Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 137
Văn bản gốc(Tây Tạng)
Trang 14 / 20 (50.000 ký tự/trang)
ར་གནས་པར་བྱ་བའི་ཆེད་དུའོ། །དོན་གང་ གིས་ཤེ་ན། བསླབ་པ་འདོད་པ་རྣམས་ཚུལ་ཁྲིམས་མཚུངས་པ་ཉིད་ཀྱིས་ཏེ། ཚུལ་ཁྲིམས་འདྲ་བ་ཉིད་ཀྱིས་བསྐྱོད་པ་མེད་པར་འགྲོགས་ན་བདེ་བ་ཉིད་ཀྱིས་སོ། །བསྐྱོད་པ་མེད་པ་རྣམས་འགྲོགས་ན་བདེ་བ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ མཛད་དེ་ཞེས་བྱ་བར་སྐབས་དང་སྦྱར་རོ། །བསྡམ་པའི་ཕྱིར་ནི་བཟློག་པའི་ཕྱིར་རོ། །དེ་ལྟར་བྱུང་བའི་ཞེས་བྱ་བ་ནི་མཐོང་བའི་ཆོས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །གང་རྣམ་པ་ཞེས་བྱ་བ་ནི་ཟག་པ་རྣམས་སོ། །ཚེ་རབས་ཕྱི་མའི་ཞེས་བྱ་བ་ནི་མ་འོངས་པ་སྟེ། ཚེ་རབས་གཞན་གྱི་ཞེས་བྱ་བའི་ཐ་ཚིག་ གོ། །གང་དག་ལ་ཞེས་བྱ་བ་ནི་ཟག་པ་དག་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་ཕན་ཡོན་བཅུའི་ཚིག་གཉིས་པོ་འདིའི་རྣམ་པར་བཤད་པ་ནི་ངའི་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་ འགྱུར་བ་ཞེས་བྱ་བ་འདི་ཡིན་ནོ། །ཇི་ལྟར་ན་ཡུན་རིང་དུ་གནས་པར་འགྱུར་ཞེ་ན། ཚངས་པར་སྤྱོད་པ་བརྡ་ཅན་དང་། དོན་དམ་པ་པའི་རྗེས་སུ་འཇུག་པས་སོ། །དེ་ལ་ཚངས་པར་སྤྱོད་པ་བརྡ་ཅན་ནི་འཁྲིག་པའི་ཆོས་ལས་ལྡོག་པའོ། །བརྡ་ཅན་ནི་ཐ་སྙད་ཅན་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་རྗེས་སུ་ འཇུག་པས་དང་། ཚངས་པར་སྤྱོད་པ་དོན་དམ་པའི་རྗེས་སུ་འཇུག་པས་སོ། །ཚངས་པར་སྤྱོད་པ་དོན་དམ་པར་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཇི་ལྟར་ན་དེའི་རྗེས་སུ་འཇུག་པ་ཡིན་ཞེ་ན། རབ་ཏུ་བྱུང་བ་དང་། རྟོགས་པ་བརྒྱུད་པ་གཉིས་ཀྱིས་སོ། །རབ་ཏུ་བྱུང་བ་བརྒྱུད་པ་དང་། རྟོགས་པ་བརྒྱུད་པས་སོ། །དེ་རྣམས་ལས་གཅིག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕན་ཡོན་བཅུ་པོ་དེ་རྣམས་ལས་དགེ་འདུན་བསྡུ་བའི་ཕྱིར་ཞེས་བྱ་བ་ཕན་ཡོན་གཅིག་པོ་འདི་ནི་བསྟན་པ་མི་བྱེད་པར་བྱ་བའི་དབང་དུ་མཛད་ནས་ཡིན་ནོ། །དགེ་འདུན་ལེགས་པར་བྱ་བའི་ཕྱིར་ཞེས་བྱ་བ་གཅིག་པོ་འདི་ནི་ཁ་ན་ མ་ཐོ་བ་མེད་པ་ཉིད་ཀྱི་དབང་དུ་མཛད་ནས་སོ། །དགེ་འདུན་བདེ་བར་བྱ་བའི་ཕྱིར་ཞེས་བྱ་བ་གཅིག་པོ་འདི་ནི་རྒྱུ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་ཏེ། རྒྱུ་ཕུན་སུམ་ཚོགས་པའི་ཆེད་དུ་མཛད་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བྱས་པས་ཤེ་ན། མདོ་ལས་ཚུལ་ཁྲིམས་དང་ལྡན་པ་ནི་ཡིད་ ལ་གཅགས་པ་མེད་པས་ཡིན་ནོ། །ཡིད་ལ་གཅགས་པ་མེད་ན་མཆོག་ཏུ་དགའ་བ་སྐྱེའོ། །མཆོག་ཏུ་དགའ་ན་དགའ་བ་སྐྱེའོ། །ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་ན་བདེ་བ་མྱོང་ངོ་། །སེམས་བདེ་ན་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་ པར་བཞག་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གཉིས་ནི་ཟང་ཟིང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་སོ། །གཉིས་པོ་གང་དག་ཅེ་ན། མངོན་པར་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་མངོན་པར་དད་པ་རྣམས་ཕྱིར་ ཞིང་འབྱུང་བར་བྱ་བའི་ཕྱིར་ཞེས་བྱ་བ་འདི་གཉིས་ཏེ། ཁྱིམ་པ་དེ་དག་ནི་དེ་རྣམས་ལ་སེམས་དང་བས་དེ་རྣམས་ལ་བཀུར་སྟི་བྱེད་དོ། །གཉིས་ནི་ཆོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་སོ། །གཉིས་པོ་གང་དག་ཅེ་ན། །གང་ཟག་གནོང་མི་བཀུར་ བ་རྣམས་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་འདི་གཉིས་སོ། །དེ་རྣམས་ནི་བསླབ་པ་ལས་འདས་པས་མི་འཛེམ་པ་རྣམས་ཏེ། བསླབ་པ་མི་འདོད་པ་རྣམས་གནས་ནས་དབྱུང་བ་དང་། བསྐྲད་པ་ཉིད་ཀྱིས་ཡིན་ལ། བསླབ་པ་འདོད་པ་ རྣམས་ནི་ཚུལ་ཁྲིམས་མཚུངས་པ་ཉིད་ཀྱིས་བསྐྱོད་པ་མེད་པར་འགྲོགས་ན་བདེ་བ་ཉིད་ཀྱིས་ཆོས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བར་འགྱུར་རོ། །གཉིས་ནི་མྱ་ངན་ལས་འདས་པ་ཐོབ་པ་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་ཏེ། མྱ་ངན་ལས་འདས་པར་ཕྱིན་པའི་དབང་དུ་མཛད་ནས་ཞེས་བྱ་བའི་ཐ་ཚིག་ གོ། །གཉིས་པོ་གང་དག་ཅེ་ན། མཐོང་བའི་ཆོས་ཀྱི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་ཞེས་བྱ་བ་འདི་གཉིས་སོ། །དེ་རྣམས་ནི་དེའི་གཉེན་པོར་གནས་པ་ན་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། ཕན་ཡོན་གཅིག་ནི་བསྟན་པའི་ དོན་ཆེ་བ་ཉིད་ཕུན་སུམ་ཚོགས་པའི་དབང་དུ་མཛད་ནས་སོ། །གང་ཞེ་ན། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་འདིས་ཏེ། བསྟན་པའི་དོན་ཆེ་བ་ཉིད་ཀྱི་ཕྱིར་དུ་མཛད་ནས་བཅའ་བ་མཛད་དོ། །ཇི་ལྟར་ན་དེའི་དོན་ ཆེ་བ་ཉིད་ཡིན་ཞེ་ན། རབ་ཏུ་བྱུང་བ་དང་། རྟོགས་པ་བརྒྱུད་པ་གཉིས་ཀྱིས་སོ། །སྐྱེ་བོ་མང་པོ་ལ་ཕན་པ་ནི་སྐྱེ་བོ་མང་པོ་ལ་བརྟེན་པས་སོ། །རྒྱས་པ་ནི་རྒྱ་ཆེ་བའོ། །ལྷ་དང་མི་རྣམས་ཀྱི་བར་དག་ལ་ཞེས་བྱ་བ་ནི་མི་རྣམས་འབའ་ཞིག་ལ་མ་ཡིན་པའོ། །དགེ་སློང་དགྲ་ བཅོམ་པ་ཟག་པ་ཟད་པའི་སྡུག་བསྔལ་གང་ཡིན་པ་དེ་འགགས་པ་དང་། དེ་ཉེ་བར་ཞི་བ་དང་། དེ་བསིལ་བར་གྱུར་པ་དང་། དེ་ནུབ་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཡང་འབྱུང་བ་པ་ཞེས་བྱ་བ་ནི་ཡང་འབྱུང་བ་ལ་ཡོད་པས་ཡང་འབྱུང་བ་པའོ། །འཇིག་རྟེན་པའི་འགོག་པ་ལས་ ཁྱད་པར་དུ་བྱ་བའི་ཕྱིར་ཉེ་བར་ཞི་བ་སྨོས་པ་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་ལ་ནི་ཡང་འབྱུང་བའི་སྡུག་བསྔལ་འགོག་པ་ཡོད་པ་དང་། དེ་གཏན་དུ་མི་སྐྱེ་བའི་ཆོས་ཉིད་མ་ཡིན་ནོ། །དེའི་ཕྱིར་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཉེ་བར་ཞི་བ་སྨོས་པ་ཡིན་ནོ། །གལ་ཏེ་དེ་ལྟར་དེ་འགགས་ པ་ཞེས་བྱ་བའི་འགོག་པ་སྨོས་པར་མི་བྱའོ་ཞེ་ན། བསྲབས་པའི་དངོས་པོ་ཉེ་བར་ཞི་བ་ལས་ཁྱད་པར་དུ་བྱ་བའི་ཕྱིར་འགོག་པ་སྨོས་པ་ནི་སྡུག་བསྔལ་བསྲབས་པར་གྱུར་པ་ལ་ཡང་ཉེ་བར་ཞི་བ་ཞེས་བྱ་བས་སོ། །ཉོན་མོངས་པའི་བག་ལ་ཉལ་གྱི་དྲོད་དང་བྲལ་བའི་ཕྱིར་ན་ཞེས་བྱ་བ་ནི། ཉོན་མོངས་ པའི་བག་ལ་ཉལ་ཉིད་དྲོད་ཡིན་པས། ཉོན་མོངས་པའི་བག་ལ་ཉལ་གྱི་དྲོད་ཡིན་ཏེ། དེ་དང་བྲལ་བ་ནི་ཉོན་མོངས་པའི་བག་ལ་ཉལ་གྱི་དྲོད་དང་བྲལ་བ་སྟེ་དེའི་ཕྱིར་ནའོ། །བུམ་པའི་གྱོ་མོ་ཚ་བ་བསིལ་བར་གྱུར་པ་བཞིན་ནོ། །ཇི་ལྟར་བུམ་པའི་གྱོ་མོ་ཚ་བ་དྲོད་དང་བྲལ་ན་བསིལ་བར་གྱུར་པ་ཞེས་བྱ་བ་དེ་བཞིན་ནོ། ། བག་ལ་ཉལ་ལུས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པའི་ས་བོན་ལུས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དགྲ་བཅོམ་པའི་ནི་དེ་ལས་བཟློག་པའི་ཕྱིར་ཉེ་བར་ཞི་བ་ཡིན་ཏེ། ཕྱིས་མི་སྐྱེ་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བསིལ་བར་གྱུར་པ་ཡིན་ཏེ། བག་ལ་ཉལ་སྤངས་པའི་ཕྱིར་རོ། །ནུབ་ པ་ཡིན་ཏེ། ས་གོང་མ་པའི་སྡུག་བསྔལ་འགགས་པའི་ཕྱིར་རོ། །དེའི་རྣམ་པ་དང་མཐུན་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཕགས་པ་རྣམས་ཀྱི་སྡུག་བསྔལ་འགོག་པ་དེའི་རྣམ་པ་ཞི་བ་ལ་སོགས་པ་ནི་དེའི་རྣམ་པ་རྣམས་སོ། །དེའི་རྣམ་པ་དང་མཐུན་པ་སྟེ། རྗེས་སུ་མཐུན་པ་དེར་ནི་དེའི་ རྣམ་པ་དང་རྗེས་སུ་མཐུན་པར་རོ། །དགྲ་བཅོམ་པའི་སྡུག་བསྔལ་འགགས་པ་དང་། ནུབ་པ་ཞེས་བྱ་བའི་བར་ཡིན་པར་བསྟན་པ་ནི་དེ་ལ་འགགས་པ་ཞེས་བྱ་བ་ནི་འགོག་པའི་རྣམ་པའོ། །ཉེ་བར་ཞི་བ་ཞེས་བྱ་བ་ནི་ཞི་བའི་རྣམ་པའོ། །བསིལ་བར་འགྱུར་བ་ཞེས་བྱ་བ་ནི་གྱ་ནོམ་པའི་རྣམ་པའོ། །ནུབ་ པ་ཞེས་བྱ་བ་ནི་ངེས་པར་འབྱུང་བའི་རྣམ་པ་སྟེ། དེ་ལྟར་ན་དེ་དང་རྗེས་སུ་མཐུན་པར་བསྟན་ཏོ། །བྲམ་ཟེ་ནི་འདི་ལྟ་སྟེ། སོམ་ཉི་མེད་ཅིང་། འགྱོད་པ་ཆད་པ་དང་། འབྱུང་བ་དང་འཇིག་པ་ལ་སྲེད་པ་དང་བྲལ་བ་དང་། ཆགས་པ་རྒྱས་པར་མི་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ ནོ། །ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པས་བསྟན་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པས་དོན་དམ་པའི་བྲམ་ཟེའི་མཚན་ཉིད་བསྟན་ཏོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པས་ནི་དོན་དམ་པ་དང་། རང་གིས་ཐོབ་པ་ལ་ སོམ་ཉི་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པ་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་ཐེ་ཚོམ་དང་བའི་ཕྱིར་དང་རང་གིས་ཐོབ་པ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་ཅི་བདག་གིས་འབྲས་བུ་དེ་ཐོབ་བ་མ་འཐོབ་སྙམ་དུ་དེ་ལྟར་ཐེ་ཚོམ་མེད་པའི་ཕྱིར་རོ། །ལྷག་མས་ནི་སྤངས་པ་ཕུན་སུམ་ ཚོགས་པ་སྟེ། ལྷག་མ་གང་གིས་ཤེ་ན། འགྱོད་པ་འཆད་པ་དང་། འབྱུང་བ་དང་འཇིག་པ་སྲེད་པ་དང་བྲལ་བ་དང་། ཆགས་པ་རྒྱས་པར་མི་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདིས་ནི་སྤངས་པ་ཕུན་སུམ་ཚོགས་པས་དེ་བསྟན་ཏོ། །སྤངས་པ་ཕུན་སུམ་ཚོགས་པ་ཡང་ཇི་ལྟ་བུ་ཞེ་ན་ངན་སོང་བ་དང་། ཡང་འབྱུང་བ་པའི་ཀུན་ནས་ཉོན་མོངས་པ་སྤངས་པའི་ཕྱིར་ཏེ། ངན་སོང་བའི་ཀུན་ནས་ཉོན་མོངས་པ་སྤངས་པའི་ཕྱིར་དང་། ཡང་འབྱུང་བ་པའི་ཀུན་ནས་ཉོན་མོངས་པ་སྤངས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ངན་སོང་དུ་འགྱུར་བའི་ཀུན་ནས་ཉོན་མོངས་པ་ནི་ངན་སོང་བའོ། །ཡང་འབྱུང་བ་པ་ ཡང་དེ་བཞིན་ནོ། །དེ་གཉིས་སྤངས་པ་ཡང་ཇི་ལྟ་བུ་ཞེ་ན། རེ་ཞིག་ངན་སོང་བའི་ཀུན་ནས་ཉོན་མོངས་པ་ནི་འགྱོད་པ་ཆད་པ་ཉིད་ཀྱིས་ཏེ་འགྱོད་པ་ཆད་པ་ཞེས་བྱ་བའི་ཐ་ཚིག་འདིས་སོ། །ཇི་ལྟར་ན་འགྱོད་པ་ཆད་པ་ཉིད་ཀྱིས་ཤེ་ན། ཉོན་མོངས་པར་འགྱུར་བའི་ལས་སྤངས་པའི་ཕྱིར་ ཏེ། ཉོན་མོངས་པར་འགྱུར་བའི་ལས་ནི་ལུས་དང་ངག་གིས་ཉེས་པར་སྤྱད་པ་སྟེ། དེ་བྱས་ན་ཉོན་མོངས་པར་འགྱུར་བས་སོ། །ལྷག་མས་ནི་ཡང་འབྱུང་བ་པའི་ཀུན་ནས་ཉོན་མོངས་པ་སྤངས་པ་ནི་འབྱུང་བ་དང་འཇིག་པ་ལ་སྲིད་པ་དང་བྲལ་བ་དང་། ཆགས་པ་རྒྱས་པར་མི་འགྱུར་བ་ཡིན་ནོ། ། ཞེས་བྱ་བའི་ལྷག་མ་འདིས་སོ། །ཇི་ལྟར་བྱས་པས་ཤེ་ན། འདུན་པ་དང་འདོད་ཆགས་སྤང་བར་ཡོངས་སུ་བསྟན་པའི་ཕྱིར་རོ། །འདུན་པ་སྤང་བར་ཡོངས་སུ་བསྟན་པའི་ཕྱིར་ནི་འབྱུང་བ་དང་། འཇིག་པ་ལ་སྲེད་པ་དང་བྲལ་བ་ཞེས་བྱ་བའི་ཚིག་འདིས་སོ། །འདོད་ཆགས་སྤང་བར་ཡོངས་སུ་བསྟན་ པའི་ཕྱིར་ནི་ཆགས་པ་རྒྱས་པར་མི་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཚིག་འདིས་སོ། །འདུན་པ་ནི་གང་ཡིན། འདོད་ཆགས་ནི་གང་ཡིན་ཞེ་ན། དེ་གཉིས་ཀྱི་མཚན་ཉིད་ནི་འབྱུང་བ་དང་འཇིག་པ་ལ་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །ཆགས་པ་རྒྱས་པར་མི་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་ མཚུངས་པར་ལྡན་པས་སམ། ས་བོན་གྱི་སྒོ་ནས་འཆིང་བར་མི་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྲེད་པ་ཐམས་ཅད་ཅེས་བྱ་བའི་རྒྱས་པར་འབྱུང་བའི་ཚིགས་སུ་བཅད་པ་འདི་དང་ཡང་སྦྱར་བར་བྱ་སྟེ། ཇི་ལྟར་ཞེ་ན། སྲེད་པ་ཐམས་ཅད་རྣམ་སྤངས་ནས། །ཞེས་བྱ་བ་ནི་འབྱུང་བ་དང་། འཇིག་པ་ལ་སྲེད་པ་དང་བྲལ་བ་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །འདུ་བྱེད་ཐམས་ཅད་ཟད་ཕྱིར་དང་། །ཞེས་བྱ་བ་ནི་འགྱོད་པ་ཆད་པ་ཞེས་བྱ་བ་འདི་དང་ངོ་། །ཕུང་པོ་ཐམས་ཅད་ཡོངས་ཤེས་ནས། །ཞེས་བྱ་བ་དེ་ལ་ཕུང་པོ་ནི་ཉེ་བར་ལེན་པ་ལྔའི་མཚན་ཉིད་ཀྱི་སྡུག་བསྔལ་ཏེ། དེ་ཟག་པ་ མེད་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །འདི་ཡང་སོམ་ཉི་མེད་པ་ཉིད་དང་སྦྱར་བར་བྱ་སྟེ། དོན་མཐུན་པ་ཉིད་དུ་བྱའོ། །གོ་རིམས་ཐ་དད་པ་ཙམ་ཞིག་ཁྱད་པར་ཡོད་དེ། ཇི་སྐད་བསྟན་པའི་ཚིགས་སུ་བཅད་པ་འདི་ལས་ཀྱང་མདོར་ན་ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤངས་ པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ལས་དང་སྲེད་དང་ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་དང་ཡང་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན། ཚིགས་སུ་བཅད་པ་ལས་ལས་དང་སྲེད་པ་དང་མ་རིག་པ་གསུམ་འབྱུང་བ་གང་ཡིན་པ་དེའི་གཉེན་པོར་མདོ་སྡེའི་དུམ་བུ་སྦྱར་བར་བྱའོ། །དེ་ལ་འགྱོད་པ་ཆད་པ་ ཞེས་བྱ་བ་ནི་ལས་ཀྱི་གཉེན་པོར་སྦྱར་བར་བྱའོ། །འབྱུང་བ་དང་འཇིག་པ་ལ་སྲེད་པ་དང་བྲལ་བ་ཞེས་བྱ་བ་ནི་སྲེད་པའི་གཉེན་པོར་རོ། །སོམ་ཉི་མེད་པ་ཞེས་བྱ་བ་ནི་མ་རིག་པའི་གཉེན་པོར་རོ། །ཇི་སྐད་བསྟན་པ་འདི་ལ་ཡང་གོ་རིམས་ཐ་དད་པ་ཙམ་ཞིག་ཁྱད་པར་ཡོད་དོ། །གཞན་ཡང་ཞེས་བྱ་ བ་རྒྱས་པར་འབྱུང་བ་ནི་སོམ་ཉི་མེད་པ་ཉིད་ཀྱིས་ནི་ཤེས་ནས་དད་པ་གསུམ་ཐོབ་པར་སྟོན་ལ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པར་སྟོན་ཏོ། །གང་གི་ཚེ་དད་པ་དེ་ཐོབ་ཅེ་ན། བདེན་པ་མངོན་པར་རྟོགས་པའི་ཚེ་སྟེ། མཐོང་བའི་ལམ་ནས་ལངས་པ་ན་འདི་ལྟར་ཀྱེ་མ་ བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེའི་ཆོས་ནི་ལེགས་པར་གསུངས་པ་ཡིན་ནོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཡིན་ནོ་ཞེས་མངོན་སུམ་དུ་བྱེད་དོ། །ཤེས་ནས་དད་པ་ཞེས་བྱ་བའི་དོན་ཅི་ཞེ་ན་བདེན་པ་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རྟོགས་ནས་དད་པ་ནི་ཤེས་ནས་དད་པའོ། །མཐོང་བའི་ལམ་ཁོ་ན་ལ་འགྱོད་པ་ཆད་པ་ཉིད་ཀྱིས་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཐོབ་བོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་དེ་དག་ཀྱང་ཟག་པ་མེད་པའི་སྡོམ་པ་ཡིན་ནོ། །འཕགས་པ་དགྱེས་པ་ཞེས་བྱ་བ་ནི་ཟག་པ་མེད་པ་ནི་འཕགས་ པ་རྣམས་དགྱེས་པ་སྟེ། ཐུགས་སུ་འཐད་པ་ཡིན་པའི་ཕྱིར་འཕགས་པ་དགྱེས་པ་དག་གོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་མཐོང་བའི་ལམ་གྱི་བྲམ་ཟེའི་ཚུལ་གྱིས་ཏེ། སོམ་ཉི་མེད་པ་ཉིད་དང་འགྱོད་པ་ཆད་པ་ཉིད་ཀྱིས་ཏེ། གོ་རིམས་བཞིན་དུ་ཤེས་ནས་དད་པ་ དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་གཉིས་ཀྱིས་སློབ་པའི་བྲམ་ཟེའི་མཚན་ཉིད་ཡོངས་སུ་བསྟན་ཏོ། །ལྷག་མས་ཏེ་འབྱུང་བ་དང་། འཇིག་པ་ལ་སྲེད་པ་དང་བྲལ་བ་དང་། ཆགས་པ་རྒྱས་པར་མི་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདིས་ནི། མི་སློབ་པའི་བྲམ་ཟེའི་མཚན་ཉིད་ཡོངས་སུ་བསྟན་ པ། ཇི་ལྟར་ཞེ་ན། འདུན་པ་དང་འདོད་ཆགས་སྤངས་པར་ཡོངས་སུ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུན་པ་སྤངས་པར་ཡོངས་སུ་བསྟན་པའི་ཕྱིར་དང་། འདོད་ཆགས་སྤངས་པར་ཡོངས་སུ་བསྟན་པའི་ཕྱིར་རོ། །དེ་ལ་འབྱུང་བ་དང་འཇིག་པ་ལ་སྲེད་པ་དང་བྲལ་བ་བཞིན་བྱ་བའི་ཚིག་འདིས་ནི་གསོན་པ་ དང་འཆི་བ་ལ་མངོན་པར་མི་དགའ་བའི་ཕྱིར་གོ་རིམས་བཞིན་དུ་འདུན་པ་སྤངས་པ་ཡིན་པར་རིག་པར་བྱའོ། །ཇི་ལྟར་བྱས་པས་ཤེ་ན། འབྱུང་བ་ལ་སྲེད་པ་དང་བྲལ་བ་ནི་གསོན་པ་ལ་མངོན་པར་མི་དགའ་བའི་ཕྱིར་འདུན་པ་སྤངས་པ་ཡིན་ནོ། །འཇིག་པ་ལ་སྲེད་པ་དང་བྲལ་བ་ནི་འཆི་བ་ལ་མངོན་པར་ མི་དགའ་བའི་ཕྱིར་འདུན་པ་སྤངས་པ་ཡིན་ཏེ། ཇི་སྐད་དུ་གནས་བརྟན་མ་འགགས་པས། འཆི་ལ་མངོན་པར་མི་དགའ་ལ། །གསོན་ལའང་མངོན་པར་མི་དགའོ། །ཤེས་བཞིན་དང་ནི་དྲན་པ་ཡིས། །ལུས་ལ་སོ་སོར་བརྟག་པར་བྱ། །ཞེས་ཚིགས་སུ་བཅད་པ་གསུངས་པ་ལྟ་བུ་ཡིན་ནོ། ། མངོན་པའི་ང་རྒྱལ་ཅན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མངོན་པའི་ང་རྒྱལ་ཅན་ནི་ཟབ་མོ་ལ་སྟེ། ཅི་འདྲ་བ་ཞིག་ལ་ཞེ་ན། །སྟོང་པ་ཉིད་དང་ལྡན་པའི་གཏམ་བརྗོད་པ་ན་སོམ་ཉི་ཟ་སྟེ། ཡིད་གཉིས་འབྱུང་ངོ་། །སྟོང་པ་ཉིད་དང་ལྡན་པའི་གཏམ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་འདི་པ་ཉིད་དང་ མཐུན་པའོ། །མ་རིག་པ་ལ་སོགས་པའི་ཡན་ལག་རྣམས་ལ་བྱེད་པ་མེད་པའི་ཕྱིར་འདུ་བྱེད་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་འདི་ལ་རྐྱེན་མ་རིག་པ་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་འདི་ཡོད་པས་དེ་ནི་རྐྱེན་འདི་པ་སྟེ། དེའི་དངོས་པོ་ནི་རྐྱེན་འདི་པ་ཉིད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་རྐྱེན་ འདི་པ་ཉིད་ཡིན་པས་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་འདི་པ་ཉིད་དོ། །དེ་དང་མཐུན་པ་སྟེ། རྗེས་སུ་མཐུན་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་འདི་པ་ཉིད་དང་མཐུན་པའོ། །ཕྱིས་ཀྱང་ཡིད་ལ་གཅགས་པར་འགྱུར་ཏེ། ཇི་སྐད་དུ་ལྷའི་མདོ་ལས་གསུངས་པ་ལྟ་བུ་ཡིན་ཞིང་ཞེས་བྱ་བ་ནི་རྒྱས་པར་ གསུངས་ནས་མ་ཐོབ་པར་ཐོབ་པའི་འདུ་ཤེས་ཅན་དང་། མ་རྟོགས་པར་རྟོགས་པའི་འདུ་ཤེས་ཅན་དང་། མངོན་སུམ་དུ་མ་བྱས་པར་མངོན་སུམ་དུ་བྱས་པའི་འདུ་ཤེས་ཅན་དེ་ནི་དེ་ལས་ཕྱིས་རྣམ་པར་ཉམས་ཤིང་ཕོངས་པར་འགྱུར་རོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ལྟར་ཡིད་ལ་གཅགས་པ་ཡིན་ནོ། ། མངོན་པའི་ང་རྒྱལ་ཅན་དེ་ལུས་སམ་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་དུ་འབྱུང་ལ། མངོན་པའི་ང་རྒྱལ་ཅན་དེ་ཉིད་ལ་འདོད་ཆགས་ཀྱི་བག་ལ་ཉལ་ཡང་རྟག་ཏུ་རྗེས་སུ་འབྲང་བ་ཁོ་ན་ཉིད་ཡིན་ནོ། །དེ་ལྟར་ན་མདོ་སྡེའི་དུམ་བུ་འདི་རྣམས་ཀྱིས་ནི་མངོན་པའི་ང་རྒྱལ་ཅན་གྱི་ཉེ་བའི་ཉོན་མོངས་པ་ཇི་སྐད་དུ་ བསྟན་པ་རྣམས་ཀྱི་གཉེན་པོར་བྲམ་ཟེ་ཉིད་ལ་མངོན་པའི་ང་རྒྱལ་ཅན་དེ་ཉིད་ལ་འདོད་ཆགས་ཀྱི་བག་ལ་ཉལ་མེད་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། སོམ་ཉིའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་སོམ་ཉི་མེད་པ་ཞེས་བྱ་བ་གསུངས་ཏེ། འདིས་ཀྱང་བྲམ་ཟེ་ཉིད་ ལ་མངོན་པའི་ང་རྒྱལ་མེད་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །ཡིད་ལ་གཅགས་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་འགྱོད་པ་ཆད་པ་ཞེས་བྱ་བ་གསུངས་ཏེ། འདིས་ཀྱང་བྲམ་ཟེ་ཉིད་ལ་མངོན་པའི་ང་རྒྱལ་མེད་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །སྲེད་པ་པའི་ཉེ་བའི་ཉོན་མོངས་པའི་གཉེན་པོར་འབྱུང་བ་ དང་འཇིག་པ་ལ་སྲེད་པ་དང་བྲལ་བ་ཞེས་བྱ་བ་གསུངས་ཏེ། འདིས་ཀྱང་བྲམ་ཟེ་ཉིད་ལ་མངོན་པའི་ང་རྒྱལ་མེད་པ་ཉིད་དུ་ཡོངས་སུ་བསྟན་ཏོ། །འདོད་ཆགས་ཀྱི་ཉེ་བའི་ཉོན་མོངས་པའི་གཉེན་པོར་ཆགས་པ་རྒྱས་པར་མི་འགྱུར་བ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། འདིས་ཀྱང་བྲམ་ ཟེ་ཉིད་ལ་མངོན་པའི་ང་རྒྱལ་མེད་པ་ཉིད་དུ་ཡོངས་སུ་བསྟན་ཏེ་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་དག་མི་རྟག་པའི་འདུ་ཤེས་སྒོམས་ཤིག །དགེ་སློང་དག་མི་རྟག་པའི་འདུ་ཤེས་ཀུན་དུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས། བགྲོད་པར་བྱས། རྟེན་དུ་བྱས། ནན་ཏན་དུ་བྱས། ཤིན་ཏུ་ རྫོགས་པར་བྱས་ཤིང་ལེགས་པར་བརྩམས་པ་ནི་འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་འཇོམས་ཤིང་། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་དང་། རྒོད་པ་དང་། ང་རྒྱལ་དང་། མ་རིག་པ་ཐམས་ཅད་ཡང་དག་པར་འཇོམས་ཏེ། དཔེར་ན་ཁྱིམ་བདག་ཞིང་པ་དབྱར་འདས་ནས་སྟོན་གྱི་དུས་ཀྱི་ཚེ་གཤོལ་ཆེན་པོས་ཞིང་རྣམས་རྨེད་པ་ན་རམ་པའི་རྩ་རྒྱུས་ཐམས་ཅད་གཅོད་པར་བྱེད། ཀུན་དུ་གཅོད་པར་བྱེད་མངོན་དུ་གཅོད་པར་བྱེད་པ་དེ་བཞིན་དུ་དགེ་སློང་དག་མི་རྟག་པའི་འདུ་ཤེས་བསྟན་ཞིང་བསྒོམས་ལ་ལན་མང་དུ་བྱས་བགྲོད་པར་ བྱས་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་དག་དཔེར་ན་མི་རྩྭ་བལ་བ་ཛ་རྔ་བ་ཞིག་གིས་རྩྭ་བལ་བ་ཛ་ཆུང་ཞིང་ཉུང་ལ་མི་མང་བ་ཤས་ཅིག་མཆོག་མ་ནས་བཟུང་སྟེ། སྤྲུག་ཅིང་བར་བུར་ཐམས་ཅད་སེལ་བར་བྱེད་པ་དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་དུ་བསྟེན་ཞིང་ཞེས་བྱ་བ་ནས་ང་རྒྱལ་དང་མ་རིག་པའི་བར་ དུ་ཡང་དག་པར་འཇོམས་སོ། །དཔེར་ན་ཤིང་ཐོག་ཨ་མྲའི་དོག་པ་ལ་ཨ་མྲ་གང་ཡིན་པ་དེ་ཐམས་ཅད་ནི་རྩ་རྒྱུས་དང་ལྡན་པ། རྩ་རྒྱུས་ལ་བརྟེན་པ། རྩ་རྒྱུས་དང་འབྲེལ་པ། རྩ་རྒྱུས་དང་འདུ་བ། རྩ་རྒྱུས་དང་མ་བྲལ་བ་དག་ཡིན་ཞིང་། དེ་དག་ལས་བྱུང་བ་ཡིན་པ་དེ་བཞིན་དུ་མི་རྟག་པའི་འདུ་ ཤེས་ཀུན་དུ་བསྟེན་ཞིང་ཞེས་བྱ་བ་སྔ་མ་བཞིན་ནོ། །དཔེར་ན་གཙང་ཁང་བྱུར་བུའི་ཕྱམ་དགུ་བོ་གང་ཇི་སྙད་པ་དེ་ཐམས་ཅད་སྤྱི་རྟེན་ལ་གནས། སྤྱི་རྟེན་ལ་བརྟེན། སྤྱི་རྟེན་ལ་རག་ལས། སྤྱི་རྟེན་ལ་གཞོལ་བས། སྤྱི་རྟེན་ནི་དེ་རྣམས་ཀྱི་མཆོག་ཡིན་པར་བསྟན་ཏེ། འདི་ལྟ་སྟེ། ཀུན་དུ་འཛིན་པའི་ ཕྱིར་རོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་སྲོག་ཆགས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་འགྲོ་བ་རྣམས་ཀྱི་རྗེས་གང་ཇི་སྙེད་པ་དེ་ཐམས་ཅད་གླང་པོ་ཆེའི་རྗེས་སུ་འདུས་ཤིང་ཁོངས་སུ་ཆུད་པས་གླང་པོ་ཆེའི་རྗེས་ནི་དེ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ། འདི་ལྟ་སྟེ། ཆེ་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་འཛམ་བུའི་གླིང་གི་འབབ་ཆུ་གང་ཇི་སྙེད་ཡོད་པ་དེ་ཐམས་ཅད་ནི་རྒྱ་མཚོར་གཞོལ་བ། རྒྱ་མཚོར་འབབ་པ། རྒྱ་མཚོར་བབ་པ་ཡིན་པས་རྒྱ་མཚོ་ནི་དེ་རྣམས་ཀྱི་མཆོག་ཡིན་པར་བསྟན་ཏེ། འདི་ལྟ་སྟེ། ཀུན་དུ་ སྡུད་པའི་ཕྱིར་རོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་གནམ་ལས་ཉི་མ་ཤར་བ་ནི་གནམ་ལ་ཡོག་མའི་མུན་པ་ཐམས་ཅད་འོད་ཀྱིས་ཟིལ་གྱིས་མནན་ནས། ལྷམ་མེ་ལྷན་ནེ་ལྷག་གེའོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀྱང་སྔ་མ་བཞིན་ནོ། །དཔེར་ན་འཁོར་ ལོས་སྒྱུར་བའི་རྒྱལ་པོ་ནི་ཁམས་ཀྱི་རྒྱལ་པོ་གང་ཇི་སྙེད་པ་དེ་རྣམས་ཀྱི་མཆོག་ཡིན་ཏེ། འདི་ལྟ་སྟེ། དབང་བྱེད་པ་ཉིད་ཀྱིས་སོ། །དེ་བཞིན་དུ་མི་རྟག་པའི་འདུ་ཤེས་ཀུན་དུ་བསྟེན་ཞིང་བསྒོམས་ལ་ལན་མང་དུ་བྱས། བགྲོད་པར་བྱས། རྟེན་དུ་བྱས། ནན་ཏན་དུ་བྱས། ཤིན་ཏུ་རྫོགས་པར་བྱས་ ཤིང་ལེགས་པར་བརྩམས་པ་ནི་འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་འཇོམས་ཤིང་། གཟུགས་ཀྱི་འདོད་ཆགས་ཐམས་ཅད་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་དང་། རྒོད་པ་དང་། ང་རྒྱལ་དང་མ་རིག་པ་ཐམས་ཅད་ཡང་དག་པར་འཇོམས་སོ། །ཞིང་པ་ལ་སོགས་པའི་ དཔེ་དང་བཅས་པ་ཞེས་བྱ་བ་ནི་ཞིང་པ་དང་། རྩྭ་བལ་བ་ཛ་ལ་སོགས་པའི་དཔེ་དང་བཅས་པ་སྟེ། ལྡན་པ་ནི་ཞིང་པ་ལ་སོགས་པའི་དཔེ་དང་བཅས་པའོ། །ཉོན་མོངས་པ་མ་བྱུང་བ་དང་། བྱུང་བའི་དབང་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཞིང་པའི་དཔེས་ནི་ཉོན་མོངས་པ་མ་བྱུང་བ་བག་ལ་ཉལ་གྱི་ གནས་སྐབས་ཀྱི་དབང་དུ་མཛད་པའི་ཕྱིར་གཉེན་པོ་ཉིད་དུ་ཡོངས་སུ་བསྟན་ཏོ། །རྩྭ་བལ་བ་ཛའི་དཔེས་ནི་ཉོན་མོངས་པ་བྱུང་བའི་དབང་དུ་བྱས་པའི་ཕྱིར་ཀུན་ནས་དཀྲིས་པའི་གཉེན་པོ་ཉིད་དུའོ། །དེ་ལས་གཞན་པ་ཞེས་བྱ་བ་ནི་མི་རྟག་པའི་འདུ་ཤེས་དེ་ལས་གཞན་པ་སྟེ། དེ་དག་ནི་དེ་ལས་གཞན་ པའོ། །སྨོན་པ་མེད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པའི་འདུ་ཤེས་དག་ཅེས་བྱ་བ་ནི་དེ་ལ་སྨོན་པ་མེད་པའི་འདུ་ཤེས་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་དང་། ལམ་དང་། རིག་པ་དང་། སྒྲུབ་ པ་དང་། ངེས་པར་འབྱིན་པའི་རྣམ་པའི་འདུ་ཤེས་སོ། །སྟོང་པ་ཉིད་ཀྱི་འདུ་ཤེས་ནི་སྟོང་པ་ཉིད་དང་། བདག་མེད་པའི་རྣམ་པའི་འདུ་ཤེས་སོ། །མཚན་མ་མེད་པའི་འདུ་ཤེས་ནི་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའི་རྣམ་པའི་འདུ་ཤེས་དེ་དག་སྟེ། ཨ་མྲའི་དོག་པའི་ དཔེས་ནི་དེ་ལས་གཞན་པའི་འདུ་ཤེས་དག་འདྲེན་པར་བྱེད་པ་ཡིན་ནོ། །དེ་ལས་གཞན་པ་ཞེས་བྱ་བ་ནི་མི་རྟག་པའི་འདུ་ཤེས་ལས་གཞན་ནི་དེ་ལས་གཞན་པ་སྟེ་དེ་དག་གོ། །མི་སྡུག་པ་ལ་སོགས་པའི་འདུ་ཤེས་དག་ནི་མི་སྡུག་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སོགས་པའི་འདུ་ཤེས་དག་གོ། །ཇི་ལྟར་ན་མི་སྡུག་པ་ལ་སོགས་པའི་འདུ་ཤེས་དག་ཀུན་དུ་འཛིན་པར་བྱེད་པ་ཉིད་དུ་བསྟན་ཞེ་ན། ཡོངས་སུ་མི་ཉམས་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་མི་སྡུག་པ་ལ་སོགས་པའི་འདུ་ཤེས་དེ་དག་ལས་ཡོངས་སུ་མི་ ཉམས་པར་འགྱུར་བས་སོ། །དེ་དག་ཉིད་ཅེས་བྱ་བ་ནི་སྨོན་པ་མེད་པ་ལ་སོགས་པའི་འདུ་ཤེས་དེ་དག་ཉིད་མི་རྟག་པའི་འདུ་ཤེས་ཀྱི་སྤྱོད་ཡུལ་གྱི་ནང་དུ་ཆུད་པ་ཉིད་ཡིན་པར་ཡོངས་སུ་བསྟན་ཏོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་ལ་མི་རྟག་པའི་འདུ་ཤེས་ཀྱི་སྤྱོད་ཡུལ་ཏེ་དམིགས་པ་ནི་མི་རྟག་པའི་འདུ་ ཤེས་ཀྱི་སྤྱོད་ཡུལ་ལོ། །མི་རྟག་པའི་འདུ་ཤེས་ཀྱི་སྤྱོད་ཡུལ་གྱི་ནང་དུ་ཆུད་པར་བྱེད་པས་ན་མི་རྟག་པའི་འདུ་ཤེས་ཀྱི་སྤྱོད་ཡུལ་གྱི་ནང་དུ་ཆུད་པའོ། །མི་རྟག་པའི་འདུ་ཤེས་ཀྱི་སྤྱོད་ཡུལ་གྱི་ནང་དུ་ཆུད་པ་རྣམས་ཀྱི་དངོས་པོ་ནི་མི་རྟག་པའི་སྤྱོད་ཡུལ་གྱི་ནང་དུ་ཆུད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། མི་རྟག་པ་ཉིད་ དུ་ཡོངས་སུ་རྟག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་སྨོན་པ་མེད་པ་ལ་སོགས་པའི་འདུ་ཤེས་དེ་དག་ནི་མི་རྟག་པའོ་ཞེས་ཡོངས་སུ་རྟག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པ་སུན་འབྱིན་པའི་རྣམ་པ་དག་ཅེས་བྱ་བ་ནི་མི་རྟག་པའི་འདུ་ཤེས་དེ་ལས་སོ། །གཞན་པ་སུན་འབྱིན་པའི་རྣམ་པ་ དག་ཅེས་བྱ་བ་ནི་ནད་ཉིད་དང་། འབྲས་ཉིད་དང་། ཟུག་རྔུ་ཉིད་དང་། དེ་ལྟ་བུ་ལ་སོགས་པའི་རྣམ་པ་དག་གོ། །དེར་ཐུག་པ་ཉིད་ཅེས་བྱ་བ་ནི་མི་རྟག་པའི་འདུ་ཤེས་སུ་ཐུག་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བྱས་པས་ཤེ་ན། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་འཇུག་པ་ཉིད་ ཡིན་པའི་ཕྱིར་རོ། །མི་རྟག་པའི་འདུ་ཤེས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་འཇུག་པས་སོ། །ཇི་ལྟར་ན་མི་རྟག་པའི་འདུ་ཤེས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་འཇུག་པ་ཡིན་ཞེ་ན། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་དེ་ལྟར་མོས་པའི་ཕྱིར་རོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་ཀྱང་ ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་འགྱུར་གྱི། རྣམ་པར་སུན་འབྱིན་པ་གཞན་རྣམས་ཀྱིས་ནི་མ་ཡིན་པས་སོ། །དེ་ལྟར་ན་དེར་ཐུག་པ་ཉིད་ཡིན་ནོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཅེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་བས་ན་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། དེའི་ དངོས་པོ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ཉི་མས་ནི་མི་སློབ་པའི་གནས་སྐབས་ན་མི་སློབ་པའི་མི་རྟག་པའི་འདུ་ཤེས་ནི་མི་བརྗེད་པའི་ཆོས་ཉིད་དུ་བྱེད་པ་ཡིན་པར་ཡོངས་སུ་བསྟན་ཏོ། །ཁམས་ཀྱི་རྒྱལ་པོ་གཞན་གྱིས་ནི་མི་སློབ་པའི་གནས་སྐབས་ན་མི་སློབ་པའི་འདུ་ ཤེས་ནི། འཇིག་རྟེན་པའི་འདུ་ཤེས་གཞན་ལས་དབང་སྒྱུར་བ་ཉིད་ཡིན་པར་ཡོངས་སུ་བསྟན་པ་ཡིན་ཏེ། དེ་དག་ཇི་ལྟར་འདོད་པར་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །འཇིག་རྟེན་པའི་འདུ་ཤེས་དེ་དག་ཀྱང་མི་སྡུག་པ་དང་། དབུགས་རྔུབ་པ་དང་འབྱུང་བ་དྲན་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་ ལ་སོགས་པ་དག་གོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལྟར་ན་ཞིང་པའི་དཔེ་དང་། རྩྭ་བལ་བ་ཛའི་དཔེས་ནི་ཇི་ལྟར་ན། མི་རྟག་པའི་འདུ་ཤེས་ནི་མཐའ་དག་ནི་གཉེན་པོ་ཡིན་པ་ཡང་ཡིན་ཏེ། བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་ན་དེ་ཡོངས་སུ་བསྟན་ཏེ། ཨ་མྲའི་དོག་པའི་དཔེས་ནི་ཇི་ལྟར་ན་གཉེན་པོའི་རྩ་བ་ཡིན་པ་ཡང་ཡིན་ཏེ། གཉེན་པོ་གཞན་འདྲེན་པའི་ཕྱིར་ན་དེ་ཡོངས་སུ་བསྟན་ཏོ། །ཇི་ལྟར་ན་མི་རྟག་པའི་འདུ་ཤེས་ནི་ཀུན་ནས་དཀྲིས་པའི་གཉེན་པོ་གཞན་ཏེ། མི་སྡུག་པ་ལ་སོགས་པའི་འདུ་ཤེས་རྣམས་ལས་ཁྱད་པར་རྣམ་པ་གསུམ་དག་གིས་ཁྱད་ པར་དུ་འཕགས་པ་ཡིན་པ་ཡང་ཡིན་ནོ། །གང་དག་གིས་ཤེ་ན། སྤྱི་རྟེན་གྱིས་ནི་དེ་ལས་གཞན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་། གླང་པོ་ཆེའི་རྗེས་ཀྱིས་ནི་དེ་དག་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་དང་། འབབ་ཆུ་རྣམས་ཀྱིས་དེ་ནི་ལས་གཞན་པ་ཞེས་བྱ་བ་རྒྱས་ པར་འབྱུང་བ་སྟེ། ཁྱད་པར་འདི་དག་གིས་དེ་ཡོངས་སུ་བསྟན་ཏོ། །ཇི་ལྟར་ན་གཉེན་པོ་བླ་ན་མེད་པ་ཉིད་ཡིན་པ་ནི་མ་རིག་པ་དང་། རིག་པ་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། །མ་རིག་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་དང་། རིག་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་ ཉི་མ་དང་ཁམས་ཀྱི་རྒྱལ་པོས་གོ་རིམས་བཞིན་དུ་དེ་ཡོངས་སུ་བསྟན་ཏོ། །ཚེ་དང་ལྡན་པ་དག་དགེ་སློང་ཆོས་སྒྲོགས་པས་ཆོས་ཀྱི་གཏམ་བྱེད་པ་ན་རྣམ་པ་ཉི་ཤུ་དང་ལྡན་པས་གཏམ་བྱ་སྟེ། དུས་སུ་དང་། བསྒྲིམས་པ་དང་། གོ་རིམས་དང་། མཚམས་སྦྱར་བ་དང་། རྗེས་སུ་མཐུན་པ་དང་། དགའ་ བར་བྱ་བ་དང་། འདོད་པར་བྱ་བ་དང་། མགུ་བར་བྱ་བ་དང་། སྤྲོ་བ་མི་སྐྱེད་པ་དང་། མི་སྨད་པ་དང་། རིག་པ་དང་། འབྲེལ་པ་དང་། མ་འདྲེས་པ་དང་། ཆོས་དང་ལྡན་པ་དང་། འཁོར་ཇི་ལྟ་བ་བཞིན་དང་། བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་དང་། གཏམ་དེ་དག་བརྗོད་པ་ནས་བདག་ལ་བསྟོད་པར་མི་བྱ་ཞིང་གཞན་ལ་སྨད་པར་མི་བྱ་བར་གཏམ་བྱ་བ་སྟེ། རྣམ་པ་ཉི་ཤུ་པོ་འདི་དག་དང་ལྡན་པས་གཏམ་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཀ་ཏྱའི་བུ་མོ་སྨྱུག་མ་ཅན་བཞིན་ནོ། ཇི་ལྟར་ཀ་ཏྱའི་བུ་མོ་སྨྱུག་མ་ཅན་ཞེས་གནས་བརྟན་འཆར་ཀས་ཕྱིས་ཉན་འདོད་པ་ཉིད་དང་། བཤད་པའི་འོས་སུ་གྱུར་པ་ཉིད་དུ་མཁྱེན་ནས་ཆོས་བསྟན་པ་མཛད་ཀྱི་སྔར་ནི་མ་ཡིན་པ་ལྟ་བུའོ། །ཇི་ལྟར་སྔར་བཤད་པའི་འོས་སུ་མ་གྱུར་ལ། ཕྱིས་བཤད་པའི་འོས་སུ་གྱུར་པ་ནི་ཀ་ཏྱའི་བུ་མོའི་མདོ་དེ་ ཉིད་ལས་རྒྱས་པར་ཁོང་དུ་ཆུད་པར་བྱའོ། །སེང་གེ་མཆོང་བ་བཞིན་དགེ་སློང་དག་གལ་ཏེ་རི་དགས་ཀྱི་རྒྱལ་པོ་སེང་གེ་རི་བོང་ལ་མཆོང་ན་བསྒྲིམས་ནས་མཆོང་གི་མ་བསྒྲིམས་པར་ནི་མ་ཡིན་ནོ། །གལ་ཏེ་བྱི་ལ་དང་གླང་པོ་ཆེ་ལ་མཆོང་ན་ནི་བསྒྲིམས་ནས་མཆོང་གི་མ་བསྒྲིམས་པར་ནི་མ་ཡིན་ནོ་ཞེས་ རྒྱས་པར་འབྱུང་བ་སྟེ་དེ་དང་འདྲའོ། །སྦྱིན་པ་ལ་སོགས་པའི་གཏམ་ཞེས་བྱ་བ་ནི་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། དེ་ལྟ་བུ་ལ་སོགས་པ་སྟེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ།། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་ པོ་བདུན་པ། ཡང་དག་ཕུལ་ཅན་ཞེས་བྱ་བ་ནི་འཕགས་པའི་བདེན་པའི་གཏམ་མོ། །བརྩམས་ནས་སོ་ཞེས་བྱ་བ་ནི་གཏམ་རྣམ་པ་འདི་གཉིས་ཀྱི་ཆེད་དུ་བྱས་ནས་སོ། །གོ་རིམས་ཞེས་བྱ་བ་འདི་ནི་མན་ངག་ཡིན་ནོ། །མཚམས་སྦྱར་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་མཚམས་སྦྱར་བ་ཞེས་བྱ་བ་འདི་ ནི་མན་ངག་ཡིན་ནོ། །མདོ་སྡེ་རྣམ་པར་བཤད་པ་ལས་བརྩམས་ནས་ནི་མདོ་སྡེ་རྣམས་རྣམ་པར་བཤད་པའི་ཆེད་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །མཚམས་སྦྱར་བ་ཡང་རྣམ་པ་གཉིས་ཏེ། དོན་སྔ་མ་དང་ཕྱི་མར་སྦྱར་བའི་མཚམས་སྦྱར་བ་དང་རིམ་པ་སྔ་མ་དང་ཕྱི་མ་མཚམས་སྦྱར་བ་སྟེ། འདི་གཉིས་ཀྱང་ སློབ་དཔོན་གྱིས་ཕྱིས་རྣམ་པར་འཆད་དོ། །རྗེས་སུ་མཐུན་པ་ཞེས་བྱ་བ་ནི་མན་ངག་གོ། །འདྲི་བ་ལུང་སྟོན་པ་ལས་བརྩམས་ནས་ཏེ། མགོ་གཅིག་ཏུ་ལུང་བསྟན་པ་ལ་སོགས་པ་རྣམས་ནི་མགོ་གཅིག་ཏུ་ལུང་བསྟན་པ་དང་རྣམ་པར་ཕྱེ་སྟེ་ལུང་བསྟན་པ་དང་། དྲིས་ནས་ལུང་བསྟན་པ་དང་། གཞག་པར་ ལུང་བསྟན་པ་ནི་འདྲི་བ་སྟེ། འདི་རྣམས་ལ་དེ་བཞིན་དུ་ལུང་སྟོན་པའི་ཕྱིར་ཏེ། གང་ལ་ཇི་ལྟར་ལུང་བསྟན་པར་བྱ་བ་དེ་བཞིན་དུ་ལུང་སྟོན་པའི་ཕྱིར་རོ། །ཇི་ལྟར་བྱས་པས་ཤེ་ན། ཅི་སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེ་ན། འཆི་བར་འགྱུར་རོ་ཞེས་མགོ་གཅིག་ཏུ་ལུང་བསྟན་པར་བྱའོ། །ཅི་ཤི་ བ་ཐམས་ཅད་སྐྱེ་བར་འགྱུར་རམ་ཞེ་ན། ཉོན་མོངས་པ་དང་བཅས་པ་རྣམས་ནི་སྐྱེ་བར་འགྱུར་རོ། །ཉོན་མོངས་པ་མེད་པར་ནི་མི་འགྱུར་རོ་ཞེས་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱའོ། །ཅི་མི་དམན་པའམ་ཁྱད་པར་དུ་འཕགས་པ་ཡིན་ཞེ་ན། གང་གི་དབང་དུ་བྱས་ནས་འདྲི་ཞེས་དྲིས་ནས་ལུང་བསྟན་པར་ བྱའོ། །གལ་ཏེ་ལྷ་ལས་སོ་ཞེ་ན། དམན་པ་ཡིན་ནོ་ཞེས་ལུང་བསྟན་པར་བྱའོ། །འོན་ཏེ་ངན་སོང་ལས་སོ་ཞེ་ན་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་ལུང་བསྟན་པར་བྱའོ། །ཅི་སེམས་ཅན་ཕུང་པོ་རྣམས་ལས་གཞན་ནམ་གཞན་མ་ཡིན་ཞེ་ན། གཞག་པ་སྟེ། སེམས་ཅན་གྱི་རྫས་མེད་པའི་ཕྱིར་མོ་ གཤམ་གྱི་བུ་སྔོ་བསངས་དང་དཀར་ཤམ་གཉིས་བཞིན་ནོ། །འདི་ཇི་ལྟར་ལུང་བསྟན་པ་ཡིན་ཞེ་ན། འདི་ནི་ལུང་བསྟན་དུ་མེད་དོ་ཞེས་ལུང་བསྟན་པའི་ཕྱིར་རོ། །གང་སུ་དག་འདི་འདྲ་བ་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་སུ་དག་དཀར་པོའི་ཕྱོགས་ལ་གནས་པ་ དང་ནག་པོའི་ཕྱོགས་ལ་གནས་པ་འདི་འདྲ་བ་འདི་ཐམས་ཅད་ནི་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་སམ་ལོག་པ་ལ་ཞུགས་པ་ཡིན་ནོ་ཞེས་འཁོར་དེ་དག་ལ་སྤྲོ་བ་མི་སྐྱེད་ལ་སྨད་པར་མི་བྱའོ། །ཇི་སྐད་དུ་ཉོན་མོངས་པ་མེད་པའི་མདོ་ལས་གསུངས་པ་ལྟ་བུ་སྟེ། དེ་ལས་ཇི་སྐད་གསུངས་ཤེ་ན། རྒྱས་པར་གསུངས་ནས་སྤྲོ་བ་སྐྱེད་པ་དང་། སྨད་པ་ཡང་ཤེས་པར་བྱའོ། །སྤྲོ་བ་སྐྱེད་པ་དང་། སྨད་པ་ཡང་ཤེས་ནས་སྤྲོ་བ་བསྐྱེད་པར་ཡང་མི་བྱ་ལ། སྨད་པར་ཡང་མི་བྱ་སྟེ། ཆོས་ཁོ་ན་བཤད་པར་བྱའོ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། གདུལ་བའི་ཁྱད་པར་མངོན་པར་མི་ཤེས་པ་དེ་ལྟར་བྱེད་ པ་སྟེ། སྤྲོ་བ་བསྐྱེད་པ་དང་སྨད་པར་བྱའོ། །དེས་གདུལ་བ་མ་ཡིན་པ་རྣམས་ཏེ། སྤྲོ་བ་བསྐྱེད་པ་དང་སྨད་པ་དེ་གཉིས་ཀྱིས། གདུལ་བ་མ་ཡིན་པ་དེ་རྣམས་ནི་དེས་གདུལ་བ་མ་ཡིན་པ་རྣམས་ཏེ། སྙིང་ན་བསྐྱེད་པར་འགྱུར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བར་བྱ་བའི་ཕྱིར་ཏེ། མངོན་སུམ་ དང་། རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་གི་ཚད་མ་རྣམས་དང་མི་འགལ་བའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་གྲངས་གཞན་ཡང་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་ཞེས་བྱ་བའི་ཚིག་འདི་རྣམས་དགེ་བ་དང་། མི་དགེ་བ་ལ་ཕྱོགས་ པ་དང་། ཐ་མལ་པ་དག་ལ་སྟེ། དགེ་བ་ལ་ཕྱོགས་པ་དང་། མི་དགེ་བ་ལ་ཕྱོགས་པ་དང་། ཐ་མལ་པ་ལ་བྱམས་པ་ལ་སོགས་པའི་སེམས་ཀྱིས་ཏེ། གོ་རིམས་བཞིན་དུའོ། །ཇི་ལྟར་ཞེ་ན། དགེ་བ་ལ་ཕྱོགས་པ་ལ་ནི་བྱམས་པའི་སེམས་ཀྱིས་གཏམ་བྱ། མི་དགེ་བ་ལ་ཕྱོགས་པ་ལ་ནི་ཕན་པའི་སེམས་ ཀྱིས་གཏམ་བྱ་ཞིང་། ཐ་མལ་པ་ལ་ནི་སྙིང་བརྩེ་བའི་སེམས་ཀྱིས་སོ། །རྙེད་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་ནི་རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང་བཀུར་སྟི་གཉིས་ཏེ། རྙེད་པ་དང་བཀུར་སྟི་དེ་གཉིས་དང་། ཚིགས་སུ་བཅད་པ་སྟེ། གྲགས་པ་ནི་རྙེད་པ་དང་བཀུར་སྟི་དང་ཚིགས་ སུ་བཅད་པ་སྟེ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པའོ། །ཇི་ལྟར་ན་དེ་ལ་མི་བརྟེན་པ་ཡིན་ཞེ་ན། དེ་འདོད་པ་ཉིད་སྤངས་པས་སོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པ་ཉིད་སྤངས་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ལ་བསྟོད་པར་མི་བྱ་ཞིང་གཞན་ལ་ སྨད་པར་མི་བྱ་བའི་དོན་ཅི་ཞེ་ན། སྨྲ་བ་པོ་ཉིད་ཀྱིས་བདག་ལ་ལྷག་པར་ཡིད་ཆེས་པར་བྱེད་འདོད་པ་ཉིད་སྤངས་པས་ཏེ། དེས་ན་དེའི་ཕྱིར་བདག་ལ་སྟོད་ཅིང་གཞན་ལ་སྨོད་པར་བྱེད་དོ། །དེ་ལྟར་ན་ཇི་ལྟ་བུར་དང་། གང་གི་དོན་དུ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ནའོ། །ཇི་ལྟ་ བུར་ནི་རྣམ་པ་གང་གིས་གཏམ་བྱ་བ་སྟེ། དེ་ཡང་ཚིག་ལྔ་དག་གིས་ཡོངས་སུ་བསྟན་ཏོ། །ལྔ་པོ་གང་དག་གིས་ཤེ་ན། དུས་སུ་དང་། བསྒྲིམས་པ་དང་། གོ་རིམས་དང་། མཚམས་སྦྱར་བ་དང་། རྗེས་སུ་མཐུན་པ་ཞེས་བྱ་བ་འདི་རྣམས་ཀྱིས་སོ། །གང་གི་དོན་དུ་ནི་གང་གི་ཆེད་དུ་གཏམ་བྱ་བ་ཞེས་བྱ་ བའི་ཐ་ཚིག་གོ། །དེ་ཡང་ཚིག་ལྔ་དག་གིས་ཡོངས་སུ་བསྟན་ཏོ། །ལྔ་པོ་གང་དག་གིས་ཤེ་ན། དགའ་བར་བྱ་བ་དང་། འདོད་པར་བྱ་བ་དང་། མགུ་བར་བྱ་བ་དང་། སྤྲོ་བ་མི་སྐྱེད་པ་དང་། མི་སྨད་པ་ཞེས་བྱ་བ་འདི་རྣམས་ཀྱིས་སོ། །གཏམ་གང་འདྲ་བས་གཏམ་བྱ་བ་དེ་ཡང་ཚིག་ལྔ་དག་གིས་ ཡོངས་སུ་བསྟན་ཏེ། གང་དག་གིས་ཤེ་ན། རིགས་པ་དང་། འབྲེལ་པ་དང་། མ་འདྲེས་པ་དང་། ཆོས་དང་ལྡན་པ་དང་། འཁོར་ཇི་ལྟ་བ་བཞིན་ཞེས་བྱ་བ་འདི་རྣམས་ཀྱིས་སོ། །གང་འདྲ་བས་གཏམ་བྱ་བ་དེ་དག་ཚིག་ལྔ་དག་གིས་ཡོངས་སུ་བསྟན་ཏོ། །གང་དག་གིས་ཤེ་ན། བྱམས་པའི་ སེམས་དང་། ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་དང་། གཏམ་དེ་དག་བརྗོད་པ་ན་བདག་ལ་བསྟོད་པར་མི་བྱ་ཞིང་གཞན་ལ་སྨད་པར་མི་བྱ་ཞེས་བྱ་བ་ནི་གཅིག་ཏུ་བྱས་ནས་འདི་རྣམས་ཀྱིས་སོ། །རྣམ་པ་ཉི་ཤུ་པོ་ ཞེས་བྱ་བ་ནི་བྱེ་བྲག་ཉི་ཤུ་བོ་ཞེས་བྱ་བའི་ཐ་ཚིག་གོ། །སྣོད་མ་ཡིན་པ་ལ་བརྗོད་པའི་སྐྱོན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྣོད་མ་ཡིན་པ་ལ་བརྗོད་པ་ནི་སྣོད་མ་ཡིན་པ་ལ་བརྗོད་པ་སྟེ་དེ་ཉིད་སྐྱོན་ཡིན་ནོ། །བརྗོད་པ་ཡོངས་སུ་མ་རྫོགས་པ་ནི་བརྗོད་པ་ཡོངས་སུ་མ་རྫོགས་པ་སྟེ་དེ་ཉིད་སྐྱོན་ཡིན་ནོ། །བརྗོད་པ་ བར་ཆད་པ་ནི་བརྗོད་པ་བར་ཆད་པ་སྟེ། དེ་ཉིད་སྐྱོན་ཡིན་ནོ། །བརྗོད་པ་གོ་བར་མི་བྱེད་པ་ནི་བརྗོད་པ་གོ་བར་མི་བྱེད་པ་སྟེ་དེ་ཉིད་སྐྱོན་ཡིན་ནོ། །གཙུག་ལག་ཉིད་ཡིན་པའི་ཕྱིར་བརྡ་སྤྲོད་པ་རྣམས་ཀྱིས་ནི་དེ་ལྟར་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་ལ་མཆོད་པར་འགྱུར་བ་མེད་པས་ན་ འདི་ནི་མཆོད་པར་མི་འགྱུར་བ་ཡིན་པར་སྦྱར་རོ། །འདི་ལ་དོན་འཐད་པ་མེད་པས་འདི་ནི་དོན་འཐད་པ་མེད་པའོ། །དོན་འཐད་པ་མེད་པ་བརྗོད་པ་ནི་དོན་འཐད་པ་མེད་པ་བརྗོད་པ་སྟེ་དེ་ཉིད་སྐྱོན་ཡིན་ནོ། །སྤྱོད་ཡུལ་མ་ཡིན་པ་ལ་བརྗོད་པ་ནི་སྤྱོད་ཡུལ་མ་ཡིན་པ་ལ་བརྗོད་པ་དེ་ཉིད་སྐྱོན་ཡིན་ནོ། །རྣམ་པར་གཡེངས་ ཏེ་བརྗོད་པ་ནི་རྣམ་པར་གཡེངས་ནས་བརྗོད་པ་སྟེ་དེ་ཉིད་སྐྱོན་ཡིན་ནོ། །དོན་མེད་པ་དང་ལྡན་པ་སྟེ། མཚུངས་པར་ལྡན་པ་འབྲེལ་པ་ནི་དོན་མེད་པ་དང་ལྡན་པའོ། །དོན་མེད་པ་དང་ལྡན་པའི་བརྗོད་པ་ནི་དོན་མེད་པ་དང་ལྡན་པ་བརྗོད་པ་སྟེ། དེ་ཉིད་སྐྱོན་ཡིན་ནོ། །མི་འཚམ་པར་བརྗོད་པ་ནི་མི་འཚམ་པར་ བརྗོད་པ་སྟེ་དེ་ཉིད་སྐྱོན་ཡིན་ནོ། །ཉོན་མོངས་པ་ཅན་གྱི་བསམ་པ་སྟེ། སེམས་པ་ནི་ཉོན་མོངས་པ་ཅན་གྱི་བསམ་པའོ། །ཉོན་མོངས་པ་ཅན་གྱི་བསམ་པས་བརྗོད་པ་ནི་ཉོན་མོངས་པའི་བསམ་པ་ཅན་གྱིས་བརྗོད་པ་སྟེ། དེ་ཉིད་སྐྱོན་ཡིན་པས་ཉོན་མོངས་པ་ཅན་གྱི་བསམ་པས་བརྗོད་པའི་སྐྱོན་ཡིན་ནོ། །སྣོད་མ་ ཡིན་པར་བརྗོད་པའི་སྐྱོན་ཞེས་གང་བསྟན་པ་སྟེ། དེ་ལ་སྣོད་མ་ཡིན་པ་ནི་སྤྱོད་ལམ་མི་སྡུག་པར་འདུག་པ་སྟེ། ཀ་ཏྱའི་བུ་མོ་སྨྱུག་མ་ཅན་གྱི་མདོ་ལས་ཇི་ལྟར་གསུངས་པ་ལྟ་བུ་སྟེ། དེའི་གཉེན་པོར་དུས་སུ་གཏམ་བྱ་བའི་རྣམ་པ་ཡིན་ནོ། །བརྗོད་པ་ཡོངས་སུ་མ་རྫོགས་པའི་སྐྱོན་གྱི་གཉེན་པོར་བསྒྲིམས་ པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །བརྗོད་པ་བར་མ་ཆད་པའི་སྐྱོན་གྱི་གཉེན་པོར་ནི་གོ་རིམས་ལ་སོགས་པ་རྣམ་པ་གསུམ་པོ་དེ་དག་ཡིན་པར་རིག་པར་བྱ་བ་ཡིན་ཏེ། གོ་རིམས་དང་། མཚམས་སྦྱར་བ་དང་། རྗེས་སུ་མཐུན་པ་ཞེས་བྱ་བ་འདི་དག་ཡིན་ནོ། །རྣམ་པ་འདི་དག་ཅིའི་དབང་དུ་མཛད་ནས་ ཤེ་ན། བསྟན་པ་དང་། རྒོལ་བའི་ཚིག་དང་། ལན་གྱི་ཚིག་གི་དབང་དུ་མཛད་ནས་ཏེ། དེ་ལ་བསྟན་པའི་དབང་དུ་མཛད་ནས་ནི་གོ་རིམས་ཀྱི་རྣམ་པའོ། །བསྟན་པ་ནི་དཔེར་ན་སྡུག་བསྔལ་གྱི་བདེན་པ་ནས་ལམ་གྱི་བདེན་པ་ཞེས་བྱ་བའི་བར་ལྟ་བུ་ཡིན་ནོ། །རྒོལ་བའི་དབང་དུ་མཛད་ནས་ནི་མཚམས་ སྦྱར་བའི་རྣམ་པ་ཡིན་ནོ། །རྒོལ་བའི་ཚིག་ཀྱང་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་དང་པོར་བསྟན་ཞེས་བྱ་བ་ནས། ལམ་གྱི་བདེན་པ་ནི་ཕྱིས་ཡིན་ནོ་ཞེས་བྱ་བའི་བར་རོ། །ལན་གྱི་ཚིག་གི་དབང་དུ་མཛད་ནས་ནི་རྗེས་སུ་མཐུན་པའི་རྣམ་པ་ཡིན་ནོ། །ལན་གྱི་ཚིག་ཀྱང་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་ ཡིན་བརྗོད་པ་གོ་བར་མི་བྱེད་པའི་སྐྱོན་གྱི་གཉེན་པོར་དྲུག་པ་དང་། བདུན་པ་དང་། བརྒྱད་པ་དག་སྟེ། རྣམ་པ་དག་ཅེས་བྱ་བའི་དཀྱུས་དང་སྦྱར་རོ། །རྣམ་པ་དྲུག་པ་དང་། བདུན་པ་དང་། བརྒྱད་པ་དེ་དག་ཀྱང་དགའ་བར་བྱ་བ་དང་། འདོད་པར་བྱ་བ་དང་། མགུ་བར་བྱ་བ་ཞེས་བྱ་བ་འདི་དག་ཡིན་ནོ་ རྣམ་པ་འདི་དག་གང་གི་དབང་དུ་མཛད་ནས་ཤེ་ན། དད་པ་ཅན་དང་། ཞེ་འགྲས་པ་དང་། བར་ན་གནས་པའི་དབང་དུ་མཛད་ནས་ཏེ་གོ་རིམས་བཞིན་ནོ། །བརྗོད་པ་མཆོད་པར་མི་འགྱུར་བའི་སྐྱོན་གྱི་གཉེན་པོར་རྣམ་པ་དགུ་པ་དང་། བཅུ་པ་རྣམ་པ་གཉིས་ཏེ། སྡིག་པའི་ལས་ཅན་ལ་ནི་སྤྲོ་བ་བསྐྱེད་པར་ འོས་པ་མ་ཡིན་ལ། སྨད་ན་ཡང་མཆོད་པར་མི་འགྱུར་བའི་སྐྱོན་དུ་འགྱུར་བས་སོ། །དེའི་ཕྱིར་སྤྲོ་བ་མི་སྐྱེད་པ་དང་། མི་སྨད་པར་གཏམ་བྱའོ། །དོན་འཐད་པ་མེད་པར་བརྗོད་པའི་སྐྱོན་གྱི་གཉེན་པོར་རིགས་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །སྤྱོད་ཡུལ་མ་ཡིན་པ་བརྗོད་པའི་སྐྱོན་གྱི་གཉེན་པོར་འབྲེལ་པ་ཞེས་ བྱ་བའི་རྣམ་པ་ཡིན་ནོ། །སྤྱོད་ཡུལ་མ་ཡིན་པ་ནི་དོན་ཟབ་མོ་སྟེ་དབང་པོ་ཐ་མ་ལའོ། །གསལ་བ་ནི་སྤྱོད་ཡུལ་ཡིན་པས་དེ་ལྟར་བྱས་ན་འབྲེལ་པ་ཡིན་ནོ། །རྣམ་པར་གཡེངས་ནས་བརྗོད་པའི་སྐྱོན་གྱི་གཉེན་པོར་མ་འདྲེས་པ་ཞེས་བྱ་བའི་རྣམ་པ་ཡིན་ཏེ། གཏམ་གཞན་དང་འདྲེས་པ་ནི་རྣམ་པར་གཡེངས་པ་ ཡིན་པས་སོ། །དོན་མེད་པ་དང་ལྡན་པ་བརྗོད་པའི་སྐྱོན་གྱི་གཉེན་པོར་ཆོས་དང་ལྡན་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །མི་འཚམ་པར་བརྗོད་པའི་སྐྱོན་གྱི་གཉེན་པོར་འཁོར་ཇི་ལྟ་བ་བཞིན་ཞེས་བྱ་བའི་རྣམ་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་བསམ་པས་བརྗོད་པའི་སྐྱོན་གྱི་གཉེན་པོར་བྱམས་པའི་སེམས་ ལ་སོགས་པའི་རྣམ་པ་ལྷག་མ་ལུས་པ་ཐམས་ཅད་དོ། །ཇི་ལྟར་བྱས་པས་ཤེ་ན། ཉོན་མོངས་པ་ཅན་གྱི་བསམ་པ་ནི་རྣམ་པ་གསུམ་སྟེ། ཡིད་ཆེས་པར་བྱ་བའི་བསམ་པ་དང་། དད་ནས་བཀུར་སྟི་བྱེད་པའི་བསམ་པ་དང་། ཕྲག་དོག་གི་བསམ་པས་སོ། །དང་པོ་སྟེ་ཡིད་ཆེས་པར་བྱ་བའི་བསམ་ པའི་གཉེན་པོར་བྱམས་པ་དང་། ཕན་པ་དང་། སྙིང་བརྩེ་བའི་སེམས་ཀྱི་རྣམ་པ་དག་ཡིན་ཏེ། བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་ཞེས་བྱ་བ་འདི་དག་གོ། །རྣམ་པ་གསུམ་པོ་འདི་དག་བསམ་པ་གང་གིས་བྱ་ཞེ་ན། མྱ་ངན་ལས་འདས་ པ་དང་། དེའི་ལམ་རྟོགས་པར་བྱ་བའི་བསམ་པ་ཉིད་དང་། བཤད་པའི་དོན་ཁོང་དུ་ཆུད་པར་བྱ་བའི་བསམ་པ་ཉིད་ཀྱིས་སོ། །ཇི་ལྟར་བྱས་པས་ཤེ་ན། བྱམས་པའི་སེམས་ནི་མྱ་ངན་ལས་འདས་པ་རྟོགས་པར་བྱ་བའི་བསམ་པ་ཉིད་ཀྱིས་བྱའོ། ཕན་པའི་སེམས་ནི་དེའི་ལམ་རྟོགས་པར་བྱ་བའི་ བསམ་པ་ཉིད་ཀྱིས་སོ། །སྙིང་བརྩེ་བའི་སེམས་ནི་བཤད་པའི་དོན་ཁོང་དུ་ཆུད་པར་བྱ་བའི་བསམ་པ་ཉིད་ཀྱིས་སོ། །དད་ནས་བཀུར་སྟི་བྱེད་པའི་བསམ་པའི་གཉེན་པོར་རྙེད་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་ལ་མི་བརྟེན་པ་ཞེས་བྱ་བའི་རྣམ་པ་ཡིན་ཏེ། དད་པ་ཅན་དེ་དག་དད་ནས་ཆོས་ གོས་དང་བསོད་སྙོམས་ལ་སོགས་པས་བཀུར་སྟི་བྱེད་པར་གྱུར་ན་མི་རུང་ངོ་ཞེས་བྱ་བ་དེ་ལྟ་བུའོ། །ཕྲག་དོག་གི་བསམ་པའི་གཉེན་པོར་བདག་ལ་བསྟོད་པར་མི་བྱ་ཞིང་གཞན་ལ་སྨད་པར་མི་བྱ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །གཞན་ཡང་མདོར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་ཡང་མདོར་ བསྡུ་ན་མདོ་སྡེ་ལས་གཏམ་གྱི་སྦྱོར་བ་ལས་བསམས་ནས་རྣམ་པ་ལྔར་རིག་པར་བྱ་སྟེ། དུས་སུ་གཏམ་བྱ་བ་ནས། རྗེས་སུ་མཐུན་པ་ཞེས་བྱ་བའི་བར་འདི་དག་ཡིན་ནོ། །གཏམ་གྱི་ལས་བརྩམས་ནས་ཀྱང་རྣམ་པ་ལྔར་རིག་པར་བྱ་སྟི། དགའ་བར་བྱ་བ་ནས་མི་སྨད་པ་ཞེས་བྱ་བའི་བར་འདི་དག་གོ། ། གཏམ་གྱི་ཡོན་ཏན་ལས་བརྩམས་ནས་ཀྱང་རྣམ་པ་ལྔར་རིག་པར་བྱའོ། །རིགས་པ་ནས་འཁོར་ཇི་ལྟ་བ་བཞིན་ཞེས་བྱ་བའི་བར་འདི་དག་ཡིན་ནོ། །སྨྲ་བ་པོའི་ཡོན་ཏན་ལས་བརྩམས་ནས་ཀྱང་འདིར་རྣམ་པ་ལྔར་རིག་པར་བྱ་སྟེ། བྱམས་པའི་སེམས་ནས་གཞན་ལ་སྨད་པར་མི་བྱ་བའི་བར་འདི་དག་ ཡིན་ནོ། །ཚེ་དང་ལྡན་པ་དག་ཆོས་ཉན་པར་འདོད་པས་ནི། རྣམ་པ་བཅུ་དྲུག་དག་དང་ལྡན་པས་ཆོས་མཉན་པར་བྱ་སྟེ། དུས་སུ་ཆོས་མཉན་པར་བྱ་བ་དང་། བཀུར་སྟི་དང་ཉན་པར་གུས་པ་དང་། མ་རངས་པ་མེད་པ་དང་། བསྒོ་བ་བཞིན་བྱེད་པ་དང་། ཀླན་ཀ་མི་ཚོལ་བ་དང་། ཆོས་ལ་གུས་ པ་ཉེ་བར་གཞག་པ་དང་། གང་ཟག་ཆོས་སྨྲ་བ་ལ་གུས་པ་ཉེ་བར་གཞག་པ་དང་། ཆོས་ལ་བརྙས་པ་མེད་པ་ཉིད་དང་། གང་ཟག་ཆོས་སྨྲ་བ་ལ་བརྙས་པ་མེད་པ་ཉིད་དང་། བདག་ཉིད་ལ་བརྙས་པ་མེད་པ་ཉིད་དང་། ཀུན་དུ་ཤེས་པར་བྱ་བའི་སེམས་དང་། སེམས་རྩེ་གཅིག་ཏུ་བྱ་བ་དང་ རྣ་བླགས་པ་དང་། སེམས་ཀུན་དུ་བཏུད་པ་དང་། སེམས་ཐམས་ཅད་ཀྱིས་བསམས་ནས་ཆོས་མཉན་པར་བྱ་སྟེ། ཚེ་དང་ལྡན་པ་དག་རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་པས་ཆོས་མཉན་པར་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །སྨྲ་བ་པོ་ལ་བདག་ཉིད་ཀྱིས་བསྐྱོད་པ་དང་སྤྱོད་ལམ་གྱི་སྐྱོན་གྱི་ གཉན་པོར་དུས་སུ་ཆོས་མཉན་པར་བྱ་བ་ཞེས་བྱ་བའི་རྣམ་པ་འདི་ཡིན་པར་རིག་པར་བྱའོ། །འགྱིང་བའི་སྐྱོན་གྱི་གཉེན་པོར་བཀུར་སྟིའི་རྣམ་པ་ཡིན་ནོ། །དོན་དུ་མི་གཉེར་བ་ཉིད་ཀྱི་སྐྱོན་གྱི་གཉེན་པོར་ཉན་པར་གུས་པས་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། །ཉན་པར་གུས་པ་ནི་ཉན་པར་འདོད་པ་ཞེས་བྱ་ བའི་ཐ་ཚིག་གོ། །གཞན་གྱི་ཕྱོགས་བྱེད་པས་སྙིང་ན་བའི་སྐྱོན་གྱི་གཉེན་པོར་མ་རངས་པ་མེད་པས་ཞེས་བྱ་བའི་རྣམ་པ་ཡིན་ནོ། །མཆོད་པར་མི་འགྱུར་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་སྐྱོན་གྱི་གཉེན་པོར་བསྒོམ་པ་བཞིན་བྱེད་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །སུན་ཅི་ཕྱིན་དུ་བརྒལ་བའི་བསམ་པའི་ སྐྱོན་གྱི་གཉེན་པོར་ཀླན་ཀ་མི་ཚོལ་བ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། །ཆོས་དང་ཆོས་སྨྲ་བ་ལ་ཡོན་ཏན་ཡིད་ལ་མི་བྱེད་པའི་ཕྱིར་རིམ་གྲོ་མེད་པའི་སྐྱོན་གྱི་གཉེན་པོར་གོ་རིམས་བཞིན་དུ་ཆོས་ལ་གུས་པ་ཉེ་བར་གཞག་པ་དང་། གང་ཟག་ཆོས་སྨྲ་བ་ལ་གུས་པ་ཉེ་བར་གཞག་པ་ཞེས་བྱ་བའི་རྣམ་པ་འདི་ གཉིས་ཡིན་ནོ། །སྐྱོན་ཡིད་ལ་བྱེད་པའི་ཕྱིར་བརྙས་པའི་སྐྱོན་གྱི་གཉེན་པོར་ཆོས་ལ་བརྙས་པ་མེད་པ་ཉིད་དང་། གང་ཟག་ཆོས་སྨྲ་བ་ལ་བརྙས་པ་མེད་པ་ཉིད་ཅེས་བྱ་བའི་རྣམ་པ་འདི་གཉིས་ཡིན་ནོ། །སྨོད་པའི་སྐྱོན་གྱི་གཉེན་པོར་བདག་ཉིད་ལ་བརྙས་པ་མེད་པ་ཉིད་ཅེས་བྱ་བའི་རྣམ་པ་ཡིན་ནོ། །རྙེད་པ་དང་ བཀུར་སྟི་འདོད་པ་ཉིད་ཀྱི་སྐྱོན་གྱི་གཉེན་པོར་ཀུན་དུ་ཤེས་པར་བྱ་བའི་སེམས་ཞེས་བྱ་བའི་རྣམ་པ་འདི་ཡིན་ཏེ། དེ་ལ་ནི་ཀུན་དུ་ཤེས་པར་བྱ་བ་སྟེ། ཁོང་དུ་ཆུད་པར་བྱ་བའི་སེམས་འབྱུང་གི་རྙེད་པ་དང་བཀུར་སྟི་འདོད་པ་ཉིད་ནི་མི་འབྱུང་ངོ་། །རྣམ་པར་གཡེངས་པ་དང་། བསྡུས་པ་གཉིས་ཀྱིས་མི་ཉན་ པའི་སྐྱོན་གྱི་གཉེན་པོར་གོ་རིམས་བཞིན་དུ་སེམས་རྩེ་གཅིག་ཏུ་བྱ་བ་དང་། རྣ་བླགས་པ་ཞེས་བྱ་བའི་རྣམ་པ་འདི་གཉིས་ཡིན་ནོ། །ལེགས་པར་ཡིད་ལ་མི་བྱེད་པའི་སྐྱོན་གྱི་གཉེན་པོར་སེམས་ཀུན་དུ་བཏུད་པ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། །སེམས་ཀུན་དུ་བཏུད་པ་ཞེས་བྱ་བ་ ནི་སེམས་དང་བར་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཉིད་སེམས་སོ། །རབ་ཏུ་ཡིད་ལ་མི་བྱེད་པའི་སྐྱོན་གྱི་གཉེན་པོར་སེམས་ཐམས་ཅད་ཀྱིས་བསམས་ནས་ཆོས་མཉན་པར་བྱ་སྟེ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། །དེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལ་སྐྱོན་ཇི་སྐད་བསྟན་པ་རྣམས་ལས་སྐྱོན་ གྱི་ཚིག་ཁ་ཅིག་སློབ་དཔོན་གྱིས་རྣམ་པར་བཤད་པ་མཛད་པ་ཡིན་ནོ། །སྨྲ་བ་པོ་ནང་དུ་ཡང་དག་འཇོག་པའི་ཚེ་ཉན་པ་པོ་ཉན་པའི་ཕྱིར་དང་། ཉན་པ་པོ་སྤྱོད་ལམ་མི་སྡུག་པས་ཉན་པའི་ཕྱིར་ཀཏྱའི་བུ་མོ་སྨྱུག་མ་ཅན་གྱི་མདོ་ལས་གསུངས་པ་ལྟ་བུའོ། །འདི་ནི་སྐྱོན་དང་པོ་ཡིན་ཏེ། སྨྲ་བ་པོ་ལ་ བདག་ཉིད་ཀྱིས་བསྐྱོད་པ་དང་། སྤྱོད་ལམ་གྱི་སྐྱོན་ཞེས་བྱ་བ་འདི་ཡིན་ནོ། །རིགས་མཐོན་པོ་ཉིད་ལ་སོགས་པར་ང་རྒྱལ་འབྱུང་བའི་ཕྱིར་སྐྱོན་ནོ། །སོགས་པའི་སྒྲས་ནི་རིགས་པ་དང་། རུས་དང་། ན་ཚོད་དང་། བྱད་གཟུགས་དང་། ཐོས་པ་ལ་སོགས་པ་བསྡུས་སོ། །ཆོས་དང་ཆོས་སྨྲ་བ་ ལ་ཞེས་བྱ་བ་རྒྱས་པར་བསྟན་པ་གང་ཡིན་པ་དེའི་རྣམ་པར་བཤད་པ་ནི། ཆོས་ལ་ནི་ཡོན་ཏན་ལེགས་པར་གསུངས་པ་ཉིད་དུ་དང་། འབྲས་བུ་ཆེན་པོ་ཉིད་དུ་སྟེ། ལེགས་པར་གསུངས་པ་ཉིད་དུ་དང་། འབྲས་བུ་ཆེན་པོ་ཉིད་དུའོ། །ཆོས་སྨྲ་བ་ལ་ནི་ཡོན་ཏན་དགེ་བའི་བཤེས་གཉེན་ཉིད་ཡིན་པར་ རོ། །སྐྱོན་ཡིད་ལ་བྱེད་པའི་ཕྱིར་བརྙས་པའི་སྐྱོན་ཞེས་བྱ་བ་བསྟན་པ་གང་ཡིན་པ་དེའི་རྣམ་པར་བཤད་པ་ཡང་། ཆོས་ལ་སྐྱོན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །རྣམ་པར་གཡེངས་པ་དང་། བསྡུས་པ་གཉིས་ཀྱིས་མི་ཉན་པའི་སྐྱོན་ཞེས་བསྟན་པ་གང་ཡིན་པ་འདིའི་རྣམ་པར་བཤད་པ་ ཡང་། རྣམ་པར་གཡེངས་པ་ནི་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །ལེགས་པར་ཡིད་ལ་མི་བྱེད་པའི་སྐྱོན་ཞེས་བསྟན་པ་གང་ཡིན་པ་འདིའི་རྣམ་པར་བཤད་པ་ཡང་དགོངས་པ་དང་། ཆོས་ཉིད་ལ་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །ཇི་ལྟར་ན་ལེགས་པར་ཡིད་ལ་མི་བྱེད་པ་ཡིན་ཞེ་ན། དགོངས་ པ་དང་། ཆོས་ཉིད་ལ་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་ཏེ། དགོངས་པ་ལ་ཕྱིན་ཅི་ལོག་པ་ཉིད་ཀྱིས་དང་། ཆོས་ཉིད་ལ་ཕྱིན་ཅི་ལོག་པ་ཉིད་ཀྱིས་སོ། །དེ་ལ་དགོངས་པ་ལ་ཕྱིན་ཅི་ལོག་པ་ཉིད་ནི་ཚོར་བ་གང་ཅི་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བ་དང་། ཕ་དང་མ་ནི་བསད་བྱས་ཤིང་། ། ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལ་སྒྲ་ཇི་བཞིན་དུ་འཛིན་པའོ། །ཆོས་ཉིད་ལ་ཕྱིན་ཅི་ལོག་པ་ཉིད་ནི་མ་རིག་པའི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་དང་། འགྲོ་བའི་རྒྱུ་ནི་རང་བཞིན་དང་། སྐྱེས་བུ་དང་དབང་ཕྱུག་ལ་སོགས་པ་ཡིན་ནོ་ཞེས་དེ་ལྟ་བུ་ལ་སོགས་པར་རྒྱུ་ཕྱིན་ཅི་ལོག་ཏུ་བསྟན་ཏོ། །རབ་ ཏུ་ཡིད་ལ་མི་བྱེད་པའི་སྐྱོན་ཞེས་བསྟན་པ་གང་ཡིན་པ་འདིའི་རྣམ་པར་བཤད་པ་ཡང་རབ་ཏུ་ཡིད་ལ་མི་བྱེད་པ་ནི་འདུན་པ་དང་། འཇུག་པ་ཞན་པ་ཉིད་ཀྱིས་ཏེ། འདུན་པ་ཞན་པ་ཉིད་ཀྱིས་དང་། འཇུག་པ་ཞན་པ་ཉིད་ཀྱིས་སོ། །འདུན་པ་ནི་བྱེད་པར་འདོད་པ་ཉིད་ཀྱིས་སོ། །འཇུག་པ་ནི་ཡིད་ ལ་བྱེད་པའོ། །ལས་ཀྱི་སྐྱོན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལས་ཉིད་སྐྱོན་ཡིན་པས་སོ། །ལས་ཀྱི་སྐྱོན་ཡིན་པ་ནས། འཛིན་པའི་བར་ཉིད་སྐྱོན་ཡིན་པས་འཛིན་པའི་སྐྱོན་ཡིན་ནོ། །ལུས་ཀྱི་ལས་ཀྱི་སྐྱོན་ནི་སྤྱོད་ལམ་མི་སྡུག་པར་འདུག་པའི་ཕྱིར་རོ། །སྐྱོན་དེའི་གཉེན་པོར་དུས་སུ་ཆོས་ མཉན་པར་བྱ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། །ལུས་དང་ངག་གི་ལས་ཀྱི་སྐྱོན་ཇི་ལྟ་བུ་ཞེ་ན། དེ་གཉིས་ཀྱིས་སྐུལ་བར་མི་བྱེད་པའི་ཕྱིར་ཏེ། ལུས་ཀྱིས་སྐུལ་བར་མི་བྱེད་པའི་ཕྱིར་དང་། ངག་གིས་སྐུལ་བར་མི་བྱེད་པའི་ཕྱིར་རོ། །དེའི་གཉེན་པོར་བཀུར་སྟི་ཞེས་བྱ་བའི་རྣམ་པ་ཡིན་ནོ། །ཡིད་ ཀྱི་ལས་ཀྱི་སྐྱོན་ནི་ཉན་པར་མི་འདོད་པ་ཉིད་ཀྱིས་སོ། །དེའི་གཉེན་པོར་ཉན་པར་གུས་པ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། །མོས་པ་མེད་པའི་སྐྱོན་གྱི་གཉེན་པོར་མ་རངས་པ་མེད་པ་ཞེས་བྱ་བའི་རྣམ་པ་འདི་ཡིན་ནོ། །མཆོད་པར་མི་འགྱུར་བའི་སྐྱོན་གྱི་གཉེན་པོར་བསྒོ་བ་བཞིན་བྱེད་པ་ཞེས་བྱ་ བའི་རྣམ་པ་ཡིན་ནོ། །བསྒོ་བ་བཞིན་བྱེད་པ་ནི་མིག་རྩ་དང་བཞིན་ལ་སོགས་པས་དང་བར་སྟོན་པའོ། །བསམ་པའི་སྐྱོན་ཇི་ལྟ་བུ་ཞེ་ན། གཞན་ལ་ཀླན་ཀ་བཙལ་བ་དང་། འདི་ལྟ་བུ་ཞིག་ཏུ་རྒོལ་བ་ལས་ཐར་བར་བྱ་བའི་བསམ་པ་ཉིད་ཀྱིས་ཏེ། གཞན་ལ་ཀླན་ཀ་བཙལ་བའི་བསམ་པ་ཉིད་ཀྱིས་དང་། འདི་ལྟ་བུ་ཞིག་ཏུ་རྒོལ་བ་ལས་ ཐར་བར་བྱ་བའི་བསམ་པ་ཉིད་ཀྱིས་སོ། །འདི་ལྟ་བུ་ཞིག་ཏུ་རྒོལ་བ་ལས་ཐར་བར་བྱ་བའི་བསམ་པ་ནི་འདི་ལྟ་བུ་ཞིག་ཏུ་རྒོལ་བ་ལས་ཐར་བར་བྱ་བའི་བསམ་པ་སྟེ། དེའི་དངོས་པོ་ནི་ཉིད་ཀྱིས་སོ། །འདི་སྐད་དུ་གང་ཞིག་གྲངས་ཅན་ལ་སོགས་པའི་རྒོལ་བ་རྣམ་པ་འདི་ ལྟ་བུ་ཞིག་ཏུ་རྒོལ་བ་ལས་ཐར་བར་བྱའོ་སྙམ་པའི་བསམ་པ་འདིས་ཉན་གྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཆོས་འདོད་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྒོལ་བ་དེའི་གཉེན་པོར་ཀླན་ཀ་བཙལ་བའི་བསམ་པ་མེད་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །མི་མཐུན་ པ་ཉིད་ཀྱི་སྐྱོན་ནི་རྣམ་པ་ལྔ་དག་སྟེ། དེ་ལ་ཆོས་ལ་ནི་ངེས་པར་འབྱིན་པ་མ་ཡིན་པར་གོ་བ་ཉིད་ཀྱིས་གུས་པ་མི་སྐྱེད་པ་སྟེ། དེའི་གཉེན་པོར་ཆོས་ལ་གུས་པ་ཉེ་བར་གཞག་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །བསྟན་པའི་ཆོས་དེ་ཉིད་ལ་ཚིག་དང་ཡི་གེ་མ་འབྲེལ་པ་ཉིད་ཀྱིས་བརྙས་པ་སྟེ། དེའི་གཉེན་ པོར་ཆོས་ལ་བརྙས་པ་མེད་པ་ཉིད་ཅེས་བྱ་བའི་རྣམ་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཆོས་ལ་མ་གུས་པ་དང་། བརྙས་པའི་སྐྱོན་གཉིས་ཀྱི་གཉེན་པོར་ཚིག་གཉིས་བསྟན་པ་ཡིན་ནོ། །གང་ཟག་ལ་ནི་ཚུལ་ཁྲིམས་དང་། ཚིག་དང་ཚིག་འབྱིན་པའི་སྐྱོན་གྱིས་གུས་པ་མེད་པ་ཡིན་ཏེ། ཚུལ་ཁྲིམས་ ཀྱི་སྐྱོན་གྱིས་དང་། ཚིག་དང་ཚིག་འབྱིན་པའི་སྐྱོན་གྱིས་སོ། །དེའི་གཉེན་པོར་གང་ཟག་ཆོས་སྨྲ་བ་ལ་གུས་པ་ཉེ་བར་གཞག་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །རིགས་ཀྱི་སྐྱོན་གྱིས་བརྙས་པ་སྟེ། དེའི་གཉེན་པོར་གང་ཟག་ཆོས་སྨྲ་བ་ལ་བརྙས་པ་མེད་པ་ཉིད་ཅེས་བྱ་བའི་རྣམ་པ་ཡིན་ནོ། །ཁོང་དུ་ ཆུད་པ་དང་། སྒྲུབ་པའི་ནུས་པ་མི་འབྱུང་ངོ་སྙམ་པའི་ཕྱིར་བདག་ཉིད་ལ་བརྙས་པ་ནི་ཁོང་དུ་ཆུད་པའི་ནུས་པ་མི་འབྱུང་ངོ་སྙམ་པའི་ཕྱིར་དང་། སྒྲུབ་པའི་ནུས་པ་མི་འབྱུང་ངོ་སྙམ་པའི་ཕྱིར་བདག་ལ་བརྙས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་གཉེན་པོར་བདག་ཉིད་ལ་བརྙས་པ་མེད་པ་ཉིད་ཅེས་བྱ་ བའི་རྣམ་པ་ཡིན་ནོ། །འཛིན་པའི་སྐྱོན་ཡང་རྣམ་པ་ལྔ་སྟེ། ལོག་པར་འཛིན་པ་སྟེ། དེའི་གཉེན་པོར་ཀུན་དུ་ཤེས་པར་བྱ་བའི་སེམས་ཞེས་བྱ་བའི་རྣམ་པ་ཡིན་ནོ། །དོན་མི་འཛིན་པ་སྟེ། དེའི་གཉེན་པོར་སེམས་རྩེ་གཅིག་ཏུ་བྱ་བ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །ཚིག་འབྲུ་མི་འཛིན་པ་སྟེ། དེའི་གཉེན་ པོར་རྣ་བླགས་པ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །བརྡ་མ་ཕྲད་པར་འཛིན་པ་སྟེ། དེའི་གཉེན་པོར་སེམས་ཀུན་དུ་བཏུང་བ་ཞེས་བྱ་བའི་རྣམ་པ་ཡིན་ནོ། །མ་ལུས་པར་མི་འཛིན་པ་སྟེ། དེའི་གཉེན་པོར་སེམས་ཐམས་ཅད་ཀྱིས་བསམས་ནས་ཆོས་མཉན་པར་བྱ་བའི་རྣམ་པ་ཡིན་ནོ། །ལྷག་མ་ནི་ གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །ལྷག་མ་གང་ཞེ་ན། རེ་ཞིག་སྐྱོན་བཅུ་གསུམ་དང་པོར་བསྟན་པ་རྣམས་ལས་དོན་དུ་མི་གཉེར་བ་ཉིད་ཀྱི་སྐྱོན་དང་། གཞན་གྱི་ཕྱོགས་བྱེད་པས་སྙིང་ན་བའི་སྐྱོན་དང་། མཆོད་པར་མི་འགྱུར་བས་སྨྲ་བ་པོ་རབ་ཏུ་མི་འཛིན་པའི་སྐྱོན་དང་། སུན་ཅི་ཕྱིན་དུ་བརྒལ་ བའི་བསམ་པའི་སྐྱོན་ཞེས་བྱ་བ་འདི་ནི་ལྷག་མ་སྟེ་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །སྐྱོན་དྲུག་པོ་རྣམས་ལས་ཀྱང་ལྷག་མ་མོས་པ་མེད་པའི་སྐྱོན་དང་། མཆོད་པར་མི་འགྱུར་བའི་སྐྱོན་ཞེས་བྱ་བ་འདི་ཡང་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །གསུང་གྲོང་ཁྱེར་པ་དང་གསུང་གསལ་བ་དང་། སྙན་ ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་ཤེས་པར་བྱ་བ་དང་། མཉན་པར་འོས་པ་དང་། མི་བརྟེན་པ་དང་། མི་མཐུན་པ་མེད་པ་དང་ཡོངས་སུ་གཏུགས་པ་མེད་པས་ཆོས་སྟོན་པར་མཛད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལས། དེ་ལ་ རྣམ་པ་གཉིས་ཀྱིས་ཏེ། ཁྱད་པར་གཉིས་ཀྱིས་གསུང་སྙན་པ་ཉིད་དུ་རིག་པར་བྱ་སྟེ། གསུང་རྒྱ་ཆེ་བ་ཉིད་ཀྱིས་ཏེ་འཁོར་ལ་ཆུབ་པར་མཛད་པའི་ཕྱིར་དང་སྟེ། འདི་ལྟར་གསུང་དེས་འཁོར་ལ་ཆུབ་པར་མཛད་པ་དང་། གསུང་འཇམ་པ་ཉིད་ཀྱིས་སོ། །དེ་ལ་གསུང་རྒྱ་ཆེ་བ་ཉིད་ཀྱིས་ནི་གསུང་ཡོན་ ཏན་དང་པོ་སྟེ། གསུང་སྙན་པ་ཉིད་དང་ལྡན་པར་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་གསུང་གསལ་བ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ཏེ། རབ་ཏུ་སྟོན་པ་ཡིན་ནོ། །གསུང་འཇམ་པ་ཉིད་ཀྱིས་ཀྱང་གསུང་ཡོན་ཏན་དང་པོ་ཉིད་དེ། གསུང་སྙན་པ་ཉིད་དང་ལྡན་པར་ཡང་དག་ པར་སྡུད་པར་བྱེད་པ་རྣམས་ཀྱིས་སྙན་ཅིང་འཇེབས་པ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། །རྣམ་པ་གཉིས་ཀྱིས་ན་ཚིག་འབྲུ་བཟང་པོ་ཉིད་ཡིན་པར་རིག་པར་བྱ་སྟེ། ཚིག་འབྲུ་ངེས་པའི་ཚིག་ལེགས་པ་ཉིད་དང་། བརྗོད་པ་གོ་བར་མཛད་པ་ཉིད་ཀྱིས་སོ། །ཚིག་འབྲུ་ངེས་པའི་ཚིག་ ལེགས་པ་ཉིད་ཀྱིས་ན་གསུང་ཡོན་ཏན་གཉིས་པ་ཉིད་དེ། ཚིག་འབྲུ་བཟང་པོ་ཉིད་དང་ལྡན་པར་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་རྣམ་པར་གསལ་བ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། །བརྗོད་པ་གོ་བར་མཛད་པ་ཉིད་ཀྱིས་ཀྱང་གསུང་ཡོན་ཏན་ གཉིས་པ་ཉིད་དེ། ཚིག་འབྲུ་བཟང་པོ་ཉིད་དང་ལྡན་པར་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་རྣམ་པར་ཤེས་པར་བྱ་བ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། ལྷག་མ་རྣམས་ནི་རེ་རེས་ཏེ། ཡོན་ཏན་ལྷག་མ་དོན་བཟང་པོ་ཉིད་ལ་སོགས་པ་བཞི་ནི་རྣམ་པ་རེ་རེས་རིག་པར་བྱའོ། །ཇི་ལྟར་ བྱས་པས་ཤེ་ན། རིགས་པའི་དོན་དང་ལྡན་པ་ཉིད་ཀྱིས་ཏེ་མཉན་པར་འོས་པའི་ཕྱིར་ན་དོན་བཟང་པོ་ཉིད་དུ་རིག་པར་བྱ་སྟེ། འདིས་ནི་གསུང་ཡོན་ཏན་གསུམ་པ་སྟེ། དོན་བཟང་པོ་ཉིད་དང་ལྡན་པར་མཉན་པར་འོས་པ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། །རྙེད་པ་ལ་སོགས་པའི་བཞེད་ པ་དང་མི་ལྡན་པ་ཉིད་ཀྱིས་ཏེ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པའི་བཞེད་པ་དང་མི་ལྡན་པ་ཉིད་ཀྱིས་ཟང་ཟིང་མེད་པ་ཉིད་དུ་རིག་པར་བྱ་སྟེ། འདིས་ནི་གསུང་ཡོན་ཏན་བཞི་པ་སྟེ། ཟང་ཟིང་མེད་པ་ཉིད་དང་ལྡན་པར་མི་བརྟེན་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། །འཁོར་ཇི་ ལྟ་བ་བཞིན་དུ་སྦྱོར་བ་ཉིད་ཀྱིས་ན་ཇི་ལྟར་འོས་པ་ཉིད་ཡིན་པར་རིག་པར་བྱའོ། །འདིས་ནི་གསུང་ཡོན་ཏན་ལྔ་པ་སྟེ། ཇི་ལྟར་འོས་པ་ཉིད་ཅེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། །འཁོར་ཇི་ལྟ་བ་བཞིན་དུ་སྦྱོར་བ་ཉིད་ཀྱང་གང་ཞིག་སྦྱིན་པ་ལ་སོགས་པའི་གཏམ་རྣམས་ལས་གཏམ་ གང་གིས་གདུལ་བར་བྱ་བ་དེ་གཏམ་དེའི་སྦྱོར་བས་གདུལ་བར་བྱ་བ་ཡིན་ནོ། །སྤོབས་པ་དཔག་ཏུ་མེད་པ་དང་ལྡན་པ་ཉིད་ཀྱིས་ན་རྒྱ་ཆེ་བ་ཉིད་ཡིན་པར་རིག་པར་བྱའོ། །འདིས་ཀྱང་གསུང་ཡོན་ཏན་དྲུག་པ་སྟེ། རྒྱ་ཆེ་བ་ཉིད་དང་ལྡན་པར་ཡང་དག་པར་སྡུད་པར་བྱེད་པ་དེ་དག་གིས་ཡོངས་སུ་གཏུགས་ པ་མེད་པ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་པ་ཡིན་ནོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་ཉིད་གྲོང་ཁྱེར་ཡིན་པས་གསུང་འདི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ་ཡིན་པས་འདི་ནི་མྱ་ངན་ལས་འདས་ པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ་སྟེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དངོས་པོ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ་ཉིད་དོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ་དེ་ཉིད་ཀྱི་རྒྱུས་གྲོང་ཁྱེར་པ་ཞེས་ཀྱང་བྱ་སྟེ། གྲོང་ཁྱེར་ལ་ཡོད་པའི་ཕྱིར་ཏེ། དེའི་དབང་དུ་མཛད་པའི་དོན་གྱིས་སོ། །གསུང་འཇམ་པ་ཉིད་ཀྱི་རྒྱུས་ནི་སྙན་ཅིང་འཇེབས་པ་ཡིན་ནོ། །ཚིག་འབྲུའི་ངེས་པའི་ཚིག་ལེགས་པ་ཉིད་ཀྱི་རྒྱུས་ན་རྣམ་པར་གསལ་བ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཚིག་དང་ཡིག་འབྲུའི་ངེས་ པའི་ཚིག་མ་ལེགས་པ་ནི་དོན་ཡང་དྲང་བར་དཀའ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །གོ་བར་མཛད་པ་ཉིད་ཀྱི་རྒྱུས་ན་རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །ཆོས་དང་དོན་དང་ལྡན་པ་ཉིད་ཀྱི་རྒྱུས་ན་མཉན་པར་འོས་པ་ཡིན་ནོ། །དད་ནས་བཀུར་སྟི་བྱེད་པ་ལ་མི་བརྟེན་པ་ཉིད་ཀྱི་རྒྱུས་ན་མི་བརྟེན་པ་ ཡིན་ནོ། །རན་པར་གསུངས་པ་ཉིད་ཀྱི་རྒྱུས་ན་མི་མཐུན་པ་མེད་པ་ཡིན་ནོ། །རྒྱ་ཆེ་ཞིང་ཐབས་མཁས་པ་ཉིད་ཀྱི་རྒྱུས་ན་རྒྱ་ཆེ་བ་ཉིད་དང་། ཐབས་མཁས་པ་ཉིད་ཀྱི་རྒྱུས་ཏེ། ཡོངས་སུ་གཏུགས་པ་མེད་པ་ཡིན་ནོ། །དེ་ལ་རྒྱ་ཆེ་བ་ཉིད་ནི་གསུང་མང་བ་ཡིན་ནོ། །ཐབས་མཁས་པ་ནི་གསུང་ཚིག་དང་ ཡིག་འབྲུ་འབྲེལ་པ་ཡིན་ནོ། །གསུང་ཡོངས་སུ་གཏུགས་པ་མེད་པ་ཉིད་ནི་ཡོངས་སུ་ཟད་མི་ཤེས་པ་ཉིད་ཡིན་ནོ། །འདི་ནི་ཞེས་བྱ་བ་ནི་གསུང་རྣམ་པ་བརྒྱད་དང་ལྡན་པ་འདི་ནིའོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་མདོར་ན་སྟེ་བསྡུ་ན་ཡོན་ ཏན་གསུམ་དང་ལྡན་པར་རིག་པར་བྱ་སྟེ། ཇི་ལྟར་བྱས་པས་ཤེ་ན། དབང་དུ་མཛད་པ་ཉིད་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་མཛད་པའི་ཕྱིར་རྣམ་པ་གཅིག་གིས་ཏེ། གསུང་གྲོང་ཁྱེར་པ་ཞེས་བྱ་བའི་ཚིག་འདིས་ནི་ཡོན་ཏན་དང་པོ་དང་ལྡན་པར་རིག་པར་བྱའོ། །རང་བཞིན་ཉིད་ནི་རྣམ་པ་ གཉིས་ཀྱིས་ཏེ། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་ཡོན་ཏན་གཉིས་པ་དང་ལྡན་པར་རིག་པར་བྱའོ། །འདིའི་རང་བཞིན་ཡང་གང་ཞེ་ན། འཇམ་པ་ཉིད་དོ། །སྦྱོར་བ་ཉིད་ནི་རྣམ་པ་ལྷག་མ་རྣམས་ཀྱིས་ཏེ། རྣམ་པར་ཤེས་པར་བྱ་བ་ཞེས་བྱ་བ་དང་། དེ་ལ་ སོགས་པ་རྣམས་ཀྱིས་སོ། །སྦྱོར་བ་པོ་དེས་ཇི་ལྟར་རྣམ་པར་ཤེས་པར་བྱ་བ་དང་། མཉན་པར་འོས་པ་དང་རྙེད་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པ་ལ་མི་བརྟེན་པ་དང་། མི་མཐུན་པ་མེད་པ་དང་། ཡོངས་སུ་གཏུགས་པ་མེད་པར་དེ་སྦྱོར་བ་དེ་ལྟ་བུར་ནི་ སྦྱོར་བ་ཉིད་ཡིན་ཏེ། ལྷག་མ་རྣམས་ཀྱིས་ཡོན་ཏན་གསུམ་དང་ལྡན་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ས་ག་དགེ་སློང་རབ་ཏུ་མང་པོ་དག་རིམ་གྲོའི་གནས་སུ་ཚོགས་ཤིང་འདུས་པར་གྱུར་པ་དག་ལ་སྐད་གསལ་བ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་ཤེས་པར་ བྱ་བ་དང་། མཉན་པར་འོས་པ་དང་། མི་བརྟེན་པ་དང་། མི་མཐུན་པ་མེད་པ་དང་། ཡོངས་སུ་གཏུགས་པ་མེད་པས་ཆོས་སྟོན་པར་བྱེད་པ་དང་། དེ་ལ་དགེ་སློང་དེ་དག་གིས་བཀུར་སྟིར་བྱས། བླ་མར་བྱས། གཅེས་པར་བྱས། ཡིད་ལ་བྱས། སེམས་རྩེ་གཅིག་ཏུ་བྱས་ཏེ། རྣ་བླགས་ཤིང་ སེམས་ཐམས་ཅད་ཀྱིས་བསམས་ནས་ཆོས་ཉན་པར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འདིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བཤད་པ་འདིས་ནི་བཀུར་སྟིར་བྱས་ནས་ཆོས་ཉན་པ་སྐྱོན་དྲུག་དང་བྲལ་བར་བསྟན་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། དེ་ལ་བླ་མར་བྱས་ཞེས་བྱ་བའི་ཚིག་ འདིས་ནི་བཀུར་སྟིར་བྱས་ནས་ཉན་པ་ང་རྒྱལ་གྱི་སྐྱོན་དང་བྲལ་བར་བསྟན་ཏོ། །དེ་བཞིན་དུ་སེམས་ཐམས་ཅད་ཀྱིས་བསམས་ནས་ཞེས་བྱ་བའི་བར་གྱི་ཚིག་འདིས་ནི་བཀུར་སྟིར་བྱས་ནས་ཉན་པ་སྐྱོ་བའི་སྐྱོན་དང་བྲལ་བར་བསྟན་ཏོ། །དྲི་མ་ཞེས་བྱ་བ་ནི་སྐྱོན་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་མངོན་པ་དང་འདུལ་ བ་མངོན་པ་ལས་དྲི་བ་དྲིས་པ་ཡང་ཤེས་ཤིང་། ཚིག་དང་ཡིག་འབྲུ་རིགས་པ་དང་། འབྲེལ་བ་དང་། རྗེས་སུ་མཐུན་པ་དང་། འབྱོར་པ་དང་། ཐབས་དང་ལྡན་པ་དང་། འཚམ་པ་དང་། མཐུན་པ་དང་། རྟག་ཏུ་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་རྣམས་ཀྱིས་ལན་ལྡོན་པར་ཡང་བྱེད་ དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཤེས་ལ་ལན་ལྡོན་པར་ཡང་བྱེད་དོ་ཞེས་བྱ་བ་ནི་འདྲི་བ་དེ་དག་ཤེས་པ་སྟེ། །ཁོང་དུ་ཆུད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། ལན་ལྡོན་པར་ཡང་བྱེད་དོ། །ལུང་སྟོན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ ནི་མདོ་སྡེའི་དུམ་བུ་འདི་ལས་ནི་འདྲི་བ་རྣམ་པ་གསུམ་ལ་ལན་གདབ་པ་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། ཚིག་དང་ཡིག་འབྲུ་རིགས་པ་དང་ཞེས་བྱ་བ་དེ་ལ་སོགས་པ་ཡོན་ཏན་བརྒྱད་དག་དང་ལྡན་པ་ཡོངས་སུ་བསྟན་པ་ཡིན་ནོ། །དོན་དང་མཚམས་སྦྱར་བའི་དབང་དུ་བྱས་ནས་ཞེས་བྱ་བ་ནི་དོན་གྱི་ དབང་དུ་བྱས་ནས་དང་། མཚམས་སྦྱར་བའི་དབང་དུ་བྱས་ནས་སོ། །མི་ཤེས་ཏེ་འདྲི་བ་དེ་ལ་ནི་མི་ཤེས་ནས་འདྲི་བ་ལ་ནི་སྟེ། དེའི་ལན་གདབ་པར་ཡོངས་སུ་བསྟན་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། དོན་གྱི་དབང་དུ་བྱས་ནས་ནི་དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་ཏེ། ཚིག་དང་ཡིག་འབྲུ་རིགས་ པ་ཞེས་བྱ་བའི་ཚིག་འདིས་སོ། །མཚམས་སྦྱར་བའི་དབང་དུ་མཛད་ནས་ནི་མཚམས་སྦྱར་བ་འབྲེལ་པར་བྱེད་པ་ཉིད་ཀྱིས་ཏེ། འབྲེལ་པ་ཞེས་བྱ་བའི་ཚིག་འདིས་སོ། །དེ་ལྟར་ན་རེ་ཞིག་མི་ཤེས་ནས་འདྲི་བ་དང་པོ་རྣམ་པ་གཉིས་ལ་དེའི་ལན་གདབ་པ་ཚིག་གཉིས་ཀྱིས་ཡོངས་སུ་བསྟན་པ་ཡིན་ ནོ། །ཆོས་ཉིད་དང་སྔ་ཕྱིའི་དབང་དུ་མཛད་ནས་ནི་གཉིས་པས་ཏེ། དེ་ལ་ཆོས་ཉིད་ནི་ཆོས་རྣམས་ཀྱི་རང་བཞིན་ཏེ། དཔེར་ན་མ་རིག་པ་ལ་སོགས་པ་ནི་འདུ་བྱེད་ལ་སོགས་པའི་རྐྱེན་གྱི་དངོས་པོ་ཡིན་པ་ལྟ་བུ་སྟེ། ཆོས་ཉིད་དེའི་དབང་དུ་བྱས་ནས་འགལ་བ་འདྲི་བ་འབྱུང་ངོ་། །འགལ་བའི་དབང་དུ་བྱས་ ནས་འདྲི་བའམ། འགལ་བས་འདྲི་བ་ནི་འགལ་བ་འདྲི་བ་སྟེ། ཅིའི་ཕྱིར་མ་རིག་པ་ལ་སོགས་པ་འདུ་བྱེད་ལ་སོགས་པའི་རྐྱེན་ཡིན་ཞེས་བྱ་བ་ལྟ་བུའོ། །སྔ་ཕྱིའི་དབང་དུ་བྱས་ནས་འགལ་བ་འདྲི་བ་འབྱུང་བ་ནི་ཅིའི་ཕྱིར་ན། ཚོར་བ་གང་ཅི་ཡང་རུང་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་ཀྱང་གསུངས་ ལ། ཚོར་བ་ནི་གསུམ་སྟེ། བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ་ཞེས་ཀྱང་གསུངས་ཞེས་བྱ་བ་ལྟ་བུའོ། །འགལ་བ་འདྲི་བ་རྣམ་པ་གཉིས་པོ་འདི་ལས་རེ་ཞིག་དང་པོའི་ལེན་གདབ་པ་ནི་ཆོས་ཉིད་ཀྱི་རྗེས་སུ་ མཐུན་པ་ཉིད་ཀྱིས་ཏེ། །རྗེས་སུ་མཐུན་པ་ཞེས་བྱ་བའི་ཚིག་འདིས་སོ། །གཉིས་པ་ནི་དགོངས་པ་བསྟན་པ་ཉིད་ཀྱིས་ཏེ། འབྱོར་པ་ཞེས་བྱ་བའི་ཚིག་འདིས་སོ། །འབྱོར་པ་ཞེས་བྱ་བ་ནི་དགོངས་པ་བསྟན་པ་གང་ཡིན་པའོ། །འདྲི་བ་གཉི་ག་ལ་ཡང་སྟེ། མི་ཤེས་ནས་འདྲི་བ་དང་། འགལ་བ་འདྲི་བ་ལ་ཡང་གོ་བར་བྱེད་པ་ཉིད་ཀྱིས་ཏེ། ཐབས་དང་ལྡན་པ་ཞེས་བྱ་བའི་ཚིག་འདིས་ལན་གདབ་པ་ཡིན་ནོ། །འདིས་འགྲུབ་པས་ན་ཐབས་སོ། །ཐབས་ཉིད་ཐབས་དང་ལྡན་པ་སྟེ། གདུལ་བ་དང་ལྡན་པ་ཞེས་བྱ་བ་བཞིན་ནོ། །འདྲི་བ་གཉི་ག་ལ་ ཡང་གདུལ་བ་ཇི་ལྟ་བ་བཞིན་དུ་འཆད་པ་ཉིད་ཀྱིས་ཀྱང་ཡིན་ཏེ། འཚམ་པ་ཞེས་བྱ་བའི་ཚིག་འདིས་ལན་གདབ་པ་ཡིན་ནོ། །རྟོགས་པའི་དབང་དུ་བྱས་ནས་ནི་གདམས་ངག་འདྲི་བ་སྟེ། གསུམ་པ་ཡིན་ནོ། །དེ་ལ་རྟོགས་པ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའོ། །དེའི་དབང་དུ་བྱས་ ནས་ནི་ཆེད་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །གདམས་ངག་ཐོབ་པར་བྱ་བའི་ཕྱིར་འདྲི་བ་ནི་གདམས་ངག་འདྲི་བ་སྟེ། གདམས་ངག་འདྲི་བ་ལ་ནི་འཇིག་རྟེན་པའི་ཡོན་ཏན་མངོན་པར་སྒྲུབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ཏེ། །འཇིག་རྟེན་པ་རྣམས་ཀྱི་ཡོན་ཏན་རྣམས་ནི་བསམ་གཏན་དང་། གཟུགས་མེད་པ་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་ལ་སོགས་པ་ཟག་པ་དང་བཅས་པ་རྣམས་སོ། །མངོན་པར་སྒྲུབ་པ་དང་། རྗེས་སུ་མཐུན་པ་ཉིད་ཀྱིས་ནི་སྐྱེས་པ་དང་མཐུན་པ་ཉིད་ཀྱིས་ཏེ། མཐུན་པ་ཞེས་བྱ་བའི་ཚིག་འདིས་ལན་གདབ་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ ཡོན་ཏན་མངོན་པར་སྒྲུབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ནི་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྣམས་ཏེ། ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་མངོན་པར་སྒྲུབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ཏེ། རྟག་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་རྣམས་ ཀྱིས་ཞེས་བྱ་བའི་ཚིག་འདིས་ལན་གདབ་པ་ཡིན་པར་ཡོངས་སུ་བསྟན་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ཡོན་ཏན་མངོན་བར་སྒྲུབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ཡིན་པར་ཇི་ལྟར་ཤེས་ཤེ་ན། རྟག་འགྲུས་སྐྱོང་གི་ཡན་ལག་འཕགས་པའི་ལམ་གྱི་ཡན་ལག་གི་ཚོགས་ཡིན་པའི་ཕྱིར་རོ། ། འདི་ལྟར་རྟོག་པ་ཐོབ་པར་བྱ་བའི་ཕྱིར་འདྲི་བ་ལ་ནི་རྟག་འགྲུས་སྐྱོང་སྟེ། སློབ་པའི་ཡན་ལག་འཕགས་པའི་ལམ་གྱི་ཡན་ལག་གི་ཚོགས་རྣམས་ཀྱིས་ལན་གདབ་པ་ཡིན་པས་སོ། །རྟག་ཏུ་ནས་བྱ་བ་རྒྱས་པར་འབྱུང་བ་ནི་རྟག་པ་སྟེ་རྟག་ཏུ་དང་འགྲུས་པ་སྟེ། བསྒྲིམས་པས་ཟག་པ་རྣམས་ལས་ ཏེ། ཉོན་མོངས་པ་རྣམས་ལས་སེམས་བསྲུང་བའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡང་རིགས་པ་ཉིད་ནི་འབྲེལ་པ་ཉིད་ཀྱིས་གསལ་བར་བྱེད་པ་སྟེ། ཚིག་དང་ཡིག་འབྲུ་རིགས་པ་དང་འབྲེལ་པ་ཞེས་བྱ་བའོ། །ཇི་ལྟར་འབྲེལ་པ་ཡིན་ཞེ་ན། སྔ་ཕྱི་མ་འབྲེལ་པ་མེད་པ་ ཉིད་ཀྱིས་སོ། །རྗེས་སུ་མཐུན་པ་ཉིད་ནི་འབྱོར་པ་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་ཏེ། རྗེས་སུ་མཐུན་པ་དང་། འབྱོར་པ་ཞེས་བྱ་བའི་ཚིག་འདིས་སོ། །དོན་གང་གིས་ཤེ་ན། ཆོས་ཉིད་དང་མི་མཐུན་པ་མེད་པ་ཉིད་ཀྱིས་སོ། །ཐབས་དང་ལྡན་པ་ཉིད་ནི་འཚམ་པ་ཉིད་ཀྱིས་གསལ་བར་བྱེད་ པ་ཡིན་ཏེ། ཐབས་དང་ལྡན་པ་དང་། འཚམ་པ་ཞེས་བྱ་བའོ། །ཇི་ལྟ་ཞེ་ན། གདུལ་བ་དང་རྗེས་སུ་མཐུན་པར་འཆད་པ་ཉིད་ཀྱིས་སོ། །མཐུན་པ་ཉིད་ནི་རྟག་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཉིད་ཀྱིས་གསལ་བར་བྱེད་པ་ཡིན་ཏེ། མཐུན་པ་དང་། རྟག་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ རྣམས་ཞེས་བྱའོ། །ཇི་ལྟ་ཞེ་ན། ཚངས་པར་སྤྱོད་པའི་རྗེས་སུ་མཐུན་པ་ཉིད་ཀྱིས་སོ། །དེ་ལྟར་གསུང་དབྱངས་ཡན་ལག་ལྔ་དང་ལྡན་པའི་བཤད་པ་ལས་འབྱུང་བ་ལྟ་བུ་སྟེ། ཚིག་སྔ་མ་ཕྱི་མས་གསལ་བར་བྱེད་པ་ཡིན་ནོ། །ཇི་སྐད་འབྱུང་ཞེ་ན། ཀྱེ་མཁན་པོ་གཽ་ཏ་མ་ཤེས་ལྡན་དེ་ནི་འཁོར་ རྣམས་ལ་ཆོས་སྟོན་པ་ན་གསུང་དབྱངས་ཡན་ལག་ལྔ་དང་ལྡན་པ་ཞལ་ནས་འབྱུང་བ་སྟེ། བརྗིད་པ་དང་། འབྲུག་ལྟར་སྒྲོགས་པ་དང་། སྙན་ཅིང་འཇེབས་པ་དང་། རྣར་སྙན་པ་དང་། སྙིང་དུ་འཐད་པ་དང་། དགའ་བར་བྱེད་པ་དང་། གསལ་བ་དང་། རྣམ་པར་ཤེས་པར་བྱ་བ་དང་། མཉན་ པར་འོས་པ་དང་། མི་མཐུན་པ་མེད་པའོ་ཞེས་འབྱུང་བ་སྟེ། ཚིག་སྔ་མ་ཕྱི་མས་གསལ་བར་བྱེད་པ་ཡིན་ནོ། །ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཚིག་ཕྱི་མ་ཕྱི་མས་རྣམ་པར་བཤད་པ་དང་བཅས་པ་ཚིག་དང་ཡིག་འབྲུ་རིགས་པ་དང་འབྲེལ་པ་དང་ཞེས་བྱ་བ་ དེ་ལ་སོགས་པའི་ཚིག་འདི་རྣམས་ཀྱིས་སོ། །ཚིག་ཕྱི་མས་རྣམ་པར་བཤད་པ་ནི་ཚིག་ཕྱི་མས་རྣམ་པར་བཤད་པའོ། །ཚིག་གང་དག་ཚིག་ཕྱི་མས་རྣམ་པར་བཤད་པའང་ལྷན་ཅིག་པ་ནི་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པ་སྟེ་དེ་རྣམས་ཀྱིས་སོ། །འདྲི་བ་ཐམས་ཅད་ལ་སྟེ་མི་ཤེས་ནས་འདྲི་བ་དང་འགལ་བ་ འདྲི་བ་དང་། གདམས་ངག་འདྲི་བ་རྣམ་པ་ཐ་དད་པ་དུ་མ་ལ་ལན་གདབ་པ་ཡོན་ཏན་བཞི་དང་ལྡན་པར་བསྟན་པ་ཡིན་ཏེ། སྔ་ཕྱི་མི་འགལ་བར་ལན་གདབ་པ་ནི་ཚིག་འབྲུ་རིགས་པ་དང་འབྲེལ་པ་ཞེས་བྱ་བའི་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པའི་ཚིག་འདིས་བསྟན་ པ་ཡིན་ནོ། །ཆོས་ཉིད་དང་མཐུན་པར་ལན་གདབ་པ་ནི་རྗེས་སུ་མཐུན་པ་དང་འབྱོར་པ་ཞེས་བྱ་བའི་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པའི་ཚིག་འདིས་བསྟན་པ་ཡིན་ནོ། །གདུལ་བ་དང་མཐུན་པ་སྟེ། གདུལ་བ་དང་མཐུན་པར་རྗེས་སུ་མཐུན་པར་ལན་གདབ་པ་ནི་ཐབས་དང་ལྡན་པ་དང་ འཚམ་པ་ཞེས་བྱ་བའི་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པའི་ཚིག་འདིས་བསྟན་པ་ཡིན་ནོ། །དོན་གྱི་མཆོག་དང་མཐུན་པར་ལན་གདབ་པ་ནི་མཐུན་པ་དང་རྟག་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་རྣམས་ཀྱིས་ཞེས་བྱ་བའི་ཚིག་ཕྱི་མས་རྣམ་པར་བཤད་པ་དང་བཅས་པའི་ཚིག་འདིས་བསྟན་ པ་ཡིན་ནོ། །ཡོན་ཏན་བརྒྱད་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དོན་ལ་འཇུག་པ་ངེས་པར་འབྱིན་པ་ཉིད་ནི་ཚིག་དང་ཡིག་འབྲུ་བརྗོད་པར་བྱ་བའི་དོན་ལ་འཇུག་པ་སྟེ། རྟོགས་པ་ནི་དོན་ལ་འཇུག་པའོ། །འདིས་ངེས་པ