར་རྫོགས་པ་ལ་དེའི་ཚེ་ན་ནི་བསླབ་པ་སྦྱིན་པ་ཞེས་མི་བྱ་སྟེ། བསྙེན་པར་རྫོགས་པ་སྔོན་དུ་འགྲོ་བའི་ངོ་བོ་ཞེས་བྱ་བའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་འདི་དང་པོར་བྱ་བ་སྟེ་མཐར་སོང་བ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ངོ་ཚ་དང་ལྡན་པ་དང་།
མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས། དགེ་འདུན་ལྷག་མ་ལས་བདག་གོ་ཞེས་བྱ་བ་ལ་འདིས་སྤོ་བར་བྱ་བ་དང་མགུ་བར་བྱ་བ་དག་ལ་རྩོམ་པ་མི་དགོས་པ་ཉིད་ཅེས་བྱ་བ་ཤེས་པར་བྱའོ། བསམ་
པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསམ་པའི་ཁྱད་པར་སྐྱེད་པའི་ཕྱིར་ཆད་པའི་ལས་བྱ་བ་ཡིན་ནོ། །དེ་བས་ན་འདིར་ཆད་པའི་ལས་མེད་པར་བསམ་པའི་ཁྱད་པར་གནས་པ་ཡོད་ན་འདི་དོན་མེད་པར་བྱེད་པ་ཉིད་དོ། །འདིར་གཞུང་ནི་སིལ་བུ་

དག་ལས། དེ་ལྟ་བས་ན་གང་དག་རྣམ་པ་དེ་ལྟ་བུར་རང་བཞིན་གྱིས་ངོ་ཚ་ཤེས་པ་དང་ལྡན་པ་དེ་དག་གིས་ནི་གཅིག་གི་མདུན་དུ་བཤགས་པར་རྗེས་སུ་གནང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྟུང་བ་མིང་དང་རིགས་དང་ལྡན་པར་བརྗོད་པར་
བྱའོ་ཞེས་གང་ཞིག་གསུངས་པ་དེ་ལ། འདིར་མིང་ནི་རྣམ་པ་ཇི་ལྟ་བུ་ཞིག་ཡིན། རིགས་ནི་རྣམ་པ་ཇི་ལྟ་བུ་ཞིག་ཡིན་པར་ཤེས་པར་བྱ་ཞེ་ན་དེའི་ཕྱིར། འདིར་མིང་ནི་ལྟུང་བྱེད་ཀྱི་སྡེ་ཚན་ལས་མིང་ངོ་། །བྱུང་བ་ནི་རིགས་སོ་ཞེས་བྱ་བ་སྨོས་ཏེ། འདིར་ལྟུང་བ་ལས་ལྡང་བ་ལ་
སྡེ་ཚན་ལ་བརྟེན་ནས་མིང་དུ་གྲགས་པ་གང་ཡིན་པ་དེ་ནི་མིང་དུ་ཤེས་པར་བྱའོ། །དེ་བས་ན་ཕམ་པར་འགྱུར་བ་དང་དགེ་སློང་ལྷག་མར་ཞེས་བྱ་བ་ལ་སོགས་པས་སོ། །བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པ་བྱུང་བ་གང་ཡིན་པ་དེ་ནི་རིགས་ཡིན་པར་ཤེས་པར་བྱའོ། །
འདིར་གཞུང་ནི་བཙུན་པ་ལྟུང་བ་རྣམས་ཀྱི་མིང་ཞེས་བགྱི། རིགས་ཞེས་ཀྱང་བགྱི་ན། བཙུན་པ་མིང་གང་ལགས། རིགས་ནི་གང་ལགས། ཉེ་བ་འཁོར་ཕམ་པར་འགྱུར་བ་ཞེས་བྱ་བ་ནི་མིང་ངོ་། །བྱུང་བ་ནི་རིགས་སོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་མིང་ངོ་། །ལྟུང་བྱེད་དང་
སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཞེས་བྱ་བ་ནི་མིང་ངོ་། །བྱུང་བ་ནི་རིགས་སོ་ཞེས་གསུངས་པ་ཡིན་ནོ། །འདི་ནི་གླེང་གཞི་དག་ལས་ཀོའུ་ཤཱམྦཱི་དང་། དམར་སེར་ཅན་གྱི་གཞི་གཉིས་ལ་ཕྱིར་བཅོས་པའི་གཞི་ཞེས་བྱ་བའི་མིང་གཞན་དུ་བྱས་ཏེ། ཕྱིར་བཅོས་པར་
བྱ་བའི་གང་ཟག་གི་བྱེ་བྲག་ཐམས་ཅད་བསྟན་པའི་ཕྱིར། འཐབ་ཀྲོལ་བྱེད་པ་ལ་སོགས་པའི་གང་ཟག་གང་ཇི་སྙེད་ཕྱིར་བཅོས་པར་བྱ་བ་དེ་དག་ཐམས་ཅད་དེ་གཉིས་ཀྱིས་ཕྱིར་བཅོས་པར་བྱ་བ་གསུངས་པས་དེའི་ཕྱིར་དོན་དང་མཐུན་པར་མིང་བསྟན་པར་བྱ་བའི་ཕྱིར་དེ་གཉིས་ལ་
ཕྱིར་བཅོས་པའི་གཞི་ཞེས་བྱ་བའི་མིང་དུ་གཞན་དུ་བྱ་སྟེ་དེས་ན་མིང་བརྗོད་པ་ཁོ་ནས་བརྡ་ཕྲད་སླ་བར་འགྱུར་རོ་ཞེས་བྱ་བར་ཤེས་པར་བྱའོ། །ཕྱིར་བཅོས་པའི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །ཕྱིར་བཅོས་པའི་གཞི་རྫོགས་སོ།། །།འདི་ལ་དགེ་འདུན་ལྷག་

མར་མི་ཤེས་པ་ཉིད་དང་། བཅབ་པའི་སེམས་མ་བཞག་པས་བརྗེད་པ་དང་། བྱས་སམ་མ་བྱས་ཅི་ཞིག་ཇི་ལྟ་བུ་ཞིག་ཅེས་དྲན་པར་མི་ནུས་པ་ཉིད་དང་། བསྙེན་པར་མ་རྫོགས་པ་ཉིད་དང་། གནས་ནས་ཕྱུང་བ་ཉིད་ལ་འཆབ་པ་མི་འབྱུང་ངོ་ཞེས་བྱ་བ་ནི་འཆབ་པའི་ཉེས་པ་མི་འབྱུང་ངོ་ཞེས་
བྱ་བར་སྦྱར་རོ། །གང་གི་ཕྱིར་ཤེས་ཏེ་སྦས་ན་ནི་འཆབ་པར་འགྱུར་རོ། །བཅབ་པའི་སེམས་མ་བཞག་པས་བརྗོད་པ་ཞེས་བྱ་བ་ནི་སྔར་ཤེས་པའི་དོན་དེ་ཉིད་དགོས་པ་མེད་པར་བརྗོད་པ་སྟེ་མི་ཤེས་པའོ། །གང་གིས་བསམ་པའི་སེམས་མ་བཞག་པས་ནི་མངོན་པར་བརྟེན་
པའོ། །བསམ་པས་ཞུགས་པས་གཞག་པར་བྱ་བ་དེ་ལ་དེ་སྐྱེ་བར་འགྱུར་རོ། །འཆབ་པ་དེ་ལ་མི་སྐྱེད་པ་མ་ཡིན་ནོ། །དེ་བས་ན་མ་བཞག་པ་ལ་སོགས་པའི་བྱེ་བྲག་བྱས་པའོ། །མི་སྣང་བ་མ་བརྗེད་པ་ཡོད་པར་གྱུར་ན་དེ་ལྟར་བཅབ་པའི་སེམས་མ་བཞག་པས་བརྗེད་པ་དེ་
ལ་ཡང་འཆབ་པ་མི་འབྱུང་ངོ་། །མི་ནུས་པ་ཉིད་ཅེས་བྱ་བ་ནི་དྲན་པའི་ཕྱིར་བར་དུ་ཆོད་པའི་ཆོས་ཅན་སྐྱོན་དང་བཅས་པ་བརྗེད་ངས་པ་དེ་བརྗོད་པའོ། །ཇི་ལྟ་བུའི་སྐྱོན་དང་བཅས་པ་བརྗེད་ངས་པ་མི་སྐྱེད་པ་དེ་བཞིན་དུ་འཆབ་པ་ལའོ། །བྱས་སམ་མ་བྱས་ཞེས་འཇུག་པར་
རྟོགས་པ་ནི་སྐྱོན་དང་བཅས་པར་བརྗོད་པའོ། །ཇི་སྲིད་ཅིག་ཅེས་བྱ་བ་ནི་དབྱར་གནས་པ་ཉིད་ཀྱིས་ཡིད་ལ་ཉེ་བར་གནས་པ་ལའོ། །ཇི་ལྟ་བུ་ཞིག་ཅེས་བྱ་བ་ནི་སྤྱིར་ཡིད་ཀྱི་ངོ་བོ་ཀུན་ནས་སློང་བས་བསམས་བཞིན་དུ་གྱུར་པ་ལ་དེ་བཟློག་པར་བྱ་བའི་དོན་དུའོ། །བསྙེན་པར་
རྫོགས་པ་ཉིད་ལྟུང་བ་དང་ལྡན་པ་ལ་འཆབ་པ་མི་འབྱུང་བ་ཉིད་དོ། །ཐ་སྙད་དུ་བྱ་བའི་འདུ་ཤེས་ལས་ཉམས་པ་ཉིད་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི་སྨྱོན་པ་དང་སེམས་འཁྲུགས་པ་ལ་སོགས་པའི་ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་
ཉིད་ལ་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་བའོ། །མན་ཆད་ཅེས་སྨོས་པས་ནི་ལྟུང་བ་ཐམས་ཅད་ནི་མི་འབྱུང་བར་བསྟན་ཏོ། །ཡང་ཞེས་བྱ་བའི་སྒྲས་ནི་འཆབ་པ་ཡང་མི་འབྱུང་ངོ་ཞེས་བྱ་བའི་རྗེས་བསྟན་ཏོ། །འདིར་ཕམ་པར་འགྱུར་བ་མན་ཆད་ཀྱི་ཞེས་

བྱ་བ་ལ། འདིར་མན་ཆད་ཀྱི་སྒྲས་ནི་མངོན་པར་ཁྱབ་པའི་དོན་དུའོ། །ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི་ལྟུང་བ་ཐམས་ཅད་མི་འབྱུང་བར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །མ་བཅས་པ་ཉིད་ལ་ཡང་ངོ་ཞེས་བྱ་
བ་ནི་དེ་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཡང་མི་འབྱུང་ངོ་ཞེས་བྱ་བའི་རྗེས་སུ་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདིར་གཞུང་ནི་ལས་དང་པོ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མི་ཤེས་པ་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟུང་བ་ཡིན་ནོ་
ཞེས་བྱ་བ་མི་ཤེས་པ་ཉིད་ལ་ནི་ལྟུང་བ་མི་འབྱུང་བ་མ་ཡིན་ཏེ་འབྱུང་བ་ཁོ་ན་ཡིན་པའོ། །འདིར་གཞུང་ནི་ཚེ་དང་ལྡན་པ་དེ་མི་ཤེས་པས་ནི་མི་གྲོལ་ཏེ། དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་ཞེས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །མངོན་
པར་ཡིད་མི་ཆེས་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ཡང་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདོན་པ་དང་བརྗོད་པ་དག་ཐོས་པ་དང་འདི་ལྟུང་བ་ཡིན་ནོ་ཞེས་བྱ་བ་མངོན་པར་ཡིད་མི་ཆེས་པ་ཉིད་ལ་ཡང་ལྟུང་བ་འབྱུང་བ་ཁོ་ནར་འགྱུར་རོ། །མངོན་པར་མི་ཤེས་པ་ཉིད་དུ་འདུ་ཤེས་པ་ལ་ཡང་
ངོ་ཞེས་བྱ་བ་ཡང་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། འདོན་པར་བྱེད་པ་དང་རྗོད་པར་བྱེད་པ་ལ་འདི་བྱིས་པ་ཡིན་པས་ཅུང་ཟད་ཀྱང་སྨྲ་བ་མ་ཡིན་ནོ་ཞེས་དེའི་ཚིག་དག་ལ་མི་གུས་ཤིང་མངོན་པར་མི་ཤེས་པ་ཉིད་དུ་འདུ་ཤེས་པས་ལྟུང་བ་ལ་ཡང་མངོན་པར་ཡིད་མི་ཆེད་པ་ཉིད་ལ་ཡང་
ལྟུང་བ་ཁོ་ནར་འགྱུར་ཏེ། དེ་དག་ནི་ལྟུང་བ་མི་འབྱུང་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཀུན་ཤེས་པར་འདོད་པའི་དགེ་སློང་གིས་ཀྱང་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ས་གཞན་ན་གནས་པ་ཉིད་ལ་ནི་སྔ་མ་ཡང་ངོ་ཞེས་བྱ་བ་ནི་སྔོ་བ་
དང་མགུ་བ་དང་བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་དང་། བསླབ་པ་བྱིན་པས་ས་གཞན་ན་གནས་པ་ཉིད་ལ་ནི་སྔ་མ་ཞེས་བྱ་བ་ལྟུང་བ་འབྱུང་བ་ཁོ་ནར་མ་ཟད་སྔ་མ་འཆབ་པ་ཞེས་བྱ་བ་ཡང་མི་འབྱུང་བ་མ་ཡིན་ཏེ་འབྱུང་བ་ཁོ་ན་ཡིན་པའོ། །དེ་ལ་འཆབ་པ་དང་ལྟུང་བ་

