Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 139
Văn bản gốc(Tây Tạng)
Trang 15 / 15 (50.000 ký tự/trang)
འདི་གཉིས་ཁས་མི་ལེན་པར་དབུ་མའི་ལམ་གྱི་ཆོས་བསྟན་ཏེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་ རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀྱང་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་ན་འདི་མི་འབྱུང་ལ། འདི་འགགས་པས་ འདི་འགག་པར་འགྱུར་བ། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་ པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲིད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་ འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀྱང་འགག་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། འོད་སྲུངས་ཀྱི་རིགས་གོས་མེད་རྡུལ་མེད་ཅིང་དྲི་མ་དང་བྲལ་ ཏེ། ཆོས་རྣམས་ལ་ཆོས་ཀྱི་མིག་སྐྱེས་སོ། །དེ་ནས་འོད་སྲུངས་ཀྱི་རིགས་གོས་མེད་ཆོས་མཐོང་བ་དང་། ཆོས་རིག་པ་དང་། ཆོས་ཐོབ་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པས་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་དང་། འབྲས་བུ་ལ་གནས་པར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་ཞུགས་ ལགས་སོ། །བཙུན་པ་བདེ་བར་གཤེགས་པ་བདག་ནི་ཞུགས་སོ། །བདག་ནི་བཙུན་པ་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །ཆོས་དང་དགེ་སློང་གི་དགེ་འདུན་ལ་ཡང་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་བདག་དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་སྤངས་པ་ དང་། སྐྱབས་སུ་མཆིས་པ་དང་། མངོན་པར་དགའ་བར་གྱུར་པའི་དགེ་བསྙེན་ལགས་པར་གཟུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུངས་ཀྱི་རིགས་གོས་མེད་ལ་ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན་ཅིང་ཡང་དག་པར་འཛིན་དུ་བཅུག་ལ། ཡང་དག་ པར་གཟེངས་བསྟོད་དེ། ཡང་དག་པར་དགའ་བར་མཛད་ནས་གཤེགས་སོ། །དེ་ནས་འོད་སྲུངས་ཀྱི་རིགས་གོས་མེད་ཐ་གི་ཟད་ཙམ་གྱི་བར་དུ་བཅོམ་ལྡན་འདས་ཀྱི་སླད་བཞིན་དུ་ཞམ་རིང་བྱས་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་ སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས། རིང་པོ་མ་ལོན་པར་བ་དྲུས་མ་ཞིག་གིས་བསད་དེ་འཆི་བའི་དུས་ཀྱི་ཚེ། དབང་པོ་རྣམས་ནི་རྣམ་པར་དང་བར་གྱུར། བཞིན་གྱི་མདོག་ནི་ཡོངས་སུ་དག་པར་གྱུར། པགས་པའི་མདོག་ནི་ཡོངས་སུ་གསལ་བར་གྱུར་ཏོ། །དེ་ནས་དགེ་ སློང་མང་པོ་དག་སྔ་དྲོ་ཤམ་ཐབས་དང་། ཆོས་གོས་བགོས། ལྷུང་བཟེད་ཁྱེར་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་དོང་ངོ་། །དེ་ནས་དགེ་སློང་མང་པོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་རྒྱུ་བ་དག་གིས་འོད་སྲུངས་ཀྱི་རིགས་གོས་མེད་དེས་བཅོམ་ལྡན་འདས་ལ་སྡུག་བསྔལ་གྱི་ཆོས་ལ་ཞུ་བ་ཞུས་ཏེ། ཞུས་ནས་དེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ནས། རིང་པོ་མ་ལོན་པར་བ་དྲུས་མ་ཞིག་གིས་བསད་དེ། དེ་འཆི་བའི་དུས་ཀྱི་ཚེ། དབང་པོ་རྣམས་ནི་རྣམ་པར་དང་བར་གྱུར། བཞིན་གྱི་མདོག་ནི་ཡོངས་སུ་དག་པར་གྱུར། པགས་པའི་མདོག་ནི་ཡོངས་སུ་གསལ་བར་གྱུར་ཏོ་ཞེས་ཐོས་སོ། །ཐོས་ ནས་ཀྱང་དགེ་སློང་མང་པོ་རྣམས་ཀྱི་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བསྐོར་ནས་ཁ་ཟས་ཀྱི་བྱ་བ་བྱས་ཏེ་ཁ་ཟས་ཕྱིས་ཟ་བ་སྤངས་ནས། ལྷུང་བཟེད་དང་ཆོས་གོས་གནས་སུ་བཞག་སྟེ། རྐང་པ་བཀྲུས་ནས་ནང་དུ་ཡང་དག་འཇོག་པའི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་དགེ་ སློང་མང་པོ་དག་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་མང་པོ་དག་གིས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་ཅག་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་འཚལ་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་མཆིས་ནས་བདག་ཅག་གིས་ཐོས་པ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་ པ་ན། འོད་སྲུངས་ཀྱི་རིགས་གོས་མེད་དེས་བཅོམ་ལྡན་འདས་ལ་སྡུག་བསྔལ་གྱི་ཆོས་ལ་ཞུ་བ་ཞུས་ནས། དེ་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་མཆིས་ནས་རིང་པོ་མ་ལོན་པར་བ་དྲུས་མ་ཞིག་གིས་བཀུམ་སྟེ། དེ་འགུམས་པའི་དུས་ཀྱི་ཚེ་དབང་པོ་རྣམས་ནི་རྣམ་པར་དང་བར་གྱུར། བཞིན་ གྱི་མདོག་ནི་ཡོངས་སུ་དག་པར་གྱུར། པགས་པའི་མདོག་ནི་ཡོངས་སུ་གསལ་བར་གྱུར་ཞེས་ཐོས་ལགས་ན། བཙུན་པ་དེའི་འགྲོ་བ་ནི་གང་ལགས། གང་དུ་ནི་སྐྱེས་ལགས། འཇིག་རྟེན་ཕ་རོལ་ནི་གང་ལགས། དགེ་སློང་དག་རིགས་ཀྱི་བུ་དེ་ནི་ནོར་དུ་འགྱུར་ཏེ། ཆོས་ཀྱི་རྗེས་ སུ་མཐུན་པའི་ཆོས་མངོན་པར་རྟོགས་སོ། །ཆོས་ཀྱི་སྐབས་ནས་ང་ལ་ཅུང་ཟད་ཀྱང་མཐོ་བཙམས་པ་མེད་དོ། །དགེ་སློང་དག་རིགས་ཀྱི་བུ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་ཀྱི་དེའི་ལུས་ལ་ལུས་ཀྱི་མཆོད་པ་གྱིས་ཤིག་ཅེས། དེར་བཅོམ་ལྡན་འདས་ཀྱིས་འོད་སྲུངས་ཀྱི་རིགས་གོས་མེད་དགེ་ སློང་གི་དགེ་འདུན་གྱི་མདུན་དུ་མཆོག་ཏུ་ལུང་བསྟན་ཏེ་དེ་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ལགས་སམ་ཞེས་སྨྲས་པ་ནི། ཀྱེ་གཽ་ཏ་མ་ཅི་ལགས། རང་གི་བདག་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ལགས་སམ་ཞེས་བྱ་བའི་དོན་ཏེ། དེ་བས་ན་ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ལགས་སམ་ཞེས་སྨྲས་སོ། །ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་གཞན་གྱིས་བགྱིས་པ་ལགས་ སམ་ཞེས་སྨྲས་པས་ནི། ཀྱེ་གཽ་ཏ་མ་ཅི་ལགས། གཞན་དག་གི་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ལགས་སམ་ཞེས་བྱ་བའི་དོན་ཏེ། དེ་བས་ན་ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་ གཞན་གྱིས་བགྱིས་པ་ལགས་སམ་ཞེས་སྨྲས་སོ། །ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ཡང་ལགས་ལ། གཞན་གྱིས་བགྱིས་པ་ཡང་ལགས་སམ་ཞེས་སྨྲས་པ་ནི། ཀྱེ་གཽ་ཏ་མ་ཅི་ལགས། རང་གི་བདག་དང་། གཞན་གྱི་བདག་ཀྱང་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་ པ་དང་། གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ལགས་སམ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ཡང་ལགས་ལ། གཞན་གྱིས་བགྱིས་པ་ཡང་ལགས་སམ་ཞེས་སྨྲས་སོ། །ཀྱེ་གཽ་ཏ་ མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ཡང་མ་ལགས་ལ། གཞན་གྱིས་བགྱིས་པ་ཡང་མ་ལགས་ཏེ། རྒྱུ་མ་མཆིས་པ་ལས་བྱུང་བ་ལགས་སམ་ཞེས་སྨྲས་པ་ནི། ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རྒྱུ་མེད་ལགས་སམ་ཞེས་བྱ་བའི་དོན་ཏེ། དེ་བས་ན་ཀྱེ་གཽ་ཏ་མ་ཅི་ལགས། སྡུག་བསྔལ་རང་གིས་བགྱིས་པ་ཡང་མ་ལགས་ལ། གཞན་གྱིས་བགྱིས་པ་ཡང་མ་ལགས་ཏེ། རྒྱུ་མ་མཆིས་པ་ལས་བྱུང་བ་ལགས་སམ་ཞེས་སྨྲས་སོ། །དེ་ལ་ནི་འདི་སྐད་ཅེས་བྱ་སྟེ། འོད་སྲུངས་རང་གི་བདག་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ་ དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ཡིན་དུ་ཟིན་ན། དེ་ལྟར་ན་ནི་རང་གི་བདག་མ་ཆད་ཀྱི་བར་དུ་སྡུག་བསྔལ་ཡང་དག་པར་ཟད་པ་དང་། སྡུག་བསྔལ་མཐར་བྱེད་པ་མེད་པར་འོང་ངོ་། །འོད་སྲུངས་གཞན་གྱི་བདག་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ཡིན་དུ་ཟིན་ན། དེ་ལྟར་ན་ཡང་གཞན་གྱི་བདག་མ་ཆད་ཀྱི་བར་དུ་སྡུག་བསྔལ་ཡང་དག་པར་ཟད་པ་དང་། སྡུག་བསྔལ་མཐར་བྱེད་པ་མེད་པར་འོང་ངོ་། །འོད་སྲུངས་རང་གི་ བདག་དང་གཞན་གྱི་བདག་སྡུག་བསྔལ་གྱི་རྒྱུ་དང་། རྩ་བ་དང་། སྐྱེད་པ་དང་། གཞི་དང་། བྱེད་རྒྱུ་དང་། འབྱིན་པ་དང་། རྐྱེན་དང་། ཀུན་འབྱུང་བ་དང་། སློང་བ་ཡིན་དུ་ཟིན་ན། དེ་ལྟར་ན་ཡང་རང་གི་བདག་དང་གཞན་གྱི་བདག་མ་ཆད་ཀྱི་བར་དུ་སྡུག་བསྔལ་ཡང་དག་པར་ ཟད་པ་དང་། སྡུག་བསྔལ་མཐར་བྱེད་པ་མེད་པར་འོང་ངོ་། །འོད་སྲུངས་སྡུག་བསྔལ་རྒྱུ་མེད་པ་ལས་བྱུང་བ་ཡིན་དུ་ཟིན་ན། དེ་ལྟ་ན་ཡང་དེའི་རྒྱུ་གང་ཟད་པར་བྱས་པས་སྡུག་བསྔལ་ཡང་དག་པར་ཟད་པ་དང་། སྡུག་བསྔལ་མཐར་བྱེད་པར་འགྱུར་བའི་རྒྱུ་མེད་པར་འོང་ངོ་། །འོད་སྲུངས་ དེ་བས་ན་རང་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་། རང་གིས་ཀྱང་བྱས་ལ་གཞན་གྱིས་ཀྱང་བྱས་པ་དང་། རང་གིས་ཀྱང་མ་བྱས་ལ་གཞན་གྱིས་ཀྱང་མ་བྱས་ཏེ། རྒྱུ་མེད་པ་ཡང་མ་ཡིན་པ་ནི་འདི་ལྟར་ཁས་བླང་བར་བྱ་སྟེ། རང་གིས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ ལྟར་འདི་ན་ཁ་ཅིག་རང་གིས་རང་གི་སྐྲ་འབལ་བའམ། ཁ་སྤུ་འབལ་བའམ། སྐྲ་དང་ཁ་སྤུ་འབལ་བའམ། ལྕག་གིས་འཇུ་བའམ། ལྕུག་མས་འཇུ་བའམ། འབྲེང་པས་འཇུ་བའམ། ལག་པ་གཅོད་པའམ། རྐང་པ་གཅོད་པའམ། རྣ་བ་གཅོད་པའམ། སྣ་གཅོད་པའམ། གཏན་འཆི་བར་བྱེད་པའམ། གྲངས་ནས་གྲང་སར་འགྲོ་བའམ། ཚ་བའི་ས་ནས་ཚ་བའི་སར་འགྲོ་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་རང་གིས་བྱས་པ་ཡིན་ནོ། །གཞན་གྱིས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ན་ཁ་ཅིག་ གཞན་གྱིས་དེའི་སྐྲ་འབལ་བའམ། ཁ་སྤུ་འབལ་བའམ། སྐྲ་དང་ཁ་སྤུ་འབལ་བའམ། ལྕག་གིས་འཇུ་བའམ། ལྕུག་མས་འཇུ་བའམ། འབྲེང་པས་འཇུ་བའམ། ལག་པ་གཅོད་པའམ། རྐང་པ་གཅོད་པའམ། རྣ་བ་གཅོད་པའམ། སྣ་གཅོད་པའམ། གཏན་འཆི་བར་བྱེད་པའམ། གྲངས་ནས་གྲང་སར་གཏོང་བའམ། ཚ་བའི་ས་ནས་ཚ་བའི་སར་གཏོང་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་གཞན་གྱིས་བྱས་པ་ཡིན་ནོ། །གཉི་གས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། ཇི་ལྟར་འདི་ ན་ཁ་ཅིག་བདག་ཉིད་དང་། གཞན་གྱིས་དེའི་སྐྲ་འབལ་བ་དང་། ཁ་སྤུ་འབལ་བ་དང་། སྐྲ་དང་ཁ་སྤུ་འབལ་བ་དང་། ལྕག་གིས་འཇུ་བའམ། ལྕུག་མས་འཇུ་བའམ། འབྲེང་བས་འཇུ་བའམ། ལག་པ་གཅོད་པའམ། རྐང་པ་གཅོད་པའམ། རྣ་བ་གཅོད་པའམ། སྣ་ གཅོད་པའམ། གཏན་འཆི་བར་བྱེད་པའམ། གྲངས་ནས་གྲང་སར་གཏོང་བའམ། ཚ་བའི་ས་ནས་ཚ་བའི་སར་གཏོང་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་རང་གིས་བྱས་པ་ཡང་ཡིན་ལ། གཞན་གྱིས་བྱས་པ་ཡང་ཡིན་ནོ། །རང་ གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་ལ། རྒྱུ་མེད་པ་ལས་བྱུང་བ་ནི་མ་ཡིན་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་རླུང་ལྡང་བ་དང་། ཆར་པ་འབབ་པ་དང་། ཐོག་ཐོག་འབབ་པ་ན་ཁྱིམ་རྡིབ་པར་བྱེད་པའམ། ཤིང་རྣམས་གཅོད་པར་བྱེད་པའམ། བྲག་གི་རྩེ་མོ་རྣམས་ འཇོམས་པར་བྱེད་དེ། དེས་ན་ཁ་ཅིག་གི་ནི་ལག་པ་གཅོད་པར་བྱེད། ཁ་ཅིག་གི་ནི་རྐང་པ་གཅོད་པར་བྱེད། ཁ་ཅིག་གི་ནི་རྣ་བའམ། སྣ་ཆད་པར་བྱེད་དེ། ཁ་ཅིག་ནི་གཏན་འཆི་བར་བྱེད་པ་ལྟ་བུ་སྟེ། རླུང་དེ་དང་། ཆར་པ་དེ་དང་། ཐོག་ཐོག་དེ་ནི་ཁྱིམ་དེ་དག་རྡིབ་པར་བྱེད་པ་ དང་། ཤིང་རྣམས་ཆག་པར་བྱེད་པ་དང་། བྲག་གི་རྩེ་མོ་རྣམས་འཇོམས་པར་བྱེད་པའི་རྒྱུ་ཁོ་ན་ཡིན་ཏེ། དེ་ལྟར་ན་རང་གིས་ཀྱང་མ་བྱས། གཞན་གྱིས་ཀྱང་མ་བྱས་པའི་རིགས་དང་རྒྱུ་ལས་བྱུང་བ་ཡིན་ནོ། །འོད་སྲུངས་སེམས་ཅན་རྣམས་ཀྱི་བདེ་བ་དང་། སྡུག་བསྔལ་སྐྱེ་བ་ཅི་ཡང་ རུང་བ་དེ་དག་ཐམས་ཅད་ནི་རང་གིས་བྱས་པ་དང་། གཞན་གྱིས་བྱས་པ་དང་། གཉི་གས་བྱས་པ་དང་། དུས་ཚིགས་འགྱུར་བའི་རྐྱེན་བཞིས་སྐྱེ་བར་འགྱུར་རོ། །བདག་གིས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། འདི་ན་ཁ་ཅིག་རང་གིས་རང་གི་སྐྲ་འབལ་བའམ། ཁ་སྤུ་འབལ་བའམ། སྐྲ་ དང་ཁ་སྤུ་འབལ་བའམ། ལྕག་གིས་འཇུ་བའམ། ལྕུག་མས་འཇུ་བའམ། འབྲེང་བས་འཇུ་བའམ། ལག་པ་གཅོད་པའམ། རྐང་པ་གཅོད་པའམ། རྣ་བ་གཅོད་པའམ། སྣ་གཅོད་པའམ། གཏན་འཆི་བར་བྱེད་པའམ། གྲངས་ནས་གྲང་སར་འགྲོ་བའམ། ཚ་ བའི་ས་ནས་ཚ་བའི་སར་འགྲོ་བའམ། ལུས་སྣུམ་གྱིས་བསྐུ་ཞིང་དྲིལ་བ་དང་། ཁྲུས་བྱེད་པའམ་མཉེ་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་བདེ་བ་དང་སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་བདག་གིས་བྱས་པ་ཡིན་ནོ། །གཞན་གྱིས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ ན་འདི་ན་ཁ་ཅིག་གཞན་གྱིས་དེའི་སྐྲ་འབལ་བ་ནས། གཏན་འཆི་བའི་བར་དུ་བྱེད་པ་དང་། གྲང་ས་ནས་གྲང་སར་གཏོང་བའམ། ཚ་བའི་ས་ནས་ཚ་བའི་སར་གཏོང་བའམ། ལུས་སྣུམ་གྱིས་བསྐུ་ཞིང་དྲིལ་བ་དང་། ཁྲུས་བྱེད་པ་དང་། ལུས་མཉེ་བར་བྱེད་ལ་དེའི་རྐྱེན་གྱིས་ཀྱང་ དེའི་བདེ་བ་དང་། སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་གཞན་གྱིས་བྱས་པ་ཡིན་ནོ། །གཉི་གས་བྱས་པ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་འདི་ན་ཁ་ཅིག་བདག་ཉིད་དང་། གཞན་གྱིས་ཀྱང་དེའི་སྐྲ་འབལ་བ་ནས། གཏན་འཆི་བའི་བར་དུ་བྱེད་པ་དང་། གྲང་ས་ ནས་གྲང་སར་གཏོང་བའམ། ཚ་བའི་ས་ནས་ཚ་བའི་སར་གཏོང་བའམ། ལུས་སྣུམ་གྱིས་བསྐུ་ཞིང་དྲིལ་བ་དང་། ཁྲུས་བྱེད་པ་དང་མཉེ་བར་བྱེད་ལ། དེའི་རྐྱེན་གྱིས་ཀྱང་དེའི་བདེ་བ་དང་། སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་གཉི་གས་བྱས་པ་ཡིན་ནོ། །དུས་ཚིགས་ འགྱུར་བ་ཇི་ལྟ་བུ་ཞེ་ན། སྨྲས་པ། དཔེར་ན་རྒྱལ་པོ་དགུན་ཅིག་ཏུ་ངེས་པར་གྲང་བ་དང་། དབྱར་ཅིག་ཏུ་ངེས་པར་ཚ་བ་དང་། སོ་གའི་གྲང་བ་དང་། ཚ་བ་དེ་གཉི་ག་ལས་བདེ་བ་དང་། སྡུག་བསྔལ་སྐྱེ་བར་འགྱུར་བ་ལྟ་བུ་སྟེ། དེ་ལྟར་ན་དུས་ཚིགས་འགྱུར་བ་ལས་གྱུར་པ་ཡིན་ནོ། །ལས་ འཐོབ་པ་ནི་རྣམ་པ་བཞི་སྟེ། རྒྱས་པར་ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་ཇི་སྐད་འབྱུང་བ་བཞིན་དུ་བརྗོད་པར་བྱའོ། །སྦྱིན་པ་ནི་བཞི་སྟེ། བཞི་གང་ཞེ་ན། སྦྱིན་པ་པོ་རྣམ་པར་དག་པ་ལེན་པ་པོ་རྣམ་པར་མ་དག་པ་ཡང་ཡོད་དོ་ཞེས་བྱ་བ་ནས། རྒྱས་པར་ ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་ཇི་སྐད་འབྱུང་བ་བཞིན་དུ་བརྗོད་པར་བྱའོ། །སྦྱིན་པ་ནི་བརྒྱད་དེ། བརྒྱད་གང་ཞེ་ན། ཉེ་བར་གྱུར་པ་ལ་སྦྱིན་པ་ཞེས་བྱ་བ་ནས། རྒྱས་པར་ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་ཇི་སྐད་འབྱུང་བ་བཞིན་དུ་བརྗོད་པར་བྱའོ། །གཞན་ཡང་སྦྱིན་ པ་ནི་བརྒྱད་དེ། བརྒྱད་གང་ཞེ་ན། གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆུང་ངུ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ་ཡུན་རིང་དུ་ཐུབ་པ་མ་ཡིན་པ་དང་། གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ་ཡུན་རིང་དུ་མི་ཐུབ་པ་བྱིན་ པ་དང་། གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ་ཡུན་རིང་དུ་ཐུབ་པ་བྱིན་པ་དང་། གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ་ཡུན་རིང་དུ་ཐུབ་པ་བྱིན་པ་དང་། གང་ཟག་དད་པ་ཆེན་ པོས་སྦྱིན་པ་ཆུང་ངུ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་དང་། གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་དང་། གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་ བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་དང་། གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་གྲུབ་པ་བྱིན་པའོ། །དེ་ལ་གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆུང་ངུ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་གང་ཡིན་པའི་སྦྱིན་པ་འདི་ནི་སྦྱིན་པ་དེ་རྣམས་ཀྱི་ནང་ན་ཆུང་ངུ་ཞེས་བརྗོད་དོ། །དེ་ལ་གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པའི་སྦྱིན་པ་ གང་ཡིན་པ་དེ་ནི་སྦྱིན་པ་དེ་བས་ཆེ་བར་བརྗོད་དོ། །དེ་ལ་གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་བྱིན་པ་གང་ཡིན་པའི་སྦྱིན་པ་འདི་ནི་དེ་གཉིས་པས་ཆེ་བར་བརྗོད་དོ། །དེ་ལ་གང་ཟག་དད་པ་ཆུང་ངུས་སྦྱིན་པ་ཆེན་པོ་ བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་ཐུབ་པ་གང་ཡིན་པའི་སྦྱིན་པ་དེ་ནི་སྦྱིན་པ་དེ་དག་པས་ཆེར་བརྗོད་དོ། །དེ་ལ་གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆུང་ངུ་བྱིན་ལ། ཚུལ་ཁྲིམས་འཆལ་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་གང་ཡིན་པའི་ སྦྱིན་པ་འདི་ནི་སྦྱིན་པ་དེ་དག་པས་ཆེ་བར་བརྗོད་དོ། །དེ་ལ་གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་སྦྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་མི་ཐུབ་པ་གང་ཡིན་པའི་སྦྱིན་པ་འདི་ནི་སྦྱིན་པ་དེ་དག་པས་ཆེ་བར་བརྗོད་དོ། །དེ་ལ་གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་ བྱིན་ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་ཐུབ་པ་བྱིན་པ་གང་ཡིན་པའི་སྦྱིན་པ་འདི་ནི་སྦྱིན་པ་དེ་དག་པས་ཆེ་བ་དང་། མཆོག་ཏུ་བརྗོད་པ་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། བླ་ན་མེད་པར་བརྗོད་དེ། དཔེར་ན་བ་བས་ནི་འོ་མ། འོ་ མ་བས་ནི་ཞོ། །ཞོ་བས་ནི་མར་སར། མར་སར་བས་ནི་ཞུན་མར། ཞུན་མར་བས་ནི་མར་གྱི་ཉིང་གུ་ཆེ་བ་དང་། མཆོག་ཏུ་བརྗོད་པ་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། བླ་ན་མེད་པར་བརྗོད་པ་དེ་བཞིན་དུ། གང་ཟག་དད་པ་ཆེན་པོས་སྦྱིན་པ་ཆེན་པོ་བྱིན་ ལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བྱིན་ཏེ། ཡུན་རིང་དུ་ཐུབ་པ་བྱིན་པ་གང་ཡིན་པའི་སྦྱིན་པ་འདི་ནི་སྦྱིན་པ་དེ་དག་པས་ཆེ་བ་དང་། མཆོག་ཏུ་བརྗོད་པ་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། བླ་ན་མེད་པར་བརྗོད་དོ། །ལས་ནི་བརྒྱད་དེ། བརྒྱད་གང་ཞེ་ ན། བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། ཚེ་འདི་ལ་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་དུ་མྱོང་བར་འགྱུར་བ་དང་། ཆུང་ངུ་མྱོང་བར་འགྱུར་བ་དང་། རྒྱ་ཆེན་པོ་མྱོང་བར་འགྱུར་བ་དང་། ལས་ཡོངས་སུ་མ་སྨིན་པ་དང་། ལས་ཡོངས་སུ་སྨིན་པའོ། ། ལས་གང་བདེ་བ་མྱོང་བར་འགྱུར་བ་དེ་བརྩལ་བའི་རྒྱུའམ། བརྩོན་པའི་རྒྱུས་སྡུག་བསྔལ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ངོ་། །ལས་ གང་སྡུག་བསྔལ་མྱོང་བར་འགྱུར་བ་དེ་བརྩལ་བའི་རྒྱུའམ། བརྩོན་པའི་རྒྱུས་བདེ་བ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ངོ་། །ལས་གང་ཚེ་འདི་ལ་མྱོང་ བར་འགྱུར་བ་དེ་བརྩལ་བའི་རྒྱུའམ། བརྩོན་པའི་རྒྱུས་ལན་གྲངས་གཞན་ལ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་རུང་ངོ་། །ལས་གང་ལན་གྲངས་ གཞན་ལ་མྱོང་བར་འགྱུར་བ་དེ་བརྩལ་བའི་རྒྱུའམ། བརྩོན་པའི་རྒྱུས་ཚེ་འདི་ལ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ངོ་། །ལས་གང་ཆུང་ ངུ་མྱོང་བར་འགྱུར་བ་དེ་བརྩལ་བའི་རྒྱུའམ། བརྩོན་པའི་རྒྱུས་རྒྱ་ཆེ་བ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་དེ་ལྟ་བུའི་གནས་སུ་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་རུང་ངོ་། །ལས་གང་རྒྱ་ཆེན་པོ་མྱོང་ བར་འགྱུར་བ་དེ་བརྩལ་བའི་རྒྱུའམ། བརྩོན་པའི་རྒྱུས་ཆུང་ངུ་མྱོང་བར་འགྱུར་བར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་རུང་ངོ་། །ལས་གང་ཡོངས་སུ་མ་སྨིན་པ་དེ་བརྩལ་ བའི་རྒྱུའམ། བརྩོན་པའི་རྒྱུས་ཡོངས་སུ་སྨིན་པར་བྱར་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་བ་ཡང་ཡོད། བསྒྱུར་དུ་རུང་བ་ཡང་ཡོད་དེ། དཔེར་ན་འདི་ན་ཁ་ཅིག་ཡོངས་སུ་མ་སྨིན་པའི་ ལས་ཡོངས་སུ་སྨིན་པར་བྱའོ་སྙམ་ནས་རལ་པ་འཆད་པ་དང་། སྐྲ་འབལ་བའམ། ཁ་སྤུ་འབལ་བའམ། སྐྲ་དང་ཁ་སྤུ་འབལ་བའམ། ལམ་ངན་པ་དང་། དཀའ་ཐུབ་ངན་པ་སྣ་ཚོགས་ཀྱིས་བདག་ཉིད་ཀུན་དུ་གདུང་བར་བྱེད་པ་འདི་ནི་བསྒྱུར་དུ་མི་རུང་བའོ། །བསྒྱུར་དུ་རུང་བ་གང་ ཞེ་ན། སྨྲས་པ། དཔེར་ན་འདི་ན་ཁ་ཅིག་ཡོངས་སུ་མ་སྨིན་པའི་ལས་ཡོངས་སུ་སྨིན་པར་བྱའོ་སྙམ་ནས། སྦྱོར་བ་དང་རྩོལ་བ་དང་འབད་པ་བྱས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། འབྲས་བུའི་ མཆོག་དགྲ་བཅོམ་པ་ཉིད་འཐོབ་པ་འདི་ནི་བསྒྱུར་དུ་རུང་བའོ། །གང་ལས་ཡོངས་སུ་སྨིན་ཟིན་པ་དེ་བརྩལ་བའི་རྒྱུའམ། བརྩོན་པའི་རྒྱུས་གཞན་དུ་བསྒྱུར་དུ་རུང་བའི་གནས་དེ་ལྟ་བུར་བསྒྱུར་དུ་རུང་ངམ། འོན་ཏེ་གནས་དེ་ལྟ་བུར་བསྒྱུར་དུ་མི་རུང་ཞེ་ན། སྨྲས་པ། གནས་ དེ་ལྟ་བུར་བསྒྱུར་དུ་རུང་ངོ་། །ལས་ནི་གསུམ་སྟེ། གསུམ་གང་ཞེ་ན། ཚེ་འདི་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །ཚེ་འདི་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་ མྱོང་བར་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་ མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བར་ཚེ་འདི་ལ་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་སུམ་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བ་ཚེ་འདི་ལ་མྱོང་བར་ འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ནས། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་ རོ། །གཞན་ཡང་ལས་ནི་གསུམ་སྟེ། གསུམ་གང་ཞེ་ན། བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའོ། །བདེ་བ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ ཉམས་སུ་མ་མྱོང་བར་སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་ བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་ འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །སྡུག་བསྔལ་ཡང་མ་ ཡིན། བདེ་བ་ཡང་མ་ཡིན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བར་བདེ་བ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ལས་ནི་གསུམ་སྟེ། གསུམ་གང་ཞེ་ན། འདོད་པ་དང་ལྡན་པའི་ལས་དང་། གཟུགས་དང་ལྡན་པའི་ལས་དང་། གཟུགས་མེད་པ་དང་ལྡན་ པའི་ལས་སོ། །འདོད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་མ་མྱོང་བར་གཟུགས་དང་ལྡན་པའི་ལས་དང་། གཟུགས་མེད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་ དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །གཟུགས་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་མ་མྱོང་བར་འདོད་པ་དང་ལྡན་པའི་ལས་དང་། གཟུགས་མེད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་ བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །གཟུགས་མེད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་ བར་འདོད་པ་དང་ལྡན་པའི་ལས་དང་། གཟུགས་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། སྨྲས་པ། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ ཞིང་འོང་བར་འགྱུར་བའི་ཕྱིར་རོ། །གཅེར་བུ་པ་རྣམས་ནི་འདི་སྐད་དུ། སྐྱེས་བུ་གང་ཟག་འདིས་ཉམས་སུ་མྱོང་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་ཟེར་ཏེ། དེ་དག་ལ་ནི་འདི་སྐད་དུ། གཅེར་བུ་པ་ཁྱེད་རྣམས་ཅིའི་ཕྱིར་དཀའ་ ཐུབ་སྤྱོད་པར་བྱེད་ཅེས་བྱའོ། །དེ་དག་འདི་སྐད་དུ། བདག་ཅག་ནི་ཚེ་འདི་ལ་བརྩལ་བའི་ཕྱིར་དཀའ་ཐུབ་སྤྱོད་པར་བྱེད་དོ་ཞེས་ཟེར་ན། དེ་དག་ལ་འདི་སྐད་ཅེས་བྱ་སྟེ། གཅེར་བུ་པ་རྣམས་ཉོན་ཅིག །དེ་ལྟ་ན་སྐྱེས་བུ་གང་ཟག་འདིས་ཉམས་སུ་མྱོང་བ་ཅི་ཡང་རུང་བ་དེ་དག་ ཐམས་ཅད་ནི། སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། བདག་ཅག་ནི་ཚེ་འདི་ལ་བརྩལ་བའི་ཕྱིར་དཀའ་ཐུབ་སྤྱོད་པར་བྱེད་དོ་ཞེས་མ་ཟེར་ཅིག །དེ་སྟེ་ཁྱེད་ད་ལྟར་བདག་ཅག་གི་ཚེ་འདི་ལ་བརྩལ་བའི་ཕྱིར། དཀའ་ཐུབ་སྤྱོད་པར་བྱེད་དོ་ཞེས་ཟེར་ན་ནི། སྐྱེས་བུ་གང་ཟག་འདིས་ ཉམས་སུ་མྱོང་བར་འགྱུར་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་མ་ཟེར་ཅིག །སྐྱེས་བུ་གང་ཟག་འདིས་ཉམས་སུ་མྱོང་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། བདག་ཅག་ནི་ ཚེ་འདི་ལ་བརྩལ་བའི་ཕྱིར་དཀའ་ཐུབ་སྤྱོད་པར་བྱེད་དོ་ཞེས་བྱར་མི་རུང་ངོ་། །དེ་དག་འདི་སྐད་དུ། བདག་ཅག་གི་རྣམ་པར་སྨིན་པའི་ཡང་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱེད་དོ་ཞེས་ཟེར་ན་ཡང་། དེ་དག་ལ་འདི་སྐད་དུ། ཅི་གཅེར་བུ་པ་ཁྱེད་ལ་དག་པར་འགྱུར་ བ་ཡོད་དམ། གྲོལ་བར་འགྱུར་བ་ཡོད་དམ། མྱ་ངན་ལས་འདས་པར་འགྱུར་བ་ཡོད་དམ་ཞེས་བྱའོ། །དེ་དག་འདི་སྐད་དུ། ཚེ་དང་ལྡན་པ་བདག་ཅག་ལ་དག་པར་འགྱུར་བ་ཡང་ཡོད། གྲོལ་བར་འགྱུར་བ་ཡང་ཡོད། མྱ་ངན་ལས་འདའ་བར་འགྱུར་བ་ཡང་ཡོད་ དོ་ཞེས་ཟེར་ན་ནི། དེ་དག་ལ་འདི་སྐད་ཅེས་བྱ་སྟེ། གཅེར་བུ་པ་རྣམས་ཉོན་ཅིག །དེ་ལྟར་ན་བདག་ཅག་ནི་རྣམ་པར་སྨིན་པའི་ཡང་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱེད་དེ། བདག་ཅག་ལ་དག་པར་འགྱུར་བ་ཡང་ཡོད། གྲོལ་བར་འགྱུར་བ་ཡང་ཡོད། མྱ་ངན་ ལས་འདའ་བར་འགྱུར་བ་ཡང་ཡོད་དོ་ཞེས་མ་ཟེར་ཅིག །དེ་སྟེ་ཁྱེད་ད་ལྟར་བདག་ཅག་ལ་དག་པར་འགྱུར་བ་ཡང་ཡོད། གྲོལ་བར་འགྱུར་བ་ཡང་ཡོད། མྱ་ངན་ལས་འདའ་བར་འགྱུར་བ་ཡང་ཡོད་དོ་ཞེས་ཟེར་ན་ནི། བདག་ཅག་ནི་རྣམ་པར་སྨིན་པའི་ཡང་རྣམ་པར་སྨིན་པ་ ཉམས་སུ་མྱོང་བར་བྱེད་དོ་ཞེས་མ་ཟེར་ཅིག །བདག་ཅག་ནི་རྣམ་པར་སྨིན་པའི་ཡང་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱེད་དེ། བདག་ཅག་ལ་དག་པར་འགྱུར་བ་ཡང་ཡོད། གྲོལ་བར་འགྱུར་བ་ཡང་ཡོད་དོ། །མྱ་ངན་ལས་འདའ་བར་འགྱུར་བ་ཡང་ཡོད་དོ་ཞེས་ བྱར་ནི་མི་རུང་ངོ་། །སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ་སོང་ལ་མ་སོད་ཅིག །བདག་ཉིད་ཀྱིས་སོད་ལ་གཞན་གསོད་དུ་མ་གཞུག་ཅིག་ཅེས་བྱས་ན། དེ་གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་གཅིག་ལྡན་པར་འགྱུར་ཞེ་ན། སྨྲས་པ། གལ་ཏེ་ བདག་ཉིད་ཀྱིས་བསད་ན་ནི། གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །དེ་སྟེ་གཞན་གསོད་དུ་བཅུག་སྟེ། བདག་ཉིད་ཀྱིས་མ་བསད་ན་ནི། ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །དེ་སྟེ་བདག་དང་ གཞན་གཉི་གས་བསད་ན་ཡང་། ཕྱི་མ་ཤོས་ཉི་ཚེ་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ་སོང་ལ་མ་སོད་ཅིག །གཞན་གསོད་དུ་ཆུག་ལ། བདག་ཉིད་ཀྱིས་མ་བསད་ཅིག་ཅེས་བྱས་ན། དེ་ ཅི་གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་གཅིག་ལྡན་པར་འགྱུར་ཞེ་ན། སྨྲས་པ། གལ་ཏེ་གཞན་གསོད་དུ་བཅུག་སྟེ། བདག་ཉིད་ཀྱིས་མ་བསད་ན་ནི་གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར། འོན་ཏེ་གཅིག་ལྡན་པར་འགྱུར་ ཞེ་ན། སྨྲས་པ། གལ་ཏེ་གཞན་གསོད་དུ་བཅུག་སྟེ། བདག་ཉིད་ཀྱིས་མ་བསད་ན་ནི། གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །དེ་སྟེ་བདག་ཉིད་ཀྱིས་བསད་དེ། གཞན་གསོད་དུ་མ་བཅུག་ན་ནི། ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་ གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །གལ་ཏེ་བདག་དང་གཞན་གཉི་གས་བསད་ན་ཡང་། ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །སྤུན་དྲུང་གིས་སྤུན་དྲུང་བཏང་སྟེ། སོང་ལ་མ་སོད་ཅིག །བདག་དང་གཞན་གཉི་གས་སོད་ ཅིག་ཅེས་བྱས་ན། དེ་ཅི་གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེ་ན། སྨྲས་པ། གལ་ཏེ་བདག་དང་གཉི་གས་བསད་ན་ནི། གཉི་ག་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །དེ་སྟེ་བདག་ཉིད་ཀྱིས་བསད་དེ་གཞན་གྱིས་ མ་བསད་ན་ནི། ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །དེ་སྟེ་གཞན་གྱིས་བསད་དེ། བདག་ཉིད་ཀྱིས་མ་བསད་ན་ནི། ཕྱི་མ་ཤོས་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་གྱི། སྔ་མ་ཤོས་ནི་མ་ཡིན་ནོ། །དེ་བཞིན་ དུ་མཚོན་ཆ་དང་། མེ་དང་། དུག་དང་། དབྱུག་པས་བསྣུན་པ་ལ་སོགས་པ་ཐབས་རྣམ་པ་སྣ་ཚོགས་ཀྱིས་བསད་པ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །སྤུན་དྲུང་གིས་སྤུན་དྲུང་ལ་ཇི་ལྟ་བ་བཞིན་དུ་མིང་པོས་སྲིང་མོ་ལ་བསྒོ་བ་དང་། སྲིང་མོས་མིང་པོ་ལ་བསྒོ་བ་དང་། སྤུན་དྲུང་མོས་སྤུན་དྲུང་མོ་ལ་བསྒོ་བ་ཡང་དེ་དང་འདྲའོ། །མ་ཇི་ལྟ་བ་བཞིན་དུ་ཕ་ཡང་དེ་དང་འདྲའོ། །མར་འདུ་ཤེས་པས་མ་གསད་པར་བྱའོ་སྙམ་སྟེ། ཉེ་དུ་མ་ཡིན་པའི་བུད་མེད་བསད་ན། དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེ་ན། སྨྲས་ པ། ལྡན་པར་ནི་མི་འགྱུར་རོ། །ཉེ་དུ་མ་ཡིན་པའི་བུད་མེད་དུ་འདུ་ཤེས་པས། ཉེ་དུ་མ་ཡིན་པའི་བུད་མེད་གསད་པར་བྱའོ་སྙམ་པ་ལས། མ་བསད་པར་གྱུར་ན། དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་ལྡན་པར་མི་འགྱུར་ཞེ་ན། སྨྲས་པ། ལྡན་པར་མི་འགྱུར་རོ། །ཉེ་དུ་མ་ཡིན་པའི་བུད་མེད་ཡིན་པར་འདུ་ཤེས་པས། ཉེ་དུ་མ་ཡིན་པའི་བུད་མེད་བསད་ན། དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་ལྡན་པར་མི་འགྱུར་ཞེ་ན། སྨྲས་པ། གལ་ཏེ་དགྲ་བཅོམ་མ་བསད་པར་གྱུར་ན་ནི། དེ་ ལྡན་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་མི་འགྱུར་རོ། །མར་འདུ་ཤེས་པས་མ་ཉིད་བསད་ན། དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེ་ན། སྨྲས་པ། མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ། །མ་ཇི་ལྟ་བ་བཞིན་དུ་ཕ་ཡང་དེ་ དང་འདྲའོ། །སྤྱི་སྡོམ་ནི། ཆེད་དུ་བྱས་དང་རྩ་བ་དང་། །རྒྱུ་མེད་པ་དང་ཆུང་ངུ་དང་། །ལས་དང་ཡང་དག་མ་བསྡམས་པ། །དེ་ཡི་གཞི་དང་སུམ་ཅུ་དྲུག །འདས་པའི་རྒྱུ་ལས་བྱུང་བ་དང་། །རྩ་བ་ཟད་དང་ཚེ་ཟད་པའོ། །ཆོས་མངོན་པ་ལས་ལས་གདགས་པ་བཤད་པ་ ཚིགས་བཅུ་གཅིག་པའོ། །ལས་གདགས་པ་བཤད་པ་སྟེ་གསུམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།