Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 137
Văn bản gốc(Tây Tạng)
Trang 13 / 20 (50.000 ký tự/trang)
་པ་འབྲས་བུ་ཡིད་དུ་འོང་བའི་རྣམ་པར་སྨིན་པའི་རྒྱུ་ཡིན་པའི་ཕྱིར་ཏེ། འདི་ལྟར་འབྲས་བུ་ཡིད་དུ་འོང་བའི་རྣམ་པར་སྨིན་པའི་རྒྱུ་ཡིན་པས་ སོ། །རྫུ་འཕྲུལ་གྱི་ཡུལ་རྣམ་པ་མང་པོ་ཉམས་སུ་མྱོང་བར་བྱེད་དེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར། མང་པོར་གྱུར་ནས་གཅིག་ཏུ་འགྱུར་ལ། སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བ་ཡང་ཤེས་པ་དང་མཐོང་བས་ཉམས་སུ་མྱོང་བར་བྱེད་པ་དང་། རྩིག་པ་ལ་ཡང་ཐད་ཀར་འགྲོ། །རི་ལ་ཡང་ ཐད་ཀར་འགྲོ། ར་བ་ལ་ཡང་ཐད་ཀར་འགྲོ་སྟེ། ལུས་ཀྱིས་མི་ཐོགས་པར་འགྲོ་ལ། །ས་ལ་ཡང་སྟེང་དུ་འབྱུང་བ་དང་བྱིའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་མི་ནུབ་པའི་རྒྱུན་གྱིས་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་ འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་གཉིས་ནི་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ་འདི་ལྟར་གཟི་བརྗིད་ཆེ་བ་ལ་ཡང་ལག་པས་འཛིན་ཅིང་ཉུག་པར་བྱེད། ཀུན་དུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱིས་དབང་ བསྒྱུར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་ཉམས་སུ་མྱོང་བར་སྟོན་ཏེ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཡུལ་རྣམ་པ་མང་པོ་ཉམས་སུ་མྱོང་བར་སྟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་རྒྱས་པར་བྱེད་པ་དང་སྡུད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྫུ་འཕྲུལ་རྒྱས་པར་བྱེད་པ་དང་སྡུད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་མང་པོར་གྱུར་ནས་གཅིག་ཏུ་འགྱུར་ལ་ཞེས་བྱ་བ་འདིས་བསྟན་ཏོ། །རེ་ཞིག་འདི་ནི་དབང་རྣམ་པ་དང་པོའོ། །སྟོན་པ་དང་མི་སྟོན་པ་ལ་དབང་བ་ནི་ཇི་ལྟ་བུ་ཞེ་ན། ལུས་སྣང་བར་བྱེད་པ་དང་། སྣང་བར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྣང་བར་བྱེད་པའི་ཕྱིར་དང་། སྣང་བར་མི་བྱེད་པའི་ཕྱིར་རོ། །ཚིག་གང་གིས་བསྟན་ཞེ་ན། སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བ་ཡང་ཤེས་པ་དང་མཐོང་བས་ཉམས་སུ་མྱོང་བར་བྱེད་པ་ཞེས་བྱ་བས་སོ། །དེ་ལ་ལུས་སྣང་བར་བྱེད་པ་ནི་སྣང་བར་གྱུར་པའོ། །སྣང་བར་མི་བྱེད་པ་ནི་མི་སྣང་བར་འགྱུར་བ་ཡང་ཤེས་པ་དང་མཐོང་ བས་ཉམས་སུ་མྱོང་བར་བྱེད་པའོ། །བདག་སྣང་བར་གྱུར་པ་ནི་གཞན་གྱི་ཤེས་པས་དང་མཐོང་བས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་དང་མིག་གི་རྣམ་པར་ཤེས་པས་ཉམས་སུ་མྱོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཤེས་པ་སྨོས་པ་ནི་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །མི་སྣང་བར་འགྱུར་བ་ཡང་དེ་ བཞིན་ནོ། །འདི་ནི་དབང་རྣམ་པ་གཉིས་པའོ། །ཐད་ཀར་དང་བླ་དང་འོག་ཐོགས་པ་ཅན་ལ་ཡང་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ལ། ཐད་ཀར་འགྲོ་བ་ནི་རྩིག་པ་ལ་ཡང་ཐད་ཀར་འགྲོ། རི་ལ་ཡང་ཐད་ཀར་འགྲོ། ར་བ་ལ་ཡང་ཐད་ཀར་འགྲོ་སྟེ་ཞེས་གསུངས་པའི་ཕྱིར་རོ། །བླ་དང་འོག་ལ་ནི་ས་ ལ་ཡང་སྟེང་དུ་འབྱུང་བ་དང་བྱིའུ་ཟུལ་བྱེད་དེ་ཞེས་གསུངས་པའི་ཕྱིར་རོ། །འདི་ནི་དབང་རྣམ་པ་གསུམ་པའོ། །གནས་པ་ལ་དབང་བ་ནི་ཐོགས་པ་མེད་པ་ལས་ཀྱང་མི་ལྟུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཆུ་ལ་ཡང་མི་ནུབ་པའི་རྒྱུན་གྱིས་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། ། ནམ་མཁའ་ལ་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ་ཞེས་བྱ་བའི་ཚིག་འདིས་བསྟན་ཏེ། འདི་ནི་དབང་རྣམ་པ་བཞི་པའོ། །འགྲོ་བ་དང་ཁམས་ཁྱད་པར་དུ་འཕགས་པའི་གནས་གཉིས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འགྲོ་བ་ཁྱད་པར་དུ་འཕགས་པའི་གནས་སུ་རང་ གི་ལུས་འཇུག་པ་ལ་དབང་བ་དང་། ཁམས་ཁྱད་པར་དུ་འཕགས་པའི་གནས་སུ་རང་གི་ལུས་འཇུག་པ་ལ་དབང་བ་སྟེ། འདི་གཉི་ག་བསྡུས་ནས་དབང་རྣམ་པ་ལྔ་པའོ། །ཉི་མ་དང་ཟླ་བ་འདི་གཉིས་ཞེས་བྱ་བ་རྒྱས་པར་འབྱུང་བས་ནི་འགྲོ་བ་ཁྱད་པར་དུ་འཕགས་པའི་གནས་སུ་རང་གི་ལུས་འཇུག་ པ་ལ་དབང་བ་བསྟན་ཏོ། ཚངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱིས་དབང་བསྒྱུར་རོ་ཞེས་གསུངས་པས་ནི་ཁམས་ཁྱད་པར་དུ་འཕགས་པའི་གནས་སུ་རང་གི་ལུས་འཇུག་པ་ལ་དབང་བ་བསྟན་ཏོ། །ཚངས་པའི་འཇིག་རྟེན་ནི་ལྷའི་འགྲོ་བར་འགྲོ་བའི་ཕྱིར་ཁམས་ཀྱི་ཁྱད་པར་དུ་ དབྱེ་སྟེ། གཟུགས་ཀྱི་ཁམས་སུ་གཏོགས་པའི་ཕྱིར་རོ། །ཉི་མ་དང་ཟླ་བ་གཉིས་ནི་འདོད་པའི་ཁམས་སུ་གཏོགས་པའི་ཕྱིར་རོ། །རྩིག་པ་དང་རི་དང་ར་བ་དག་སྨོས་པ་སྟེ། རྩིག་པ་ལ་ཡང་ཐད་ཀར་འགྲོ། རི་ལ་ཡང་ཐད་ཀར་འགྲོ། ར་བ་ལ་ཡང་ཐད་ཀར་འགྲོ་ཞེས་བྱ་བ་ནི། གཙུག་ལག་ ཁང་དང་རི་དང་གྲོང་ན་གནས་པ་ན་རིག་པར་བྱ་སྟེ། རྩིག་པ་ལ་ཡང་ཐད་ཀར་འགྲོ་སྟེ། ལུས་ཀྱིས་མི་ཐོགས་པར་འགྲོ་བ་ནི་གཙུག་ལག་ཁང་ན་གནས་པའོ། །གྲོང་ན་གནས་པའི་བར་ལ་ཡང་དེ་བཞིན་ནོ། །འཇིག་ཚོགས་འགོག་པ་མྱ་ངན་ལས་འདས་པ་ལ་སེམས་འཇུག་པར་བྱེད། དད་པར་ བྱེད། ཀུན་དུ་གནས་པར་བྱེད། རྣམ་པར་གྲོལ་བར་བྱེད་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འཇིག་ཚོགས་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་པར་དགོངས་སོ། །དེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་དེ་ལ་མི་སྐྲག་པའི་ཕྱིར་ན་སེམས་འཇུག་པར་བྱེད་ཅེས་བྱ་ བར་ཤེས་པར་བྱ་སྟེ། དེ་ལ་རབ་ཏུ་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་མངོན་པར་དགའ་བའི་ཕྱིར་ན་དད་པར་བྱེད་ཅེས་བྱ་བར་ཤེས་པར་བྱའོ། །རྩེ་གཅིག་བ་ཉིད་ཀྱི་ཕྱིར་ན་ཀུན་དུ་གནས་པར་བྱེད་ཅེས་བྱ་བར་ཤེས་པར་བྱའོ། །མ་ཆགས་པར་འབྱུང་བའི་ཕྱིར་ན་རྣམ་པར་གྲོལ་བར་བྱེད་ཅེས་ བྱ་བར་ཤེས་པར་བྱའོ། །བཟློག་པའི་ཕྱིར་ནི་བཟློག་པ་ཡིན་ནོ། །ཇི་ལྟར་ཞེ་ན། མྱ་ངན་ལས་འདས་པ་ལ་སྐྲག་པའི་ཕྱིར་འཇུག་པར་མི་བྱེད་པ་ནས། མ་ཆགས་པར་མི་འབྱུང་བའི་ཕྱིར་རྣམ་པར་གྲོལ་བར་མི་བྱེད་ཅེས་བྱ་བའི་བར་དུ་ཤེས་པར་བྱའོ། །དེ་ལྟ་ན་ནི་རྒྱུ་བ་བསྟན་པ་ཡིན་གྱི། ཇི་ལྟར་ རྣམ་གྲངས་དང་པོས་འཇུག་པར་བྱེད་ཅེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་མི་སྐྲག་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་ཡིན་པར་བསྟན་པ་ལྟར་དོན་ནི་མ་ཡིན་ཏེ། བརྗོད་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐོས་པ་ལ་སོགས་པ་དེ་ནི་རྒྱུ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མདོ་ ལས། ཚེ་དང་ལྡན་པ་འདུན་པས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། འོན་ཀྱང་བདག་འདུ་བྱེད་ཐམས་ཅད་ཞི་བར་གནས་པ་དང་། སྟོང་པ་ཉིད་དུ་དམིགས་པ་དང་། སྲེད་པ་ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་ལ་སེམས་འཇུག་པར་མི་ བྱེད། དད་པར་མི་བྱེད་དོ་ཞེས་འབྱུང་བའོ། །དེ་ལ་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་ཀྱང་མེད་པ་ནི་མ་ཡིན་ཏེ། ཇི་ལྟར་ཤེས་ཤེ་ན། འདི་ལྟར་གནས་བརྟན་བདག་ཀྱང་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །གསུངས་པ་དེ་ཁོ་ནའི་ཕྱིར་མང་དུ་ཐོས་པ་ཉིད་ཡིན་ཏེ། མང་དུ་ཐོས་པ་ཉིད་ཀྱི་ཕྱིར་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་བོ། །རྒྱུད་ཡོངས་སུ་སྨིན་པ་ཉིད་ཀྱི་ཕྱིར་ནི་གཉིས་ཀ་ཡང་ཡོད་དེ། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བའི་ཤེས་རབ་མེད་པར་ནི་རྒྱུད་ཡོངས་སུ་སྨིན་པར་འགྱུར་བ་ནི་མ་ཡིན་པས་སོ། །དེ་ལྟ་བས་ན་ཞེས་བྱ་བ་རྒྱས་ པར་འབྱུང་བས་ནི་མཇུག་སྡུད་པར་མཛད་དོ། །བར་ཆད་དང་བཅས་པ་དང་བར་ཆད་མེད་པར་ཀུན་དུ་རྒྱུ་བའི་ཕྱིར་ཏེ། བར་ཆད་དང་བཅས་པ་ནི་རྒྱུན་རིང་དུ་བར་ཆད་པའོ། །བར་ཆད་མེད་པ་ནི་ཡུན་ཐུང་ངུར་བར་ཆད་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ཉིད་ཀྱི་ཕྱིར་ཡིད་ཕྱིར་ ལྡོག་སྟེ། འདི་ལྟར་ངའོ་སྙམ་པའི་ང་རྒྱལ་རགས་པ་བར་ཆད་དང་བཅས་པ་དང་། བར་ཆད་མེད་པ་ཀུན་དུ་རྒྱུ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་ལས་ཡིད་ཕྱིར་ལྡོག་གོ། །ཡིད་ཉིད་ཡིད་དོ། །ཡོངས་སུ་ཡི་ཆད་པའི་རྒྱུས་ཏེ་ཡོངས་སུ་ཡི་འཆད་ པ་ནི་འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་ལ་ཡིད་བདེ་བའི་རྣམ་པ་འབྱུང་གི །ཡིད་མི་བདེ་བ་ནི་མ་ཡིན་ཏེ། དེའི་ཁམས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་ཡི་ཆད་པའི་རྒྱུས་ནི་བརྟེན་ནས་ཏེ། དེའི་རྒྱུ་ལས་བྱུང་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཡིད་ ཕྱིར་ལྡོག་ཅེ་ན། འོ་ན་ད་ངའི་བདག་གང་ཡིན་སྙམ་དུའོ། །དེ་ལ་མི་སྐྲག་པ་ལ་སོགས་པ་དང་ལྡན་པའི་ཕྱིར་གྱི་སོགས་པའི་སྒྲས་ནི་མངོན་པར་དགའ་བ་དང་། རྩེ་གཅིག་པ་ཉིད་དང་། མ་ཆགས་པར་འབྱུང་བའི་ཕྱིར་རོ། །དགེ་སློང་དག་འདི་ལ་མིག་གི་དབང་པོ་བསྲུང་བའི་ཕྱིར་དང་། སྦ་བའི་ ཕྱིར་དང་། དུལ་བར་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །ཡིད་ཀྱི་དབང་པོའི་བར་དུ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཇི་ལྟར་ན་གོ་རིམས་བཞིན་དུ་ཞེ་ན། དྲན་པ་ལ་བརྟེན་ནས་མིག་གི་དབང་པོ་བསྲུང་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །ཏིང་ངེ་འཛིན་ལ་ བརྟེན་ནས་སྦ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །ཤེས་རབ་ལ་བརྟེན་ནས་དུལ་བར་གནས་པར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ནོ། །དུལ་བ་ཉིད་དུལ་བར་གནས་པ་སྟེ་ཞི་གནས་བཞིན་ནོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཡུལ་གང་ལ་མིག་གི་དབང་པོ་དེ་འཇུག་པར་བྱ་བའི་ཡུལ་དེ་ ལ་བསྲུང་བར་བྱ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ཏེ་དྲན་པས་བྱིན་གྱིས་བརླབས་པའི་ཕྱིར་རོ། །ཡུལ་གང་ལ་མིག་གི་དབང་པོ་དེ་འཇུག་པར་བྱ་བ་མ་ཡིན་པ་དེ་ལ་ནི་སྦ་བའི་ཕྱིར་རབ་ཏུ་ཞུགས་པ་ཡིན་ཏེ། དེ་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་གི་དབང་པོ་དེ་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་ སྟེ་དྲན་པས་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེའི་སྒོ་ནས་ཉོན་མོངས་པ་ཀུན་དུ་རྒྱུ་བའི་ནི་མིག་གི་སྒོ་དེ་ནས་ཀུན་དུ་རྒྱུ་བ་སྟེ། དེའི་སྒོ་ནས་ཉོན་མོངས་པ་ཀུན་དུ་རྒྱུ་བ་དེ་ནི་དེའི་སྒོ་ནས་ཉོན་མོངས་པ་ཀུན་དུ་རྒྱུ་བའི་བག་ལ་ཉལ་ཡང་དག་པར་གཞོམ་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །དགེ་སློང་ དག་དབང་པོ་དྲུག་པོ་འདི་དག་ཤིན་ཏུ་དུལ་བ་དང་། ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པ་དང་། ཤིན་ཏུ་བསྡམས་པ་དང་། ཤིན་ཏུ་བསྒོམས་པ་ནི་ཕྱི་མ་ལ་བདེ་བ་འདྲེན་པ་ཡིན་ནོ། དྲུག་པོ་གང་དག་ཅེ་ན། མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ ནོ། །དྲན་པ་དང་ཤེས་བཞིན་ཉིད་ཀྱིས་ཏེ། ཤེས་བཞིན་ནི་ཤེས་རབ་བོ། །དེ་ལྟར་ན་ཞེས་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་ཤིན་ཏུ་དུལ་བ་ཞེས་བྱ་བའི་ཚིག་འདིས་སེམས་དུལ་བ་ཡོངས་སུ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མིག་གི་དབང་པོ་སེམས་ཀུན་དུ་རྒྱུ་བ་དུལ་བར་བྱེད་པའི་ཕྱིར་ མིག་གི་དབང་པོ་ལ་སོགས་པ་དག་ནི་ཤིན་ཏུ་དུལ་བ་ཡིན་ནོ། །ཤིན་ཏུ་སྦས་པ་དང་ཞེས་བྱ་བའི་ཚིག་དེ་ལ་སོགས་པ་རྣམས་ཀྱིས་ནི་སེམས་དུལ་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ནོ། །འདི་ཡང་སྨྲས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དྲན་པས་ཉོན་མོངས་པའི་ཀུན་ནས་དཀྲིས་པ་མ་སྐྱེས་པའི་ ཕྱིར་ན་སྦས་པ་ཡིན་ནོ། །ཤེས་བཞིན་གྱིས་ནི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་སྐྱེས་པ་ལས་ཏེ་བྱུང་བ་ལས་བསྲུངས་པ་ཡིན་ནོ། །གནོན་དང་རྩ་བ་བཅོམ་གཉིས་ཀྱིས། །བསྡམས་དང་བསྒོམས་པ་ཡིན་པར་འདོད། །རྣམ་པར་གནོན་པས་ནི་ཤིན་ཏུ་བསྡམས་པ་ཡིན་པར་འདོད་དོ། །རྣམ་པར་གནོན་ པ་ཡང་འཇིག་རྟེན་པའི་བསྒོམ་པའི་ལམ་གྱིས་སོ། །རྩ་བ་བཅོམ་པས་ཤིན་ཏུ་བསྒོམས་པ་ཡིན་པར་འདོད་དོ། །རྩ་བ་ནི་བག་ལ་ཉལ་ལོ། །རྩ་བ་བཅོམ་པ་ཡང་འཇིག་རྟེན་ལས་འདས་པའི་ལམ་གྱིས་སོ། །ལུང་ལས་ནི་འཇུག་པར་བྱ་བ་མ་ཡིན་པ་ལ་མི་འཇུག་པའི་ཕྱིར་ཏེ། འཇུག་པར་བྱ་བ་མ་ཡིན་ པའི་དངོས་པོ་གང་ལ་མིག་གི་དབང་པོ་དེ་འཇུག་པར་བྱ་བ་མ་ཡིན་པ་དེ་ལ་མི་འཇུག་པའི་ཕྱིར་ཤིན་ཏུ་སྦས་པ་ཡིན་ནོ། །འཇུག་པར་བྱ་བ་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་པས་འཇུག་པའི་ཕྱིར་ཏེ། འཇུག་པར་བྱ་བའི་དངོས་པོ་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་པས་འཇུག་པའི་ཕྱིར་དེ་ཤིན་ཏུ་བསྲུངས་ པ་ཡིན་ནོ། །རང་ཉིད་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཕྱིར་ཤིན་ཏུ་བསྒོམས་པ་ཡིན་ནོ་ཞེས་བྱ་བ་ནི་དོན་གྱི་དབང་གིས་མིག་གི་དབང་པོ་དེ་ཞུགས་ན་ཡང་ཆགས་པར་འགྱུར་བའམ། ཞེ་སྡང་བར་འགྱུར་བའི་དངོས་པོ་ལ་རང་ཉིད་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཕྱིར་ཏེ། སོ་སོར་ རྟོག་པའི་སྟོབས་ཀྱིས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བསྒོམས་པའི་སྟོབས་ཁོ་ནས་ཏེ། དེ་ལྟར་ན་དེ་ཤིན་ཏུ་བསྒོམས་པ་ཡིན་ནོ། །དེ་ལྟར་ན་ཤིན་ཏུ་དུལ་བ་ཡིན་ནོ་ཞེས་འབྱུང་ངོ་ཞེས་བྱ་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་འཇུག་པར་བྱ་བ་མ་ཡིན་པ་ལ་མི་འཇུག་པའི་ཕྱིར་ཞེས་ རྒྱས་པར་འབྱུང་བས་མིག་གི་དབང་པོ་ལ་སོགས་པ་སྟེ། ཤིན་ཏུ་དུལ་བ་ཡིན་ནོ། །དེ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་སྨོས་ཏེ་ཁྱབ་པར་བྱས་ནས་ རྫོགས་པར་བྱས་ཏེ་གནས་སོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཕན་པ་དང་བདེ་བའི་བསམ་པ་ནི་བྱམས་པའོ་ཞེས་བྱ་བ་ནི་ཕན་པའི་བསམ་པ་དང་བདེ་བའི་བསམ་པ་ནི་བྱམས་པའོ་བསམ་པ་ནི་སེམས་པ་སྟེ། ཞེ་སྡང་མེད་པའི་ངོ་བོའོ། །དེ་ནི་ཞེས་བྱ་བ་ནི་བྱམས་པ་དང་ལྡན་པའི་སེམས་དང་སྦྱར་བར་ བྱའོ། །ཉེ་བའི་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་པོ་ཡིན་པའི་ཕྱིར་ཁོན་མེད་པ་དང་། འགྲན་ཟླ་མེད་པ་དང་། གནོད་པ་མེད་པ་དང་། ཇི་ལྟར་བྱས་པས་ཤེ་ན། ཁོན་དུ་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་ཁོན་མེད་པའོ། །ཕྲག་དོག་གི་གཉེན་པོ་ཡིན་པའི་ཕྱིར་འགྲན་ཟླ་མེད་པའོ། ། ཞེ་སྡང་གི་གཉེན་པོ་ཡིན་པའི་ཕྱིར་གནོད་པ་མེད་པ་ཡིན་ནོ། །གནོད་པ་བྱེད་པ་དག་ལ་ཁོན་དུ་འཛིན་པ་ཞེས་པ་ནི་གནོད་པ་བྱེད་པ་དག་ལ་ཀུན་ནས་མནར་སེམས་ཀྱི་དངོས་པོ་ལན་མང་དུ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་པ་མི་བྱེད་པ་དག་ལ་ཕྲག་དོག་ཅེས་བྱ་བ་ནི་སེམས་ཅན་མཉམ་པ་དང་ཁྱད་པར་ དུ་འཕགས་པ་གནོད་པ་མི་བྱེད་པ་དེ་དག་ལ་སེམས་ཁོང་ནས་འཁྲུགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་དང་ལྡན་བའི་དམན་པ་དག་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཅན་གནོད་པ་བྱེད་པ་དང་གནོད་པ་མི་བྱེད་པ་དེ་གཉིས་དང་ལྡན་པ་དམན་པ་དག་ལ་ཞེ་སྡང་གང་གིས་ན་དེ་གཉིས་དང་ལྡན་པ་ དམན་པ་དེ་དག་ལ་གནོད་པར་འགྱུར་བའི་ཞེ་སྡང་ཡིན་ནོ། །མི་མཐུན་པའི་ཕྱོགས་ཤིན་ཏུ་ཐུལ་བའི་ཕྱིར་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དེ་ནི་ཉེ་བའི་ཉོན་མོངས་པ་རྣམ་པ་གསུམ་པོ་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་བསྟན་པ་དེ་ལྟར་ན་བྱམས་པ་དང་ལྡན་པའི་སེམས་དེ་ གཉེན་པོ་ཉིད་ཀྱིས་ཏེ། ཚིག་གསུམ་པོ་ཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པས་ཡོངས་སུ་བསྟན་པ་ཡིན་ནོ། །སེམས་དེ་འབྲས་བུ་ཉིད་ཀྱིས་ཏེ། ཡངས་པ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། །སེམས་དེ་གཉིས་ཀྱིས་ཏེ། རྒྱ་ཆེན་པོར་གྱུར་པ་ཞེས་བྱ་བའི་ཚིག་ འདིས་ཡོངས་སུ་བསྟན་པ་ཡིན་ནོ། །སེམས་དེ་དམིགས་པ་ཉིད་ཀྱིས་ཏེ། ཚད་མེད་པ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། །སེམས་དེ་རྣམ་པར་དག་པ་ཉིད་ཀྱིས་ཏེ། ཤིན་ཏུ་བསྒོམས་པ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། །གནས་ཀྱིས་གནས་པ་པོ་ བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་ཀྱིས་སེམས་ཅན་རྣམས་སྟོན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཁྲི་དག་འབོད་དོ། །རི་དག་ཚིག་གོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ནི་ཁྲིའི་སྟེང་ན་འདུག་པའི་མི་དག་འབོད་པ་དང་། རིའི་སྟེང་ན་འདུག་པ་དག་མེས་ཚིག་པ་ཡིན་ནོ། །མོས་པ་ཡིད་ལ་ བྱེད་པ་ཉིད་སྟོན་པ་ཡིན་གྱི། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་མ་ཡིན་ནོ། །ཅིག་ཅར་དུ་མཐའ་དག་ལ་མོས་པའི་ཕྱིར་རོ་ཞེས་བྱ་བ་ནི་མཉམ་དུ་སེམས་ཅན་ཐམས་ཅད་ལ་སྨོས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་བྱམས་པ་སྟོན་པ་ཡིན་ནོ། །དུས་གཞན་དུ་ཡང་རྗེས་སུ་འཇུག་ པར་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་ཡུན་ཐུང་ངུར་མ་ཡིན་གྱི་དུས་ཡུན་རིང་པོར་རྗེས་སུ་འཇུག་པར་སྟོན་པ་ཡིན་ནོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་ན་བརྩོན་འགྲུས་བརྩམས་ཞིང་ཞུམ་པ་མེད་པ་ཡིན། ལུས་ཤིན་ཏུ་སྦྱངས་ཤིང་ཉེས་པར་བརྩམས་པ་མེད་པ་ཡིན། དྲན་པ་ཉེ་བར་གཞག་ཅིང་ཀུན་དུ་རྨོངས་པ་ མེད་པ་ཡིན། སེམས་མཉམ་པར་གཞག་ཅིང་རྩེ་གཅིག་པ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པ་ཞེས་བྱ་བ་ནི་ཚིག་ཕྱི་མ་ཞུམ་པ་མེད་པ་ཡིན་པ་ལ་སོགས་པ་རྣམས་ཀྱིས་ཚིག་བཞི་པོ་བརྩོན་འགྲུས་བརྩམས་ཤིང་ཞེས་བྱ་བ་ལ་སོགས་པ་དེ་དག་རྣམ་པར་ བཤད་པ་དང་བཅས་པ་ནི་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པའོ། །ཇི་ལྟར་ན་གོ་རིམས་བཞིན་དུ་ཡིན་ཞེ་ན། སེམས་ཧ་ཅང་ཞུམ་པའི་གཉེན་པོར་བརྩོན་འགྲུས་བརྩམས་ཤིང་ཞུམ་པ་མེད་པ་ཡིན་ཞེས་བྱ་བ་ནི་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པ་འདི་ཡིན་ནོ། །ཧ་ཅང་རབ་ཏུ་བཟུང་ བའི་གཉེན་པོར་ལུས་ཤིན་ཏུ་སྦྱངས་ཤིང་ཉེས་པར་བརྩམས་པ་མེད་པ་ཡིན་ཞེས་བྱ་བ་འདི་ཡིན་ནོ། །ཉེས་པར་བརྩམས་པ་མེད་པ་ཉིད་ཀྱང་ལུས་མཉེན་ཞིང་ལུས་ལས་སུ་རུང་བ་ཉིད་དུ་རིག་པར་བྱའོ། །ནང་དུ་བསྡུས་པ་ཞེས་བྱ་བ་འདི་ནི་དྲན་པ་ཉེ་བར་གཞག་ཅིང་ཀུན་དུ་རྨོངས་ པ་མེད་པ་ཡིན་ཞེས་བྱ་བ་ནི་འདི་ཡིན་ནོ། །ཕྱི་རོལ་དུ་རྣམ་པར་གཡེངས་པ་ཞེས་བྱ་བ་འདི་ནི་སེམས་མཉམ་པར་གཞག་ཅིང་རྩེ་གཅིག་པ་ཡིན་ཞེས་བྱ་བའི་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པ་འདི་ཡིན་ནོ། །ཧ་ཅང་ཞུམ་པ་ལ་སོགས་པ་འདི་རྣམས་ཀྱི་མཚན་ཉིད་ནི་མདོ་ལས་ཇི་ལྟར་སེམས་ ཧ་ཅང་ཞུམ་པ་ཡིན་ཞེ་ན། སེམས་ལེ་ལོ་དང་ལྡན་པའོ། །ཇི་ལྟར་ན་སེམས་ཧ་ཅང་རབ་ཏུ་བཟུང་བ་ཡིན་ཞེ་ན། སེམས་རྒོད་པ་དང་ལྡན་པ་གང་ཡིན་པའོ། །ཇི་ལྟར་ན་སེམས་ནང་དུ་བསྡུས་པ་ཡིན་ཞེ་ན། སེམས་རྨུགས་པ་དང་གཉིད་དང་ལྡན་པ་གང་ཡིན་པ་སྟེ། སེམས་ནང་དུ་འགོག་པ་ དང་ལྡན་པ་ཡིན་གྱི། ལྷག་མཐོང་དང་ལྡན་པ་ནི་མ་ཡིན་ཏེ། དེ་ལྟར་ན་སེམས་ནང་དུ་བསྡུས་པ་ཡིན་ནོ། །ཇི་ལྟར་ན་སེམས་ཕྱི་རོལ་དུ་རྣམ་པར་གཡེངས་པ་ཡིན་ཞེ་ན། འདོད་པའི་ཡོན་ཏན་ལྔ་རྣམས་ལ་རྗེས་སུ་རྣམ་པར་གཡེངས་པ་དང་རྗེས་སུ་འཕྲོས་པ་གང་ཡིན་པ་དེ། དེ་ལྟར་ན་སེམས་ཕྱི་རོལ་དུ་ རྣམ་པར་གཡེངས་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །དེ་ཁོ་ནའི་ཞེས་རྒྱས་པར་འབྱུང་བ་ནི་སེམས་རྣམ་པ་བཞི་པོ་དེ་ཁོ་ནའི་གཉེན་པོ་སོང་བའི་འདུ་བྱེད་རྣམ་པ་གཉིས་གཉིས་ཡིན་ཏེ། རེ་རེ་ལ་ཡང་གཉིས་གཉིས་ཡིན་པས་དེ་ལྟར་ན་སྤོང་བའི་འདུ་བྱེད་བརྒྱད་དུ་འགྱུར་རོ། །བརྒྱད་གང་ཞེ་ན། མདོ་ ལས་ཤིན་ཏུ་རྒྱས་པར་གསུངས་ནས་འདུན་པ་གང་ཡིན་པ་དང་། རྩོལ་བ་གང་ཡིན་པ་དང་། དད་པ་གང་ཡིན་པ་དང་། ཤིན་ཏུ་སྦྱངས་པ་གང་ཡིན་པ་དང་། དྲན་པ་གང་ཡིན་པ་དང་། ཤེས་བཞིན་གང་ཡིན་པ་དང་། སེམས་པ་གང་ཡིན་པ་དང་། བཏང་སྙོམས་གང་ཡིན་པ་སྟེ། འདི་དག་སྤོང་པའི་ འདུ་བྱེད་རྣམས་ཞེས་བྱའོ་ཞེས་འབྱུང་བ་ཡིན་ནོ། །དེ་ལ་ཧ་ཅང་ཞུམ་པའི་གཉེན་པོར་ནི་འདུན་པ་དང་རྩོལ་བ་གཉིས་ཏེ། ལེ་ལོའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཧ་ཅང་རབ་ཏུ་བཟུང་བའི་ནི་དད་པ་དང་། ཤིན་ཏུ་སྦྱངས་པ་ཡིན་ཏེ་དད་པ་ཡོད་ན་ཤིན་ཏུ་སྦྱངས་པ་གཉེན་པོར་འགྱུར་བས་སོ། །ནང་དུ་ བསྡུས་པའི་ནི་དྲན་པ་དང་། ཤེས་བཞིན་གཉིས་ཏེ། དེ་གཉིས་ཀྱིས་ནི་རྨུགས་པ་དང་གཉིད་དུ་ཡང་མི་འགྱུར་ལ། ལྷག་མཐོང་ཡང་ཉེ་བར་གནས་པར་བྱེད་དོ། །ཕྱི་རོལ་དུ་རྣམ་པར་གཡེངས་པའི་གཉེན་པོར་ནི་སེམས་པ་དང་། བཏང་སྙོམས་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། སེམས་པ་ནི་མངོན་པར་འདུ་བྱེད་པ་ཡིན་ཏེ། ལུས་འདི་ཉིད་རྐང་མཐིལ་ནས་སྤྱི་བོ་དང་། སྐྲ་དང་། ཀླད་པ་ནས་འོག་ཏུ་པགས་པ་ལ་ཐུག་པར་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་སོ་སོར་རྟོག་སྟེ། ལུས་འདི་ལ་སྐྲ་དང་། སྤུ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དེ་ནས་འདུ་ བྱེད་དེ་དག་ལ་བཏང་སྙོམས་ཀྱིས་བཏང་སྙོམས་སུ་བྱེད་དོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མཉམ་པར་གཞག་པའི་གནས་སྐབས་ནི་རྣམ་པར་རྟོག་པ་རྣམས་ཀྱིས་སེམས་རྣམ་པར་གཡེང་ཞིང་རྣམ་པར་མ་ཞི་ལ་རྒོད་པར་གྱུར་པ་ན་དམིགས་པ་ལ་བྱེད་པ་མེད་པ་ཉིད་དང་། ཞི་བར་འགྱུར་ བ་ཉིད་དང་། ལྷུན་གྱིས་གྲུབ་པར་འབྱུང་བ་ནི་ཞི་གནས་སོ། །རབ་ཏུ་འཛིན་པ་ནི་ཞུམ་པར་འགྲོ་བ་ན་མཆོག་ཏུ་དགའ་བའི་གཞི་ལ་དམིགས་པས་དེ་ལ་སྦྱངས་པའོ། །དེ་ཉིད་ཀྱིས་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཚིག་ཉིད་ཡིན་ཏེ། བརྩོན་འགྲུས་བརྩམས་ཤིང་ཞུམ་པ་མེད་པ་ཡིན། ལུས་ཤིན་ ཏུ་སྦྱངས་ཤིང་ཉེས་པར་བརྩམས་པ་མེད་པ་ཡིན་ཞེས་བྱ་བའི་ཚིག་འདི་གཉིས་སོ། །ཅིའི་ཕྱིར་ཞེ་ན། གོ་རིམས་བཞིན་དུ་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་པའི་ཕྱིར་ལ་ཞུམ་པ་དང་རྒོད་པ་དེ་གཉིས་ཀྱང་ཞི་གནས་དང་རབ་ཏུ་འཛིན་པ་ཁོ་ནའི་ཉེ་བའི་ཉོན་མོངས་པ་ཡིན་པས་སོ། །ཞུམ་པ་ཞེས་བྱ་བ་ནི་ གང་གིས་ན་ཚོགས་དེ་ཧ་ཅང་ཞན་པར་འགྱུར་བའི་སེམས་ལས་བྱུང་བའི་ཆས་འགའ་ཞིག་ཡོད་པ་ཡིན་པའོ། །དེ་བཞིན་དུ་རྒོད་པ་ཡང་གང་གིས་ན་རྒོད་པར་གྱུར་པའོ། །བཏང་སྙོམས་ཀྱི་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཡང་ཚིག་གཉིས་ཡིན་ཏེ། དྲན་པ་ཉེ་བར་གཞག་ཅིང་ཀུན་དུ་རྨོངས་པ་མེད་ པ་ཡིན། སེམས་མཉམ་པར་གཞག་ཅིང་རྩེ་གཅིག་པ་ཡིན་ཞེས་བྱ་བ་འདི་དག་གོ། །བཏང་སྙོམས་ཀྱང་གལ་ཏེ་སེམས་ཞུམ་པ་ཡང་མ་ཡིན། རྒོད་པ་ཡང་མ་ཡིན་ཏེ་མཉམ་པར་གྱུར་པ་དེའི་ཚེ་དེ་བཏང་སྙོམས་སུ་བྱེད་པས་བཏང་སྙོམས་སོ། །ཚིག་བཞི་དག་ཡིན་ནོ་ཞེས་བྱ་བའི་ཚིག་ཕྱི་མས་རྣམ་ པར་བཤད་པ་དང་བཅས་པའི་ཚིག་དེ་དག་ཉིད་ཡིན་ནོ། །རྒྱུ་གང་གིས་ན་ལུས་ཉེས་པར་བརྩམས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་བརྩོན་འགྲུས་མ་བརྩམས་ན་སེམས་ཞུམ་པར་འགྱུར་བ་ནས་སེམས་ཉམས་པའི་བར་དེ་ ཉིད་ཀྱི་ཕྱིར་དེའི་གཉེན་པོ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ནི་སེམས་ཞུམ་པ་དང་། ལུས་དུབ་པ་དང་། བརྗེད་ངས་པ་དང་། སེམས་ཉམས་པ་དེ་དག་གི་གཉེན་པོ་ཉིད་ཡང་དག་པར་བསྟན་པའི་ཕྱིར་བརྩོན་འགྲུས་ལ་སོགས་པ་སྟེ། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་ དང་། ཏིང་ངེ་འཛིན་ཚིག་ཕྱི་མས་ཁྱད་པར་དུ་བྱེད་པ་ཅན་ཡིན་ཏེ། ཚིག་ཕྱི་མ་ཕྱི་མས་ཁྱད་པར་དུ་བྱེད་པ་ཅན་ཡིན་པར་རིག་པར་བྱའོ། །ཇི་ལྟར་ཞེ་ན། བརྩོན་འགྲུས་བརྩམས་ཤིང་ཞུམ་པ་མེད་པ་ཡིན་ཞེས་བྱ་བ་ནས། སེམས་མཉམ་པར་གཞག་ཅིང་རྩེ་གཅིག་པ་ཡིན་ཞེས་བྱ་བའི་བར་རོ། །དགེ་ སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་སྔར་མ་ཐོས་པའི་ཆོས་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་ཤིང་། ཤེས་པ་དང་། རིག་པ་དང་། བློ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ངེས་པའི་ཚིག་གི་ཆོས་ཉིད་ཀྱི་རྒྱུས་ན་རྣམ་པར་དག་པའི་ཕྱིར་ཡིག་གེ་ བསྒྱུར་ན་བློ་ཡིན་ནོ། །དེ་ལྟར་ན་ངེས་པའི་ཚིག་གི་ཆོས་ཉིད་ཀྱི་རྒྱུས་སོ། །མིག་ལ་ཞན་པ་དང་། ནོར་བ་དང་རྙོག་པ་ཉིད་མེད་པ་ཡང་དག་པར་བསྟན་པའི་ཕྱིར་རྣམ་པ་གསུམ་གྱིས་ཁྱད་པར་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་མིག་དེ་ལ་ཞན་པ་ཉིད་མེད་པ་ཡང་དག་པར་བསྟན་པའི་ཕྱིར་ཤེས་པ་ཞེས་བྱ་ བས་ཁྱད་པར་དུ་བྱེད་དེ། ཤའི་མིག་ནི་ཐེ་ཚོམ་དུ་གཟུགས་མཐོང་བའི་ཕྱིར་ཞན་པ་ཞེས་བྱ་བ་སྟེ། གཏན་ལ་ཕེབས་པའི་ཤེས་པ་མེད་པའི་ཕྱིར་རོ། །ནོར་བ་ཉིད་མེད་པ་ཡང་དག་པར་བསྟན་པའི་ཕྱིར་རིག་པ་ཞེས་བྱ་བས་ཁྱད་པར་དུ་བྱེད་དོ། །ཤའི་མིག་ནི་ཡང་དག་པ་ཇི་ལྟ་བ་བཞིན་མ་མཐོང་བའི་ཕྱིར་ ནོར་བ་ཞེས་བྱའོ། །རྙོག་པ་ཉིད་མེད་པ་ཡང་དག་པར་བསྟན་པའི་ཕྱིར་བློ་ཞེས་བྱ་བས་ཁྱད་པར་དུ་བྱེད་དེ། ཤའི་མིག་ནི་རྣམ་པར་དག་པ་མ་མཐོང་བའི་ཕྱིར་རྙོག་པ་ཅན་ནོ་ཞེས་བྱའོ། །དེ་ལྟར་ན་རྣམ་པ་གསུམ་གྱིས་ཁྱད་པར་དུ་བྱེད་པ་ནི་ཤའི་མིག་དང་ཆོས་མི་མཐུན་པའི་ཕྱིར་རོ། །བདེན་པ་རྣམས་ ལ་ངན་པར་ལྟ་བ་དང་། ཐེ་ཚོམ་དང་། མ་རིག་པ་རྣམས་ཀྱི་གཉེན་པོ་མ་ཡིན་པ་ཞེས་བྱ་བ་ནི་བདེན་པ་ལ་དམིགས་པ་དང་། ལོག་པར་ལྟ་བ་དང་། ཐེ་ཚོམ་དང་། མ་རིག་པ་རྣམས་ཀྱི་གཉེན་པོ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་མིག་ལ་སོགས་པ་སྨོས་སོ་ ཞེས་བྱ་བ་ནི་ཕྱི་རོལ་པ་རྣམས་ཀྱི་ལྟ་བ་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་མིག་དང་། ཤེས་པ་དང་། རིག་པ་དང་། བློ་སྨོས་སོ། །ཇི་ལྟར་ཞེ་ན། ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་ཤིང་། ཤེས་པ་དང་། རིག་པ་དང་། བློ་སྐྱེས་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ཏེ། ཟག་པ་མེད་པའི་ཤེས་རབ་ཀྱི་ མིག་དེ་ནི་དོན་མངོན་སུམ་དུ་གྱུར་པའི་ཕྱིར་ལོག་པར་ལྟ་བའི་གཉེན་པོ་ཡིན་ནོ། །དེ་ཉིད་ཐེ་ཚོམ་མེད་པའི་ཕྱིར་ཤེས་པ་སྟེ། ཐེ་ཚོམ་གྱི་གཉེན་པོ་ཡིན་ནོ། །དེ་ཉིད་ཡང་དག་པར་དོན་དུ་གྱུར་པའི་ཕྱིར་རིག་པ་སྟེ། མ་རིག་པའི་གཉེན་པོ་ཡིན་ནོ། །བཟླས་པ་གསུམ་དག་ལ་ཐོག་མར་མཐོང་བ་ནི་མིག་གོ་ཞེས་ བྱ་བ་ནི་མཐོང་བའི་ལམ་ལ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བ་ནས། འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ་ཞེས་བྱ་བའི་བར་ཐོག་མར་མཐོང་བ་གང་ཡིན་པ་དང་། བསྒོམ་པའི་ལམ་ལ་སྡུག་བསྔལ་འཕགས་པའི་བདེན་པའོ། །མངོན་པར་ ཤེས་པས་ཡོངས་སུ་ཤེས་པར་བྱ་ཞེས་བྱ་བ་ནས་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་མངོན་པར་ཤེས་པས་བསྒོམ་པར་བྱ་ཞེས་བྱ་བའི་བར་ཐོག་མར་མཐོང་བ་གང་ཡིན་པ་དང་། མི་སློབ་པའི་ལམ་གང་ཡིན་པ་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ་བདག་གིས་ མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་ཞེས་བྱ་བ་ནས་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་དག་གིས་མངོན་པར་ཤེས་པས་བསྒོམས་སོ་ཞེས་བྱ་བའི་བར་ཐོག་མར་མཐོང་བ་གང་ཡིན་པ་སྟེ། བསླབ་པ་གསུམ་པོ་འདི་དག་ལ་ཐོག་མར་མཐོང་བ་འདི་ནི་མིག་གོ། །ཇི་ལྟར་ མཐོང་བ་ལ་རྣམ་པར་དཔྱོད་པ་ནི་ཤེས་པའོ་ཞེས་བྱ་བ་ནི་ལམ་གསུམ་པོ་འདི་དག་ལ་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་ཇི་ལྟར་མཐོང་བ་རྣམས་ལ་རྣམ་པར་འཇོག་པའི་ཡེ་ཤེས་དང་། རྣམ་པར་མི་འཇོག་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པར་རང་དང་སྤྱིའི་མཚན་ ཉིད་གཉིས་སུ་རྣམ་པར་དཔྱོད་པ་སྟེ། སོ་སོར་རྟོག་པ་ནི་ཤེས་པ་ཞེས་བྱའོ། །དེ་ཡང་ཟག་པ་མེད་པའི་ཡེ་ཤེས་ཡིན་པར་རིག་པར་བྱ་སྟེ། དེ་ལ་ཟག་པ་རྒྱས་པར་མི་འགྱུར་བས་སོ། །དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། ལམ་གསུམ་ཆར་ལ་ཡང་ཐོག་མར་རྣམ་པར་ མི་འཇོག་པ་འཇིག་རྟེན་ལས་འདས་པ་སྐྱེ་ལ། དེ་ནས་དེའི་རྗེས་ལ་རྣམ་པར་འཇོག་པ་སྐྱེའོ། །རྣམ་པར་མི་འཇོག་པ་དང་རྣམ་པར་འཇོག་པའི་ཡེ་ཤེས་དེ་གཉིས་ཀྱི་རབ་ཏུ་དབྱེ་བ་རྒྱས་པ་དང་བཅས་པ་ནི་རྣལ་འབྱོར་སྤྱོད་པའི་སར་བལྟ་བར་བྱའོ། །གཉིས་པོ་དེ་ཉིད་ཀྱིས་བྱ་བ་རྒྱས་པར་འབྱུང་བ་ནི་ མིག་དང་ཤེས་པ་གཉིས་པོ་དེ་ཉིད་དོ། །དེ་སྙེད་ཡོད་པ་ཅན་ཉིད་ལ་བརྟེན་ནས་ཏེ། དངོས་པོ་ཇི་སྙེད་པ་འཕགས་པའི་བདེན་པ་བཞི་པོ་འདི་ལ་ཡོད་པས་དེ་ནི་ཇི་སྙེད་ཡོད་པ་ཅན་ནོ། །དེའི་དངོས་པོ་དེ་ནི་ཇི་སྙེད་ཡོད་པ་ཅན་ཉིད་དེ། དེ་ལ་ནི་ཇི་སྙེད་ཡོད་པ་ཅན་ཉིད་ལ་བརྟེན་ནས་ཏེ། བརྟན་པ་ནས་དེ་ལ་ དམིགས་པར་བྱེད་པ་ན་གཉིས་པོ་དེ་རིག་པའོ། །ཅིའི་ཕྱིར་ཞེ་ན། ཇི་སྙེད་ཡོད་པ་ལ་འཛིན་པའི་ཕྱིར་རོ། །འདི་ལྟར་སྡུག་བསྔལ་འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་དང་། དེ་ཀུན་འབྱུང་བ་དང་། དེ་འགོག་པ་དང་། དེའི་ལམ་ཇི་སྙེད་ཡོད་པ་དེ་འཛིན་པས་དེའི་ཕྱིར་དེ་གཉིས་ཀ་རིག་ པའོ། །ཇི་ལྟར་ཡོད་པ་ཅན་ཉིད་ལ་བརྟེན་ནས་བློ་སྟེ། སྡུག་བསྔལ་ཉིད་ལ་སོགས་པའི་རྣམ་པ་ཇི་ལྟར་ཡོད་པ་ནི་ཇི་ལྟར་ཡོད་པའོ། །དེ་འཕགས་པའི་བདེན་པ་བཞི་པོ་གང་ལ་ཡོད་པ་དེ་ནི་ཇི་ལྟར་ཡོད་པ་ཅན་ནོ། །དེའི་དངོས་པོ་ནི་ཇི་ལྟར་ཡོད་པ་ཅན་ཉིད་དོ། །དེ་ལ་ནི་ཇི་ལྟར་ཡོད་པ་ཅན་ཉིད་ལ་ བརྟེན་ནས་ཏེ། དེ་ལ་དམིགས་པར་བྱེད་པ་ན་དེ་གཉིས་ཀ་བློའོ། །ཅིའི་ཕྱིར་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །འདི་ལྟར་སྡུག་བསྔལ་ལ་སོགས་པའི་བདེན་པ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆོས་མ་ཐོས་ པ་རྣམས་ལ་ཐོས་པ་ལས་བྱུང་བའི་ཤེས་པ་མེད་པས་རྗེས་སུ་དཔག་པ་ཅན་ཡིན་ནོ་སྙམ་དུ་སེམས་ན་དེ་རྗེས་སུ་དཔག་པ་ཅན་མ་ཡིན་པས། དེ་དགག་པའི་ཕྱིར་མིག་ཅེས་བྱ་བ་གསུངས་སོ། །གལ་ཏེ་ཐོས་པ་ལས་བྱུང་བ་ཡང་མ་ཡིན། རྗེས་སུ་དཔག་པ་ཅན་ཡང་མ་ཡིན་ན་མོས་པ་ལས་བྱུང་བའི་ མཐོང་བ་ཡིན་ཏེ། ཇི་ལྟར་མི་སྡུག་པ་བསྒོམས་པ་ན་རུས་པ་དང་རུས་གོང་དུ་མོས་པའི་ཕྱིར་མོས་པ་ཡིད་ལ་བྱེད་པས་རུས་པ་དང་རུས་གོང་རྣམས་ཀྱིས་ས་གང་བར་མཐོང་བ་ལྟ་བུ་ཡིན་ནོ་སྙམ་དུ་སེམས་ན་དེའི་ཕྱིར་མོས་པ་ལས་བྱུང་བའི་མཐོང་བ་དགག་པའི་ཕྱིར་ཤེས་པའོ་ཞེས་བྱ་བ་གསུངས་སོ། ། གལ་ཏེ་དེ་ཐོས་པ་ལས་བྱུང་བ་ཡང་མ་ཡིན། རྟོག་གེ་པ་ཡང་མ་ཡིན་མོས་པ་ལས་བྱུང་བ་ཡང་མ་ཡིན་ན་མངོན་པའི་ང་རྒྱལ་ཅན་ཡིན་ཏེ། མངོན་པའི་ང་རྒྱལ་ཅན་རྣམས་ནི་བདག་གིས་མཐོང་ངོ་སྙམ་དུ་སེམས་པ་ཡིན་ནོ་སྙམ་དུ་སེམས་ན་དེའི་ཕྱིར་མངོན་པའི་ང་རྒྱལ་དགག་པའི་ཕྱིར་རིག་པའོ། །གལ་ ཏེ་དེ་རྣམས་མ་ཡིན་ཡང་ཟག་པ་དང་བཅས་པ་ཡིན་ནོ་སྙམ་དུ་སེམས་ན་དེའི་ཕྱིར་ཟག་པ་དང་བཅས་པ་ཉིད་དགག་པའི་ཕྱིར་བློ་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་ཞེ་ན། རྣམ་པར་དག་པའི་དོན་གྱིས་སོ། །རྣམ་པར་དག་པ་དེ་ནི་དྲི་མ་མེད་པ་ཡིན་ནོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་པ་ རྣམས་སོ། །དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བཟོད་པ་ནི་མཐོང་བ་ཉིད་ཡིན་པའི་ཕྱིར་མིག་ཡིན་ལ་ཞེས་བྱ་བ་དེ་ནིའོ། །བཟླས་པ་གསུམ་དག་ལ་འཐད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པ་དེ་དག་ནི་མཐོང་བ་དང་། བསྒོམ་པ་དང་མི་སློབ་པའི་ ལམ་གྱིས་བསྡུས་པའི་ཕྱིར་ཏེ། བསྒོམ་པའི་ལམ་དང་། མི་སློབ་པའི་ལམ་ལ་ཡང་བཟོད་པ་མེད་པ་མ་ཡིན་པས་སོ། །དགེ་སློང་དག་འདི་ནི་ཁྱོད་ལ་ཕན་པའི་ཕྱིར་དང་། འདི་ནི་བདེ་བའི་ཕྱིར་དང་། འདི་ནི་ཕན་པ་དང་བདེ་བའི་ཕྱིར་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འདོད་པའི་བསོད་ ཉམས་ཀྱི་རྗེས་སུ་སྦྱོར་བ་ནི་འདོད་པའི་བདེ་བ་ལ་རོ་མྱོང་བའི་རྗེས་སུ་འཇུག་པའོ། །བདག་ཉིད་དུབ་པར་གནས་པའི་རྗེས་སུ་སྦྱོར་བ་ནི་དུབ་པ་ཉིད་དུབ་པར་གནས་པ་ཡིན་པས་བདག་ཉིད་དུབ་པར་གནས་པའོ། །གདུང་བར་བྱེད་པ་དང་། ཡོངས་སུ་གདུང་བར་བྱེད་པ་དང་། སྐྲ་འབལ་བ་ལ་སོགས་ པ་ལས་སྐྱེས་པའི་སྡུག་བསྔལ་ནི་བདག་ཉིད་དུབ་པར་གནས་པའོ། །བདག་ཉིད་དུབ་པར་གནས་པ་ལ་རྗེས་སུ་སྦྱོར་བ་སྟེ། རྗེས་སུ་འཇུག་པ་ནི་བདག་ཉིད་དུབ་པར་གནས་པའི་རྗེས་སུ་སྦྱོར་བའོ། །གཉི་གའི་མཐའ་སྤངས་ནས་ཞེས་བྱ་བ་ནི་འདོད་པའི་བསོད་ཉམས་ཀྱི་རྗེས་སུ་སྦྱོར་བའི་མཐའ་ དང་། བདག་ཉིད་དུབ་པར་གནས་པའི་རྗེས་སུ་སྦྱོར་བའི་མཐའ་སྤངས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དབུ་མའི་ལམ་བསྒོམས་པ་ཡིན་ནོ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་ནི་དབུ་མའི་ལམ་ཡིན་ནོ། །གཞན་ཡང་ཕན་པའི་ཕྱིར་ནི་སྡུག་བསྔལ་ དང་བཅས་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོ་བསྟེན་པ་སྟེ། ཇི་ལྟར་འདོད་ཆགས་ཤས་ཆེ་བ་རྣམས་སོ་སོར་བརྟགས་ཤིང་ཚངས་པར་སྤྱོད་པ་བསྟེན་པ་ལྟ་བུའོ། །བདེ་བའི་ཕྱིར་ནི་ཉོན་མོངས་པ་རྣམས་མེད་པར་སྡུག་བསྔལ་གྱི་གཉེན་པོ་བསྟེན་པ་ཡིན་ཏེ། ཇི་སྐད་དུ་མདོ་ལས། བརྣབ་སེམས་ ཀྱིས་སྒྲུབ་པའི་སྡུག་བསྔལ་གྱིས་བདག་ཉིད་ལ་གནོད་པར་ཡང་མི་འགྱུར་ལ། ཆོས་ཀྱིས་རྙེད་པའི་བདེ་བ་ཡང་ཡོངས་སུ་ཉམས་པར་མི་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །ཕན་པ་དང་བདེ་བའི་ཕྱིར་ནི་བདེ་བ་དང་བཅས་པའི་ཉོན་མོངས་པའི་གཉེན་པོ་བསྟེན་པ་ཡིན་ཏེ། ཇི་ལྟར་འདོད་ཆགས་ཆུང་བ་ རྣམས་ཚངས་པར་སྤྱོད་པ་བསྟེན་པ་ལྟ་བུའོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་ཡང་ཕན་པའི་ཕྱིར་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་མ་གཏོགས་པ་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཉོན་མོངས་པ་ཟད་པའི་ལམ་མོ། །དེ་དག་ཀྱང་བསམ་གཏན་བཞི་ རྣམས་སོ། །ཉོན་མོངས་པ་ཟད་པའི་ལམ་མ་གཏོགས་པ་ཞེས་བྱ་བ་ནི་སྤོང་བའི་ལམ་མ་གཏོགས་པའོ། །ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་དང་བཅས་པ་ཞེས་བྱ་བ་ནི་གང་གི་ཚེ་ཟག་པ་མེད་པའི་བསམ་གཏན་ལ་བརྟེན་ནས་ཉོན་མོངས་པ་རྣམས་སྤོང་བ་དེའི་ཚེ་ཉོན་མོངས་ པ་སྤོང་བ་ཟད་པའི་ལམ་དེ་དག་ཕན་པ་དང་བདེ་བའི་ཕྱིར་ཡིན་ནོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་ཡང་ཕན་པའི་ཕྱིར་ནི་སློབ་པ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་རྣམས་ཀྱི་དཀའ་བའི་ལམ་སྟེ། དེ་ཡང་མི་ལྕོགས་པ་མེད་པ་དང་བསམ་ གཏན་ཁྱད་པར་ཅན་དང་གཟུགས་མེད་པས་བསྡུས་པའི་ལམ་སྟེ། ཅི་རིགས་པར་སྦྱར་རོ། །དཀའ་བ་ཡང་ཡན་ལག་གིས་ཡོངས་སུ་མ་ཟིན་པའི་ཕྱིར་དང་། ཞི་གནས་དང་ལྷག་མཐོང་མ་ཚང་བའི་ཕྱིར་རོ། །ཞི་གནས་མ་ཚང་བ་ནི་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་ གཉིས་སོ། །ལྷག་མཐོང་མ་ཚང་བ་ནི་གཟུགས་མེད་པ་རྣམས་སོ། །བདེ་བའི་ཕྱིར་ནི་མི་སློབ་པ་དགྲ་བཅོམ་པ་རྣམས་ཀྱི་སླ་བའི་ལམ་སྟེ། དངོས་གཞིའི་བསམ་གཏན་གྱིས་བསྡུས་པའི་ལམ་མོ། །སླ་བ་ཡང་ཡན་ལག་གིས་ཡོངས་སུ་ཟིན་པ་དང་། ཞི་གནས་དང་ལྷག་མཐོང་དང་ལྡན་ པ་གཉིས་ཀྱིས་འབད་པ་མེད་པར་འབྱུང་བའི་ཕྱིར་རོ། །དགྲ་བཅོམ་པ་རྣམས་ཀྱི་ལམ་དེ་ནི་ཁམས་གསུམ་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་སླ་བ་མ་ཡིན་ནོ། །ཕན་པ་དང་བདེ་བའི་ཕྱིར་ནི་སློབ་པ་རྣམས་ཀྱི་སླ་བའི་ལམ་སྟེ། ཕན་པའི་ཕྱིར་ནི་ཉོན་མོངས་པའི་གཉེན་པོ་ཡིན་པའི་ ཕྱིར་རོ། །བདེ་བའི་ཕྱིར་ནི་དངོས་གཞི་ཟག་པ་མེད་པའི་བསམ་གཏན་རྟེན་ཡིན་པའི་ཕྱིར་རོ། །ཤིང་ཐགས་བཙུགས་པ་ནི་ཟབ་རིང་བ། ལེགས་པར་བཙུགས་པ། སྲ་བ། བརྟན་པ། མཁྲེགས་པ་དང་ལྡན་པ། མི་གཡོ་བ་མི་འཆག་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུ་མ་བུ་ཡིན་ནོ། །ཤུན་པ་མེད་ པ་དང་། ཁོང་ན་ལུ་མེད་པའི་ཕྱིར། ཤུན་པ་མེད་པའི་ཕྱིར་དང་། ཁོང་ན་ལུ་མེད་པའི་ཕྱིར་རོ། །ལུ་ནི་མི་སྲ་བའོ། །མི་འཆག་པ་ནི་མི་ཆོག་པའི་ཕྱིར་ཏེ་ཞེས་བྱ་བ་ནི་གཅག་པར་མི་ནུས་པའི་ཕྱིར་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་དང་རང་བཞིན་གྱི་ཁྱད་པར་དེ་གཉིས་དང་ཞེས་བྱ་བ་རྒྱས་པར་ འབྱུང་བ་ནི་དེ་གཉིས་དང་སྟེ། གཞིའི་ཁྱད་པར་གྱིས་མི་གཡོ་བ་ཡིན་ལ་རང་བཞིན་གྱི་ཁྱད་པར་གྱིས་མི་འཆག་པ་ཡིན་ཏེ། དེ་ལྟར་ན་གོ་རིམས་བཞིན་ཡིན་ནོ། །དེ་ལྟར་ན་དེ་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལྟར་ན་ཤིང་ཐགས་དེ་དག་གོ། །རྣམ་པ་གཉིས་ཀྱིས་ནི་ཚུལ་གཉིས་ཀྱིས་ཏེ། ཟབ་རིང་བ་ཉིད་ཀྱི་རྣམ་པ་དང་། ལེགས་པར་བཙུགས་པ་ཉིད་ཀྱི་རྣམ་པས་ཏེ། ཟབ་རིང་བ། ལེགས་པར་བཙུགས་པ་ཞེས་གསུངས་པའི་ཕྱིར་གཞི་ཉིད་དེ། གཞིས་ཕུན་སུམ་ཚོགས་པ་ནི་གྲོང་ཁྱེར་ལས་ཕྱི་རོལ་པ་དེས་དེ་ལས་རྒལ་བར་འདོད་པ་དེ་རྣམས་ཀྱིས་གནས་མི་ཚུགས་པས་ན་ཕྱི་རོལ་པ་ རྣམས་ཀྱིས་གནས་མི་ཐོད་པ་ཡིན་ནོ། །རྣམ་པ་གསུམ་ནི་སྲ་བ་ཉིད་ཀྱི་རྣམ་པས་ཏེ། སྲ་བ་ཞེས་གསུངས་པའི་ཕྱིར་དང་། བརྟན་པ་ཉིད་ཀྱི་རྣམ་པས་ཏེ། བརྟན་པ་ཞེས་གསུངས་པའི་ཕྱིར་དང་། མཁྲེགས་པ་ཉིད་ཀྱི་རྣམ་པས་ཏེ། མཁྲེགས་པ་དང་ལྡན་ཞེས་གསུངས་པའི་ཕྱིར་ཏེ། རང་བཞིན་ ཉིད་ཀྱིས་ཕུན་སུམ་ཚོགས་པ་ནི་ཕྱི་རོལ་པ་རྣམས་ཀྱིས་གནས་མི་ཐོད་པ་ཡིན་ནོ། །རྣམ་པ་གཉིས་ཀྱིས་ནི་མི་གཡོ་བ་ཉིད་ཀྱི་རྣམ་པ་དང་། མི་འཆག་པ་ཉིད་ཀྱི་རྣམ་པས་ཏེ། མི་གཡོ་བ་ཞེས་གསུངས་པའི་ཕྱིར་དང་། མི་འཆག་པ་ཞེས་གསུངས་པའི་ཕྱིར་དེས་བྱས་པའི་ཕན་ ཡོན་གྱིས་ཏེ། གཞི་དང་རང་བཞིན་གྱི་ཁྱད་པར་དེ་གཉིས་ཀྱིས་བྱས་པའི་ཕན་ཡོན་ནི་དེས་བྱས་པའི་ཕན་ཡོན་ཏེ། དེས་བྱས་པའི་ཕན་ཡོན་གྱི་ཕྱིར་ན་དེས་བྱས་པའི་ཕན་ཡོན་གྱི་ཕྱིར་ཕུན་སུམ་ཚོགས་པ་ནི་ཕྱི་རོལ་པ་རྣམས་ཀྱིས་གནས་མི་ཐོད་པ་ཡིན་ནོ། །རྒྱས་པར་གསུངས་ནས། དེས་ལོངས་སྤྱོད་པ་དང་། བརྩོན་འགྲུས་ཀྱིས་ཐོབ་པ། ལག་མཐུས་བསྒྲུབས་པ། རྔུལ་ཞིང་དྲི་མ་ཆགས་ཆགས་སུ་བསྒྲུབས་པ། ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པ་དེ་དག་གིས་བདག་ཉིད་དང་། ཕ་མ་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། གྲོགས་ པོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དག་ལེགས་པར་བདེ་བར་ཚིམ་པར་བྱེད་པ་དང་དུས་དུས་སུ་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཡོན་ཚེ་ཕྱི་མ་ལ་འགྲོ་བ་གོང་མར་འགྱུར་བ་དང་། བསྐལ་པ་བཟང་པོར་འགྱུར་བ་དང་། རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང་། མཐོ་རིས་འགྲུབ་ པར་བྱེད་པ་འབུལ་བར་བྱེད་དོ་ཞེས་བྱ་བ་འདི་ནི་མདོ་སྡེའི་དུམ་བུ་གཉིས་པ་ཡིན་ནོ། །དེ་ལ་ཞེས་རྒྱས་པར་འབྱུང་བ་ནི་དེ་ལ་སྤྱོད་པ་དང་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་ནི་སྤྱོད་པས་ཐོབ་པ་དང་། བརྩོན་འགྲུས་ཀྱིས་ཐོབ་པ་སྟེ། གཉི་གས་ཀྱང་སེམས་ཀྱི་རྩལ་གྱིས་བསྒྲུབས་པ་ཉིད་དུ་ཡོངས་སུ་བསྟན་ པ་ཡིན་ནོ། །སེམས་ཀྱི་རྩལ་གྱི་བརྩོན་འགྲུས་ནི་སེམས་ཀྱི་རྩལ་ཏེ། དེས་བསྒྲུབས་པ་དེའི་དངོས་པོའོ། །དེ་ཡང་སྔར་ནི་འདི་དང་འདི་ལྟ་བུ་ཞིག་ཏུ་བྱའོ་ཞེས་ཉེ་བར་སྤྱོད་པར་བྱེད་ལ། ཕྱིས་བྱེད་པའི་ཚེ་ནི་བརྩོན་འགྲུས་རྩོམ་པར་བྱེད་དོ། །བདེ་བ་ནི་གསུམ་སྟེ། གཉིད་ཀྱི་བདེ་བ་དང་། གློས་འབེབས་ པའི་བདེ་བ་དང་། ཉལ་བའི་བདེ་བའོ། །དེ་ལ་གཉིད་ཀྱི་བདེ་བ་ནི་གཉིད་ཀྱི་བདེ་བའོ། །གློས་འབེབས་པས་བདེ་བ་ནི་གློས་འབེབས་པའི་བདེ་བའོ། །ཉལ་བས་བདེ་བ་ནི་ཉལ་བའི་བདེ་བའོ། །གཉིད་ཀྱི་བདེ་བའི་གཉེན་པོར་སྤྱོད་པ་པ་ཞེས་བྱ་བ་སྟོན་ཏོ། །གློས་འབེབས་པ་དང་། ཉལ་ བའི་བདེ་བ་གཉིས་ཀྱི་གཉེན་པོར་ནི་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་བྱ་བ་བསྟན་ཏོ། །དེ་ལྟར་ན་གོ་རིམས་བཞིན་ནོ། །ཇི་ལྟར་ཐེག་པ་ལ་སོགས་པ་རྣམས་ཀྱི་ལོངས་སྤྱོད་དག་ལུས་ཀྱི་རྩལ་གྱིས་བསྒྲུབས་པ་ཡིན་ཡང་ཤིན་ཏུ་ངལ་བས་བསྒྲུབས་པ་མ་ཡིན་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རྔུལ་ཅིང་དྲི་ མ་ཆགས་ཆགས་སུ་ཞེས་བྱ་བ་གསུངས་ཏེ་གོས་གོས་སུ་དང་། འདྲེས་འདྲེས་སུ་དང་། ཕོག་ཕོག་ཏུའོ། །སངས་རྒྱས་ལ་སོགས་པར་གཏོགས་པ་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མ་ཡིན་པ་དང་། ཆོས་ཀྱི་མ་ཡིན་པ་དང་། དགེ་འདུན་གྱི་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། ། བསྐལ་པ་བཟང་པོར་འགྱུར་བ་ནི་ཡོན་གང་ལ་འབྲས་བུ་བསྐལ་པ་བཟང་པོ་ཡོད་པ་དེ་ནི་བསྐལ་པ་བཟང་པོར་འགྱུར་བ་ཡིན་ནོ། །གཞན་ཡང་འགྲོ་བ་གོང་མར་འགྱུར་བ་དེ་ཉིད་ལྷག་མས་ཏེ་བསྐལ་པ་བཟང་པོར་འགྱུར་བ་ཞེས་བྱ་བ་དེ་ལ་སོགས་པས་གསལ་བར་བྱེད་པ་ཡིན་ནོ། །དགེ་སློང་དག་ངས་ ཁྱེད་ལ་སྐྱེས་བུ་དམ་པའི་འགྲོ་བ་བདུན་དག་དང་། ལེན་པ་མེད་པར་མྱ་ངན་ལས་འདས་པ་བཤད་པར་བྱའོ། །སྐྱེས་བུ་དམ་པའི་འགྲོ་བ་བདུན་དག་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་ནི་འདི་ལྟར་བདག་མ་བྱུང་ཡང་རུང་བདག་གི་མ་བྱུང་ཡང་རུང་། བདག་མི་འབྱུང་བར་འགྱུར་རོ། །བདག་གི་ མི་འབྱུང་བར་འགྱུར་རོ་སྙམ་དུ་ཞུགས་པ་ཡིན་ནོ། །དེ་དེ་ལྟར་ན་གང་ཡོད་པ་དང་། གང་འབྱུང་བ་དེ་སྤང་ངོ་སྙམ་དུ་བཏང་སྙོམས་འཐོབ་ལ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །བདུན་ཉིད་ནི་མྱ་ངན་ལས་འདས་པ་ཐོབ་པའི་དུས་ཀྱི་དབྱེ་བ་ལས་སོ། །ཇི་ལྟར་བྱས་པས་ཤེ་ན། བར་མ་དོར་ཡོངས་སུ་མྱ་ངན་ ལས་འདའ་བ་ལ་རྣམ་པ་གསུམ་གསུམ་དུ་དབྱེ་བའི་ཕྱིར་རོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་རེ་ཞིག་དཔེ་གསུམ་གྱིས་མྱུར་བ་དང་། མྱུར་བ་མ་ཡིན་པ་དང་། ཡུན་རིང་བས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་འདའ་བ་ལ་ཡང་དཔེ་གསུམ་གྱིས་ སྐྱེས་པ་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་ལྟར་ན་ཕྱིར་མི་འོང་བ་དེ་དག་དྲུག་དང་བདུན་དང་གོང་དུ་འཕོ་བ་ཡིན་ནོ། །དེ་ལྟར་ན་མྱ་ངན་ལས་འདས་པ་འཐོབ་པའི་དུས་ཀྱི་དབྱེ་བ་ལས་བདུན་ཁོ་ན་ཡིན་ནོ། །དཔེ་དེ་ དག་ཀྱང་མདོ་སྡེ་འདི་ཁོ་ན་ལས་བལྟ་བར་བྱའོ། །ཅིའི་ཕྱིར་སྐྱེས་བུ་དམ་པའི་འགྲོ་བ་བདུན་པོ་འདི་དག་ཁོ་ནར་ཟད་ཀྱི་སློབ་པའི་འགྲོ་བ་གཞན་དག་མ་ཡིན། གཞན་དེ་དག་ཀྱང་སྐྱེས་བུ་དམ་པ་ནི་ཡིན་ཏེ། ཇི་སྐད་དུ་མདོ་ལས། དགེ་སློང་དག་སྐྱེས་བུ་དམ་པ་དང་། སྐྱེས་བུ་དམ་ པའི་འགྲོ་བ་དག་བཤད་པར་བྱའོ། །སྐྱེས་བུ་དམ་པ་གང་ཞེ་ན། སློབ་པའི་ཡང་དག་པའི་ལྟ་བ་དང་ལྡན་པ་དང་ཞེས་རྒྱས་པར་གསུངས་པ་ལྟ་བུ་ཡིན་ཏེ། དེའི་འགྲོ་བ་རྣམས་ཀྱང་སྐྱེས་བུ་དམ་པའི་འགྲོ་བ་ཡིན་ནོ་ཞེ་ན། །འདིར་བཤད་པ། འཕགས་པ་མ་ཡིན་པ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ འཕགས་པ་མ་ཡིན་པ་ཡང་སྲིད་པ་བདུན་དག་གིས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་དང་པོ་ལ་གནས་པ་བཀག་པའོ། །ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་ནི་འཕགས་པ་མ་ཡིན་པ་དེ་ཉིད་རྒྱུད་ཡོངས་སུ་སྨིན་པས་འདིར་ལན་ཅིག་འོངས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ ཕྱིར་རོ། །དེའི་ཕྱིར་འབྲས་བུ་གཉིས་པ་ལ་གནས་པ་བཀག་གོ། །ཇི་ལྟར་གཟུགས་ཀྱི་ཁམས་ཕྱིར་མི་འོང་བ་ལྟར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མ་ཡིན། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མ་ཡིན། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་ ཡང་མ་ཡིན། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མ་ཡིན། གོང་དུ་འཕོ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་བདུན་དག་ཡིན་གྱི། སློབ་པའི་འགྲོ་བ་གཞན་དག་ནི་མ་ཡིན་ནོ། །མཚན་མ་མེད་པ་ལ་སྦྱོར་བ་ཞེས་བྱ་བ་ནི་མཚན་མ་མེད་ པའི་ཏིང་ངེ་འཛིན་ལ་སྦྱོར་བའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་འགོག་པའི་རྣམ་པ་བཞིན་ནོ། །སྨོན་པ་མེད་པ་ལ་སྦྱོར་བ་ཞེས་བྱ་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྦྱོར་བ་དེ་ཡིན་ནོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་ཡིན་ནོ། ། རྣམ་གྲངས་གཞན་ཡང་སྨོན་པ་དང་ངེས་པའི་དུས་གཉིས་སུ་ཞེས་བྱ་བ་ནི་སྨོན་པའི་དུས་སུ་དང་། ངེས་པའི་དུས་སུའོ། །དེ་ལ་སྨོན་པ་ནི་དོན་དུ་གཉེར་བའོ། །སྨོན་པའི་དུས་ནི་བདག་མ་བྱུང་ཡང་རུང་། བདག་གི་ཡང་སྲིད་པ་མ་བྱུང་ཡང་རུང་ཞེས་བྱ་བ་ཡིན་ནོ། །ངེས་པའི་དུས་ནི་བདག་མི་འབྱུང་ བར་འགྱུར། །བདག་གི་ལུས་འདི་མི་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དུས་འདི་གཉིས་སུ་མྱ་ངན་ལས་འདས་པ་ལ་སེམས་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་ཏེ། སེམས་རབ་ཏུ་གཏོད་པའི་ཕྱིར་འདི་ནི་མཚན་མ་མེད་པ་ལ་སྦྱོར་བ་ཡིན་ནོ། །འདུས་བྱས་མི་རྟག་པ་ཙམ་འགོག་པར་མཐོང་ བའི་ཕྱིར་ནི་འདུས་བྱས་མི་རྟག་པ་ཙམ་ཞིག་འགོག་པར་མཐོང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་དག་ངས་ཁྱེད་ལ་སྐྱེས་བུ་དམ་པའི་འགྲོ་བ་བདུན་དང་། ལེན་པ་མེད་པར་མྱ་ངན་ལས་འདས་པ་བཤད་པར་བྱའོ་ཞེས་གང་གསུངས་པ་དེ་ལ། ལེན་པ་མེད་པར་མྱ་ངན་ལས་འདས་པ་ནི་མདོ་ཁ་ ཅིག་ལས་ནི་ཕུང་པོའི་ལྷག་མ་མེད་པར་ཡིན་པར་འབྱུང་བ་སྟེ། དཔེར་ན་རྣམ་པར་གྲོལ་བའི་རྒྱུས་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་འདི་ལ་རྣམ་པར་གྲོལ་བའི་རྒྱུས་ཏེ་འབྱིན་པར་བྱེད་པ་ཡོད་པ་དེ་ནི་རྣམ་པར་ གྲོལ་བའི་རྒྱུས་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །ཁ་ཅིག་ལས་ནི་ཕུང་པོའི་ལྷག་མ་དང་བཅས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས་འདིར་ནི་ཕུང་པོའི་ལྷག་མ་མེད་པ་ལ་བྱ་བར་མངོན་ཏེ་ཞེས་བྱ་བ་ནི་མདོ་འདིར་ནི་ཕུང་པོའི་ལྷག་མ་མེད་པ་ལ་ལེན་པ་མེད་པར་མྱ་ངན་ལས་འདས་ པ་ཞེས་བྱ་བར་མངོན་ཏེ། ཕུང་པོ་ཐམས་ཅད་ཡོངས་སུ་ཟད་པས་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ལ་བྱ་བར་མངོན་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་མངོན་ཞེ་ན། ཚེ་ཕྱི་མའི་འགྲོ་བའི་དབང་དུ་མཛད་པའི་ཕྱིར་ཏེ། གང་གི་ཕྱིར་སྐྱེས་བུ་དམ་པའི་འགྲོ་བ་བདུན་དག་ཚེ་ཕྱི་མ་སྟེ། ཚེ་རབས་ གཞན་གྱི་འགྲོ་བའི་དབང་དུ་མཛད་པ་དེའི་ཕྱིར། ཚེ་ཕྱི་མའི་འགྲོ་བ་གང་ཡིན་པ་དེ་ལེན་པ་མེད་པར་མྱ་ངན་ལས་འདས་པ་ཞེས་བྱ་བར་གྲུབ་བོ། །གཞན་ཡང་མདོ་སྡེ་འདི་ལས་ཤར་ཕྱོགས་སུ་འགྲོ་བར་མི་སྨྲ་ཞིང་ཞེས་བྱ་བ་རྒྱས་པར་གསུངས་པའི་ཕྱིར་རོ། །ཇི་སྐད་འབྱུང་ཞེ་ན། ཤར་ཕྱོགས་སུ་ འགྲོ་བར་མི་སྨྲ་ཞིང་། ལྷོ་ཕྱོགས་སུ་མ་ཡིན། ནུབ་ཕྱོགས་སུ་མ་ཡིན། བྱང་ཕྱོགས་སུ་མ་ཡིན། སྟེང་དུ་མ་ཡིན། འོག་ཏུ་མ་ཡིན། ཕྱོགས་མཚམས་རྣམས་སུ་མ་ཡིན་ཏེ། གཞན་དུ་ན་མཐོང་བའི་ཆོས་ལ་དྲི་མ་མེད་པ་དང་། མྱ་ངན་ལས་འདས་པ་དང་། ཞི་བ་དང་། བསིལ་བར་གྱུར་ པ་དང་། ཚངས་པར་གྱུར་པ་ཡིན་ནོ་ཞེས་དེ་ལྟ་བུར་རྒྱས་པར་གསུངས་པའི་ཕྱིར་འདིར་ནི་ཕུང་པོའི་ལྷག་མ་མེད་པ་ལ་བྱ་བར་མངོན་ཏེ་ཞེས་བྱ་བར་གྲུབ་བོ། །ངའི་ཉན་ཐོས་ཀྱི་དགེ་སློང་གཡོ་མེད་པ། སྒྱུ་མེད་པ། དྲང་པོ། དྲང་པོའི་རང་བཞིན་ཅན་ཚུར་ཤོག་དང་། དེ་ནི་ངས་ ནང་པར་གདམས་ངག་ཕོག་ན་ནི་ནུབ་མོ་ཁྱད་པར་དུ་འགྱུར་ལ། ནུབ་མོ་གདམས་ངག་ཕོག་ན་ནི་ནང་པར་ཁྱད་པར་དུ་འགྱུར། ཡོད་པ་ལ་ཡང་ཡོད་པ་ཉིད་དང་། མེད་པ་ལ་ཡང་མེད་པ་ཉིད་དང་། བླ་མ་དང་བཅས་པ་ལ་ཡང་བླ་མ་དང་བཅས་པ་ཉིད་དང་། བླ་ན་མེད་པ་ལ་ཡང་བླ་ན་མེད་པ་ཉིད་དུ་ཤེས་པར་ འགྱུར་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཡོད་པ་ལ་ཡང་ཡོད་པ་ཉིད་དུ་ཤེས་པར་འགྱུར་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་དངོས་པོ་ཡོད་པར་ཤེས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །མེད་པ་ལ་ཡང་མེད་པ་ཉིད་དུ་ཤེས་པར་འགྱུར་ཞེས་བྱ་བ་ནི་མེད་པ་ནི་བདག་གི་རྫས་ཏེ། འདུས་བྱས་ དང་འདུས་མ་བྱས་ཏེ། བདག་གི་མཚན་ཉིད་དུ་མེད་པས་མེད་དོ་ཞེས་བྱ་བར་ཤེས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གང་གིས་ཤེས་པར་འགྱུར་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སོ། །དེ་ལྟ་དེ་ལྟར་ཤེས་ནས་ཡང་བླ་མ་དང་བཅས་པ་ལ་ཡང་བླ་མ་དང་བཅས་པ་ཉིད་དུ་སྟེ། བླ་མ་དང་ བཅས་པ་དེ་ནི་འདུས་བྱས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་སྟེ། མྱ་ངན་ལས་འདས་པ་བླ་མ་གཙོ་བོས་བླ་མ་དང་བཅས་པ་མ་ཡིན་པར་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་ཤེས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །བླ་ན་མེད་པ་ལ་ཡང་བླ་ན་མེད་པ་ཉིད་དུ་ཤེས་པར་འགྱུར་ཏེ། བླ་ན་མེད་པ་ནི་མྱ་ངན་ལས་ འདས་པ་སྟེ། སྡུག་བསྔལ་སྤངས་པའི་ཕྱིར་ན་བླ་ན་མེད་པ་ཡིན་པར་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ཤེས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ཤེས་པའི་ངོ་བོ་མ་ཡིན་པ་རྣམས་ཀྱིས་དེ་ལྟར་ཤེས་པར་འགྱུར་ཞེ་ན། སྟོང་པ་ཉིད་ལ་སོགས་ པའི་ཏིང་ངེ་འཛིན་རྣམས་ཀྱིས་དེ་ལྟར་ཤེས་པ་ནི་མ་ཡིན་ཏེ། འོན་ཀྱང་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཤེས་རབ་ཀྱིས་ཤེས་པར་འགྱུར་བས་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་དེ་རྣམས་ཀྱིས་ཤེས་ཞེས་ཐ་སྙད་དུ་གདགས་ཏེ། དེ་རྣམས་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། ། དེ་དེ་ལྟར་ཤེས་ནས་སྨོན་པ་མེད་པས་ནི་བླ་མ་དང་བཅས་པ་ལ་ཡིད་སྨོན་པར་མི་བྱེད་དོ། །མཚན་མ་མེད་པས་ནི་བླ་ན་མེད་པ་ལ་སྨོན་པར་བྱེད་པས་སྟོང་པ་ཉིད་ལ་སོགས་པ་དེ་རྣམས་ཀྱི་གོ་རིམས་ནི་དེ་ཁོ་ནའི་ཕྱིར་རོ། །དོན་འདི་ཉིད་ཚིགས་སུ་བཅད་པས་ཉེ་བར་སྦྱར་བ་ནི། དེ་ལ་ཞེས་བྱ་བ་རྒྱས་པར་ འབྱུང་བ་ཡིན་ནོ། །དེ་ལ་ཡོད་པ་ལ་ནི་ཡོད་པར་ཤེས་ལ། མེད་པ་ལ་ནི་མེད་པར་ཤེས་སོ། །གང་གིས་ཤེ་ན། སྟོང་པ་ཉིད་ཀྱིས་ཏེ། དེ་གཉི་ག་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་དེ་ལྟར་ཤེས་ནས། གཉིས་ཀྱི་བླ་བཅས་བླ་མེད་རིག །སྨོན་པ་མེད་པ་དང་ མཚན་མ་མེད་པ་གཉིས་ཀྱི་བླ་མ་དང་བཅས་པ་དང་བླ་ན་མེད་པ་ཉིད་དུའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་གང་ཡོད་ལ་སྟེ། འདུས་བྱས་དང་། འདུས་མ་བྱས་པའོ། །འདུས་བྱས་ནི་བླ་མ་དང་བཅས་པའོ། །འདུས་མ་བྱས་པ་ནི་བླ་ན་མེད་པའོ། །དེ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་སྔར་ སྟོང་པ་ཉིད་ཀྱིས་ཡོད་པ་ལ་ཡོད་པ་ཉིད་དུ་དང་། མེད་པ་ལ་མེད་པ་ཉིད་དུ་ཤེས་པར་བྱེད་དོ། །དེ་ནས་མཇུག་ཐོགས་སུ་གཉིས་ཀྱིས་ཡོད་པ་ལ་བླ་མ་དང་བཅས་པ་དང་། བླ་ན་མེད་པར་ཤེས་པར་བྱེད་པ་དེ་ཁོ་ནའི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ཀྱི་སྟེ། སྟོང་པ་ཉིད་དང་སྨོན་པ་ མེད་པ་དང་མཚན་མ་མེད་པའི་ཏིང་ངེ་འཛིན་རྣམས་ཀྱི་གོ་རིམས་བཞིན་ནོ། །གཞན་ཡང་སྨྲས་པ་ནི་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་དེ་རྣམས་ཇི་ལྟར་ན་གཉེན་པོ་ཉིད་ཡིན་པ་དང་། ཇི་ལྟར་ན་གསུམ་ཡིན་པ་དང་གོ་རིམས་ཇི་ལྟ་བུ་ཡིན་པའོ། །མདོ་སྡེའི་དུམ་བུའི་ཚིག་རྣམས་ཀྱི་དོན་ནི་བཤད་ཟིན་ ཏོ། །གསུམ་པོ་དེའི་གཉེན་པོར་ནི། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །ཞེས་བྱ་བ་ནི་བདག་ཏུ་འཛིན་པ་དང་། སྲིད་པ་ལ་སྲེད་པ་དང་། སྲེད་པ་ཟད་པ་མི་འདོད་པ་དེ་གསུམ་གྱི་གཉེན་པོར་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་སོ། །གཞན་ཡང་མདོ་སྡེའི་དུམ་བུའི་ཚིག་དེ་རྣམས་ ལས་ཏིང་ངེ་འཛིན་གང་གིས་གང་ཞིག་ཇི་ལྟར་རིག་པར་བྱ་བ་དང་། དེ་རྣམས་གསུམ་ཉིད་ཡིན་པ་དང་། །གོ་རིམས་ཇི་ལྟ་བུ་ཡིན་པ་དེ་སྨྲས་པ། །གཅིག་གིས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སོ། །ཡོད་དང་མེད་པ་རིག་པ་ནི་ཇི་ལྟར་བསྟན་པ་ལྟ་བུའོ། །གཉིས་ཀྱིས་ནི་སྨོན་པ་མེད་པ་ དང་། མཚན་མ་མེད་པས་སོ། །ཡོད་ལ་སྐྱོན་ཡོད་རིག་པ་ནི་ཇི་སྐད་བསྟན་མ་ཐག་པ་ལྟ་བུའོ། །དེའི་ཕྱིར་ནི་རྒྱུའི་ཕྱིར་གསུམ་མོ། །དེ་དག་གི་རིམ་པ་ནི་སྔར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ནས་སྨོན་པ་མེད་པ་དང་། དེ་ནས་མཚན་མ་མེད་པའོ་ཞེས་བྱ་བ་ནི་སྔ་མས་ཕྱི་མ་དྲངས་ཏེ། འདི་ལྟར་གོ་རིམས་ནི་ཏིང་ངེ་འཛིན་སྔ་མས་ཏིང་ངེ་འཛིན་ཕྱི་མས་ཕྱི་མ་དྲངས་པས་སོ། །ལུང་ལས་ནི་མེད་དང་ཞེས་བྱ་བ་རྒྱས་པར་འབྱུང་བས་ནི་མེད་པའི་དངོས་པོ་ལ་ནི་བདག་མེད་པའི་མཚན་ཉིད་དེ་མེད་པའི་དངོས་པོ་དེ་ལའོ། །དེ་བཞིན་ཞེས་བྱ་བ་ནི་ཚིག་གི་ཕྲད་དོ། །སྐྱོན་ལྡན་གྱི་དངོས་པོ་ནི་མི་རྟག་པ་ ལ་སོགས་པའི་སྐྱོན་རྣམས་ཀྱིས་སོ། །ཡོན་ཏན་ལྡན་དངོས་ལ་ནི་ཡོན་ཏན་དང་ལྡན་པའི་དངོས་པོ་ནི་མྱ་ངན་ལས་འདས་པའོ། །དངོས་པོ་རྣམ་པ་དེ་གསུམ་ལ། ཡོད་འཛིན་ཡོན་ཏན་ལྡན་འཛིན་དང་། །ཡོན་ཏན་མི་ལྡན་འཛིན་གཞོམ་ཕྱིར། །གོ་རིམས་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་ཏིང་ ངེ་འཛིན་རྣམས་སོ་ཞེས་འབྱུང་བ་ནི་མེད་པའི་དངོས་པོ་ལ་ཡོད་པར་འཛིན་པ་གཞོམ་པའི་ཕྱིར་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །སྐྱོན་དང་ལྡན་པའི་དངོས་པོ་ལ་ཡོན་ཏན་དང་ལྡན་པར་འཛིན་པ་གཞོམ་པའི་ཕྱིར་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཡོན་ཏན་དང་ལྡན་པའི་དངོས་པོ་ལ་ཡོན་ཏན་མ་ཡིན་པ་ དང་ལྡན་པར་འཛིན་པ་གཞོམ་པའི་ཕྱིར་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ།། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་དྲུག་པ། དགེ་སློང་དག་གང་གི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པས་འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགོག་པ་ཡང་དག་པའི་ཤེས་ རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་འདི་ལྟར་ལེགས་པར་མཐོང་བ་དང་། ལེགས་པར་རིག་པ་དང་། ལེགས་པར་ཡིད་ལ་བྱས་པ་དང་། ལེགས་པར་བསྟེན་པ་དང་། ལེགས་པར་རྟོགས་པ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དགའ་བ་དང་བཅས་པ་ཡིན་པའི་ཕྱིར་རོ། །གང་གི་ ཕྱིར་ཤེས་རབ་ཀྱི་དགའ་བ་དང་བཅས་པ་ཡིན་པ་དེའི་ཕྱིར་ལེགས་པར་བསྟེན་པ་ཞེས་བྱ་སྟེ། བསྟེན་པའི་སྐད་ཀྱི་དབྱིངས་ནི་དགའ་བ་ཞེས་བྱ་བ་ཡིན་པར་འདོད་པའི་ཕྱིར་རོ། །དོན་དམ་པ་ལ་འཇུག་ཕྱིར་རོ། །དོན་དམ་པ་བདག་མེད་པ་ཉིད་རྟོགས་པའི་ཕྱིར་ཏེ། འདི་ལྟར་མདོ་ལས། འཇིག་ རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགོག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པར་བསྟན་པས་སོ། །དགེ་སློང་དག་བཞི་པོ་འདི་དག་ནི་ཡང་དག་པའི་སྤོང་བ་དག་གོ། །བཞི་གང་དག་ཅེ་ན། འདི་ལ་དགེ་སློང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། རྩོལ་ བར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་དོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བའི་ཕྱིར་སྔ་མ་བཞིན་ནོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་སྔ་མ་བཞིན་ནོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཉམས་པར་མི་འགྱུར་བ་དང་། བསྒོམ་པ་ཡོངས་སུ་རྫོགས་པ་དང་། ཕྱིར་ཞིང་འབྱུང་བ་དང་། འཕེལ་ཞིང་རྒྱས་པ་དང་། ཡེ་ཤེས་ཀྱིས་མངོན་སུམ་དུ་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་ཅེས་རྒྱས་པར་འབྱུང་བ་ཡིན་ནོ། །དེ་དག་གོ་རིམས་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་འདུན་པ་ལ་སོགས་པ་ལྟ་ པོའོ། །སྤང་བ་ལ་སོགས་པར་འདོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བར་འདོད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་དོ། །དེ་དག་མ་སྐྱེས་པ་རྣམས་མི་སྐྱེད་པར་འདོད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པར་འདོད་ པའི་ཕྱིར་འདུན་པ་སྐྱེད་པར་བྱེད་དོ། །སྐྱེས་པ་རྣམས་གནས་པར་འདོད་པས་འདུན་པ་སྐྱེད་པར་བྱེད་དོ། །དེའི་ཐབས་ཡོངས་སུ་གཟུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་སྤོང་བ་ལ་སོགས་པ་དེ་རྣམས་ཀྱི་ཐབས་ཡོངས་སུ་བཟུང་བའི་ཕྱིར་རྩོལ་བར་བྱེད་དོ། །དེ་ལན་མང་དུ་བྱ་བ་དང་། བརྟན་པོར་བྱ་བ་ཉིད་ཀྱི་ཕྱིར་ ཞེས་བྱ་བ་ནི་དེའི་ཐབས་ཡོངས་སུ་བཟུང་བ་དེ་ལན་མང་དུ་བྱ་བ་དང་། བརྟན་པོར་བྱ་བ་སྟེ། དེ་གཉིས་ཀྱི་ཕྱིར་ནི་དེ་ལན་མང་དུ་བྱ་བ་དང་། བརྟན་པོར་བྱ་བ་དེ་ཉིད་ཀྱི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་དོ། །དེ་ལ་ལན་མང་དུ་བྱ་བ་ནི་རྟག་ཏུ་བྱ་བ་ཉིད་དོ། །བརྟན་པོར་བྱ་བ་ནི་གུས་པར་བྱ་བ་ཉིད་དོ། །ཞུམ་པ་དང་ རྒོད་པའི་གཉེན་པོ་བསྒོམ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཞུམ་པའི་གཉེན་པོ་བསྒོམ་པའི་ཕྱིར་སེམས་རབ་ཏུ་འཛིན་པར་བྱེད་དོ། །རྒོད་པའི་གཉེན་པོ་བསྒོམ་པའི་ཕྱིར་སེམས་རབ་ཏུ་འཇོག་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །གཞན་ཡང་སྤང་བ་ལ་སོགས་པར་འདོད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རྣམ་ གྲངས་དང་པོ་དང་དོན་མཐུན་ནོ། །དེ་དག་ལ་སྦྱོར་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་སྤང་བ་ལ་སོགས་པ་དེ་དག་ལ་སྦྱོར་བའི་ཕྱིར་རྩོལ་བར་བྱེད་དོ། །རྣམ་གྲངས་གཞན་འདི་ཡང་རྣམ་གྲངས་སྔ་མ་དང་དོན་མཐུན་ནོ། །དེ་ལ་བརྩོན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྤང་བ་ལ་སོགས་ པ་དེ་དག་ལ་བརྩོན་པའི་ལུས་དང་སེམས་དུབ་པར་བྱེད་ན་སྟེ། ལུས་དུབ་པར་གྱུར་པ་དང་། སེམས་དུབ་པར་གྱུར་པ་ན་བརྩོན་འགྲུས་རྒྱུན་མི་འཆད་པའི་ཕྱིར་བརྩོན་འགྲུས་རྩོམ་པར་བྱེད་དོ། །ཞི་གནས་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། ཞི་གནས་ཀྱིས་ཉེ་བའི་ཉོན་མོངས་པ་སྤང་བའི་ཕྱིར་སེམས་ རབ་ཏུ་འཛིན་པར་བྱེད་དོ། །ལྷག་མཐོང་གིས་ཉེ་བའི་ཉོན་མོངས་པ་སྤང་བའི་ཕྱིར་རབ་ཏུ་འཇོག་པར་བྱེད་དོ། །ཉེ་བའི་ཉོན་མོངས་པ་དེ་དག་གང་ཞེ་ན། ཞུམ་པ་དང་རྒོད་པ་གཉིས་སོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་གྲངས་གཞན་ཡང་རྩོལ་བར་བྱེད་པ་ནི་སོ་སོར་རྟོགས་པའི་ དུས་ན་སྟེ། སོ་སོར་རྟོག་པ་ནི་མི་མཐུན་པའི་ཕྱོགས་དང་། གཉེན་པོ་གཉིས་དང་། ཉེས་དམིགས་དང་། ཕན་ཡོན་ལ་ལྟ་བ་ཡིན་པར་མདོ་ལས་གསུངས་པའི་ཕྱིར་ཏེ། དགེ་སློང་དག་ལེ་ལོ་ཅན་ནི་སྡུག་བསྔལ་བར་གནས་ཤིང་སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པ་ཅན་ཡང་འབྱུང་ བར་རིམས་ནད་དང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་དང་བཅས་པ་ཚེ་ཕྱི་མ་ལ་སྐྱེ་བ་དང་རྒ་ཤི་རྣམས་དང་འདྲེས་པ་ཡིན་ལ། དེའི་དོན་ཆེན་པོ་ཡང་ཡོངས་སུ་ཉམས་པར་འགྱུར་རོ། །བརྩོན་འགྲུས་བརྩམས་པ་ནི་སྡིག་པ་མི་དགེ་བའི་ཆོས་རྒྱས་པར་འབྱུང་བ་རྣམས་དང་མ་འདྲེས་པ་ཡིན་ནོ་ཞེས་འབྱུང་ བ་ཡིན་ནོ། །སྒོམ་པའི་དུས་ན་ཏིང་ངེ་འཛིན་ལ་བརྟེན་པ་ཉིད་ཀྱི་ཕྱིར་ཏེ། ཇི་ལྟར་ན་དུས་འདི་གཉིས་སུ་འདི་གཉིས་ལ་བརྟེན་པའི་ཕྱིར་རྩོལ་བར་བྱེད་པ་ཡིན་ཞེ་ན། སེམས་ཞུམ་པ་རབ་ཏུ་བཟུང་ནས་ནང་དུ་རབ་ཏུ་འཇོག་པའི་ཕྱིར་ན་དགེ་སློང་མའི་མདོ་སྡེ་ལས་འབྱུང་བ་བཞིན་ནོ། །དགེ་སློང་མའི་མདོ་སྡེ་ ལས་ཤིན་ཏུ་རྒྱས་པར་གསུངས་ནས། དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ལུས་ཀྱི་རྨུགས་པ་དང་། སེམས་ཀྱི་ཞུམ་པ་ཉིད་དུ་འབྱུང་ན་ཀུན་དགའ་བོ་དགེ་སློང་དེས་དང་བར་འགྱུར་བའི་སྡུག་པའི་མཚན་མ་འགའ་ཞིག་ཡིད་ལ་བྱའོ། །དེ་དང་བར་འགྱུར་བའི་སྡུག་པའི་མཚན་མ་འགའ་ ཞིག་ཡིད་ལ་བྱེད་པ་ན་མཆོག་ཏུ་དགའ་བ་ཉིད་སྐྱེའོ། །མཆོག་ཏུ་དགའ་བ་ལས་དགའ་བ་སྐྱེའོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །དེ་ནས་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་བ་རབ་ཏུ་མང་པོ་རྟོག་ཁང་དུ་འདུས་ཏེ་འཁོད་པ་དག་གཏམ་འདི་ལྟ་བུ་དག་ཀུན་དུ་རྗོད་པར་གྱུར་ཏོ། །ཤེས་ལྡན་དག་འོད་ སྲུངས་རྫོགས་བྱེད་འདི་ནི་འདུས་པ་དང་ལྡན་པ། ཚོགས་དང་ལྡན་པ་ཚོགས་ཀྱི་སློབ་དཔོན་སྐྱེ་བོ་མང་པོས་དགེ་བའི་རང་བཞིན་དུ་ཀུན་དུ་ཤེས་པ། ཚོགས་ཆེན་པོས་མདུན་གྱིས་བདར་བའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །གོ་རིམས་བཞིན་ནི་ཉན་པ་པོའི་ཚོགས་འདུས་པ་ ནི་འདུས་པ་དང་ལྡན་པ་སྟེ། འདི་ལ་འདུས་པ་ཡོད་པས་སོ། །འཁོད་པ་སྟེ། ཡུལ་གཞན་ལ་འཁོད་པ་ནི་ཚོགས་དང་ལྡན་པ་སྟེ། འདི་ལ་ཚོགས་ཡོད་པས་སོ། །དེ་རྣམས་ལ་རང་གི་བསྟན་བཅོས་ཀྱིས་རྗེས་སུ་སྟོན་པའི་ཕྱིར་རོ། །ཉན་པ་པོ་དེ་རྣམས་ལ་རང་གི་བསྟན་བཅོས་ཀྱིས་རྗེས་སུ་སྟོན་པའི་ ཕྱིར་ཏེ། འདུལ་བའི་ཕྱིར་ཚོགས་ཀྱི་སློབ་དཔོན་ཡིན་ནོ། །ཡིད་ཆེས་པ་ཕུན་སུམ་ཚོགས་པ་ནི་ཀུན་དུ་སྒྲོགས་པར་བྱེད་པ་མང་པོ་རྣམས་ཀྱིས་རྟོགས་པ་ལ་ཡིད་ཆེས་པ་ཉིད་ཡིན་པའི་ཕྱིར་ཡིན་གྱི་གཞན་དུ་ན་བཟོའི་ལས་ལ་ནི་མ་ཡིན་ནོ། །འོད་སྲུངས་རྫོགས་བྱེད་ཇི་ལྟ་བ་བཞིན་དུ་ཀུན་དུ་རྒྱུ་གནག་ལྷས་ ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་ཡང་དེ་བཞིན་དུ་འདུས་པ་དང་ལྡན་པ། ཚོགས་དང་ལྡན་པ། ཚོགས་ཀྱི་སློབ་དཔོན་ཞེས་བྱ་བ་སྔ་མ་བཞིན་ནོ། །དམག་ལྡན་ཆོས་འདི་ནི་ཟབ་པ། ཟབ་ པར་སྣང་བ། མཐོང་བར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། བརྟག་མི་ནུས་པ། རྟོག་གེའི་སྤྱོད་པ་མ་ཡིན་པ། ཞིབ་མོ་བརྟག་པ་མཁས་པ་དང་། མཛངས་པས་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བདག་མེད་པ་ཐུགས་སུ་ཆུད་པ་གང་ ཡིན་པ་དེའི་དབང་དུ་མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི་དམག་ལྡན་གྱི་མདོ་དེ་ལས་ཆོས་བདག་མེད་པ་དེའི་དབང་དུ་མཛད་པ་ཉིད་ཡིན་པའི་ཕྱིར་ཏེ། སྐབས་དང་སྦྱར་བའི་ཕྱིར་རོ། །ཇི་ལྟར་ན་དེ་ལས་དེའི་དབང་དུ་མཛད་པ་ཡིན་ཞེ་ན། རྒྱས་པར་གསུངས་ནས་དམག་ལྡན་དེའི་ཕྱིར་ཁྱོད་ཉིད་ལ་དྲིས། ཁྱོད་ ཉིད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལན་ཐོབ་ཤིག །དམག་ལྡན་ཇི་སྙམ་དུ་སེམས། ཁྱོད་གཟུགས་དེ་བཞིན་གཤེགས་པ་ཡིན་པར་ཡང་དག་པར་རྗེས་སུ་ལྟའམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཁྱོད་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དེ་ བཞིན་གཤེགས་པ་ཡིན་པར་ཡང་དག་པར་རྗེས་སུ་ལྟའམ། ཀྱེ་གཽ་ཏ་མ་མ་ལགས་སོ། །དམག་ལྡན་ཁྱོད་ཇི་སྙམ་དུ་སེམས། ཁྱོད་གཟུགས་ལ་དེ་བཞིན་གཤེགས་པ་ཡོད་པར་ཡང་དག་པར་རྗེས་སུ་ལྟའམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཁྱོད་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་ལ་དེ་བཞིན་གཤེགས་པ་ཡོད་པར་ཡང་དག་པར་རྗེས་སུ་ལྟའམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཁྱོད་གཟུགས་ལས་གཞན་དང་། ཚོར་བ་ལས་གཞན་དང་། འདུ་ཤེས་ལས་གཞན་དང་། འདུ་བྱེད་རྣམས་ལས་གཞན་དང་། རྣམ་པར་ཤེས་པ་ལས་གཞན་པ་ཞིག་ན་དེ་ བཞིན་གཤེགས་པ་ཡོད་པར་ཡང་དག་པར་རྗེས་སུ་ལྟའམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཁྱོད་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམས་ལ་དེ་བཞིན་གཤེགས་པ་ཡོད་པར་ཡང་དག་པར་རྗེས་སུ་ལྟའམ། ཀྱེ་གཽ་ཏ་མ་མ་ལགས་སོ། །འོ་ན་དེ་ བཞིན་གཤེགས་པ་དེ་འདི་ལྟར་ཡིན་ནམ། ཁྱོད་གཟུགས་མེད་པ། ཚོར་བ་མེད་པ། འདུ་ཤེས་མེད་པ། འདུ་བྱེད་མེད་པ། རྣམ་པར་ཤེས་པ་མེད་པ་ཞིག་དེ་བཞིན་གཤེགས་པ་ཡིན་པར་ཡང་དག་པར་རྗེས་སུ་ལྟའམ། ཀྱེ་གཽ་ཏ་མ་མ་ལགས་སོ་ཞེས་འབྱུང་བས་སོ། །སྟོན་པ་ན་རྟོག་གེའི་སྤྱོད་པ་ མ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་བདག་མེད་པ་དེ་སྟོན་པ་ན་རྟོག་གེའི་སྤྱོད་པ་མ་ཡིན་ཏེ། དེས་ན་ཁོང་དུ་ཆུད་པར་དཀའ་བ་ཡིན་ནོ། །ཅིའི་ཕྱིར་རྟོག་གེའི་སྤྱོད་པ་མ་ཡིན་ཞེ་ན། དེ་ནི་རྟོག་གེའི་ལ་མ་གྲགས་པ་ཞེས་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་ནི་རྟོག་གེའི་བསྟན་བཅོས་འགའ་ལ་ཡང་མ་ གྲགས་པ་ཡིན་ཏེ། ཆོས་བདག་མེད་པ་དེ་མ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་པར་མཐོང་བར་དཀའ་བ་ཉིད་ཀྱི་ཕྱིར་ཟབ་པའོ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པའི་དོན་ཏེ། ཡུལ་ཡིན་པས་དོན་དམ་པའོ། །དེར་མཐོང་བར་དཀའ་བ་ཉིད་ཀྱི་ཕྱིར་ཟབ་པའོ། །ཀུན་རྫོབ་ཀྱི་ དོན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཀུན་རྫོབ་སྟེ། བསྟན་པའི་དོན་ནི་ཀུན་རྫོབ་ཀྱི་དོན་ཏེ། དོན་གང་ཞིག་ཀུན་རྫོབ་ཀྱི་ཁོང་དུ་ཆུད་པར་བྱའོ། །ཀུན་རྫོབ་ཀྱི་དོན་དམ་པའི་ཡེ་ཤེས་དང་མཐུན་པ་དེ་ལྟ་བུར་ཁོང་དུ་ཆུད་པར་དཀའ་བ་ཉིད་ཀྱི་ཕྱིར་ཟབ་པར་སྣང་བའོ། །དོན་དམ་པར་བརྟག་པར་མི་ནུས་པ་ཉིད་ཀྱི་ ཕྱིར་མཐོང་བར་དཀའ་བ་སྟེ། ཡེ་ཤེས་དམ་པའི་དོན་གང་ཡིན་པ་དེར་བརྟག་པར་མི་ནུས་པ་ཉིད་ཀྱི་ཕྱིར་མཐོང་བར་དཀའ་བའོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་དོན་དུ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁོང་དུ་ཆུད་པར་དཀའ་བའོ། །ཅིའི་ཕྱིར་ཞེ་ན། བདག་མེད་པ་བསྟན་པའི་ཆོས་དེ་ནི་རྟོག་གེ་ལ་རྒྱུ་བ་མ་ ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རྟོག་གེ་ལ་རྒྱུ་བ་མ་ཡིན་ཞེ་ན། དོན་དམ་པའི་དབང་དུ་མཛད་པ་སྟེ། གང་གི་ཕྱིར་མདོ་སྡེ་འདི་ལས་དོན་དམ་པའི་དབང་དུ་མཛད་པ་ཡིན་ཏེ། དམག་ལྡན་དེའི་ཕྱིར་ཁྱོད་ཉིད་ལ་དྲིས་ཞེས་རྒྱས་པར་འབྱུང་བས་སོ། །དེ་ལྟར་ན་ཇི་ལྟར་ན་ཟབ་པ་ཞེས་བྱ་བ་རྒྱས་པར་འབྱུང་ བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན། ཇི་ལྟར་ན་ཟབ་པ་སྟེ། རྣམ་པ་གང་ལྟར་ཆོས་བདག་མེད་པ་དེ་ཟབ་པ་དང་། ཇི་ལྟར་ན་ཟབ་པར་སྣང་བ་དེ་ཚིག་གཉིས་ཀྱིས་ཡོངས་སུ་བསྟན་པ་ནི་མཐོང་བར་དཀའ་བ་དང་། ཁོང་དུ་ཆུད་པར་དཀའ་བ་ཞེས་བྱ་བ་དང་གོ་རིམས་བཞིན་ནོ། །རྒྱུ་གང་གིས་མཐོང་བར་དཀའ་བ་ དང་། ཁོང་དུ་ཆུད་པར་དཀའ་བ་དེ་ཡང་བརྟག་པར་མི་ནུས་པ་དང་། རྟོག་གེའི་སྤྱོད་པ་མ་ཡིན་པ་ཞེས་བྱ་བ་ཚིག་གཉིས་ཀྱིས་བསྟན་ཏོ། །དེ་ཁོ་ནའི་དོན་ལ་འཇུག་པ་ཉིད་དང་། དེ་རྣམས་ཀྱི་དོན་མཐའ་དག་ལ་འཇུག་པ་ཉིད་ཀྱང་ཇི་ལྟ་བ་བཞིན་དང་། ཇི་སྙེད་ཡོད་པ་ཉིད་ཅན་གྱི་རྒྱུས་སོ་ཞེས་བྱ་བ་ནི་ཇི་ ལྟ་བ་བཞིན་ཡོད་པ་ཉིད་ཅན་གྱི་རྒྱུས་དང་། ཇི་སྙེད་ཡོད་པ་ཉིད་ཅན་གྱི་རྒྱུས་ཏེ་གོ་རིམས་བཞིན་ནོ། །དེ་གཉིས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཞིབ་མོ་དང་། བརྟག་པ་དེ་གཉིས་ཀྱང་རྣམ་པ་གཉིས་ཏེ། མཁས་པ་རྣམས་ཏེ། སོ་སོའི་སྐྱེ་བོ་གང་དག་སྔོན་བློ་ཡོངས་སུ་སྨིན་པར་བྱས་པ་སྐྱེ་བས་ཐོབ་ པ་དོན་དེ་གཉི་ག་ལ་འཇུག་ནུས་པ་སྟེ། དེ་ཁོ་ནའི་དོན་ལ་འཇུག་ནུས་པ་དང་། དོན་མཐའ་དག་ལ་འཇུག་ནུས་པའི་ཤེས་རབ་དང་ལྡན་པ་སྟེ། གོ་རིམས་བཞིན་ནོ། །ཞིབ་མོ་དང་། བརྟག་པ་དེ་གཉིས་ནི་མཛངས་པ་རྣམས་ཀྱང་ཡིན་ཏེ། བདེན་པ་མཐོང་བ་རྣམས་སོ། །ཇི་ལྟར་ན་དེ་དག་མཛངས་པ་ ཉིད་ཡིན་ཞེ་ན། དེ་རྣམས་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བདེན་པ་མཐོང་བ་དེ་རྣམས་ནི་དེ་གཉི་གའི་དོན་ལ་ཞུགས་པའི་ཤེས་པ་ཅན་ཉིད་ཡིན་པའི་ཕྱིར་ཏེ། དེ་གཉིས་ཀའི་དོན་ཕྲ་བ་དང་མཐའ་དག་ལ་ཞུགས་པའི་ཤེས་པ་ཅན་ཉིད་ཡིན་པའི་ཕྱིར་མཛངས་པ་རྣམས་སོ། ། དེ་བཞིན་གཤེགས་པས་ཕན་ཡོན་བཅུ་གཟིགས་ནས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཛད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་བྱ་བའི་ཕྱིར་དང་། མངོན་པར་མ་ དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་དང་། གང་ཟག་གནོད་མི་བཀུར་བ་རྣམས་ཚར་གཅོད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམ་པའི་ཕྱིར་དང་། ཚེ་ རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཏེ། དའི་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་འགྱུར་བ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་རྒྱས་པ་དང་ལྷ་དང་མི་རྣམས་ཀྱི་བར་དག་ ལ་ཡང་དག་པར་ལེགས་བར་རབ་ཏུ་བསྟན་པའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཡང་དག་པར་བླང་བ་དང་། རྗེས་སུ་བསྲུང་བ་དང་། སོར་གཞུག་པ་རྣམས་ནི་སློབ་པ་ཡིན་ནོ། །དེ་ལ་ཡང་དག་པར་བླང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་དང་། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་ པ་སྲོག་གཅོད་པ་སྤང་བ་ལ་སོགས་པ་བླང་བའོ། །ཡང་དག་པར་བླང་བ་རྣམས་ནི་རྗེས་སུ་བསྲུང་བའོ། །རལ་པ་རྣམས་སོར་གཞུག་པ་ནི་མཐོལ་བའོ། །བསླབ་པས་ན་བསླབ་པ་སྟེ་སྒྲུབ་པ་ཡིན་ནོ། །བྱ་བ་མ་ཡིན་པ་དང་ཞེས་བྱ་བ་ནི་རྒྱས་པར་འབྱུང་བ་ནི་བྱ་བ་མ་ཡིན་པ་དང་། བྱ་བ་ཡང་དག་པར་བླང་ བར་བྱ་བ་ནི་བསླབ་པའི་གཞི་ཡིན་ནོ། །དེ་ལ་བྱ་བ་མ་ཡིན་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་རྣམས་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་རྣམས་སོ། །བྱ་བ་ནི་ཀུན་དུ་སྤྱད་པར་བྱ་བའི་ཆོས་གོས་གསུམ་བགོ་བ་ལ་སོགས་པ་རྣམས་སོ། །བྱ་བ་དང་བྱ་བ་མ་ཡིན་པ་རྗེས་སུ་བསྲུང་བར་བྱ་བ་ཡང་ བསླབ་པའི་གཞིའོ། །བྱ་བ་དང་བྱ་བ་མ་ཡིན་པ་སོར་གཞུག་པར་བྱ་བ་ཡང་བསླབ་པའི་གཞི་ཡིན་ནོ། །བསླབ་པ་དག་གི་གཞི་ནི་བསླབ་པའི་གཞི་སྟེ། བསླབ་པའི་རྟེན་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྤང་བ་དང་། བླང་བ་དང་། སོ་སོར་བཤགས་པ་དང་། ཉིན་མཚན་དུ་སློབ་པ་ནི་སྤང་བ་དང་། བླང་བ་དང་། སོ་སོར་བཤགས་པ་དང་། ཉིན་མཚན་དུ་སློབ་པ་ནི་བསླབ་པ་ཡིན་ཏེ། སྒྲ་གཅན་ཟིན་གྱི་མདོ་སྡེ་ལས་བྱུང་བ་བཞིན་ནོ། །ཇི་སྐད་འབྱུང་ཞེ་ན། རྒྱས་པར་གསུངས་ནས། སྒྲ་གཅན་ཟིན་གལ་ཏེ་ཁྱོད་དེ་ལྟར་སོ་སོར་རྟོག་པ་ནི་ལུས་ཀྱི་ལས་ འདི་བདག་དང་གཞན་ལ་གནོད་པ་དང་ལྡན་པ་མི་དགེ་བ་སྡུག་བསྔལ་འབྱུང་བ། སྡུག་བསྔལ་རྣམ་པར་སྨིན་པ་ཅན་ཡིན་པར་ཤེས་ན། སྒྲ་གཅན་ཟིན་ཁྱོད་ཀྱིས་ལུས་འདི་ལས་དེ་སྤངས་ཤིག །སྒྲ་གཅན་ཟིན་གལ་ཏེ་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན་བདག་གིས་ལུས་ཀྱི་ལས་བྱ་བར་གང་བསམས་ པའི་ལུས་ཀྱི་ལས་དེ་བདག་དང་གཞན་ལ་མི་གནོད་པ་ཅན་ཡིན་ན་ལོང་ཤིག་ཅེས་འབྱུང་བ་ནི་སྤང་བ་དང་བླང་བའོ། །སོ་སོར་བཤགས་པ་ཡང་རྒྱས་པར་གསུངས་ནས་སྒྲ་གཅན་ཟིན་ཁྱོད་ཀྱིས་ལུས་ཀྱི་ལས་དེ་སྟོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་སོ་སོར་བཤགས་པར་བྱ་ ཞིང་ཕྱིན་ཆད་བསྡམ་པར་བྱའོ་ཞེས་འབྱུང་བ་དང་། ཉིན་མཚན་དུ་སློབ་པ་ཡང་རྒྱས་པར་གསུངས་ནས་སྒྲ་གཅན་ཟིན་གལ་ཏེ། ཁྱོད་དྲན་པ་དང་། ཤེས་བཞིན་གྱིས་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཁོ་ནས་ཉིན་མཚན་དུ་སློབ་པ་ལ་ལན་མང་དུ་གནས་བར་བྱའོ་ཞེས་འབྱུང་བ་ཡིན་ནོ། །ཚུལ་ ཁྲིམས་ཀྱི་ཡན་ལག་རྣམས་ཏེ། །སྲོག་གཅོད་པ་སྤོང་བ་ལ་སོགས་པ་རྣམས་ནི་བསླབ་པའི་གཞི་ཡིན་ནོ། །བསླབ་པ་ཉིད་གཞི་ཡིན་ཏེ། བསླབ་པ་འདོད་པ་རྣམས་ཁྱད་པར་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་བར་དུ་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བསླབ་པ་མཐུན་པ་ ཉིད་ཀྱིས་ནི་གཅིག་གིས་གཅིག་བསྡུས་པ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཛད་དོ། །དགེ་འདུན་ལེགས་པར་བྱ་བའི་ཕྱིར་ནི་དགེ་འདུན་ལེགས་པར་བྱ་བའི་ཆེད་དུའོ། །དོན་གང་གིས་ཤེ་ན། མཛེས་པ་ཉིད་ཀྱིས་སོ། །དགེ་འདུན་ བདེ་བར་བྱ་བའི་ཕྱིར་ནི་དགེ་འདུན་བདེ་བར་བྱ་བའི་ཆེད་དུའོ། །དོན་གང་གིས་ཤེ་ན། ཡང་དག་པར་བླང་བ་སྒྲུབ་པས་མཆོག་ཏུ་དགའ་བ་མང་བ་ཉིད་ཀྱིས་སོ། །ཡང་དག་པར་བླང་བ་སྒྲུབ་པ་དེས་མཆོག་ཏུ་དགའ་བ་ནི་ཡང་དག་པར་བླང་བ་སྒྲུབ་པས་མཆོག་ཏུ་དགའ་བ་སྟེ། དེ་མང་བ་ཉིད་ནི་ཡང་དག་པར་བླང་བ་སྒྲུབ་པས་མཆོག་ཏུ་དགའ་བ་མང་བ་ཉིད་དོ། །ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཕྱིར་ཞིང་སྐྱེ་བ་ཉིད་ཡིན་པས་ཕྱིར་ཞིང་འབྱུང་བ་སྟེ། འཕེལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བྱ་བའི་ཕྱིར་ན་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱིས་དེ་འཕེལ་ པར་བྱེད་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་མཛེས་པ་དེ་ཉིད་ཀྱིས་དེ་འཕེལ་བར་བྱེད་པ་དེ་ཉིད་ཀྱིས་ཏེ། དད་པ་འཕེལ་བར་བྱེད་པ་ཉིད་ཀྱིས་སོ། །གང་ཟག་གནོང་མི་བཀུར་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ཟག་གནོང་མི་བཀུར་བ་སྟེ། ངོ་ཚ་མི་ཤེས་པ་རྣམས་ཚར་བཅད་པའི་ཕྱིར་རོ། །དོན་གང་ གིས་ཤེ་ན། བསླབ་པ་ལས་འདའ་བས་མི་འཛེམ་པ་རྣམས་ཏེ། བསླབ་པ་མི་འདོད་པ་རྣམས་གནས་ནས་དབྱུང་བ་དང་བསྐྲད་པ་ཉིད་ཀྱིས་སོ། །གང་དག་བསླབ་པ་ལས་འདའ་བས་འཛེམ་པར་མི་བྱེད་པ་དེ་རྣམས་ནི་བསླབ་པ་ལས་འདའ་བས་མི་འཛེམ་པ་རྣམས་ཏེ། བསླབ་པ་མི་འདོད་པ་རྣམས་ གནས་ནས་དབྱུང་བ་ཉིད་ཀྱིས་དང་། བསྐྲད་པ་ཉིད་ཀྱིས་སོ། །ཉེས་པར་བྱེད་པ་དེ་ཁ་ཅིག་ནི་དགེ་འདུན་གྱི་ནང་ནས་གནས་ནས་དབྱུང་ངོ་། །ཁ་ཅིག་ནི་བསྐྲད་པར་བྱའོ། །ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ནི་ངོ་ཚ་ཤེས་པ་རྣམས་བདེ་བ