གཉིས་ཀ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །འཆབ་པ་ལ་དགེ་འདུན་ལྷག་མ་ཉིད་ལ་ཡིད་གཉིས་ཟ་བ་ནི་ཤེས་པ་པོ་དང་འདྲའོ་ཞེས་བྱ་བ་ནི་ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་བྱ་བར་སྦྱར་ཏེ། འཆབ་པའི་ཡུལ་ལ་དགེ་འདུན་ལྷག་མ་ལ་ཡིད་གཉིས་ཟ་བཞིན་དུ་བཅབས་ན་
དགེ་འདུན་ལྷག་མ་ཤེས་བཞིན་དུ་བཅབས་པ་དང་འདྲ་སྟེ་བཅབས་པའི་ཉེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ས་གང་ལ་འཆབ་པ་མི་འབྱུང་བ་དེ་ལ་སྤྱད་པ་ཡང་ངོ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་དང་གནས་ནས་ཕྱུང་བ་དང་ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་ཞེས་སྨོས་པ་
དེ་དག་ནི་འདིར་ས་ཞེས་བྱ་བའི་སྒྲར་བརྗོད་དོ། །དེ་དག་ཇི་ལྟར་འཆབ་པ་འབྱུང་བའི་ཞིང་མ་ཡིན་པ་དེ་བཞིན་དུ་ཡོངས་སུ་གནས་པ་ལ་སོགས་པ་སྤྱད་པའི་ཞིང་མ་ཡིན་པའོ། །དེ་བཞིན་དུ་མ་བཅབས་པ་ལ་ཡང་ཇི་ལྟར་འདིར་འཆབ་པ་མི་འབྱུང་བ་དེ་ལྟར་གནས་ནས་སྤོ་བ་ལ་སོགས་
པ་སྤྱོད་པ་ལ་ཡང་དེ་ལྟ་བས་ན་འདི་བསྟན་པའོ། །མ་གུས་པས་སྤྱོད་པ་གཏོང་ན་ཉེས་བྱས་སོ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་དང་མགུ་བ་སྤྱོད་པ་མ་གུས་པས་གཏོང་ན་ཉེས་བྱས་སུ་འགྱུར་རོ། །འཐབ་ཀྲོལ་བྱེད་པ་འོང་བས་འཇིགས་པས་གཏོང་བ་ལ་ནི་ཉེས་པ་མེད་དོ། །
དེ་ལ་དེའི་སྡེ་པ་ལྷག་པར་སྤྱོད་པ་ཡང་ངོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་སྤོ་མགུ་བྱེད་པ་དེ་ལའོ། །དེའི་སྡེ་པ་ཞེས་བྱ་བ་གང་གི་སྡེ་ཚན་སྤྱོད་པ་དེ་ནི་དེའི་སྡེ་པའོ། །ཡོངས་སུ་གནས་པ་དང་མགུ་བ་སྤྱོད་པའི་གནས་སྐབས་དེ་ལ་དེའི་སྡེ་པ་ཞེས་བྱ་བ་དགེ་འདུན་ལྷག་མའི་སྡེ་ཚན་དུ་གཏོགས་
པའི་དངོས་གཞི་འམ་ཉེས་པ་སྦོམ་པོའམ་ཉེས་བྱས་ལྷག་པར་སྤྱོད་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡོད་ལ་ཕྱིར་མི་འཆོས་ན་ཡང་ངོ་ཞེས་བྱ་བ་ནི་ལེན་པར་བྱེད་པ་ཡོད་པ་ལ་སོགས་པས་ཕྱིར་བཅོས་པའི་ཐབས་ཡོད་པ་ལ་སྤོ་བ་དང་ལྟུང་བ་ཕྱིར་མི་འཆོས་ན་སྐྱ་
རེངས་རེར་ཞིང་ཉེས་བྱས་རེ་རེར་འགྱུར་བའོ། །མི་སྤྱོད་པའི་ས་ནས་ཕྱིར་འོངས་པ་ནི་དེའི་གནས་སྐབས་ཉིད་ཡིན་ནོ་ཞེས་བྱ་བ་ནི་གནས་སྐབས་གང་ལ་སྤོ་བ་ལ་སོགས་པའི་སྤྱོད་པའི་ས་བསྙེན་པར་མ་རྫོགས་པ་ལ་སོགས་པ་ཐོབ་པ་དེའི་ཕྱིར་འཆོས་པ་ལ་སྤོ་བ་དང་མགུ་བ་མི་སྤྱོད་

པའི་སར་སོང་ནས་སྤྱོད་པའི་ས་སྒྲུབ་པ་ལ་ལྟུང་བ་དང་བཅས་པའི་གནས་སྐབས་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྦྱངས་པའི་གཞི་ལ་ལྷག་མ་རྗེས་སུ་བསྒྲུབ་པོ་ཞེས་བྱ་བ་ནི་བདག་ལ་ལྟུང་བའི་མིང་ནི་འདི་བྱུང་རིགས་ནི་འདི་བྱུང་དུས་ཇི་སྲིད་ཅིག་ཏུ་
བཅབས་པའམ་མ་བཅབས་པ་དེའི་ཕྱིར་བདག་གིས་སྤྱད་པ་འདི་བླངས་ཏེ་འདི་ཇི་སྲིད་ཅིག་ནི་སྤྱད་ཟིན་ཏོ། །ལྷག་མ་ནི་ཇི་སྲིད་ལུས་སོ་ཞེས་སྤྱད་པ་གང་ལ་ཀུན་དུ་སྤྱད་པ་དེ་བརྟེན་པར་བྱ་བའི་དགེ་འདུན་ལ་དེ་གོ་བས་སྦྱངས་པའི་གཞི་ལ་ལྷག་མ་མ་སྤྱད་པ་ཅི་ཡོད་པ་བསྒྲུབ་པར་བྱ་སྟེ།
དེ་ལ་ལྷག་མ་གང་ཡོད་པ་དེ་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཡོངས་སུ་གནས་པར་བྱེད་པའི་གང་ཟག་གིས་གཞི་ཇི་ཙམ་སྦྱངས་ན་རྣམ་པར་འཁྱམས་ཏེ། ཡང་ཕྱིར་འོངས་ནས་བསྙེན་པར་རྫོགས་ན་འདུལ་བ་དང་འགལ་བའི་བཅས་པའི་ཁ་ན་མ་ཐོ་བའི་ཉེས་བྱས་
བཤགས་ཏེ། ཡོངས་སུ་གནས་པ་ལ་ཡོངས་སུ་གནས་པར་གྱུར་ན། ཡོངས་སུ་གནས་པ་ལ་ཡོངས་སུ་གནས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཅབས་པའི་དུས་ངེས་པར་མི་ཤེས་ན་ཉུང་བ་ཉིད་དུ་མི་འགྱུར་བ་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི་ལྟུང་བ་གང་ལ་
བཅབས་པའི་དུས་ངེས་པ་ཉིད་དུ་མི་ཤེས་ཏེ། བདག་གིས་ལྟུང་བ་དེ་དུས་འདི་སྲིད་དུ་བཅབས་པ་ཞེས་བྱ་བར་བཅབས་པའི་དུས་ངེས་པར་མི་ཤེས་པ་དེ་ལ་ཅི་ནས་ཀྱང་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་སྲིད་ཅིག་ལ་བརྟེན་པར་བྱ་སྟེ། གང་དུ་ཉུང་བའི་དུས་མི་འགྱུར་བའི་དུས་དེ་སྲིད་
དུའོ། །སྤྱད་པར་བྱ་བ་ཉིད་ལ་དག་པའི་མཐའ་ཅན་ཉིད་ཀྱི་བྱེ་བྲག་གིའོ་ཞེས་བྱ་བ་ནི་ཡུལ་དེ་ལ་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་ལྟ་བུ་ལ་བརྟེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་དུས་དེར་དོན་གཉིས་ལ་བརྟེན་ཏེ་བཅབས་པ་དང་སྤྱད་པར་བྱ་བ་ཉིད་ལའོ། །སྤྱད་པར་བྱ་བ་ཉིད་ཅེས་བྱ་བ་
ནི་དུས་འདི་སྲིད་དུ་ཡོངས་སུ་གནས་པར་བྱ་བ་ཞེས་བྱའོ། །དེ་ལ་བཅབས་པ་ལ་ནི་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་གཉིས་ཀའི་དུས་ལ་བརྟེན་པའོ། །སྤྱད་པར་བྱ་བ་ཉིད་ལ་ནི་ཡོངས་སུ་གནས་པའི་དུས་འབའ་ཞིག་ལ་བརྟེན་པའི་མགུ་བར་བྱ་བའི་དུས་ལ་ནི་མི་བརྟེན་ཏེ་འདི་ལྟར་

དུས་ངེས་པ་ཉིད་ཡིན་པའི་ཕྱིར་རོ། །ཇི་ལྟར་ཉུང་བ་ཉིད་ཀྱི་མི་འགྱུར་བ་དག་པའི་མཐའ་ཅན་གྱི་བྱེ་བྲག་གི་དུས་བརྟེན་པར་བྱའམ་ཞེ་ན། དེའི་ཕྱིར་དག་པའི་མཐའ་ཅན་ཟླ་བ་བཞི་ལའོ་ཞེས་བྱ་བ་སྨོས་ཏེ། ཟླ་བ་བཞི་ལ་སོགས་པ་ཇི་ལྟར་ཉུང་བ་ཉིད་དུ་མི་འགྱུར་བའི་ཚིག་གི་དུས་ལ་བརྟེན་ནས་
ལྷག་མ་དང་བཅས་པ་ལ་དེ་བརྟེན་པ་སྟེ། དེ་ཙམ་དུ་སྤྱོད་པ་ལ་སྤྱད་པར་བྱ་བའི་དུས་དེ་ཁོ་ནར་ངེས་པར་འཆབ་པའི་དུས་སྤྱོད་པར་འགྱུར་རོ་སྙམ་དུ་དོན་གྲུབ་པ་ལ་མངོན་པར་བརྟེན་ནས་ཡིད་ཀྱིས་བརྟེན་པར་བྱ་བ་ཙམ་ལ་ནི་མ་ཡིན་ནོ་ཞེས་བྱ་བར་གོ་བར་བྱ་བའི་དོན་དུ་དག་པའི་མཐའ་ཅན་ཞེས་བྱ་བ་
འོག་ནས་བརྗོད་པར་བྱའོ། །འདིར་དག་པའི་མཐའ་ཅན་གྱི་དོན་ནི་ཚིག་གི་དོན་འདིས་སྤོ་བ་འདི་ལ་ཡོད་པས་ན་དག་པའི་མཐའ་ཅན་ནོ། །དེ་ཡོད་པས་དག་པའི་མཐའ་སྟེ། ཇི་ལྟར་ཁྱོད་ལ་འདི་སྦྱིན་པ་དང་བླང་བ་ཞེས་བྱ་བའི་དོན་ཏོ། །འོ་ན་བཅབས་པའི་དུས་ངེས་པར་མི་ཤེས་པས་ཉུང་
བ་ཉིད་དུ་མི་རུང་བའི་དུས་ལ་བརྟེན་པར་གང་གསུངས་པ་དེ་ལ་ནི་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་ཡོངས་སུ་ཆད་པ་ཞིག་ལ་བརྟེན་པར་བྱ་བའམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་བཅབས་པ་ནི་དཔག་ཏུ་མེད་པ་ལའོ་ཞེས་བྱ་བ་སྨོས་ཏེ་བརྟེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ཞེ་ན། དེའི་
ཕྱིར་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་དཔག་ཏུ་མེད་པར་ཞེས་སོ་ཞེས་བྱ་བ་སྨོས་ཏེ། དུས་བཅབས་པ་གོ་བར་བྱ་བའི་དོན་དུ་འདིར་ཡང་དག་པར་འབྱུང་བ་བརྗོད་པའི་འོག་ཏུ་དུས་དཔག་ཏུ་མེད་པར་བཅབས་པ་ཞེས་བྱ་བར་སྦྱར་ཏེ། ཟླ་བ་བཞི་བཅབས་པས་ནི་མ་ཡིན་ཞེས་བྱ་བའི་དོན་
ནོ། །འདི་སྐད་བརྗོད་པ་ན་བདེན་པ་བརྗོད་པར་མི་འགྱུར་ཏེ། འདི་ལ་ཇི་སྙེད་ལ་སེམས་པ་དེ་སྙེད་དུ་གཏོགས་པ་ཉིད་རྗེས་སུ་བསྒྲུབ་པོ་ཞེས་བྱ་བ་འདི་ལ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་དག་ལའོ། །འདི་ལ་ལྟུང་བ་ཇི་སྙེད་པ་ཕྱིར་བཅོས་པར་སེམས་པ་དེ་སྙེད་དུ་
གཏོགས་པ་ཉིད་ཅེས་སུ་བསྒྲུབ་པར་བྱ་སྟེ། ལྟུང་བ་མང་པོ་དག་ལ་ཡང་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་གཅིག་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་ཀྱིས་ཆོག་གོ་ཞེས་བསྟན་པའོ། །ཚད་ནི་རྣམ་པ་གཉིས་ཏེ་ལྟུང་བའི་ཚད་དང་མཚན་མོའི་ཚད་དོ། །དེ་ལ་མཚན་མོའི་ཚད་ངེས་པར་མི་

ཤེས་པའི་ཆོ་ག་ནི་བསྟན་ཟིན་ཏོ།། །།ལྟུང་བའི་ཚད་ངེས་པར་མི་ཤེས་པའི་ཆོ་ག་བསྟན་པར་བྱ་སྟེ། ངེས་པར་མི་ཤེས་ན་དེ་དཔག་ཏུ་མེད་པ་ལ་བརྟེན་པར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དཔེ་ཙམ་ཡོད་པ་ལའོ། །ལྟུང་བའི་ཚད་ངེས་པར་མི་ཤེས་ན་ལྟུང་བ་དེ་
དཔག་ཏུ་མེད་པ་བྱུང་ངོ་ཞེས་བྱ་བ་དེ་ལ་བརྟེན་པར་བྱ་སྟེ། ཕྱིར་བཅོས་པར་བྱ་བ་འདྲ་བའི་ཕྱིར་དེ་ལྟར་ཤེས་པར་བྱའོ། །མང་པོ་ཉིད་ལ་ནི་ཚད་ཤིན་ཏུ་མང་པོ་དང་ལྡན་པ་ཞེས་སོ་ཞེས་བྱ་བ་ནི་ལྟུང་བ་དག་མང་པོ་ཡིན་ན་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ཚད་ལྟུང་བ་ཤིན་ཏུ་མང་པོ་
དང་ལྡན་པ་བྱུང་བ་ལ་བརྟེན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དུས་རྣམས་ནི་ལྷག་པས་སོ་ཞེས་བྱ་བ་ནི་ལྟུང་བ་དང་བཅས་པའི་དུས་ཐ་དད་པ་རྣམས་དང་ལྷན་ཅིག་ཏུ་ཡོངས་སུ་གནས་པ་དང་། མགུ་བར་བྱ་བ་སྦྱིན་པ་དེའི་ཚེ་ན་ལྟུང་བ་གཞན་དག་གི་དུས་ཡུན་རིང་ཞིང་ལྷག་པ་དེ་ལ་
བརྟེན་པར་བྱའོ། །མིང་དག་ལ་ནི་སོགས་པ་དང་ལྡན་པ་ཉིད་དུའོ་ཞེས་བྱ་བ་ནི་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་ལ་སོགས་པ་ནི་འདིར་མིང་དུ་གསུངས་པར་རིག་པར་བྱ་བ་སྟེ་གལ་ཏེ་སྡེ་ཚན་གྱི་མིང་དེ་དག་ལ་ནི་སོགས་པ་དང་ལྡན་པ་ཉིད་དུ་བརྟེན་པར་བྱའོ། །གང་རྣམས་
ཀྱིས་དེ་དང་པོ་ཞེས་བྱ་བ་དོན་དེས་ལྟུང་བ་གཞན་དག་གི་མིང་བརྗོད་པ་ལ་བརྟེན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་བྱེ་བྲག་མེད་པར་དང་པོ་གང་ཡིན་པ་ཉིད་ལ་བརྟེན་པར་བྱ་བའམ་ཞེ་ན། དེའི་ཕྱིར་ལྕི་བ་ཉིད་དང་བསམ་པ་དྲག་པོས་བྱས་པ་ཉིད་དག་གིས་དང་པོ་ཉིད་དུའོ་ཞེས་བྱ་བ་སྨོས་
ཏེ། འདིར་ལྕི་བ་ཉིད་ཅེས་བྱ་བ་ནི་གཞི་ལས་ལྟུང་བ་གང་ལས་དངོས་པོ་ལས་ལྟུང་བ་དུ་མ་ཡོད་པར་འགྱུར་བ་ལ་ལྟུང་བ་ལྕི་བ་ཉིད་དང་། བསམ་པ་དྲག་པོས་བྱས་པ་ཉིད་ནི་དེ་ལ་དང་པོ་ཉིད་ཀྱང་ལྟུང་བའི་ཕྱིར་བཅོས་པ་ཉིད་དང་ཕྱིར་བརྟེན་པར་བྱ་བ་ཉིད་དོ། །འདིར་གཞུང་ནི་སངས་རྒྱས་
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ཞིང་བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བ་ནི་དགུང་གཅིག་བཅབས་ལ་འཛིན་པ་ལས་འབྱུང་བ་དགུང་གཉིས་བཅབས་པ་ནས་བཀའ་བློ་མི་བདེ་བ་བྱུང་བ་དགུང་

བཅུ་གསུམ་བཅབས་པའི་བར་དུ་བྱུང་ན། བཙུན་པ་དེ་དག་དུས་གཅིག་དང་སྐད་ཅིག་ལ་ལས་བགྱིད་པ་གཅིག་གིས་ཡོངས་སུ་གནས་པ་དང་། གཞི་ནས་ཡོངས་སུ་གནས་པ་དང་མགུ་བར་བགྱི་བ་དང་། གཞི་ནས་མགུ་བར་བགྱི་བ་སྩལ་ཅིང་དབྱུང་བར་བགྱི་བ་དང་། ལས་དེ་
དག་བརྗོད་པར་བགྱི་བར་བརྗོད་པ་དང་དེས་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་བར་རུང་ངམ། ཉེ་བ་འཁོར་རུང་སྟེ། བསམས་བཞིན་དུ་ཁུ་བ་ཕྱུང་བ་ཞིག་ཕྱུང་བ་ཞག་གཅིག་བཅབས་པའི་ལྟུང་བ་གང་ཡིན་པ་ནས་བཀའ་བློ་མི་བདེ་བ་ལས་བྱུང་བ་ཞག་བཅུ་གསུམ་
བཅབས་པའི་བར་གྱི་ལྟུང་བ་གང་ཡིན་པ་དེ་དག་ལ་དམ་པ་དང་རབ་ཏུ་དམ་པ་དང་ལྕི་བ་དང་ཞག་གཅིག་ཏུ་བཅབས་པ་གང་ཡིན་པ་དེའི་ཕྱིར་ཡོངས་སུ་གནས་པ་དང་། གཞི་ནས་ཡོངས་སུ་གནས་པ་དང་། མགུ་བར་བྱ་བ་དང་། མགུ་བར་བྱ་བ་སྦྱིན་ཞིང་དབྱུང་བར་བྱ་སྟེ། ལས་དེ་
དག་ཀྱང་བྱས་པར་བརྗོད་པར་བྱ་ལ་དེས་དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་འདིར་མངོན་པར་ཞེན་པར་བྱས་པ་ནི་དམ་པ་ཡིན་ལ་མངོན་པར་ཞེན་པ་ཤས་ཆེན་པོར་བྱས་པ་ནི་རབ་ཏུ་དམ་པ་ཉིད་ཡིན་པར་རིག་པར་བྱའོ། །སྤྱོད་
པ་ལ་སྔོན་བྱུང་བ་གཞན་གྱི་གསོ་བར་འདོད་པ་སྐྱེས་ན་ཐ་དད་པར་སྦྱིན་ཞིང་ཅིག་ཅར་སྤྱད་དོ་ཞེས་བྱ་བ་ནི་ཡོངས་སུ་དག་པ་དང་མགུ་བར་བྱ་བ་སྤྱོད་པའི་གང་ཟག་ལ་སྔོན་ལྟུང་བ་བྱུང་བ་གཞན་གྱི་གསོ་བར་འདོད་པ་བསྐྱེད་ན་ལྟུང་བ་དེའི་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྦྱིན་པ་ཐ་
དད་པར་སྦྱིན་པར་བྱ་ཞིང་སྤྱད་པ་ནི་ཅིག་ཅར་སྤྱད་དུ་རུང་བ་སྟེ། འདི་ལ་ལྟུང་བ་གཞན་ཡིན་པས་སྤྱད་པ་ཡང་སྤྱད་པའི་ཆོ་ག་ཡིན་ནོ་སྙམ་དུ་བསམ་པར་མི་བྱའོ། །དེ་བཅབས་པ་ཉིད་ཡིན་ན་མགུ་བར་བྱ་བ་ལ་མི་སྲིད་དོ་ཞེས་བྱ་བ་ནི་མགུ་བ་སྤྱོད་པ་དང་ཡོངས་སུ་གནས་པ་དེ་ཅིག་
ཅར་སྤྱོད་པར་ཐལ་བ་བཟློག་པའི་ཕྱིར་མདོ་འདི་བྱས་སོ། །ལྟུང་བ་བཅབས་པ་བཅབས་པ་ཉིད་དང་ལྷན་ཅིག་སྤྱོད་པ་འདི་ལ་མགུ་བར་བྱ་བ་སྤྱད་པ་ནི་མི་སྲིད་དེ་ཡོངས་སུ་གནས་པ་དང་། ལྷན་ཅིག་ཏུ་ཞེས་བྱ་བའི་དོན་གྱིས་གོ་བའོ། །མགུ་བར་བྱ་བ་ནི་སེམས་མགུ་བར་

བྱ་བའི་ཕྱིར་ཡིན་ལ། ཡོངས་སུ་གནས་པ་ནི་བཅབས་པའི་ཁ་ན་མ་ཐོ་བ་གཞོམ་པའི་ཕྱིར་ཡིན་ནོ། །དེ་བས་ན་འདི་གཉིས་ཅིག་ཅར་སྤྱད་པ་ནི་མི་སྲིད་དོ། །དགེ་སློང་དག་ཁྱོད་ཀྱིས་གང་ཟག་དེ་ལ་ལྟུང་བ་གཉིས་པའི་རྒྱུ་ལ་སྔ་མ་ལ་ནི་ཇི་ལྟར་
བཅབས་པའི་ཡོངས་སུ་གནས་པ་བྱིན་ཅིག །ཕྱི་མ་ལ་ནི་ཞག་དྲུག་མགུ་བ་བྱིན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་པ་དེ་ནི་མགུ་བ་སྤྱོད་པའི་གནས་སྐབས་སུ་ཡོངས་སུ་གནས་པ་ལ་སྤྱད་པ་ཡང་དེ་ལྟར་བསྟན་པར་མི་བྱ་སྟེ་ད་ནི་ཕྱིར་བཅོལ་བ་ཙམ་བསྟན་པ་ཡིན་པས་ན་
དེས་ནི་སྔར་བཅབས་པའི་ཕྱིར་ཡོངས་སུ་གནས་པ་བྱེད་དུ་བཅུག་ལ་དེའི་འོག་ཏུ་དབྱུང་བའི་ཕྱིར་མགུ་བར་བྱེད་དུ་བཅུག་ཅིག་ཅེས་གསུངས་པ་ཡིན་གྱི་མགུ་བ་དང་ཡོངས་སུ་གནས་པ་གཉིས་ཅིག་ཅར་སྤྱོད་དུ་གཞུག་པ་ནི་མ་ཡིན་ནོ། །དུས་དང་དུས་མ་ཡིན་པར་བསྡུས་པའི་དབྱུང་བ་
གཞིའོ་ཞེས་བྱ་བ་ནི་གཞི་འདི་ལ་མིང་དུ་བྱས་པའོ། །འདི་ནི་ལྟུང་བ་བཅབས་པ་སྤྱད་པ་རྣམས་ཀྱི་ལྡང་བའི་དུས་སོ། །འདི་ནི་དུས་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་ནི་མི་ཤེས་པའི་དུས་ལ་བརྟེན་པར་བྱའོ། །བསྡུས་པ་འབྱུང་བ་ཞེས་བྱ་བ་ནི་ལྟུང་བ་རྣམས་ཀྱི་ཆོ་ག་
མདོར་བསྡུས་པ་འདི་ཅིག་ཅར་མངོན་དུ་འབྱུང་ངོ་ཞེས་བྱ་བའི་ཚིག་གིས་དེ་རིག་པར་བྱའོ། །དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞིའོ།། །།ཉིན་མཚན་གྱི་མཐའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ་ཞེས་བྱ་བ་ནི་སྐྱ་རེངས་ཤར་ན་ནི་འཆབ་པ་འབྱུང་བ་ཁོ་ནར་འགྱུར་རོ། །
བརྗོད་པའི་ཡན་ལག་མེད་ན་དེའི་སེམས་མ་ཡིན་པ་ཉིད་འཆབ་པ་མ་ཡིན་ནོ་ཞེས་བྱ་བ་ནི་བརྗོད་པའི་རང་བཞིན་དུ་གྱུར་པ་དང་རང་བཞིན་དུ་གནས་པ་དང་། ལྟ་བ་ཐ་མི་དད་པ་དང་བསྙེན་པར་རྫོགས་པ་དང་བཅས་པ་དང་། མཚན་ཐ་མི་དད་པ་དང་། མཚམས་ཀྱི་ནང་ན་གནས་པ་ཞེས་བྱ་བ་
ལ་སོགས་པའི་གང་ཟག་གང་ཡིན་པ་དེ་མེད་ན། ཉིན་མཚན་གྱི་ཐ་མའི་ཆ་དེ་ལ་ཡང་དེའི་སེམས་མ་ཡིན་པ་ཉིད་ཅེས་བྱ་བ་བརྗོད་པ་དེའི་སེམས་མ་ཡིན་པ་ཉིད་ཅེས་བྱ་བ་ཡོད་ཀྱང་དེ་འཆབ་བ་མ་ཡིན་ནོ། །བརྗོད་པའི་ཡན་ལག་ཡོད་པ་གལ་ཏེ་མི་བརྗོད་དོ་སྙམ་དུ་མི་བརྗོད་པའི་བསམ་

པ་སྐྱེ་ན་དེའི་ཚེ་འཆབ་པ་ཁོ་ནར་འགྱུར་རོ། །བགྲོད་དུ་མེད་དམ་སོང་བའི་དབང་ནི་མེད་པ་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་བརྗོད་པའི་ཡན་ལག་ཡོད་དུ་ཟིན་ཀྱང་གལ་ཏེ་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་བརྗོད་དུ་འགྲོ་བའི་སྐབས་མེད་དམ་གནས་དེ་ནས་སོང་བར་གྱུར་ན། དེའི་དབང་གིས་
ཡན་ལག་དེ་མེད་པ་ནི་དེའི་བརྗོད་པའི་ཡན་ལག་མེད་པ་དང་འདྲ་བ་ཉིད་ཡིན་ནོ། །བརྗོད་པའི་ཡན་ལག་ཉེ་བར་གནས་སུ་ཟིན་ཀྱང་རྐྱེན་འགའ་ཞིག་གིས་བདག་ཉིད་དེར་བརྗོད་དུ་འགྲོ་བའི་སྐབས་མེད་དམ་བདག་ཉིད་གནས་དེ་ནས་གཞན་དུ་སོང་བར་གྱུར་པའི་དབང་དག་གིས་བརྗོད་
པའི་ཡན་ལག་མེད་པ་ན་མི་བརྗོད་པའི་སེམས་གང་ཡིན་པ་དེ་ནི་འཆབ་པ་མ་ཡིན་ནོ། །བགྲོད་དུ་མེད་པ་དང་སོང་བ་དེ་གཉིས་ཀྱིས་བརྗོད་པ་མ་གྲུབ་པ་འགའ་ཞིག་མེད་པ་དང་འདྲ་བ་ཉིད་ཡིན་པར་མ་ཟད་ཀྱི་འོན་ཀྱང་འདི་ལྟར་དེའི་རྐྱེན་གྱི་དབང་གིས་བྱས་པ་ཡང་ངོ་ཞེས་བྱ་བ་ཡང་འཆབ་
པར་གྱུར་དུ་དོགས་པའི་དབང་གིས་ཏེ་དེ་ལྟར་ན་ཡང་བཅབས་པར་མི་འགྱུར་བ་ཁོ་ན་ཡིན་ནོ། །སོང་སྟེ་མ་བརྗོད་ན་བདག་ལ་བཅབས་པའི་ཉེས་པར་འགྱུར་རོ་སྙམ་དུ་དོགས་པའི་བསམ་པ་གལ་ཏེ་བརྗོད་པའི་ཡན་ལག་དྲུང་དུ་མི་འགྲོ་འམ། གནས་དེ་ནས་གཞན་དུ་སོང་
བར་གྱུར་ན། དེ་ལྟར་ན་ཡང་བརྗོད་པའི་ཡན་ལག་མེད་པ་དང་འདྲ་བ་ཉིད་དུ་རིག་པར་བྱ་སྟེ་དེའི་ཚེ་ཡང་འཆབ་པར་མི་བྱའོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་ལྟུང་བ་དང་བཅས་པ་དགེ་སློང་མི་གནས་པའི་གནས་ན་མཆིས་ཤིང་གང་ལ་ཡང་བརྗོད་པར་མི་བགྱིད་ན་
བཅབས་པར་བརྗོད་པར་བགྱི་འམ། ཉེ་བ་འཁོར་མི་བྱའོ། །བཙུན་པ་རེ་ཞིག་དགེ་སློང་ལྟུང་བ་དང་བཅས་པ་དགེ་སློང་རྣམས་དང་ལྷན་ཅིག་གདུགས་ཡོལ་བར་བགྱིས་ནས་མཚན་མོ་དགེ་སློང་མི་གནས་པའི་གནས་ན་མཆིས་ཤིང་གང་ལ་ཡང་བརྗོད་པར་མི་བགྱི་ན་
བཅབས་པར་བརྗོད་པར་མི་འགྱི་འམ་ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དོན་མེད་པས་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་དོན་ཅུང་ཟད་ལ་ཡང་མི་ལྟོས་པར་མི་འགྲོ་འམ། གཞན་དུ་སོང་བས་ནི་ཉེས་བྱས་སུ་འགྱུར་རོ། །མཐའི་མདུན་རོལ་དུ་ཡང་ངོ་ཞེས་བྱ་བ་ནི་ཉིན་མཚན་གྱི་

མཐའི་མདུན་རོལ་དུ་བཅབས་པ་ཡང་ཉེས་བྱས་སུ་འགྱུར་རོ། །འཆབ་པའི་སེམས་མ་བཏང་བ་ཉིད་ནི་དེའི་སེམས་ཉིད་ཡིན་ནོ་ཞེས་བྱ་བ་ནི་འཆབ་པ་ཀུན་དུ་སྤྱོད་པ་དག་ཉིན་མཚན་གྱི་མཐར་འཆབ་པའི་སེམས་ཡིན་ཞིང་འཆབ་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་
ཀྱི་ཇི་ལྟར་འཆབ་པའི་སེམས་མ་བཏང་ཞིང་ཡོངས་སུ་མ་སྤངས་པ་འདིས་ཀྱང་འཆབ་པ་དེའི་སེམས་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་གང་གི་མདུན་དུ་འཆབ་པ་འབྱུང་བར་འགྱུར་བར་རང་བཞིན་དུ་གནས་པ་དང་། མཚམས་ཀྱི་ནང་ན་གནས་པ་
ལ་གལ་ཏེ་མི་བརྗོད་ན་དེ་ཕྱིན་ཆད་འཆབ་པ་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་བརྗོད་པ་རྗེས་སུ་སྒྲུབ་པར་མི་བྱེད་པ་ཙམ་ཁས་བླང་བར་བྱའི་འཆབ་པ་ལ་ཕྱོགས་པ་ཉིད་ནི་ཁས་བླང་བར་མི་བྱ་སྟེ། དེའི་ཕྱིར་དོན་འདི་ཐོས་པས་མདོ་འདི་བྱས་སོ། །དགེ་སློང་
ཕམ་པར་གྱུར་པས་ལྟུང་བ་ཕྱིར་མ་བཅོས་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི་ཇི་སྐད་དུ་འདི་ནི་ཡོད་ལ་ཕྱིར་མི་འཆོས་ན་ཡང་ཉེས་བྱས་སོ་ཞེས་སྔར་སྨོས་པ་དེའི་དམིགས་ཀྱིས་བསལ་བ་ཡིན་ཏེ་འབྱུང་བའི་ཡན་ལག་ཉིད་ཀྱི་ཕྱིར་འདིར་དེའི་སྡོམ་པ་ནི་དགོས་པ་མེད་པ་ཉིད་དུ་གྱུར་པའི་ཕྱིར་
དེ་ལ་ཉེས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ཡང་དེའི་ཕྱིར་གང་ཟག་གི་གཞི་ལ་དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་ཞེས་མིང་དུ་བྱས་ཤེ་ན། འདི་ནི་ལྟུང་བ་དང་བཅབས་པ་སྤྱད་པ་རྣམས་ཀྱི་ལྡང་བའི་དུས་སོ་འདི་ནི་དུས་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསྡུས་པ་
འབྱུང་བ་ཞེས་བྱ་བ་ནི་ལྟུང་བ་རྣམས་ཀྱི་ཆོ་ག་མདོར་བསྡུས་པ་འདི་ཅིག་ཅར་དོན་གཅིག་ཏུ་འབྱུང་བའོ་ཞེས་བརྗོད་པའི་ཕྱིར་དེ་རིག་པར་བྱའོ། །དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་ཞུ་བའི་སྐབས་སོ། །དུས་དང་དུས་མ་ཡིན་པར་བསྡུས་པ་འབྱུང་བའི་གཞི་རྫོགས་སོ།། །།
ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དང་ཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་གུས་པའི་ལས་དག་བདག་གིར་མི་བྱའོ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་ཞེས་སྨོས་

པས་ནི་གཞི་ནས་ཡོངས་སུ་གནས་པ་དང་། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་དང་། གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱོད་པ་དག་ཀྱང་བསྡུས་པ་ཡིན་ཏེ། གང་གི་ཕྱིར་རྩོམ་པའི་བྱེ་བྲག་ལ་བརྟེན་པས་འདི་གཉིས་མངོན་པར་
སྨྲ་བ་དག་གོ། །དེ་བས་ན་དེ་སྤྱོད་པ་རྣམས་ལ་འདིར་མ་བསྡུས་པ་ཉིད་ནི་མ་ཡིན་ནོ། །མངོན་པར་སྨྲ་བ་ཞེས་བྱ་བ་ནི་ཕྱག་འཚལ་ལོ་ཞེས་ཟེར་བ་སྟེ། མངོན་པར་ཞེས་བྱ་བ་སྟེ་བརྗོད་པའི་ཚིག་ཡིན་ལ། སྨྲས་པ་ཞེས་བྱ་བ་ནི་ཕྱག་འཚལ་བའི་ཚིག་ཡིན་པར་སྦྱར་རོ། །ཕྱག་
ཅེས་བྱ་བ་ནི་ལུས་འདུད་པ་བསྡུས་པའོ། །གུས་པའི་ལས་ཞེས་བྱ་བ་ནི་ལག་རྐྱོང་བ་དང་། བསུ་བ་ལ་སོགས་པ་མཆོད་པའི་ལས་གཞན་དག་བསྡུའོ། །དེ་གཉིས་ཀྱིས་མི་བྱ་བ་གང་ཡིན་པ་དེའི་སྐབས་གཞན་དག་གིས་ཀྱང་དེ་དག་ལའོ་ཞེས་བྱ་བ་ལ་དེ་གཉིས་ཀྱིས་ཞེས་བྱ་བ་ནི་
ཡོངས་སུ་གནས་པ་དང་མགུ་བར་བྱ་བར་སྤྱོད་པ་དེ་གཉིས་ཀྱིས་སོ། །མི་བྱ་བ་གང་ཡིན་པ་དེའི་སྐབས་ཞེས་བྱ་བ་ནི་རང་བཞིན་དུ་གནས་པ་ལས་ཅིག་ཤོས་རྣམས་ཀྱིས་སོ། །དེ་དག་ལའོ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་མགུ་བར་བྱ་བ་སྤྱོད་པ་དེ་དག་ལ་མངོན་པར་སྨྲ་བ་ལ་
སོགས་པ་སྐབས་དེ་དག་མི་བྱ་བ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དུ་གནས་པ་རྣམས་ཀྱིས་དེ་དག་ལ་མངོན་པར་སྨྲ་བ་དང་ཕྱག་འཚལ་བ་ལ་སོགས་པ་མི་བྱའོ། །དེ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ཉིད་ལས་གཞན་པས་བཅག་པར་མི་བྱའོ། །སྟན་ཆས་དམའ་བ་ཉིད་ལས་
གཞན་ལ་འདུག་པར་ཡང་ངོ་ཞེས་བྱ་བ་ནི་ལྷན་ཅིག་པར་ཡང་མི་བྱ་ན་སྟན་གཅིག་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཕྱི་བཞིན་འབྲེང་བའི་དགེ་སྦྱོང་གི་བདག་ཉིད་ལས་གཞན་པས་ཁྱིམ་དག་ཏུ་འགྲོ་བ་ཡང་ངོ་། །གཡོགས་མ་གཅིག་ཏུ་མལ་བཤམ་པར་མི་བྱའོ། །
རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དང་། གནས་སྦྱིན་པ་དང་། དགེ་ཚུལ་ཉེ་བར་གཞག་པ་དག་མི་བྱའོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དག་གིས་ཡན་ལག་གི་ངོ་བོས་འགྲོ་བར་མི་བྱའོ། །མཁན་པོས་དེ་དག་ལ་བསྙེན་པར་རྫོགས་པར་མི་བྱའོ། །འདི་དག་

ལས་བསྙེན་ནས་གནས་པར་མི་བྱའོ། །གསོལ་བ་དང་བརྗོད་པ་དག་ཁས་མི་བླང་ངོ་ཞེས་བྱ་བ་ལ་སོགས་པ་ལ་དེ་བསྟན་པ་ཡིན་ནོ། །གོམ་པ་བསྲི་བ་ཉིད་ལས་གཞན་དུ་འདི་དང་ལྷན་ཅིག་བཅག་པར་མི་བྱ་བ་དང་། ཡོངས་སུ་གནས་པ་དང་མགུ་བར་སྤྱོད་པ་དེ་
གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དེ་དང་ལྷན་ཅིག་ཏུ་གོམ་པ་གཅིག་གི་ཕྱིར་འབྱངས་ཤིང་བསྲི་བ་ཉིད་མ་གཏོགས་པར་གོམ་པ་མཉམ་པར་འདོར་བ་དང་། གོམ་པ་མདུན་དུ་ཐལ་བར་འདོར་བ་དག་གིས་བཅག་པར་མི་བྱའོ། །སྟན་ཆེས་དམའ་བ་ཉིད་ལས་གཞན་དུ་མི་འདུག་པ་
དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བདག་ཉིད་ཀྱིས་ཁྱིམ་དག་ཏུ་འགྲོ་བ་སྟེ་གཞན་དུ་ན་ཞེས་བྱ་བར་སྦྱར་རོ། །དེ་གཉིས་འདུག་པ་ནི་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་སྟན་ཆེས་དམའ་བ་ལ་འདུག་པར་བྱའི་མཉམ་པའམ་ཤིན་ཏུ་མཐོ་བ་ལ་འདུག་པར་མི་བྱའོ། །གཉིས་
གྲོང་དུ་འགྲོ་བས་རང་བཞིན་དུ་གནས་པའི་དགེ་སློང་གིས་ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་གི་ཆོས་ཀྱིས་འགྲོ་བར་བྱའི་མདུན་དུ་འགྲོ་བའི་དགེ་སྦྱོང་གིས་ཆོས་ཀྱིས་ནི་མི་བྱའོ། །གཡོགས་མ་གཅིག་ཏུ་མལ་བཤམ་པར་མི་བྱའོ། །དེ་གཡོགས་མ་གཅིག་ཏུ་མལ་མི་བཤམ་པ་དང་ཡོངས་སུ་
གནས་པ་དག་མགུ་བར་བྱ་བ་སྤྱོད་པ་དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་ཞེས་བྱ་བར་སྦྱར་རོ། །རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དང་གནས་སྦྱིན་པ་དང་། དགེ་ཚུལ་ཉེ་བར་གཞག་པ་དག་མི་བྱའོ་ཞེས་བྱ་བ་ནི་དེ་གཉིས་ཀྱིས་རབ་ཏུ་དབྱུང་བར་མི་བྱ་བསྙེན་
པར་རྫོགས་པར་མི་བྱ་གནས་སྦྱིན་པར་མི་བྱ་དགེ་ཚུལ་ཉེ་བར་གཞག་པར་མི་བྱ་བའོ། །གསོལ་བ་དང་བརྗོད་པ་དག་ཁས་མི་བླང་ངོ་ཞེས་བྱ་བ་ནི་གཉིས་ཀྱིས་གསོལ་བ་དང་བརྗོད་པའི་ལས་དག་བྱེད་དུ་བཅུག་པ་ཁས་བླང་བར་མི་བྱའོ། །ལས་བྱེད་པ་དང་དགེ་སློང་མའི་སྟོན་པ་དང་། དགེ་
འདུན་གྱི་ཡིད་བརྟན་པར་བསྐོ་བ་ཡང་ངོ་ཞེས་བྱ་བ་ཡང་ཁས་མི་བླང་ངོ་ཞེས་བྱ་བར་སྦྱར་ཏེ། དགེ་འདུན་གྱི་ཡིད་བརྟན་པ་ཞེས་བྱ་བ་ནི་གནས་ཁང་བསྐོ་བ་ལ་སོགས་པའོ། །ལས་བྱེད་པར་བསྐོ་བ་དང་། དགེ་སློང་མའི་སྟོན་པར་བསྐོ་བ་དང་། དགེ་འདུན་གྱི་ཡིད་བརྟན་པར་བསྐོ་བ་ཁས་

བླང་བར་མི་བྱའོ་ཞེས་བྱ་བའི་བསྐོ་བ་དེ་དག་ལ་བརྩལ་བར་མི་བྱའོ། །སྔར་བསྐོས་པས་ཀྱང་མི་བྱའོ་ཞེས་བྱ་བ་ནི་དེ་གཉིས་ལས་བྱེད་པ་པོ་ལ་སོགས་པ་དག་ཏུ་སྔར་བསྐོ་ན་ཡང་བྱ་བ་བྱེད་དུ་མི་གཞུག་གོ། །དགེ་སློང་མ་རྣམས་ལ་ཡང་བསྟན་པར་མི་བྱའོ་ཞེས་བྱ་བ་ཡང་སྔར་བསྐོས་ན་
ཡང་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདོན་པ་དང་གཞན་ཡོད་ན་གསོ་སྦྱོང་ལས་སོ་སོར་ཐར་པ་གདོན་པར་མི་བྱའོ། །དགེ་སློང་ལས་ཉམས་པས་གླེང་བར་མི་བྱའོ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་དང་མགུ་བར་སྤྱོད་པ་དག་གིས་དགེ་སློང་ལ་
གླེང་བར་མི་བྱའོ། །དེ་གཉིས་ཀྱིས་དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང་ལྟ་བ་ཉམས་པ་དང་ཆོ་ག་ཉམས་པ་དང་འཚོ་བ་ཉམས་པས་གླེང་བར་མི་བྱའོ། །ཅི་ཐམས་ཅད་ལ་གླེང་བར་མི་བྱའམ་ཞེ་ན། དེའི་ཕྱིར། དགེ་འདུན་ལས་མ་བཀར་བའོ་ཞེས་བྱ་བ་སྨོས་ཏེ་དགེ་འདུན་
ལས་བཀར་བ་དེ་ལ་གླེང་བ་ལ་སོགས་པ་དག་ལ་ནི་བཀག་པ་མེད་དོ། །དེ་དང་བརྟེན་པར་བྱའོ་ཞེས་བྱ་བ་ནས་འདི་ཐམས་ཅད་དུ་སྦྱར་བར་བྱའོ་ཞེས་བྱ་བའི་བར་དུ་རིག་པར་བྱའོ། །མ་མོ་ལས་དེ་མི་བྱེད་པ་དང་བརྗོད་པར་བྱ་བ་ཉིད་དང་ཞེས་བྱ་བ་དེ་ཡང་སྦྱོར་བ་ཞེས་བྱ་བ་ནས་ཡིད་ལ་
བྱེད་པ་ཞེས་བྱའི་བར་དུ་གསུངས་པ་ཡིན་ནོ། །བརྗོད་པ་དང་བཅས་པ་ཉིད་དང་ཕུར་པ་དང་བཅས་པ་ཉིད་དག་མི་བྱའོ་ཞེས་བྱ་བ་ནི་དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དགེ་འདུན་ལས་མ་བཀར་བ་ལས་བརྗོད་པ་དང་བཅས་པ་ཉིད་དང་ཕུར་བ་དང་བཅས་པ་ཉིད་དག་མི་
བྱའོ། །གདམས་ངག་དང་གསོ་སྦྱོང་དང་། དགག་དབྱེ་དང་གསོལ་བ་དང་བརྗོད་པ་དག་གཞག་པར་མི་བྱའོ་ཞེས་བྱ་བ་ནི་དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དགེ་འདུན་ལས་མ་བཀར་བའི་གདམས་ངག་གཞག་པར་མི་བྱ་གསོ་སྦྱོང་གཞག་པར་མི་བྱ་གསོལ་བ་གཞག་པར་མི་
བྱ་ལས་བརྗོད་པ་གཞག་པར་མི་བྱའོ། །དེ་དང་བརྟེན་པར་མི་བྱའོ་ཞེས་བྱ་བ་ལ་དེ་དང་ཞེས་བྱ་བ་ནི་དགེ་འདུན་གྱིས་མ་བཀར་བའི་དགེ་སློང་ལས་སོ། །ཆད་པ་དེའི་རྒྱུ་བྱས་པ་སྤོང་ངོ་ཞེས་བྱ་བ་ནི་ཆད་པ་གང་ལས་འདི་ཡོད་པ་ཉིད་དེ། རྒྱུ་གང་ལས་བྱས་པའི་དེ་སྤང་བར་བྱ་སྟེ་མི་སྤོང་བ་ཁ་ན་

མ་ཐོ་བ་གཞན་དུ་འགྱུར་རོ། །ཉེས་པ་གཞན་ཡང་ངོ་ཞེས་བྱ་བ་ནི་ཆད་པའི་ལས་ཀྱི་རྒྱུར་གྱུར་པ་ལས་གཞན་པའི་ཉེས་པ་ཡང་སྤང་བ་ཞེས་བྱ་བ་འཇུག་གོ། །འདིར་གཞུང་ནི་དགེ་འདུན་གྱིས་དབྱུང་བའི་ལས་བྱས་པ་དེས་ལྟུང་བ་འབྱུང་བར་མི་འགྱུར་ཞིང་། དེ་དང་འདྲ་བ་
གཞན་ཡང་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉེས་པ་དང་མཐུན་པ་ཉིད་ཀྱིས་མི་བྱའོ་ཞེས་བྱ་བ་ནི་གནས་ཐ་དད་པའི་ཚུལ་ལ་དེ་སྨོས་ཏེ་བྱེ་བྲག་མེད་པས་འདི་བསྡུ་བར་བྱས་སོ། །བརྟུལ་ཞུགས་སྙིང་པོ་མེད་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ། །
ནང་པར་སྔར་ལངས་ཏེ་སྒོ་དབྱེ་བ་དང་མར་མེའི་ཀོང་བུ་བསལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དར་དང་ལྕི་བ་འཇམ་པོའི་བྱུག་པས་བསྐུ་བ་དག་ཀྱང་བྱའོ། །བཤང་བ་དང་གཅི་བའི་སྐྱབས་དག་སྦྱང་ངོ་། །ས་ཕྱག་པ་དང་དུས་དང་མཐུན་པའི་ཆུ་དག་གཞག་
པར་བྱའོ། །ཝའི་ཁ་དག་བསལ་ལོ། །སྟན་བཤམ་མོ། །དུས་ཤེས་པར་བྱ་སྟེ་བདུག་སྤོས་དང་པོག་ཕོར་དག་ཉེ་བར་གཞག་གོ། །གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་གོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་ལ་བཅོལ་ལོ། །སྤྱི་བུངས་བཤམ་པ་
གཎྜཱི་བརྡུང་ངོ་། །གལ་ཏེ་དགེ་སློང་རྣམས་ཚ་ན་བསིལ་ཡབ་བྱའོ། །དེ་དག་གིས་འདུག་པ་ལ་སོགས་པ་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཐའ་ཉིད་དུའོ་ཞེས་བྱ་བ་ནི་དེ་གཉིས་ཀྱིས་འདུག་པ་ལ་སོགས་པ་ནི་དེ་གྲལ་རིམས་བསྟན་པའི་ཕྱིར་རོ། །ཟས་ཀྱི་བྱ་བ་བྱས་ནས་གདན་
ཆ་དབེན་པར་བརྟུལ་ལོ་ཞེས་བྱ་བ་ལ། འདིར་གདན་ཆ་ཞེས་སྨོས་པས་ནི། འཇམ་པོ་དང་གོར་བུ་དང་པར་ཐང་ལ་སོགས་པ་དབེན་པར་བསྡུ་བའི་དོན་དུའོ། །ལྷུང་བཟེད་ཀྱི་གཞི་དོར་རོ། །དུས་ཤེས་པར་བྱ་སྟེ་མཆོད་རྟེན་དག་གི་ཕྱག་དར་བྱའོ། །ལྕི་བ་འཇམ་པོའི་བྱུག་པས་བསྐུའོ།
འདུ་བའི་དུས་སུ་བཤམ་བ་ལ་སོགས་པ་ནས་ཡོན་ཏན་གྱི་སྐབས་ཀྱི་བར་དག་གོ་ཞེས་བྱ་བ་ནི་སྟན་བཤམ་མོ། །དུས་ཤེས་པར་བྱ་སྟེ་བདུག་སྤོས་དང་པོག་ཕོར་གཞག་གོ། །གལ་ཏེ་ནུས་པ་ཉིད་ཡིན་ན་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་གོ། །གལ་ཏེ་མི་ནུས་ན་སྨྲ་བ་པོ་ལ་བཅོལ་ལོ་ཞེས་

ཇི་སྐད་སྟོན་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ནུས་པ་ཉིད་ན་ཉི་མ་བརྗོད་པ་ཡང་ངོ་། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ། །དགོངས་ཀར་དུས་དང་མཐུན་པའི་ཆུས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུའོ་ཞེས་བྱ་བ་ནི་མཚན་མོའི་དུས་སུ་གང་ཞིག་མལ་ལ་བརྟག་པའི་དོན་དུ་དེའོ། །རྐང་
པ་དག་བསྐུའོ་ཞེས་བྱ་བ་ནི་དགོངས་ཀར་བསྐུའོ་ཞེས་བྱ་བ་དང་སྦྱར་རོ། །མ་འདོད་ན་སྣུམ་དབུལ་ལོ་ཞེས་བྱ་བ་ནི་དགེ་སློང་དག་རྐང་པ་དག་བསྐུ་བར་མི་འདོད་ན་སྣུམ་དབུལ་བར་བྱའོ། །དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་ཡོངས་སུ་གནས་པ་
དེའིའོ། །མགུ་བར་བྱ་བ་སྤྱོད་པ་འདིའི་ཐ་མར་འོས་པ་ཉིད་ཡིན་ནོ། །བསྙེན་པར་རྫོགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་རྣམས་ལ་ཞེས་བྱ་བའི་བར་དུ་ཤེས་པར་བྱའོ། །འདུག་པ་ལ་ཐ་མར་འོས་པའི་ཆོ་ག་འདི་ཡིན་ཏེ། དེ་བས་ན་དེ་རྩོམ་པའོ། །རང་བཞིན་དུ་གནས་
པ་རྣམས་ལས་མཐར་འོས་པའི་ཆོ་ག་གཉིས་པོ་འདི་ཡིན་ཏེ། འདིས་ནི་ཕན་ཚུན་དུ་ཡོངས་སུ་གནས་པ་ལ་སོགས་པ་རྣམས་ལ་ཇི་ལྟར་གང་གི་ཚེ་རིགས་ཀྱི་ཆོ་ག་ལ་གནོད་པར་ཤེས་པར་བྱ་བ་མ་ཡིན་ནོ། །བསླབ་པ་བྱིན་པ་ལ་ཡོངས་སུ་གནས་པ་དང་། མགུ་བར་སྤྱོད་པ་དག་གིས་གཞན་
ཉིད་ཅེས་བྱ་བ་ཤིན་ཏུ་དམན་པ་དང་རྩུབ་པ་བྱུང་བ་མ་ཡིན་པར་ཤེས་པར་བྱ་ཞིང་འདི་རྣམས་ཐམས་ཅད་གནས་ནས་ཕྱུང་བ་སྤང་བ་ཉིད་ཀྱི་ཕྱིར་ཤེས་པར་བྱའོ། །ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ་ཞེས་བྱ་བ་ལ། འདི་ནི་དགེ་བའི་ཕྱོགས་ཀྱི་
དུས་མ་ཡིན་པར་ཤེས་པར་མི་བྱ་སྟེ། འདི་ལྟར་དེའི་དུས་ན་རྟོགས་པའི་སྐལ་བ་ཅན་མ་ཡིན་དུ་ཟིན་ཀྱང་དེ་ལྟར་མོད་ཀྱིས་ཚོགས་རྗེས་སུ་བསྒྲུབ་པའི་ཕྱིར་མི་རིགས་ཏེ། དེའི་སྐལ་བ་ཅན་མ་ཡིན་པ་དེ་ལྟ་བས་ན་འདིར་དགོངས་པ་དེ་རིག་པར་བྱའོ། །སླར་སྐལ་བ་དང་ལྡན་པ་ཉིད་དེའི་ཚེ་
བསམ་པས་ལྡང་བ་ལས་ལྡང་བར་སྨྲའི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བསླབ་པ་བྱིན་པ་ཡང་རྟོགས་པས་གྲགས་པས་དེས་ན་དགྲ་བཅོམ་ཉིད་ཐོབ་པ་ན་ཡོངས་སུ་གནས་པ་དང་མགུ་བ་སྤྱོད་པ་འདི་གཉིས་ཀྱང་བསླབ་པ་སྦྱིན་པ་དང་འདྲ་བ་རང་བཞིན་

ཐོབ་ཅིང་ཆད་པའི་ལས་ལྷག་མ་སྤྱད་པར་བྱ་བ་མི་དགོས་པ་ཉིད་ཡིན་ཏེ། དབྱུང་བ་ལ་སོགས་པ་བྱ་མི་དགོས་པ་ཉིད་དུ་རིག་པར་བྱའོ། །འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་བསླབ་པ་བྱིན་པ་དག་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་འདིར་མངོན་པར་སྨྲ་བ་ལ་
སོགས་པས་འདི་ལ་སྐབས་སུ་བབ་པའི་འཇུག་པ་འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་། བསླབ་པ་བྱིན་པ་དག་ཀྱང་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དེ་དང་འདྲ་སྟེ། དེ་གཉིས་ཀྱིས་སྤྱོད་པ་ཡང་འདི་དག་ཡིན་ཞེས་བྱ་བའི་དོན་ཏོ། །གདོན་པར་མི་བྱའོ་ཞེས་བྱ་བ་ནི་
དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང་། བསླབ་པ་བྱིན་པ་དེ་གཉིས་ཀྱི་འདོན་པ་གཞན་མེད་ན་ཡང་གསོ་སྦྱོང་ལས་སོ་སོར་ཐར་པ་གདོན་པར་མི་བྱའོ། །སྔ་མ་ནི་བཟོད་པ་གསོལ་བས་རང་བཞིན་དུ་གནས་པ་ཐོབ་པོ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་ལ་བཟོད་པར་གསོལ་བ་བྱས་
པ་ན་རང་བཞིན་དུ་གནས་པ་ཉིད་ཐོབ་པའོ། །འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་བསླབ་པ་བྱིན་པ་པོ་ནི་དགྲ་བཅོམ་པ་ཉིད་ཀྱིས་རང་བཞིན་དུ་གནས་པ་ཉིད་ཐོབ་པ་སྟེ་རང་བཞིན་དུ་མི་གནས་པ་ནི་མ་ཡིན་ནོ། །སྒོ་དབྱེ་བ་ཡན་ཆད་དང་གཙུག་ལག་ཁང་ལ་སོགས་པ་ལ་
ཡོངས་སུ་གནས་པ་དང་ལྡན་པ་དང་སྤྱོད་པ་དང་ལྡན་པ་གཉིས་ཀྱང་ངོ་ཞེས་བྱ་བ་ནི་དེ་དང་འདྲའོ་ཞེས་བྱ་བར་སྦྱར་རོ། །ནང་པར་ལངས་ཏེ་སྒོ་དབྱེ་བ་ཡན་ལག་ཀྱི་#མདོ་ཐམས་ཅད་དང་། དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་། ཐམས་ཅད་དུ་རྙེད་པ་དབང་བ་ཉིད་
ཡིན་ནོ་ཞེས་བྱ་བ་དང་། དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ་ཞེས་བྱ་བའི་མདོ་གསུམ་པོ་དེ་དག་གི་སྤྱོད་པ་དེ་ནི་ཡོངས་སུ་གནས་པ་དང་ལྡན་པ་ཞེས་བྱ་བ་ཡོངས་སུ་གནས་པ་བྱས་ཟིན་ལ་མགུ་བར་བྱ་བ་མ་བླངས་པ་དང་སྤྱད་པ་དང་ལྡན་པ་ཞེས་བྱ་བ་མགུ་བར་བྱ་བ་སྤྱད་ཟིན་ནས་དབྱུང་བ་
མ་བྱས་པ་དེ་གཉིས་ཀྱང་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དེ་དང་འདྲ་བར་རིག་པར་བྱ་སྟེ། དེ་གཉིས་ནི་རང་བཞིན་དུ་གནས་པ་ཉིད་མ་ཡིན་པའི་ཕྱིར་དང་ཆད་པའི་ལས་བྱས་པ་དེ་ཡིན་པའི་ཕྱིར་དེ་ལྟར་རྣམ་པར་གཞག་གོ། །བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་

དང་གནས་ནས་ཕྱུང་བ་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་དེ་དག་ཀྱང་སྒོ་དབྱེ་བ་ཡན་ཆད་དང་། གཙུག་ལག་ཁང་ལ་སོགས་པ་ཡོངས་སུ་གནས་པ་དང་། མགུ་བར་བྱ་བ་སྤྱོད་པ་དང་འདྲ་བར་རིག་པར་བྱའོ། །དེ་དག་ལ་ཧ་ཅང་ཐལ་བར་གྱུར་པ་ལ་འགལ་ཚབས་དང་བཅས་པར་འགྱུར་བ་
དམིགས་ཀྱིས་བསལ་བའི་ཕྱིར་གདོན་པ་ནི་མི་བྱ་བ་ཉིད་དོ། །གཞན་དག་གིས་གནས་ནས་ཕྱུང་བ་སྤང་བར་བྱ་བ་ཁོ་ནའོ་ཞེས་བྱ་བ་སྨོས་ཏེ། རང་བཞིན་དུ་གནས་པ་དག་གིས་དེ་ལ་བསྡིགས་པར་བྱ་བ་ཁོ་ན་ཡིན་ཏེ། དེ་དང་ལྷན་ཅིག་བཅག་པ་དང་འདུག་པ་དང་འགྲོ་བ་ཇི་སྐད་བསྟན་
པ་དག་ཀྱང་མི་བྱ་ཞིང་འདོན་པ་གཞན་མེད་ན་དེས་སོ་སོར་ཐར་པའི་མདོ་འདོན་པ་ཡང་ཉམས་སུ་མྱོང་བར་མི་བྱའོ། །གཞན་ཡང་དེ་ལ་ལུས་སམ་ངག་གི་འདྲེ་བར་འགྱུར་བ་ཅུང་ཟད་མི་བྱའོ། །དེའི་དུས་ཉིད་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ཡང་མི་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་
གནས་ནས་ཕྱུང་བའི་དུས་ཉིད་ཀྱི་ཚེ་ན་དགེ་འདུན་ལ་རྙེད་པ་བྱུང་བ་གང་ཡིན་པ་དེ་ནི་ཡང་གནས་ནས་ཕྱུང་བ་དེ་ལ་མི་འོས་པ་ཉིད་ཡིན་ཏེ། གནས་ནས་མ་ཕྱུང་བའི་མདུན་རོལ་དུ་ཇི་སྲིད་གནས་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ལ་གལ་ཏེ་དེའི་ཚེ་དགེ་འདུན་གྱིས་ཐོབ་པ་ཉིད་དུ་འབྱུང་བར་འགྱུར་
བའི་དབྱར་གནས་པ་ལ་སོགས་པའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པ་དེ་དེ་དང་ལྡན་པ་ཉིད་ནི་དེ་ཡང་དབང་བ་ཉིད་ཡིན་ཏེ། ཁྱིམ་པ་ཉིད་དུ་གྱུར་པ་ཡང་དེ་ལྟར་དབང་བ་ཉིད་ཀྱི་ཕྱིར་རོ། །ཅི་ཆ་གཅིག་མི་དབང་བ་ཉིད་དེ་གཏན་དུའམ་ཞེ་ན་དེའི་ཕྱིར་བྱེ་བ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། ཇི་
ལྟར་བྱེ་བ་དག་ལས་དེ་སྨོས་པ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །མ་ཚོར་བ་ལྟར་ཅིག་ཤོས་རྣམས་ལ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་བསྟན་པའོ། །བྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་དགེ་སློང་བྱེ་བ་རྣམས་ལ་ཆོས་མ་ཡིན་པའི་ཕྱོགས་
དང་མཐུན་པ་ཡང་གནས་ནས་ཕྱུང་བ་དེ་དང་འདྲ་སྟེ། གནས་ནས་ཕྱུང་བ་ལ་གང་དུ་སྤྱོད་པ་ཅི་བསྟན་པ་དེ་དག་ཐམས་ཅད་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ལ་ཡང་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ཡོངས་སུ་གནས་པ་དང་མགུ་བར་

བྱ་བ་དང་བསླབ་པ་སྤྱོད་པ་དག་མི་འཆགས་སོ་ཞེས་བྱ་བ་ནི་རང་བཞིན་དུ་གནས་པ་མ་ཡིན་པ་དེ་རྣམས་ལ་མི་སྤྱད་པ་ཉིད་དོ། །གང་གི་ཕྱིར་དེ་རྣམས་ལ་མི་འཆགས་པའི་ཕྱིར་རོ། །དགེ་འདུན་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་ལ་
སོགས་པ་མི་འཆགས་པ་སྟེ། སུ་དག་དགེ་འདུན་དུ་མ་གྱུར་པའི་གང་ཟག་གཅིག་གམ་གཉིས་སམ་གསུམ་དག་ལ་ཡང་མི་འཆགས་སོ། །གནས་དེ་ན་འཁོད་པ་དག་ལས་ཡོངས་སུ་བཅད་པ་དག་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་མི་འཆགས་སོ་ཞེས་བྱ་བར་སྦྱར་ཏེ། གནས་གང་དུ་
ཡོངས་སུ་གནས་པ་ལ་སོགས་པ་དེ་དག་ལ་སྤྱད་པར་བྱ་བའི་གནས་དེ་ན་འཁོད་པའི་དགེ་སློང་དག་ལས་ལོགས་ཤིག་ཏུ་ཡོངས་སུ་བཅད་ཅིང་བཀར་བ་དག་ལས་ཡོངས་སུ་གནས་པ་ལ་སོགས་པ་སྤྱོད་པ་མི་འཆགས་སོ། །མང་པོ་ཉིད་དུ་ཡོངས་སུ་སྤང་བར་མི་བྱའོ་ཞེས་བྱ་བ་ནི་
གནས་དེ་ན་དགེ་སློང་མང་པོ་དག་འཁོད་པར་འདིར་སྤྱད་པར་དཀའོ་སྙམ་པའི་བློ་མང་བ་ཉིད་ཀྱིས་སྤྱོད་པ་སྤང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གནས་བརྟན་དང་སོ་སོར་ཐར་པ་དང་བཅས་པ་ཉིད་དུ་འབད་པར་བྱའོ་ཞེས་བྱ་བ་ནི་གནས་གང་ན་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་
བཅས་པའི་དགེ་འདུན་ཡོད་པའི་གནས་དེ་ཇི་ལྟར་སྤྱོད་པར་འགྱུར་བ་ཞིག་གུ་སྙམ་དུ་དེའི་དོན་དུ་འབད་པར་བྱའོ། །མ་གྲུབ་ན་གཞན་དུ་ཡང་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ན་གཞན་གསུམ་ལ་སོགས་པ་དེ་དག་གི་མིང་རྣམ་པ་ཐམས་ཅད་ཀྱི་སྤྱོད་པ་དེར་སྤྱོད་པར་མི་བྱའོ་ཞེས་
བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་དེ་སྤྱོད་པ་དེར་ཞེས་བྱ་བ་གང་རྣམས་ལ་ཡོད་པ་དེ་རྣམས་ནི་རྣམ་པ་ཐམས་ཅད་སྤྱོད་པ་དེར་བྱ་བའོ། །བསླབ་པ་ལ་སྤྱོད་པ་ཞེས་བྱ་བ་སྨོས་པས་སོ། །ཡོངས་སུ་གནས་པ་དང་མགུ་བར་བྱ་བ་དང་བཅས་པ་རྣམས་ཉེ་བར་བསྡུ་བའི་ཕྱིར་རྣམ་པ་ཐམས་ཅད་
ཀྱི་ཞེས་བྱ་བ་སྨོས་སོ། །གང་ན་བདག་ཉིད་ལས་གསུམ་པོ་ལ་སོགས་པ་དེ་དག་གི་མིང་རྣམ་པ་ཐམས་ཅད་སྤྱོད་པ་དེར་དེ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི་གང་དུ་གཞན་ཡོངས་སུ་གནས་པ་སྤྱོད་པ་གསུམ་ཡོད་པ་དེར་ཡོངས་སུ་གནས་པར་སྤྱད་པ་མི་བྱའོ། །གང་ན་གཞན་གསུམ་པོ་ལ་

སོགས་པ་གཞི་ནས་ཡོངས་སུ་གནས་པ་སྤྱོད་པ་དེར་གཞི་ནས་ཡོངས་སུ་གནས་པ་སྤྱད་པར་མི་བྱའོ། །གང་ན་གཞན་ཡང་གཞི་ནས་བསླང་སྟེ། ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དང་། གཞི་ནས་མགུ་བར་བྱ་བ་སྤྱོད་པ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་
བྱ་བ་སྤྱོད་པ་དང་། བསླབ་པ་སྤྱོད་པ་དེར་བསླབ་པ་གང་ཞིག་ལ་ཞེས་བྱ་བ་དེ་ལ་འདི་བསྟན་པའོ། །འདིར་གཞུང་ནི། གཙུག་ལག་ཁང་གཅིག་ཏུ་ཡོངས་སུ་གནས་པར་བྱེད་པ་བཞིས་ཡོངས་སུ་གནས་པར་བྱེད་པར་མི་བྱའོ། །མགུ་བར་བྱ་བ་སྤྱོད་པ་བཞིས་མགུ་བར་བྱ་བ་སྤྱད་པར་
མི་བྱའོ། །གཞི་ནས་མགུ་བར་བྱ་བ་སྤྱོད་པ་བཞིས་གཞི་ནས་མགུ་བར་བྱ་བ་སྤྱད་པར་མི་བྱའོ། །གཙུག་ལག་ཁང་དུ་བསླབ་པ་བྱིན་པ་བཞིས་བསླབ་པ་ལ་བསླབ་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དང་པོ་གཉིས་ཀྱིས་གཞན་དུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་བྱ་བ་ནི་
ཡོངས་སུ་གནས་པ་སྤྱོད་པ་དང་མགུ་བ་སྤྱོད་པ་དང་བསླབ་པ་སྤྱོད་པ་ཞེས་བྱ་བ་གསུམ་སྨོས་པའི་དང་པོ་གཉིས་ཏེ། ཡོངས་སུ་གནས་པ་སྤྱོད་པ་དང་མགུ་བར་བྱ་བ་སྤྱོད་པ་གཉིས་ཀྱིས་གནས་གང་དུ་སྤྱད་པར་བྱ་བ་ཡང་དག་པར་བླངས་པའི་གནས་དེ་ལས་གཞན་པའི་མཚམས་སུ་
སྐྱ་རེངས་འཆར་བར་མི་བྱའོ། །བསླབ་པ་བྱིན་པ་ལ་ནི་ཆོ་ག་ཇི་སྲིད་འཚོའི་བར་དུ་དེ་ལ་འཇུག་པ་དང་བར་དུ་གཅོད་པར་གྱུར་པ་འདི་མེད་དོ། །དེ་ནི་ཚེ་གཅིག་གིས་ཡིན་པས་ཚེ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་སྔ་རོལ་དུ་ཇི་སྲིད་འཚོ་བ་ཞེས་བྱ་བ་མི་སྦྱོར་བའོ། །འདུས་པའི་དགེ་
འདུན་ལ་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་འདུས་པའི་གཎྜཱི་བརྡུངས་པ་དེར་ཇི་སྙེད་འདུས་པ་དེ་སྙེད་འདུས་པ་དག་ལ་གང་ཞིག་འདུས་པ་དེ་གནས་པ་དེ་ལ་དགེ་འདུན་གྱིས་གང་ཡང་མ་འོངས་པ་འབྱུང་བར་འགྱུར་བ་དང་བྱུང་ཟིན་པ་དེ་དག་སྤྱོད་པར་གྱུར་པ་
དང་། དེ་དག་སྤྱད་ཟིན་པ་ཞེས་བྱ་བ་བརྗོད་པར་བྱ་བ་ཉིད་དོ། །འདིར་ལས་བཞིན་དུ་ཐམས་ཅད་མི་འཚོགས་ན་བརྗོད་པ་མི་འཆགས་པ་མ་ཡིན་ཏེ་དེ་ལྟ་བས་ན་ཇི་སྙེད་པ་འདུས་པ་དེ་སྙེད་པ་རྣམས་ལ་ཉེས་པ་དང་བྲལ་བར་རིག་པར་བྱའོ། །དགེ་འདུན་ལས་ཞེས་སྨོས་པ་དེ་ནི་གང་ཟག་

གི་འདུས་པ་བསལ་བའི་དོན་དུའོ། །དུས་ཇི་ཙམ་ཞིག་བརྗོད་པར་བྱ་ཞེ་ན། དེའི་ཕྱིར་གལ་ཏེ་ཡུན་རིང་དུ་སྤྱད་པར་བྱ་བ་ཉིད་མ་ཡིན་ན་ཉིན་རེ་ཞིང་ངོ་ཞེས་བྱ་བ་སྨོས་ཏེ་གལ་ཏེ་ཡོངས་སུ་གནས་པ་ཡུན་རིང་དུ་སྤྱད་པར་བྱ་བ་མ་ཡིན་ན་ཉིན་རེ་ལན་རེ་བརྗོད་པར་བྱ་བ་
ཡིན་ནོ། །འདི་ལ་ནི་གསུམ་མམ་བཞི་ཞིང་ངོ་ཞེས་བྱ་བ་ནི་ཡུན་རིང་དུ་སྤྱད་པར་བྱ་བ་ཉིད་འདི་ལ་ཉི་མ་གསུམ་མམ་བཞི་ཞིང་ལན་རེ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །དེ་གཉིས་ལ་དོན་དེས་བརྙས་ཐབས་མི་བྱའོ་ཞེས་བྱ་བ་ནི་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དེ་གཉིས་ལ་དགེ་
འདུན་ལྷག་མ་དང་ཁ་ན་མ་ཐོ་བ་ཀུན་དུ་སྤྱོད་པའི་དོན་དེས་བརྙས་ཐབས་མི་བྱའོ། །འཐབ་ཀྲོལ་བྱེད་པ་འོང་བར་ཐོས་ཤིང་གལ་ཏེ་དེས་འཇིགས་ན་དགེ་འདུན་ཚོགས་པའམ་གང་ཟག་ལ་ཕྱིར་བཏང་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་དུ་འཐབ་ཀྲོལ་བྱེད་ཅིང་རྒོལ་བའི་ངང་
ཚུལ་ཅན་ལ་དེ་ལ་ཆེད་དུ་འགྲོ་བ་ཉིད་དུ་གནས་པ་དེ་འདིར་འཐབ་ཀྲོལ་བྱེད་པར་འགྱུར་སྙམ་དུ་འབྱུང་བར་འགྱུར་ལ་འཐབ་ཀྲོལ་བྱེད་པ་གཅིག་གམ་དུ་མ་འོང་བར་ཐོས་ཤིང་། གལ་ཏེ་དེ་དག་གིས་གླེང་བ་དང་དྲན་པར་བྱེད་པས་འཇིགས་ན་སྤྱོད་པ་དེས་འཁྲུག་པར་གྱུར་པའི་འཐབ་ཀྲོལ་
བྱེད་པ་པོ་གཅིག་གམ་དུ་མ་འོང་བར་མ་ཐོས་པར་འབྱུང་ན། དགེ་འདུན་གྱི་དྲུང་ངམ་གང་ཟག་གམ་དེ་དང་མི་མཛའ་བ་ཉིད་དུ་གནས་པས་བདག་ཉིད་རང་བཞིན་དུ་གནས་པ་ལ་གཞག་པར་བྱའོ། །འདིར་གཞུང་ཁ་ཅིག་ལས་རྒན་པའི་མཐར་གནས་ཏེ་ཡོངས་སུ་གནས་པ་དང་མི་མཛའ་
བ་ཉིད་དུ་གནས་པར་བྱའོ། །དགེ་འདུན་ལ་ཕྱིར་བཏང་བའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་དུ་ཡང་གཉིས་པོ་འདི་དག་གང་ཟག་ལ་ཕྱིར་བཏང་བའི་སྔགས་ཀྱི་གཞུང་ནི་ཞུ་བ་ལས་བཙུན་པ་བཅོམ་ལྡན་
འདས་ཀྱིས་གལ་ཏེ་ཡོངས་སུ་གནས་པར་བྱེད་པའི་དགྲ་བོ་འོངས་ན། དེ་ཡོངས་སུ་གནས་པའི་སྤྱོད་པ་བག་ཡངས་སུ་བྱའོ་ཞེས་བཀའ་སྩལ་ན་དེས་ཇི་ལྟར་བག་ཡངས་སུ་བགྱི། ཉེ་བ་འཁོར་དགེ་སློང་དེས་ཆོས་གོས་ཕྲག་པ་གཅིག་ཏུ་སྟེ། འཆིལ་ལྷམ་དག་ཕུད་ནས་དགེ་སློང་གི་

མདུན་དུ་ཙོག་པུར་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་དགེ་སློང་ཡོངས་སུ་གནས་པར་བགྱིད་པའི་དགྲ་བོ་དགེ་སློང་མཆིས་ཏེ། བདག་མིང་འདི་ཞེས་བགྱི་བ་ཡོངས་སུ་གནས་པའི་སྤྱོད་པ་བག་ཡངས་སུ་བགྱིད་ཅིང་སླར་ཡང་ལེན་པར་བགྱིད་དོ། །ཡང་བླངས་ཏེ་
སྤྱོད་པར་བགྱིད་ན་ཚེ་དང་ལྡན་པ་དག་གིས་བདག་ངོ་ཚ་མ་མཆིས་པར་གཟུང་དུ་གསོལ། །དེ་བཞིན་དུ་ལན་གཉིས། ལན་གསུམ་དུ་བཟླས། ཐབས་ཡིན་ནོ་ལེགས་སོ་ཞེས་གསུངས་པ་ཡིན་ནོ། །དགྲ་བོ་སོང་ན་ཕྱིར་ཡང་དེ་བཞིན་དུ་བླང་བར་བྱ་སྟེ། དེ་ནི་ཡོངས་སུ་གནས་པ་དང་མགུ་བར་བྱ་བར་སྤྱོད་
པ་ཡིན་ནོ་ཞེས་གསུངས་ཏེ། དེ་ལ་གཉིས་ཀའི་སྦྱོར་བ་ཞེས་བྱ་བ་འདི་གཉིས་ཀ་བསྡུས་པའོ། །འཇིགས་དང་བྲལ་ན་དེ་ཉིད་དུ་ཕྱིར་བླང་བར་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་དྲུང་ངམ་གང་ཟག་ལའོ། །ས་གཞན་ན་གནས་པའི་གཞིའོ།། །།ཡོངས་སུ་གནས་པ་དང་མགུ་བར་
བྱ་བ་སྤྱོད་པར་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་པར་ཉལ་ན་ཉིན་མཚན་དེ་བཅད་དོ་ཞེས་བྱ་བ་ནི་ཇི་སྲིད་ཉལ་བའི་ཉིན་མཚན་དེ་ཡོངས་སུ་གནས་པར་བྱ་བ་དང་མགུ་བར་སྤྱད་པའི་ཞག་ཏུ་བགྲང་བར་མི་བྱ་ཞིང་བཅད་པར་བྱ་བའོ། །འདིར་གཞུང་ནི་ཡོངས་སུ་
གནས་པར་བྱེད་པས་རང་བཞིན་དུ་གནས་པ་དང་ལྷན་ཅིག་གཡོགས་མ་གཅིག་པར་ཉལ་བ་དེའི་ཉིན་མཚན་ཡོངས་སུ་གནས་པ་དང་། མགུ་བར་བྱ་བ་སྤྱོད་པ་མི་བགྲང་བར་མཚན་མོ་དེ་བཅད་དེ་བགྲང་བར་བྱའོ། །མགུ་བར་བྱ་བ་སྤྱོད་པ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །
མཚམས་ཀྱི་ཕྱི་རོལ་དུ་སྤྱད་པ་ཡང་ངོ་ཞེས་བྱ་བ་ཡང་ཉལ་ན་ཉིན་མཚན་དེ་བཅད་དོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །མ་བརྗོད་ན་ཡང་ངོ་ཞེས་བྱ་བ་ཡོངས་སུ་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་ཞག་འདས་པ་དང་འབྱུང་བར་འགྱུར་བ་མ་བརྗོད་ན་
ཡང་ཉིན་མཚན་དེ་བཅད་པར་བྱའོ། །ཐོས་པར་བྱ་བ་དག་མཚམས་དེ་ན་ཉེ་བར་མི་འཁོད་ན་མི་འབྱུང་ངོ་ཞེས་བྱ་བ་ནི་མཚམས་གང་དུ་དེ་སྤྱད་པར་བྱ་བའི་མཚམས་དེ་གང་ན་མང་དུ་ཐོས་པར་བྱ་བ་རྣམས་ལ་ཉེ་བར་མི་གནས་ན་མ་བརྗོད་པ་དེ་མི་འབྱུང་བའོ། །ཉི་མ་དེ་ཉིད་ལ་ཕྱིར་འོང་ན་

མཚམས་གཞན་དུ་འགྲོ་བ་ལ་ཉེས་པ་མེད་དོ། །ཡོངས་སུ་གནས་པར་བྱེད་པས་ཡོངས་སུ་གནས་པར་བྱེད་པ་དང་ལྷན་ཅིག་གཡོགས་མ་གཅིག་པར་ཉལ་བར་མི་བྱའོ་ཞེས་བྱ་བ་ནི་ཉིན་མཚན་སྤྱད་པར་ནི་མི་འགྱུར་མོད་ཀྱི་འོན་ཀྱང་ཉིན་མཚན་གྱི་མཐའ་ཉེས་
བྱས་རྫོགས་པར་འགྱུར་ལ། དེའི་མདུན་རོལ་དུ་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་སུ་འགྱུར་བར་ཤེས་པར་བྱའོ། །རང་བཞིན་དུ་གནས་པ་དང་ལྷན་ཅིག་ཉལ་བ་ཡང་ཁ་ན་མ་ཐོ་བ་དེ་གཉིས་སུ་འགྱུར་བའི་སྟེང་དུ་དེའི་ཉིན་མཚན་བཅད་པར་ཡང་འགྱུར་རོ། །དེ་དང་མུ་སྟེགས་
ཅན་ཡོངས་སུ་གནས་པ་ལ་གནས་པ་དང་། དེར་ལྷན་ཅིག་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་དེར་ལྷན་ཅིག་པ་ལ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་གནས་དེར་རོ། །དེར་ཞེས་བྱ་བ་ནི་ཉལ་ས་དེར་རོ། །ཅིའི་ཕྱིར་ཡང་ཡོངས་སུ་གནས་པའི་གཞི་ལ་ས་གཞན་ན་གནས་པའི་
སྤྱོད་པའི་གཞི་ཞེས་མིང་གཞན་དུ་བྱས་ཤེ་ན། ས་གཞན་ན་གནས་པ་དང་མགུ་བར་བྱ་བ་སྤྱོད་པ་དང་། བསླབ་པ་བྱིན་པ་ལ་སོགས་པ་གཞན་ན་གནས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཞི་འདིས་སྤྱོད་པར་བསྟན་གྱི། ཡོངས་སུ་གནས་པ་འབའ་ཞིག་ཏུ་ནི་མ་ཟད་པས་དེའི་
དོན་དེ་བསྟན་པའི་ཕྱིར་དེ་ཤེས་པར་བྱའོ། །ས་གཞན་ན་གནས་པ་སྤྱོད་པའི་གཞི་ཞུ་བའི་སྐབས་སོ། །ས་གཞན་ན་གནས་པ་སྤྱད་པའི་གཞི་རྫོགས་སོ།། །།མ་གྲགས་པ་ནི་གཞི་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་རྣམས་ནི་ཞེ་སྡང་གིས་འཇུག་པ་ཡིན་ཏེ། དྲང་
པོ་མ་ཡིན་པ་ལ་བརྟེན་ནས་འདི་རྣམས་ལ་མིའི་ཆོས་བླ་མར་གྱུར་པ་ཅིའི་ཕྱིར་ཞེ་ན། དེ་ལ་ཐ་དད་དུ་བྱ་བ་མ་ཡིན་པ་ལྟུང་བའི་ཐ་སྙད་ཁ་ཅིག་སྡིག་པ་འདོད་པ་རྣམས་ཀྱིས་དེ་ལྟ་བུའི་ངོ་བོ་ཉིད་འཇུག་པ་རྣམས་ཀྱིས་དགེ་སློང་རྣམས་ཉམས་པར་བྱས་པ་དེ་བས་ན་འདི་རྣམ་པར་གཞག་
གོ། །མ་གྲགས་པ་དེས་ཅིའི་ཕྱིར་གླེང་བར་མི་བྱ་ཞེ་ན། ཁ་ཅིག་མིའི་ཆོས་བླ་མ་དང་ལྡན་པས་སྔགས་ཀྱང་སྨན་གྱིས་བྱས་པའམ། སྐྱེ་བ་ལས་བྱུང་བ་གང་ཡིན་པ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བ་ལ་སོགས་པ་རྣམས་ཀྱིའོ། །ཏིང་ངེ་འཛིན་ལས་གྲུབ་པའམ་མཉམ་

པར་མ་བཞག་པའི་ས་ལ་གནས་པ་ནི་འདི་ལྟ་སྟེ། བྱེ་བྲག་ཅན་གྱི་ཡོན་ཏན་རྣམས་ཀྱི་རིགས་ལས་བྱུང་བ་ནི་འདོད་པ་ན་སྤྱོད་པ་རྣམས་སོ། །འདིར་གཞུང་ནི། དགེ་སློང་དག་ལྷའི་མིག་ནི་ཐ་སྙད་དུ་བྱ་བ་མ་ཡིན་ཏེ། དེ་བས་ན་དགེ་སློང་གིས་ལྷའི་མིག་གིས་མཐོང་བས་གླེང་བར་
མི་བྱའོ་ཞེས་བྱ་བ་ནས་དེ་བཞིན་དུ་ལྷའི་རྣ་བས་གླེང་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ་ཞེ་ན་བདེན་མོད་ཀྱི། གཞན་དུ་ཡང་གྲགས་པ་ལས་མི་འདའ་བས་བྱས་ནས་འདི་ལ་འདོད་པ་ཉིད་རྣམ་པར་གནས་པ་ཡིན་ཏེ་སྐྱོན་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཐ་
སྙད་དུ་བྱས་པ་མ་ཡིན་ཞེས་སྨོས་པས་ལོག་པར་རྟོག་པ་དེ་བས་ན་འདི་ལྟར་སྦྱར་བའོ། །དགག་དབྱེ་བརྗོད་པ་རྫོགས་ན་དགག་དབྱེ་གཞག་པ་མི་འཆགས་སོ་ཞེས་བྱ་བ་ནི། གང་ཟག་གང་གིས་དགག་དབྱེ་བརྗོད་པ་རྫོགས་ན་མི་འཆགས་པའོ། །དགག་དབྱེ་བརྗོད་པ་
རྫོགས་པར་དགག་དབྱེ་འཇོག་པར་བྱེད་ན་ནི་འཆགས་སོ། །དགག་དབྱེའི་སྔགས་ལན་ཅིག་བརྗོད་པ་ལ་ནི་དེའི་མཐར་ཕྱིན་པ་ཉིད་བརྗོད་པ་ཡིན་ཏེ། ལན་གཉིས་བརྗོད་པ་ལ་ནི་གཉིས་པའི་མཐར་ཕྱིན་པ་ཉིད་རྫོགས་པ་ཡིན་ནོ། །ལན་གསུམ་དུ་བརྗོད་པ་གསུམ་པའི་
མཐར་ཕྱིན་པ་ཉིད་རྫོགས་པ་ཡིན་ནོ། །དགག་དབྱེའི་གཞི་ལས་དེ་ལ་སོགས་པས་དྲན་པ་ཉེ་བར་གཞག་སྟེ་ཞེས་བྱ་བ་ནས་ཤེས་བཞིན་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །བྱེད་པ་པོ་ནད་པ་དང་ལྡན་པ་ཉིད་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་གལ་ཏེ་དགག་དབྱེ་འཇོག་པ་
པོ་ནད་པར་གྱུར་ན་དེས་དགག་དབྱེ་འཇོག་ཏུ་འཇུག་པ་ཡང་སྔ་མ་བཞིན་དུ་མི་འཆགས་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དེས་མངོན་སུམ་དུ་འཇོག་པ་མི་འཆགས་པར་ཟད་དམ་ཞེ་ན། དེའི་ཕྱིར་མངགས་པས་ཀྱང་ངོ་ཞེས་བྱ་བ་ལས་ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་རང་
གིས་འཇོག་ཏུ་འཇུག་ན་ཡང་མི་འཆགས་སོ་ཞེས་བྱ་བའི་དོན་ཏོ། །ནད་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི་གལ་ཏེ་གཞན་གྱིས་ནད་པའི་དགག་དབྱེ་འཇོག་པར་བྱེད་ན། དེས་ཀྱང་ནད་པའི་དགག་དབྱེ་གཞག་པ་མི་འཆགས་པའོ། །འདིར་དགག་དབྱེ་ཞེས་སྨོས་པས་ནི་གསོ་

སྦྱོང་དང་གདམས་ངག་གཞག་པ་ལ་ཡང་ཆོ་ག་འདི་རིག་པར་བྱའོ། །དེ་མནོད་པར་མི་བྱའོ་ཞེས་བྱ་བ་ནི་གང་ཞིག་དགག་དབྱེ་གཞག་པ་མི་འཆགས་པ་བསྟན་པ་གང་ཡིན་པ་དེ་མནོད་པར་མི་བྱའོ། །ཚེ་དང་ལྡན་པ་ནད་པ་ནི་སྦྱོར་མི་བཟོད་པ་ཡིན་གྱི་
ཁྱེད་སྡོད་ཅིག་ཅེའམ། ཚེ་དང་ལྡན་པ་ཕོ་ཉ་དེ་ལ་ནི་བརྒལ་ཞིང་བརྟག་པ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ནད་པ་རང་གི་དགག་དབྱེ་འཇོག་ཏུ་འཇུད་ན་དེའི་ཚེ་ཚེ་དང་ལྡན་པ་ནད་པ་ནི་སྦྱོར་མི་བཟོད་པ་ཡིན་གྱི་ཁྱོད་རང་སྡོད་ཅིག་ཅེས་ལན་གདབ་པར་བྱའོ། །འོན་ཏེ་ནད་
པས་མངགས་པ་དེ་ལ་ཚེ་དང་ལྡན་པ་ཕོ་ཉ་ནད་པ་དེ་ལ་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །བྱས་པ་དང་བྱེད་པའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ན་ཡང་གླེང་བ་མི་འཆགས་སོ་ཞེས་བྱ་བ་ལ་བྱས་པའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ཅེས་བྱ་བ་ནི་འཕགས་པ་ཆེ་གེ་
མོས་ཉེས་པ་བྱས་པ་ཞེས་ཐོས་ཀྱིས་ཉེས་པ་འདི་དང་འདི་ལྟ་བུ་བྱས་ཞེས་བྱ་བ་མ་ཐོས་སོ་ཞེས་ཟེར་བའོ། །བྱེད་པའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ཅེས་བྱ་བ་ནི་འཕགས་པས་ཉེས་པ་འདི་དང་འདི་ལྟ་བུ་བྱས་ཞེས་ནི་ཐོས་ཀྱི་ཆེ་གེ་མོ་ཞིག་གིས་ནི་མ་ཐོས་སོ་ཞེས་ཟེར་བ་སྟེ། དེ་ལྟར་
བྱས་པ་དང་བྱེད་པའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ཡིན་ན་ཡང་གླེང་བ་མི་འཆགས་སོ། །ལྷག་མས་ཀྱང་དུས་མ་ཡིན་པར་འཇུག་པར་མི་བྱའོ་ཞེས་བྱ་བ་ལ་གནས་གང་དུ་གླེང་བར་བྱ་བའི་གང་ཟག་དེའི་བསྲུང་བར་བྱ་བ་རྣམས་ཀྱི་མདུན་དུ་དེས་བདག་ལ་བརྙས་ཐབས་བྱས་པར་འགྱུར་བའི་
གནས་དེ་ལས་ལྷག་མས་ཀྱང་ཞེས་བྱ་བས་ནི་བྱེད་པ་པོ་ནད་པ་ལ་སོགས་པས་གླེང་བ་དེ་ལས་གཞན་པས་ཀྱང་དུས་མ་ཡིན་པར་འཇུག་པར་མི་བྱའི་དུས་སུ་འཇུག་པར་བྱའོ། །དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པར་མི་བྱའོ། །མཐའ་མ་ཡིན་པར་མི་བྱའོ་ཞེས་བྱ་བ་ནི་གནས་གང་དུ་
གླེང་བར་བྱ་བའི་གང་ཟག་དེའི་བསྲུང་བར་བྱ་བ་རྣམས་ཀྱི་མདུན་དུ་དེས་བདག་ལ་བརྙས་ཐབས་བྱས་པར་འགྱུར་བའི་གནས་དེ་ལས་གཞན་པའི་གླེང་བར་བྱ་བ་དེས་འཇུག་པར་བྱ་བའི་དོན་ཏོ། །ལྕགས་ཀྱི་གསལ་ཤིང་ཅན་ཉིད་ནི་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །

སྐབས་འབྱེད་དུ་མ་བཅུག་པར་མི་བྱའོ་ཞེས་བྱ་བ་ནི་གང་དུ་གང་ཟག་གང་ལ་སྐབས་འབྱེད་དུ་མ་བཅུག་པར་གླེང་བ་ལ་འཇུག་པར་མི་བྱ་སྟེ་དེ་ནི་རབ་ཏུ་འཁྲུག་པ་སྤང་བ་ཉིད་ཀྱི་ཕྱིར་རོ། །དགག་དབྱེ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་གི་དགག་དབྱེའི་ཚེ་དགེ་འདུན་ལས་དགག་དབྱེ་བྱས་པ་དེ་ནི་
སྐབས་ཕྱེད་པ་ཉིད་ཡིན་པས་དེའི་ཕྱིར་དགག་དབྱེ་བྱེད་པ་ནི་གླེང་བ་ལ་འཇུག་པ་ནི་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །མི་དྲན་པ་ན་དྲན་པར་བྱའོ་ཞེས་བྱ་བ་ནི་གླེངས་པ་ན་མི་དྲན་ན་དྲན་དུ་གཞུག་གོ། །དྲན་པར་བྱ་བ་ནི་གླེང་བའི་འཁོར་ཡིན་པས་དེའི་ཕྱིར་ཇི་ལྟར་གླེང་བ་ལ་དུས་མ་ཡིན་པར་
འཇུག་པ་མི་བྱ་བ་དང་། དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པར་མི་བྱ་བ་དང་། སྐབས་འབྱེད་དུ་མ་བཅུག་པར་མི་བྱའོ་ཞེས་ཇི་སྐད་སྨོས་པ་དེ་དག་དྲན་པར་བྱ་བའི་སྐབས་འདིར་ཡང་གྲུབ་པ་ཡིན་ནོ། །དེ་མི་བྱེད་ན་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ་ཞེས་བྱ་བ་ནི་སྐབས་འབྱེད་པ་དེ་
མི་བྱེད་ན་གླེང་བར་བྱ་བ་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ། །མ་མོ་དག་ལས་ཆོ་ག་དང་བཅས་པར་བརྗོད་པར་བྱ་བ་ཉིད་བརྗོད་པའོ། །ཇི་ལྟར་བརྗོད་པ་དང་བཅས་པ་ཉིད་བྱ་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་ཁྱེད་ལ་བརྗོད་པ་དང་བཅས་པ་ཉིད་ཀྱིས་ཁྱེད་ཀྱིས་གནས་འདི་ནས་མ་ཞུས་
པར་འགྲོ་བར་མི་བྱའོ། །ཁོ་བོ་ལ་ཚེ་དང་ལྡན་པ་ལ་བརྗོད་པའི་ཕྱིར་བསྡོགས་པ་ཡོད་དོ་ཞེས་བྱ་བ་སྨོས་ཏེ། བརྗོད་པར་བྱ་བ་ཉིད་དུ་ངེས་པ་ནི་བསྡོགས་པ་ཞེས་བྱའོ། །དེས་དུལ་བར་མི་འགྱུར་བ་མི་གདམས་པ་ཉིད་དུའོ་ཞེས་བྱ་བ་ནི་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ་ཞེས་བྱ་བར་
སྦྱར་རོ། །དེ་ལ་གཏམ་འདྲེ་བ་ལ་སོགས་པ་ཡང་བཟློག་པར་བྱའོ་ཞེས་བྱ་བ་ནི་མི་གདམས་པ་ཉིད་དུ་བྱས་པ་དེ་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་ཉིད་ཀྱིས་ཕན་གདགས་པ་བཟློག་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་དང་། སོ་སོར་ཀུན་
དགའ་བར་བྱ་བའི་ཐ་སྙད་ཀྱིས་ཚིག་སྦྱིན་པར་ཡང་མི་བྱའོ། །དེ་ལྟར་ན་ཡང་གསོ་སྦྱོང་གཞག་གོ་ཞེས་བྱ་བ་ནི་དེ་ལྟར་ཡང་དུལ་བར་མི་འགྱུར་ཞིང་སྐབས་མི་འབྱེད་ན་དེའི་ཚེ་གསོ་སྦྱོང་གཞག་པར་བྱའོ། །དེས་ཀྱང་ནི་དགག་དབྱེའོ་ཞེས་བྱ་བ་ནི་དེ་ལྟར་གཞག་པ་དེས་ཀྱང་དུལ་བར་མི་

འགྱུར་ཞིང་སྐབས་མི་འབྱེད་ན་དེའི་ཚེ་དེའི་དགག་དབྱེ་གཞག་པར་བྱའོ། །གསོ་སྦྱོང་དང་དགག་དབྱེ་གཞག་པར་ཞེས་བྱ་བ་ནི་གང་ཟག་འདི་འདུག་པ་དང་ལྷན་ཅིག་དགེ་སློང་རྣམས་ཀྱིས་གསོ་སྦྱོང་དང་དགག་དབྱེ་མི་བྱའོ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །
འཇོག་པར་བྱེད་པ་དག་གིས་གཞག་པ་དང་ལྷན་ཅིག་ཏུ་བྱ་བ་ཡང་འདིར་བཟོད་པ་ཡིན་ནོ་ཞེས་བྱ་བ་ནི་གང་དག་གིས་གཞག་པ་གང་ཡིན་པ་དག་དང་ལྷན་ཅིག་གསོ་སྦྱོང་ལ་སོགས་པ་བྱ་བ་གང་ཡིན་པ་དེ་ཡང་སྐབས་འདིར་དེ་ལ་བཟོད་པ་བྱ་བ་ཡིན་གྱི་ཚིག་འབའ་ཞིག་གིས་བཟོད་པ་
བྱ་ཞིང་བག་ཡངས་སུ་བྱ་བར་མ་ཟད་དོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དྲུག་སྡེ་དག་གིས་འགྲན་དོར་གྱི་བསམ་པས་དགེ་སློང་གིས་གསོ་སྦྱོང་གཞག་པ་དང་། དགེ་སློང་རབ་ཏུ་གནས་པ་ཐམས་ཅད་ཀྱིས་ཀྱང་ཁྱེད་ཀྱི་གསོ་སྦྱོང་དྲུག་སྡེ་དག་གིས་གཞག་གོ་ཞེས་གསོ་སྦྱོང་
ལས་ཟློག་པར་བྱེད་ན་ཡང་དྲུག་སྡེ་དག་གིས་གསོ་སྦྱོང་བྱའོ་ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དགེ་སློང་དག་གིས་གསོ་སྦྱོང་གཞག་པ་དེ་ཉིད་ཀྱིས་གསོ་སྦྱོང་བྱས་ནས་བཟོད་པར་བྱས་པར་བརྗོད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་
ཡིན་ནོ། །སྐབས་ཕྱེ་བ་ཉིད་ན་གལ་ཏེ་མཉན་པ་ཉིད་མ་ཡིན་ན་ཕུར་པ་དང་བཅས་པ་ཉིད་བྱའོ་ཞེས་བྱ་བ་ནི་སྐབས་ཕྱེ་བ་ཉིད་ན་གལ་ཏེ་དེ་མཉན་པ་ཉིད་དུ་མི་འགྱུར་ན་དེའི་ཚེ་དེ་ལ་ཕུར་པ་དང་བཅས་པ་ཉིད་ཅེས་བྱ་བ་སྟེ། ཕུར་པ་དང་བཅས་པའི་སྐབས་འདི་ནི་མ་མོ་ལས་འབྱུང་ངོ་། །
ཇི་ལྟར་ཕུར་པ་དང་བཅས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་གནས་འདིའམ་གཞན་དུའམ་གཞི་འདིའམ་གང་ཡང་རུང་བ་ལ་འདོད་པར་སྨྲ་བར་བྱའོ་ཞེས་བྱ་བ་དང་། ལྟུང་བ་བཀལ་ཞིང་ཉེས་པ་བསྟན་ཏེ་བཏང་བས་སོ་ཞེས་བྱ་བ་སྨོས་ཏེ་གང་ཡང་རུང་བ་ལ་འདོད་པར་བྱ་ཞེས་བྱ་བ་ནི་གནས་
སམ་གཞི་ལའོ། །ཉེས་པ་བསྟན་ཏེ་ཞེས་བྱ་བ་ནི་ལྟུང་བ་བཀལ་ཞིང་ཞེས་བྱ་བའི་རྣམ་གྲངས་གཞན་བསྟན་པའོ། །རྟ་དམུ་རྒོད་ཕུར་པ་དང་བཅས་པ་དང་འདྲ་བར་དེ་དང་དྲི་མ་དང་བཅས་པར་བཏང་བ་ཡིན་པས་དེའི་ཕྱིར་ཕུར་པ་དང་བཅས་པ་ཞེས་བྱའོ། །ཚུལ་ཁྲིམས་དང་ལྟ་བ་དང་

ཆོ་ག་དང་འཚོ་བ་ཉམས་པས་གླེང་བ་ལ་སོགས་པ་དེ་དག་ཐམས་ཅད་བྱེད་ན་གཞི་དང་བཅས་པ་འཆགས་སོ་ཞེས་བྱ་བ་ནི་མཐོང་བ་དང་ཐོས་པ་དང་དོགས་པ་དག་གིས་གཞི་དང་བཅས་པར་ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ཉམས་པས་གླེང་བ་དང་དྲན་པར་བྱ་བ་དང་
སྐབས་འབྱེད་དུ་གཞུག་པ་དང་བརྗོད་པ་དང་བཅས་པ་དང་། མི་གདམས་པ་ཉིད་དང་། གསོ་སྦྱོང་གཞག་པ་དང་། དགག་དབྱེ་གཞག་པ་ཕུར་པ་དང་བཅས་པས་བྱ་བ་དག་བྱེད་ན་འཆགས་པའོ། །དེ་དག་བྱ་བ་ཡང་གཞི་ཡོད་ན་འཆགས་ཀྱི་གཞི་མེད་པར་ཚུལ་ཁྲིམས་ལ་
སོགས་པ་ཉམས་པས་གླེང་བ་ལ་སོགས་པ་བྱེད་པ་ནི་མི་འཆགས་སོ། །གཞི་ལེགས་པ་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི་གླེང་བ་ལ་སོགས་པ་དེ་དག་ལེགས་པར་མ་མཐོང་བ་དང་། ལེགས་པར་མ་ཐོས་པ་དང་། ལེགས་པར་མི་དོགས་པར་མི་བྱ་བ་དང་། མི་གསལ་
བར་ཐོས་པ་ནི་ལེགས་པར་མ་ཐོས་པའོ། །སྙིང་ཐ་དད་ཅིང་དད་པ་ཞེན་པའི་ཡོངས་སུ་རྟོག་པ་ནི་ལེགས་པར་མི་དོགས་པའོ། །འདིར་གཞི་དྲི་ངན་པ་ཡོད་དེ། དེ་བས་ན་འདིར་མི་འཆགས་པ་མ་ཡིན་པར་རིག་པར་བྱའོ། །འདི་ནི་ཕྲན་ཚེགས་དག་ལས་འབྱུང་ངོ་། །འདི་
ལ་དངོས་པོ་ལ་བདེན་པ་ཉིད་ནི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི་གཞི་འདི་ལ་དངོས་པོ་ལ་བདེན་པ་ཉིད་ནི་རྒྱུ་མ་ཡིན་གྱི་འདུ་ཤེས་ཀྱི་དབང་གིས་འདི་རྣམ་པར་གཞག་པ་སྟེ། དངོས་པོ་བདེན་པ་ཉིད་ཡིན་ན་ཡང་གལ་ཏེ་མཐོང་བ་ལ་སོགས་པའི་འདུ་ཤེས་མེད་པར་གླེང་བར་བྱེད་ན་གཞི་མེད་པ་
ཁོ་ནས་གླེང་བ་ལ་སོགས་པ་ཁོ་ནར་འགྱུར་ལ། དངོས་པོ་མི་བདེན་པ་ཉིད་ཡིན་ཡང་གལ་ཏེ་མཐོང་བ་ལ་སོགས་པའི་འདུ་ཤེས་ཀྱིས་གླེང་བར་བྱེད་ན་གཞི་དང་བཅས་པ་ཁོ་ནས་གླེངས་པ་ལ་སོགས་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཐོས་པ་ནི་རྣམ་པ་གསུམ་སྟེ།
བྱ་བའི་མཚན་མ་དང་། གཞན་ཕེབས་པར་སྨྲ་བ་དང་། རང་གི་རྗེས་སུ་ཐོས་པའོ་ཞེས་བྱ་བ་ལ། བྱ་བའི་མཚན་མ་ཞེས་བྱ་བ་སྨྲ་བ་གང་དག་གིས་འཇུག་པར་བྱེད་པའི་སྒྲ་དེ་དག་དེར་བྱ་བ་དེ་ལྷན་ཅིག་བྱུང་བའི་རང་བཞིན་གང་ཡིན་པ་དེ་ནི་བྱ་བའི་མཚན་མའོ། །གཞན་དག་གིས་

བྱས་པར་གྱུར་པ་ལ་དེའི་དོན་དུ་གཞན་ཕེབས་པར་སྨྲ་བ་ལ་གཞན་གྱིས་སྨྲས་པ་ཉིད་དོ། །རང་གི་བདག་ཉིད་ཤེས་པ་པོ་ཉིད་ལ་གང་ཞིག་གཞན་གྱིས་ཐོས་སུ་བཅུག་པ་དེ་ནི་ཆེ་གེ་མོ་ཞིག་གིས་འདི་ལྟ་བུས་བྱས་སོ་ཞེས་གཞན་དག་ལོགས་ཤིག་ན་གཏམ་ཟེར་
བ་རང་གིས་ལོགས་ཤིག་ནས་རྗེས་སུ་ཐོས་པ་གང་ཡིན་པའོ། །འདིར་གཞུང་ནི་འདི་ལ་དགེ་སློང་དག་གིས་རྣམ་པ་གང་དག་དང་། རྟགས་གང་དག་དང་མཚན་མ་གང་དག་གིས་ཕམ་པར་འགྱུར་བའི་མཐའི་ལྟུང་བ་འབྱིན་པའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་གིས་
ཕམ་པར་འགྱུར་བ་མཐའི་ལྟུང་བ་འབྱིན་པ་དེ་ཐོས་པ་དང་། གཏམ་དེ་ཡང་དེ་ལས་བྱུང་ཞིང་དེའི་རང་བཞིན་གྱིས་ཉེ་བར་གནས་པ་ཡིན་པ་དང་། དེ་བཞིན་དུ་དེས་དགེ་སློང་དེ་ཕམ་པར་འགྱུར་བའི་མཐའི་ལྟུང་བར་འབྱུང་ངོ་ཞེས་ཡིད་ཆེས་པའི་ཚིག་ལས་ཐོས་པར་གྱུར་ན་གཞི་དེས་གནས་པ་
དེའམ་གཞན་དུ་དེའི་གསོ་སྦྱོང་འཇོག་པར་བྱེད་ན་ཆོས་བཞིན་དུ་གསོ་སྦྱོང་འཇོག་པ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། དེར་ཇི་སྐད་གསུངས་པ་དེ་དག་གོ་རིམས་བཞིན་དུ་འདིར་བསྡུས་པ་ཡིན་ནོ་ཡིད་མ་ཆེས་པ་ནི་གཞི་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཐོས་ཀྱང་ཡིད་མ་ཆེས་པ་གང་ཡིན་པ་དེ་ནི་
གཞི་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་དེས་ཡིད་ཆེས་པའི་ཚིག་ལས་ཐོས་པ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་སྦྱོང་བའི་གཞིའོ།། །།ཤེས་པ་དུ་མ་ཉིད་ཡིན་ན་གླེང་བ་ལ་སོགས་པ་ལ་འདོད་པས་སོ་ཞེས་བྱ་བ་ནི་ཤེས་པའི་དགེ་སློང་དུ་མ་
ཉིད་ཡིན་ན་དེ་ལ་གླེང་བ་དང་དྲན་པར་བྱ་བ་དང་སྐབས་འབྱེད་དུ་གཞུག་པ་ལ་སོགས་པ་དེ་དག་རྒན་རིམ་གྱིས་འཇུག་པར་བྱ་བ་མ་ངེས་ཀྱིས་གླེང་བར་བྱ་བ་འདོད་པས་ཅི་དགར་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་བརྫུན་དུ་སྨྲ་བའི་ལྟུང་བྱེད་ཀྱི་ཞུ་བ་ལས། བཙུན་པ་དགེ་
སློང་གི་དགེ་འདུན་གྱི་དབུས་སུ་བསླབ་པ་ལས་འདའ་བར་བགྱིད་ན་སུས་གླེང་བར་བགྱི། གང་འདོད་པས་སོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དགག་དབྱེ་མ་ཡིན་པར་དེ་གཞག་པར་མི་བྱའོ་ཞེས་བྱ་བ་ནི་དགག་དབྱེའི་ལས་ཀྱི་དུས་མ་ཡིན་པ་གཞན་དུ་དགག་དབྱེ་དེ་གཞག་

པར་མི་བྱའོ། །གསོ་སྦྱོང་མ་ཡིན་པར་དེ་མི་བྱའོ་ཞེས་བྱ་བ་ནི་གསོ་སྦྱོང་གི་ལས་ཀྱི་དུས་མ་ཡིན་པར་གཞན་དུ་གསོ་སྦྱོང་དེ་གཞག་པར་མི་བྱའོ། །འཇོག་པར་བྱེད་པ་བུད་མེད་ཉིད་ཀྱིས་གཞན་སྐྱེས་པའི་གཞག་པ་ཉིད་བྱེད་དམ་བྱས་པ་ཉིད་ན་གཞག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་
དེ་དག་འཇོག་པར་བྱེད་པ་ཉིད་དམ་གཞག་པར་བྱས་པ་ཉིད་ཀྱི་འོག་ཏུ་གལ་ཏེ་མཚན་དེ་བུད་མེད་དུ་གྱུར་པ་ཉིད་ཀྱིས་འཇོག་པར་བྱེད་པ་བུད་མེད་ཡིན་ལ། ཅིག་ཤོས་སྐྱེས་པ་ཡིན་པར་གྱུར་ན་དེ་ལ་འཇོག་པར་བྱེད་པ་གང་ཡིན་པ་དེ