Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 137
Văn bản gốc(Tây Tạng)
Trang 5 / 20 (50.000 ký tự/trang)
ི་མི་དགེ་བའི་རྩ་བ་དང་ཞེ་སྡང་དང་གཏི་མུག་གོ་ཞེས་བྱ་བ་སྨོས་ཏེ། འདོད་པ་ན་སྤྱོད་ཅེས་བྱ་བ་ནི་འདོད་པའི་ཁམས་སུ་གཏོགས་པ་ཞེས་བྱ་བའི་དོན་ཏོ། །འདོད་པའི་ཁམས་སུ་གཏོགས་པའི་འདོད་ཆགས་དང་། འདོད་པའི་ཁམས་སུ་ གཏོགས་པའི་ཁོང་ཁྲོ་བ་དང་། འདོད་པའི་ཁམས་སུ་གཏོགས་པའི་མ་རིག་པ་དེ་དག་གསུམ་ལ་མི་དགེ་བའི་རྩ་བ་གསུམ་ཞེས་བྱ་སྟེ། འདོད་པ་ན་སྤྱོད་པའི་འདོད་ཆགས་ལ་ནི་ཆགས་པ་མི་དགེ་བའི་རྩ་བ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་ཁོང་ཁྲོ་བ་ལ་ནི་ཞེ་སྡང་མི་དགེ་བའི་རྩ་བ་ཞེས་བྱའོ། །འདོད་པ་ ན་སྤྱོད་པའི་མ་རིག་པ་ལ་ནི་གཏི་མུག་མི་དགེ་བའི་རྩ་བ་ཞེས་བྱའོ། །འདོད་པ་ན་སྤྱོད་པའི་འདོད་ཆགས་བ་དང་ཁོང་ཁྲོ་བ་དང་མ་རིག་པ་དེ་དག་རང་ཉིད་ཀྱང་མི་དགེ་བ་ཡིན་ལ་སྲོག་གཅོད་པ་ལ་སོགས་པ་ནི་དགེ་བ་གཞན་གྱི་ཡང་རྒྱུ་བྱེད་པས་མི་དགེ་བའི་རྩ་བ་ཞེས་བྱའོ། །གཟུགས་དང་གཟུགས་མེད་པའི་ ཁམས་ཀྱི་འདོད་ཆགས་དང་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་འདོད་པའི་ཡོན་ཏན་ལ་ཁ་ཕྱིར་བལྟས་པ་མ་ཡིན་གྱི་ཁ་ནང་དུ་བལྟས་ཤིང་དེ་དག་གི་ཉོན་མོངས་པ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་གཞན་གྱི་རྒྱུ་ཡང་མི་བྱེད་པས་ན་མི་དགེ་བའི་རྩ་བ་ཞེས་མི་བྱའི། གཟུགས་དང་གཟུགས་ མེད་པའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་ལ་ལུང་དུ་མི་སྟོན་པ་ཞེས་བྱའོ། །ལྟ་བའི་རང་བཞིན་བསྟན་པའི་ཕྱིར། ལྟ་བ་གང་ཞེ་ན་ཞེས་དྲིས་ཏེ། ལྟ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་ཤེས་རབ་ཀྱིས་འདི་དང་འདི་ལྟ་བུ་ཞིག་ཅེས་རྣམ་པར་རྟོག་ཅིང་དཔྱོད་པའི་བདག་ མཚན་ཉིད་ལ་ལྟ་བ་ཞེས་བྱའོ། །དེའང་རྣམ་པ་གསུམ་སྟེ། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་དང་། ཟག་པ་མེད་པའི་ལྟ་བ་དང་། ཉོན་མོངས་པ་དང་བཅས་པའི་ལྟ་བའོ། །དེ་ལ་ཡང་ལས་ཀྱི་འབྲས་བུ་ཡོད། ཚེ་འདི་ཡོད། ཚེ་ཕྱི་མ་ཡོད་ཅེས་ལྟ་བ་ནི་འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ཞེས་ བྱའོ། །འཕགས་པ་རྣམས་གང་ཟག་དང་ཆོས་ལ་བདག་མེད་པར་ལྟ་བ་ནི་ཟག་པ་མེད་པའི་ལྟ་བ་ཞེས་བྱའོ། །མུ་སྟེགས་པ་རྣམས་བདག་རྟག་པ་ལ་སོགས་པར་ལྟ་བ་ནི་ཉོན་མོངས་པ་དང་བཅས་པའི་ལྟ་བ་ཞེས་བྱ་སྟེ། འདིར་ཉོན་མོངས་པ་བཤད་པའི་སྐབས་ཡིན་པས། འཇིག་རྟེན་གྱི་ཡང་དག་ པའི་ལྟ་བ་དང་། ཟག་པ་མེད་པའི་ལྟ་བ་ལ་ནི་མི་བྱའོ། །ཉོན་མོངས་པ་དང་བཅས་པའི་ལྟ་བ་ལྔ་ལ་བྱ་བའི་ཕྱིར། ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་བསྙེམས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པའོ་ཞེས་ བྱ་བ་སྨོས་ཏེ། ལྟ་བ་ལྔ་པོ་དེ་དག་ཀྱང་ཉོན་མོངས་པ་ཅན་གྱི་རང་བཞིན་དུ་ཁྱད་པར་མེད་མོད་ཀྱི་ལྟ་བ་དེ་དག་གིས་དམིགས་པར་བྱ་བའི་ཡུལ་ལ་རྣམ་པ་ཐ་དད་པར་དམིགས་པའི་སྒོ་ནས་ལྟ་བ་རྣམ་པ་ལྔར་གཞག་གོ། །ལྟ་བ་དེ་དག་གིས་དམིགས་པར་བྱ་བའི་ཡུལ་ནི་ཕུང་པོ་ལྔ་ཡིན་ཏེ། ཕུང་པོ་ལྔ་ ལ་འཇིག་ཚོགས་ལ་ལྟ་བས་ནི་བདག་དང་བདག་གིར་རྣམ་པར་ལྟ། ཕུང་པོ་ལྔ་ལ་མཐར་འཛིན་པར་ལྟ་བས་ནི་རྟག་པ་དང་ཆད་པའི་རྣམ་པར་ལྟ། ལོག་པའི་ལྟ་བས་ནི་ཕུང་པོ་ལྔ་ལ་མེད་པའི་རྣམ་པར་ལྟ། ཕུང་པོ་ལྔ་ལ་ལྟ་བ་བསྙེམས་པས་ནི་མཆོག་དང་དམ་པའི་རྣམ་པར་ལྟ། ཕུང་པོ་ ལྔ་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པས་ནི་ཕུང་པོ་ལྔ་པོ་དེ་ཉིད་ཀྱིས་དག་པ་དང་གྲོལ་བའི་རྣམ་པར་ལྟའོ། །ལྟ་བ་ལྔ་ལས་འཇིག་ཚོགས་སུ་ལྟ་བའི་རང་བཞིན་བསྟན་པའི་ཕྱིར། འཇིག་ཚོགས་ལ་ལྟ་བ་གང་ཞེ་ན་ཞེས་དྲིས་ཏེ། འཇིག་ཚོགས་ལ་ལྟ་བའི་རང་བཞིན་དང་མཚན་ཉིད་ གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེ་ལ་འཇིག་པར་འགྱུར་ཞིང་མི་རྟག་པའི་ཆོས་ཡིན་པས་ན་འཇིག་པ་ཞེས་བྱ་སྟེ། དེས་ནི་རྟག་པར་ལྟ་བ་ཟློག་གོ། །ཆོས་སུ་མ་བརྩམས་པ་ལས་གྱུར་པས་ན་ཚོགས་ཞེས་བྱ་སྟེ། དེས་ནི་གཅིག་པུའི་རང་བཞིན་དུ་ལྟ་བ་ཟློག་གོ། །དོན་དུ་ན་མི་རྟག་པ་ དུ་མིའི་རང་བཞིན་ལ་བདག་རྟག་པ་གཅིག་པུར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་དེ་དངོས་སུ་གང་ལ་ལྟ་བ་བསྟན་པའི་ཕྱིར། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་སྟེ། གང་ཤེས་རབ་ཉོན་མོངས་པ་ཅན་ནོ་ ཞེས་བྱ་བ་སྨོས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། གཟུགས་ཀྱི་ཕུང་པོ་ནས། རྣམ་པར་ཤེས་པའི་ཕུང་པོའི་བར་དུ་ལྔའོ། །རྗེས་སུ་ལྟ་བ་ཞེས་བྱ་བ་ནི་ངེས་པར་འཛིན་པར་བྱེད་པའོ། །དེ་ལ་ཕུང་པོ་ལྔ་ནི་མི་རྟག་པ་དང་དུ་མའི་རང་བཞིན་ཡིན་པས་བདག་དང་བདག་གི་མེད་པ་ཡིན་ན། རང་གི་ རྒྱུད་དུ་གཏོགས་པའི་ཕུང་པོ་ལྔ་ལ་ནི་བདག་ཏུ་ངེས་པར་འཛིན་ཅིང་ལྟ། གཞན་གྱི་རྒྱུན་དུ་གཏོགས་པའི་ཕུང་པོ་ལྔ་ལ་ནི་བདག་གིར་ངེས་པར་འཛིན་ཅིང་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། །ཡང་ན་ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་བདག་ཏུ་ལྟ། ཕུང་པོ་ལྷག་མ་གཟུགས་དང་ ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་ལ་ནི་བདག་གིར་ལྟ་སྟེ། དེ་ལྟར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། །ཡང་ན་བདག་ཅེས་བྱ་བ་ཕུང་པོ་ལྔ་ལས་མ་གཏོགས་པར་རྟག་པ་གཅིག་པུ་ཞིག་ལོགས་ཤིག་ན་ཡོད་ལ། ཕུང་པོ་ལྔ་ནི་བདག་དེའི་རྟེན་ནམ་གནས་སུ་གྱུར་པ་ཡིན་པས་ཕུང་པོ་ནི་ བདག་དེའི་ཕུང་པོའོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ཞེས་བྱའོ། །འདི་ལྟར་རྨོངས་པ་ཉོན་མོངས་པའམ་གཏི་མུག་པ་དང་ལྡན་པ་ལ་ནི་བདག་དང་བདག་གིར་ལྟ་བ་འབྱུང་གི་གཏི་མུག་མེད་ཅིང་ཤེས་རབ་ཅན་རྣམས་ལ་བདག་དང་བདག་གིར་ལྟ་བའི་ཉོན་མོངས་པ་ནི་མི་འབྱུང་བས་འཇིག་ཚོགས་ལ་ ལྟ་བ་འདི་གཏི་མུག་དང་ལྡན་པ་ཡིན་པ་དང་། བདག་མེད་པ་ལ་བདག་ཏུ་མངོན་པར་ཞེན་པས། ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །སྨྲས་པ། བདག་དང་བདག་གིར་ལྟ་བ་འདི། །བདག་དང་དངོས་པོ་ཡོད་པར་ལྟ་བ་ནི་མ་ཡིན་གྱི་ཉེ་བར་ལེན་པའི་ཕུང་པོ་ ལྔ་ལ་བདག་དང་བདག་གིར་ལྟ་བར་ཅི་མངོན། ལན་དུ། མདོ་ལས་འབྱུང་བས་ན་བདག་དང་བདག་གིར་ལྟ་བ་འདི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ལ་ལྟ་བར་མངོན་ནོ། །མདོ་ལས་ཀྱང་དགེ་སྦྱོང་ངམ་བྲམ་ཟེའམ་གང་སུ་དག་བདག་དང་བདག་གིར་རྗེས་སུ་ལྟ་ཞིང་རྗེས་སུ་མཐོང་བ་དེ་དག་ནི་ཉེ་བར་ལེན་པའི་ ཕུང་པོ་ལྔ་པོ་འདི་ཉིད་ལ་ལྟའོ་ཞེས་གསུངས་སོ། །འདིའི་ལས་ཀྱང་ལྟ་བ་ཐམས་ཅད་ཀྱི་གནས་བྱེད་པ་སྟེ། འཇིག་ཚོགས་ལ་ལྟ་བ་བྱུང་བར་གྱུར་ན། དེའི་རྒྱུས་མཐར་འཛིན་པ་ལ་སོགས་པའི་ལྟ་བ་གཞན་ཡང་འབྱུང་བས་ན་ལྟ་བ་ཐམས་ཅད་ཀྱི་གནས་བྱེད་པའོ། །མཐར་འཛིན་པར་ལྟ་བའི་རང་ བཞིན་བསྟན་པའི་ཕྱིར། མཐར་འཛིན་པར་ལྟ་བ་གང་ཞེ་ན་ཞེས་དྲིས་ཏེ། མཐར་འཛིན་པའི་ལྟ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། དེ་དག་ཉིད་ཀྱི་དབང་དུ་བྱས་ནས་རྟག་པའམ་ཆད་པར་ཡང་དག་པར་རྗེས་སུ་ལྟ་བ་སྟེ། གང་ཤེས་རབ་ ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཅེས་བྱ་བའི་སྒྲ་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་སྦྱར་ཏེ། རྟག་པའམ་ཆད་པར་ལྟ་བ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་ནས་འབྱུང་བས་ན། དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱའོ། །ཡང་ན་དེ་ཉིད་ཀྱི་སྒྲ་འཇིག་ཚོགས་ལ་ལྟ་བ་དང་སྦྱར་ ཏེ། འཇིག་ཚོགས་ལ་ལྟ་བའི་རྒྱུས་རྟག་པ་དང་ཆད་པའི་ལྟ་བ་འབྱུང་བས་ན་དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་སྟེ། འཇིག་ཚོགས་སུ་ལྟ་བས་ཕུང་པོ་ལྔ་ལ་བདག་དང་བདག་གིར་བལྟས་པ་དེ་ལ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྟག་པ་ཞེས་བྱ་བ་ནི་ཐེར་ཟུག་ལ་བྱ་སྟེ། དཔེར་ན་སྦྲུལ་གྱི་གསོབ་ བོར་བ་བཞིན་དུ་ལུས་བོར་ནས་བདག་དེ་ཡོད་པར་ལྟ་བའོ། །ཆད་པར་ལྟ་བ་ནི་ཚེ་གཅིག་ནས་གཅིག་ཏུ་འཕོ་བ་ན་ཡང་ཕུང་པོ་ལྔ་བོར་བར་ཟད་ཀྱི། བདག་ཅེས་བྱ་བ་དེ་ནི་རྟག་པ་སྟེ། དེ་ལ་ཞིག་པའམ་ཤི་བ་མེད་ཅིང་ཐེར་ཟུག་ཏུ་གནས་སོ་ཞེས་ལྟ་བ་ནི་རྟག་པར་ལྟ་བའོ། །དཔེར་ན་ཤིང་མེས་ཚིག་ ནས་ཐལ་བར་གྱུར་པ་སླར་ཤིང་དུ་མི་འགྱུར་བ་བཞིན་དུ་འདིར་ཤི་ཕན་ཆད་རྒྱུན་ཆད་དེ་ཕུང་པོ་གཞན་ལེན་པ་མེད་དོ་ཞེས་ལྟ་བ་ནི་ཆད་པར་ལྟ་བ་ཞེས་བྱའོ། །ཡང་དག་པར་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་དེ་ལྟར་ངེས་པར་འཛིན་ཅིང་དེ་ལྟར་རྟོག་ཅིང་དཔྱོད་དོ་ཞེས་བྱ་བའི་དོན་ཏོ། །གཏི་མུག་དང་ལྡན་ཞིང་ རྨོངས་པ་དང་བཅས་པ་ལ་ནི་རྟག་པ་དང་ཆད་པར་ལྟ་བ་འབྱུང་གི། །གཏི་མུག་མེད་པའི་ཤེས་རབ་ཅན་རྣམས་ལ་རྟག་པ་དང་ཆད་པར་ལྟ་བ་མི་འབྱུང་བས་རྟག་པ་དང་ཆད་པར་ལྟ་བ་འདི་ཡང་གཏི་མུག་དང་ལྡན་པ་དང་རྟག་ཆད་མེད་པའི་ཆོས་ལ་རྟག་པ་དང་ཆད་པར་ཕྱིན་ཅི་ལོག་ཏུ་འཛིན་ པས་ན་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །དེའི་ལས་ཀྱང་དབུ་མའི་ལམ་ནས་འབྱུང་བ་ལ་བགེགས་བྱེད་དོ། །དེ་ལ་དབུ་མའི་ལམ་ནི་རྟག་པ་དང་ཆད་པར་འཛིན་པ་རྣམས་སྤངས་ནས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཤེས་པ་སྟེ། དབུ་མའི་ལམ་དེས་འཁོར་བ་ནས་བྱུང་ནས་མྱ་ངན་ལས་འདས་པའི་ ལམ་ཐོབ་པར་བྱེད་པས་དབུ་མའི་ལམ་ནས་འབྱུང་བ་ཞེས་བྱའོ། །རྟག་པ་དང་ཆད་པར་བལྟས་ན་དབུ་མའི་ལམ་དེ་རྟོག་པར་མི་འགྱུར་བས་ན་དབུ་མའི་ལམ་ནས་འབྱུང་བ་ལ་བགེགས་བྱེད་པའོ། །ལོག་པའི་ལྟ་བའི་རང་བཞིན་བསྟན་པའི་ཕྱིར། ལོག་པའི་ལྟ་བ་གང་ཞེ་ན་ཞེས་དྲིས་ཏེ། ལོག་པའི་ལྟ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་རྒྱུའམ་འབྲས་བུའམ་བྱེད་པ་ལ་སྐུར་ནས་ཡོད་པའི་དངོས་པོ་འཇིག་པ་སྟེ། གང་ཤེས་རབ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། སྐུར་ཞེས་བྱ་བའི་སྒྲ་ནི་རྒྱུ་ལ་སྐུར་པའམ། འབྲས་བུ་ ལ་སྐུར་པའམ། བྱེད་པ་ལ་སྐུར་ཞེས་ཚིག་རེ་རེ་དང་སྦྱར་རོ། །དེ་ལ་སྦྱིན་པ་མེད། སྦྱིན་སྲེག་མེད། ལས་ལེགས་པར་བྱས་པ་མེད། ལས་ཉེས་པར་བྱས་པ་མེད་ཅེས་སྨྲ་བ་ནི་རྒྱུ་ལ་སྐུར་པའོ། །ལས་དེ་དག་གི་འབྲས་བུ་བདེ་བ་དང་སྡུག་བསྔལ་མྱོང་བ་མེད་ཅེས་སྨྲ་བ་ནི་འབྲས་བུ་ལ་སྐུར་ བ་ཞེས་བྱའོ། །འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད། ཕ་མེད། མ་མེད། སེམས་ཅན་རྫུས་ཏེ་སྐྱེ་བ་མེད་ཅེས་སྨྲ་བ་ནི་བྱེད་པ་ལ་སྐུར་པ་སྟེ། དེ་ལ་བྱེད་པ་ཡང་རྣམ་པ་གསུམ་མོ། །བྱེད་པ་རྣམ་པ་གསུམ་ནི་འཇིག་རྟེན་གཞན་དུ་འགྲོ་བར་བྱེད་པ་དང་། ས་བོན་འཇོག་པར་ བྱེད་པ་དང་། མཚམས་སྦྱོར་བར་བྱེད་པའོ། །འཇིག་རྟེན་གཞན་དུ་འགྲོ་བར་བྱེད་པ་ནི་ཚེ་འདི་ནས་ཤི་འཕོས་ནས་ཚེ་ཕྱི་མར་སྐྱེ་བར་བྱེད་པ་སྟེ། འཇིག་རྟེན་འདི་མེད། འཇིག་རྟེན་ཕྱི་མ་མེད་ཅེས་སྨྲ་བས་འཇིག་རྟེན་གཞན་དུ་འགྲོ་བར་བྱེད་པ་ལ་སྐུར་པའོ། །ས་བོན་འཇོག་པར་བྱེད་པ་ནི་ ལུས་ཀྱི་རྒྱུ་ཕའི་ཁུ་བ་དང་མའི་མི་གཙང་བ་འཇོག་པར་བྱེད་པ་སྟེ། ཕ་མེད་མ་མེད་ཅེས་སྨྲ་བས་ནི་ས་བོན་འཇོག་པར་བྱེད་པ་ལ་སྐུར་པའོ། །མཚམས་སྦྱོར་བར་བྱེད་པ་ནི་སེམས་ཅན་གང་དག་པདྨོ་ལ་སོགས་པའི་ནང་དུ་རྫུས་ཏེ་སྐྱེས་པའམ། རྣམ་པར་ཤེས་པ་མའི་མངལ་དུ་འཕོས་པ་སྟེ། སེམས་ ཅན་རྫུས་ཏེ་སྐྱེས་པ་མེད་ཅེས་སྨྲ་བས་ནི་མཚམས་སྦྱོར་བར་བྱེད་པ་ལ་སྐུར་པའོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་ཅེས་སྨྲ་བ་ནི་ཡོད་པའི་དངོས་པོ་ཆུད་ཟ་བར་བྱེད་པ་སྟེ། དེ་ལྟར་ལས་དང་འབྲས་བུ་དང་བྱེད་པ་དང་དགྲ་བཅོམ་པ་ལ་སོགས་པ་མེད་པར་ལྟ་བ་ལ་ལོག་པའི་ལྟ་བ་ཞེས་བྱའོ། །ཡང་ན་ འཕགས་པའི་བདེན་པ་བཞི་ལ་སྐུར་པ་སྟེ། ཀུན་འབྱུང་མེད་ཅེས་སྨྲ་བ་ནི་རྒྱུ་ལ་སྐུར་པའོ། །སྡུག་བསྔལ་མེད་ཅེས་སྨྲ་བ་ནི་འབྲས་བུ་ལ་སྐུར་པའོ། །ལམ་མེད་ཅེས་ཟེར་བ་ནི་བྱེད་པ་ལ་སྐུར་པའོ། །འགོག་པ་མེད་ཅེས་ཟེར་བ་ནི་ཡོད་པའི་དངོས་པོ་འཇིག་པའོ། །ཡང་ན་རྟེན་ཅིང་འབྲེལ་བར་ འབྱུང་བ་ཡན་ལག་བཅུ་གཉིས་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གསུམ་དུ་གཞག་གོ། །དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ནི་ཉོན་མོངས་པའི་ཡན་ལག་ཏུ་གཞག་སྟེ། དེ་མེད་ཅེས་སྨྲ་བ་ནི་རྒྱུ་ལ་སྐུར་པའོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་ པ་དང་ཚོར་བ་དང་སྐྱེ་བ་དང་རྒ་ཤི་དང་བདུན་ནི་སྡུག་བསྔལ་གྱི་ཡན་ལག་སྟེ། དེ་མེད་ཅེས་སྨྲ་བ་ནི་འབྲས་བུ་ལ་སྐུར་པའོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་ཀྱི་ཡན་ལག་སྟེ། དེ་མེད་ཅེས་སྨྲ་བ་ནི་བྱེད་པ་ལ་སྐུར་པའོ། །མ་རིག་པ་འགགས་ན་རིག་པ་སྐྱེ་བར་འགྱུར་བ་ཡིན་ན་དེ་དག་མེད་ཅེས་ སྨྲ་བ་ནི་ཡོད་པའི་དངོས་པོ་འཇིག་པར་བྱེད་པའོ། །མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་པའི་བར་དུ་མ་རིག་པ་འགགས་ན་རིག་པ་སྐྱེ་བར་འགྱུར་བ་ཡིན་ན། དེ་དག་མེད་ཅེས་སྨྲ་བ་ནི་ཡོད་པའི་དངོས་པོ་འཇིག་པར་བྱེད་པའོ། །གཏི་མུག་དང་ ལྡན་ཞིང་རྨོངས་པ་དང་བཅས་པ་རྣམས་ལ་ནི་ཐམས་ཅད་མེད་དོ་ཞེས་སྐུར་པ་འདེབས་པ་འབྱུང་གི། །རྨོངས་པ་མེད་ཅིང་ཤེས་རབ་དང་ལྡན་པ་རྣམས་ལ་ཐམས་ཅད་མེད་དོ་ཞེས་སྐུར་པ་འདེབས་པ་མི་འབྱུང་བས་ལོག་པའི་ལྟ་བ་འདི་གཏི་མུག་དང་ལྡན་པ་དང་ཡོད་པའི་ཆོས་རྣམས་ལ་མེད་དོ་ཞེས་ཕྱིན་ཅི་ ལོག་ཏུ་བཟུང་བས་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །སྨྲས་པ། འཇིག་ཚོགས་སུ་ལྟ་བ་ཡང་བདག་དང་བདག་གི་མེད་པ་ལ་བདག་དང་བདག་གིར་ཕྱིན་ཅི་ལོག་ཏུ་ལྟ་བ་དང་། མཐར་འཛིན་པ་ཡང་རྟག་པ་དང་ཆད་པ་མེད་པ་ལ་རྟག་པ་དང་ ཆད་པ་ཕྱིན་ཅི་ལོག་ཏུ་ལྟ་བས་ན་ལྟ་བ་ལྔ་ཆར་ཡང་ལོག་པའི་ལྟ་བ་ཡིན་པ་ལས་ཅིའི་ཕྱིར་མེད་པར་ལྟ་བ་འབའ་ཞིག་ལ་ལོག་པའི་ལྟ་བ་ཞེས་བཏགས་པ་ལྟ་བ་གཞན་ལ་ལོག་པའི་ལྟ་བ་ཞེས་མི་བྱ། སྨྲས་པ། ཤིན་ཏུ་ལོག་པར་ལྟ་བ་ལ་ཞུགས་པའི་ལྟ་བ་དང་། ཤིན་ཏུ་སྡིག་པའི་རྒྱུར་འགྱུར་ བ་འགའ་ཞིག་ལ་ལྟ་བ་འབའ་ཞིག་ལ་ལོག་པའི་ལྟ་བ་ཞེས་བྱ་བའི་ལྟ་བ་གཞན་ལ་ལོག་པའི་ལྟ་བ་ཞེས་མི་བྱ་སྟེ། དཔེར་ན་མར་གྱི་དྲི་མི་ཞིམ་པ་དང་གདོལ་བུ་སྡིག་ཅན་ཞེས་བྱ་བ་བཞིན་ནོ། །འདི་ལྟར་མར་ཀུན་ཀྱང་དྲི་མི་ཞིམ་པ་ཡིན་མོད་ཀྱི་གང་ལྷག་པར་དྲི་མི་ཞིམ་པ་དེ་ལ་མར་དྲི་མི་ཞིམ་པ་ཞེས་བྱ་བ་དང་། གདོལ་བུ་ཀུན་ཀྱང་སྡིག་པའི་ལས་ཅན་ཡིན་མོད་ཀྱི་གང་ལྷག་པར་གཞན་པས་གསད་གཅད་ལ་དགའ་བའི་གདོལ་བུ་ལ་གདོལ་བུ་སྡིག་ཅན་ཞེས་བྱ་བ་བཞིན་དུ་ལྟ་བ་གཞན་ཡང་ལོག་པར་ལྟ་བ་ཡིན་མོད་ཀྱི་དེ་དག་ཕུང་པོ་ལྔ་ལ་མེད་པར་སྐུར་པ་མི་འདེབས་ཤིང་དེ་ལས་ལྷག་པར་བདག་ལ་སོགས་པ་ཡོད་པར་སྒྲོ་འདོགས་པའི་ རྣམ་པར་ཞུགས་པ་ཡིན་པས་ཤིན་ཏུ་ལོག་པར་ཞུགས་པ་ཡང་མ་ཡིན་ལ་ཤིན་ཏུ་སྡིག་པའི་རྒྱུ་བྱེད་པ་ཡང་མ་ཡིན་བས་ལྟ་བ་གཞན་ལ་ལོག་པའི་ལྟ་བ་ཞེས་མ་བཏགས་ཀྱི། ཐམས་ཅད་མེད་པར་ལྟ་བ་འདི་ནི་ཐམས་ཅད་མེད་དོ་ཞེས་སྐུར་པའི་རྣམ་པར་ཞུགས་པས་ཤིན་ཏུ་ལོག་པར་ཞུགས་པ་དང་། ཤིན་ཏུ་ལོག་པ་སྡིག་པའི་རྒྱུ་བྱེད་པའི་ཕྱིར་ལོག་པར་ལྟ་བ་ཞེས་བཏགས་སོ། །འདིའི་ལས་ནི་དགེ་བའི་རྩ་བ་གཅོད་ཅིང་མི་དགེ་བའི་རྩ་བ་སྐྱེད་འཕེལ་བར་བྱེད་པའི་རྟེན་བྱེད་པ་སྟེ། ལོག་པར་ལྟ་བ་སྐྱེས་ན་སྔོན་དགེ་བའི་རྩ་བ་བསགས་པ་ཐམས་ཅད་ཀྱང་མེད་པར་འགྱུར་ལ་མི་དགེ་བའི་རྩ་བ་ཐམས་ ཅད་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར་རོ། །དེ་ལ་ལྟ་བ་བསྙེམས་པའི་རང་བཞིན་བསྟན་པའི་ཕྱིར། ལྟ་བ་བསྙེམས་པ་གང་ཞེ་ན་ཞེས་དྲིས་ཏེ། ལྟ་བ་བསྙེམས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ། ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་དང་། དེའི་གནས་ཕུང་པོ་ རྣམས་ལ་མཆོག་དམ་པ་གཙོ་བོར་ཡང་དག་པར་རྗེས་སུ་ལྟ་བ་སྟེ། གང་ཤེས་རབ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། ལྟ་བ་རྣམ་པ་གསུམ་པོ་དེ་དག་ཉིད་ཅེས་བྱ་བ་ནི་གོང་གོང་དུ་བཤད་པའི་འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་སྟེ་གསུམ་མོ། །དེའི་གནས་ ཕུང་པོ་རྣམས་ལ་ཞེས་བྱ་བ་ནི་ལྟ་བ་གསུམ་པོ་དེ་དག་ཀྱང་ཕུང་པོ་ལྔ་ལ་དམིགས་པ་ལས་འབྱུང་བས་ལྟ་བ་གསུམ་འབྱུང་བའི་རྒྱུ་ཕུང་པོ་ལྔ་ཡིན་པའི་ཕྱིར་རོ། །ཕུང་པོ་ལྔ་ནི་དེའི་གནས་ཞེས་བྱའོ། །མཆོག་དང་དམ་པ་དང་གཙོ་བོའི་དོན་གསུམ་དོན་གཅིག་ཏུ་འདྲ་མོད་ཀྱི་གཅིག་གིས་གཅིག་བཤད་ པ་ལྟ་བུར་རིག་པར་བྱ་སྟེ། ཇི་ལྟར་མཆོག་ཅེ་ན། དམ་པའི་ཕྱིར་མཆོག་གོ། །ཅི་ལྟར་དམ་པ་ཞེ་ན། གཙོ་བོར་གྱུར་པའི་ཕྱིར་དམ་པའོ་ཞེས་བཤད་པར་བྱའོ། །ཡང་དག་པར་རྗེས་སུ་ལྟ་བ་ནི་འདི་ཁོ་ན་ཡིན་ནོ་ཞེས་ངེས་པར་འཛིན་པའོ། །དོན་དུ་ན་འཇིག་ཚོགས་སུ་ལྟ་བ་དང་། མཐར་ འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་གསུམ་ལ་ལྟ་བ་འདི་དག་ནི་མཆོག་དམ་པའི་གཙོ་བོ་ཡིན་ནོ་ཞེས་སེམས་ངེས་པར་འཛིན་པ་དང་། ལྟ་བ་དེ་དག་སྐྱེ་བའི་གནས་ཀྱི་ཕུང་པོ་ལྔ་ལ་ཡང་ཕུང་པོ་ལྔ་པོ་འདི་དག་ནི་མཆོག་དམ་པ་གཙོ་བོ་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་པ་ལ་ལྟ་བ་བསྙེམས་པ་ཞེས་ བྱའོ། །རྨོངས་པ་དང་བཅས་ཤིང་གཏི་མུག་དང་ལྡན་པ་རྣམས་ལ་ནི་ལྟ་བ་ངན་པ་གསུམ་དང་། དེའི་གནས་ཀྱི་ཕུང་པོ་ལ་མཆོག་དང་དམ་པར་འཛིན་པ་འབྱུང་གི། །རྨོངས་པ་མེད་ཅིང་ཤེས་རབ་ཅན་རྣམས་ལ་ལྟ་བ་ངན་པ་དང་། དེའི་གནས་ཀྱི་ཕུང་པོ་ལ་མཆོག་དང་དམ་པར་འཛིན་པ་མི་འབྱུང་བས་ལྟ་ བ་བསྙེམས་པ་འདི་ཡང་གཏི་མུག་དང་ལྡན་པ་དང་། མཆོག་མ་ཡིན་པའི་ཆོས་ལ་མཆོག་ཏུ་ཕྱིན་ཅི་ལོག་ཏུ་འཛིན་པས་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །དེའི་ལས་ཀྱང་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པ་སྟེ། ལྟ་བ་ངན་པ་ལ་མངོན་པར་ཞེན་པ་ནི་འཇིག་ ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་ལོག་པའི་ལྟ་བ་ལ་ཡོན་ཏན་དུ་གཟུང་བས་དེ་མི་གཏོང་བར་བྱེད་པས་ན་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པའི་རང་བཞིན་བསྟན་པའི་ཕྱིར། །ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་གང་ ཞེ་ན་ཞེས་དྲིས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། དེའི་གནས་ཀྱི་ཕུང་པོ་རྣམས་ལ་དག་པ་དང་གྲོལ་བ་དང་། འབྱུང་བར་ཡང་དག་པར་རྗེས་སུ་ལྟ་བ་ སྟེ། གང་ཤེས་རབ་ཉོན་མོངས་པ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ལ་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱེད་པ་ལས་སླར་ལྡོག་པ་ནི་ཚུལ་ཁྲིམས་སོ། །མགོ་བྲེགས་པ་དང་། སྒྲེན་མོར་འཕྱན་པ་ལ་སོགས་པའི་ལུས་ཀྱི་ཆ་ལུགས་འཛིན་པ་དང་། ཁ་ཟས་གཅོད་པ་དང་། བ་ལང་དང་ཁྱི་ལ་ སོགས་པའི་སྤྱོད་ལམ་འཛིན་པ་ནི་བརྟུལ་ཞུགས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱང་ཕུང་པོ་ལྔ་ལ་བརྟེན་ནས་འབྱུང་བ་སྟེ། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་འབྱུང་བའི་རྒྱུ་ཕུང་པོ་ལྔ་ཡིན་པས་ན་ཕུང་པོ་ལྔ་ནི་དེའི་གནས་ཞེས་བྱའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། དེའི་གནས་ཀྱི་ ཕུང་པོ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་བྱས་པའི་ལས་སྦྱོང་ཞིང་དག་པར་འགྱུར་རོ་ཞེས་འཛིན་པ་ནི་ཡང་དག་པར་རྗེས་སུ་ལྟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཕུང་པོ་འདིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བཅིང་བ་ལས་གྲོལ་བར་བྱེད་དོ་ཞེས་འཛིན་པ་ནི་གྲོལ་བར་ ཡང་དག་པར་རྗེས་སུ་ལྟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དེའི་གནས་ཀྱི་ཕུང་པོ་འདིས་འཁོར་བ་ལས་འབྱུང་ཞིང་མྱ་ངན་ལས་འདས་པའི་ལམ་ཐོབ་པར་བྱེད་དོ་ཞེས་འཛིན་པ་ནི་འབྱུང་བར་ཡང་དག་པར་རྗེས་སུ་ལྟ་བ་ཞེས་བྱ་སྟེ། དོན་དུ་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། དེའི་གནས་ ཀྱི་ཕུང་པོ་ལ་བརྟེན་ནས་འཁོར་བ་ལས་འབྱུང་ཞིང་མྱ་ངན་ལས་འདས་པ་འཐོབ་པོ་ཞེས་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱའོ། །གཏི་མུག་དང་ལྡན་ཞིང་རྨོངས་པ་དང་བཅས་པ་རྣམས་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་ཐར་བར་འགྱུར་ཞེས་འཛིན་པ་འབྱུང་གི ། རྨོངས་པ་མེད་ཅིང་ཤེས་རབ་རྣམས་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་ཐར་པར་འགྱུར་ཞེས་འཛིན་པ་མི་འབྱུང་བས་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་འདི་གཏི་མུག་དང་ལྡན་པ་ཡིན་པའི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱའོ། །སྨྲས་པ། བཅོམ་ལྡན་འདས་ཀྱི་གསུང་རབ་ ཀྱི་གཞུང་ལས་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམས་ཏེ་ཤེས་རབ་བསྐྱེད་ནས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གསུངས་པས། ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་དག་པའི་རྒྱུ་ཡིན་ན་ཅིའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱ། སྨྲས་པ། ཡང་དག་པའི་ ལྟ་བ་དང་ལྡན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཐར་པའི་རྒྱུར་འགྱུར་བས་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་མི་བྱའི། །འཇིག་ཚོགས་སུ་ལྟ་བའམ། མཐར་འཛིན་པར་ལྟ་བའམ་ལོག་པར་ལྟ་བས་ཡོངས་སུ་ཟིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་ཐར་པའི་ རྒྱུར་མི་འགྱུར་གྱི་བཅིངས་པའི་རྒྱུར་འགྱུར་བས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་ཞེས་བྱའོ། །འདིའི་ལས་ཀྱང་ལུས་ཤ་ཐང་ཆད་པའི་འབྲས་བུ་དོན་མེད་པར་བྱེད་པ་སྟེ། ལྟ་བ་ལོག་པ་དང་ལྡན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་བསྲུངས་ཀྱང་ཐར་པ་ཐོབ་པར་མི་འགྱུར་བས་ན་ལུས་ ཤ་ཐང་ཆད་པའི་འབྲས་བུ་དོན་མེད་པར་བྱེད་པ་ཞེས་བྱའོ། །ལྟ་བ་ལྔ་པོ་དེ་དག་ལས་ལྟ་བ་དུ་ཞིག་ནི་སྒྲོ་བཏགས་པའི་རང་བཞིན། ལྟ་བ་དུ་ཞིག་ནི་སྐུར་པ་འདེབས་པའི་རང་བཞིན་ཞེ་ན། འཇིག་ཚོགས་སུ་ལྟ་བ་དང་མཐར་འཛིན་པའི་ལྟ་བ་ལས་རྟག་པར་ལྟ་བ་དང་ལྟ་བ་བསྙེམས་པ་དང་ཚུལ་ཁྲིམས་ དང་བརྟུལ་ཞུགས་བསྙེམས་པ་རྣམས་ནི་སྒྲོ་འདོགས་པའི་རང་བཞིན་ནོ། །ལོག་པའི་ལྟ་བ་དང་། མཐར་འཛིན་པ་ལས་ཆད་པར་ལྟ་བ་ནི་སྐུར་བ་འདེབས་པའི་རང་བཞིན་ནོ། །ཐེ་ཚོམ་གྱི་རང་བཞིན་བསྟན་པའི་ཕྱིར། ཐེ་ཚོམ་གང་ཞེ་ན་ཞེས་དྲིས་ཏེ། ཐེ་ཚོམ་གྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་ དྲིས་པའི་དོན་ཏོ། །ལན་དུ། བདེན་པ་ལ་སོགས་པ་ལ་གང་ཡིད་གཉིས་ཟ་བའོ་ཞེས་བྱ་བ་སྨོས་ཏེ། བདེན་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའོ། །སོགས་པའི་སྒྲས་ནི་ལས་དང་འབྲས་བུ་དང་། དཀོན་མཆོག་ལ་སོགས་པ་བསྡུའོ། །ཡིད་གཉིས་ཟ་བ་ནི་ལམ་ཁ་བྲག་དང་རྩྭའི་ མི་ལ་བློ་གཉིས་སུ་འཇུག་པ་བཞིན་དུ་གང་བློ་གཉིས་སུ་འཇུག་པའོ། །དཔེར་ན་ལམ་ཁ་བྲག་ཏུ་འདུག་པ་ལས་མ་དུ་རའི་གྲོང་ཁྱེར་དུ་འཇུག་པའི་ལམ་འདི་ཡིན་ནམ་འོན་ཏེ་འདི་མིན་ཞེས་བློ་ཡིད་གཉིས་སུ་འཇུག་པ་ཡིན་པ་དང་། རྩྭའི་མི་ལ་འདི་ནི་རྩྭའི་མི་ཡིན་ནམ། འོན་ཏེ་མི་ཡང་དག་པ་ཡིན་ཞེས་ ཡིད་གཉིས་སུ་འཇུག་པ་བཞིན་དུ་ལས་དང་འབྲས་བུ་དང་། བདེན་པ་དང་དཀོན་མཆོག་ལ་སོགས་པ་ལ་དེ་དག་ཡོད་པ་ཡིན་ནམ་ཞེས་བློ་གཉིས་སུ་འཇུག་པ་ཡིན་པ་དང་། འོན་ཏེ་མེད་པ་ཡིན་ཞེས་བློ་གཉིས་སུ་འཇུག་པ་ནི་ཐེ་ཚོམ་ཞེས་བྱའོ། །དེའི་ལས་ཀྱང་དགེ་བའི་ཕྱོགས་ལ་མི་ འཇུག་པའི་རྟེན་བྱེད་པ་སྟེ། ཐེ་ཚོམ་ཡོད་ན་དགེ་བའི་ཕྱོགས་ལ་རྒྱུན་དུ་འཇུག་པར་མི་བྱེད་པའི་ཕྱིར་རོ། །ཉོན་མོངས་པ་དྲུག་གི་རང་བཞིན་དང་ལས་བསྟན་ནས། ད་འདི་དཔྱད་པར་བྱ་སྟེ། ཉོན་མོངས་པ་དྲུག་ལས་དུ་ཞིག་ནི་ཡོངས་སུ་བརྟག་པ་འབའ་ཞིག་ཡིན་ལ། དུ་ཞིག་ནི་ལྷན་ཅིག་སྐྱེས་པ་ཡང་ ཡིན་ལ་ཡོངས་སུ་བརྟག་པ་ཡང་ཡིན་ཞེ་ན། དེ་དག་གཞན་ལ་མཉན་ནས་འཕྲལ་དུ་བསམས་ཏེ་སྐྱེས་པ་རྣམས་ནི་ཡོངས་སུ་བརྟགས་པ་ཞེས་བྱའོ། །འཁོར་བའི་ཐོག་མ་མེད་པ་ནས་རང་བཞིན་གྱིས་སྐྱེས་ཡོད་པ་ནི་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །དེའི་ལན་དུ་ཉོན་མོངས་པ་དེ་དག་ལས་ལྟ་བ་ འོག་མ་གསུམ་དང་། ཐེ་ཚོམ་ནི་ཡོངས་སུ་བརྟགས་པའོ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པ་དེ་དག་ལས་ཞེས་བྱ་བ་ནི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་སྟེ། དྲུག་པོ་དེ་དག་གི་ནང་ནས་ཞེས་བྱ་བའི་དོན་ཏོ། །ལྟ་བ་འོག་མ་ གསུམ་དང་ཞེས་བྱ་བ་ལ་ལྟ་བ་ལྔ་སྟེ། འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་བསྙེམས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པ་དང་ལྔ་ལས་ལོག་པར་ལྟ་བ་དང་། ལྟ་བ་བསྙེམས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པ་གསུམ་ལ་ནི་ལྟ་བ་འོག་མ་གསུམ་ཞེས་བྱ་སྟེ། ལྟ་བ་དེ་གསུམ་ཡང་གཞན་ནས་གཙུག་ལག་མཉན་ནས་འཕྲལ་དུ་བསམས་པ་ལས་འབྱུང་བས་ན་ཡོངས་སུ་བརྟགས་པ་ལས་འབྱུང་བ་ཞེས་བྱའོ། །ཐེ་ཚོམ་ཡང་གཞན་ལ་གཙུག་ལག་མཉན་ནས་འཕྲལ་དུ་བསམས་པ་ ལས་འབྱུང་བས་ན་ཡོངས་སུ་བརྟགས་པ་ཞེས་བྱའོ། །ལྷག་མ་ནི་ལྷན་ཅིག་སྐྱེས་པ་དང་ཡོངས་སུ་བརྟགས་པའོ་ཞེས་བྱ་བ་ལ། ལྟ་བ་གསུམ་དང་ཐེ་ཚོམ་བཤད་པའི་ལྷག་མ་ནི་འདོད་ཆགས་དང་། ཁོང་ཁྲོ་དང་། མ་རིག་པ་དང་། ང་རྒྱལ་དང་། འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ ལྟ་བ་རྣམས་ཏེ། དེ་དག་ལ་ལྷན་ཅིག་སྐྱེས་པ་ཡོད་ལ་ཡོངས་སུ་བརྟགས་པ་ཡང་ཡོད་དོ། །དེ་ལ་འཁོར་བ་ཐོག་མ་མེད་པ་ནས་རང་བཞིན་གྱིས་ཡོད་པའི་འདོད་ཆགས་པ་དང་ཁོང་ཁྲོ་བ་དང་། མ་རིག་པ་དང་། ང་རྒྱལ་དང་། འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་རྣམས་ནི་ ལྷན་ཅིག་སྐྱེས་པ་ཞེས་བྱའོ། །གཞན་ལས་གཙུག་ལག་ཐོས་ནས་འཕྲལ་དུ་བསམས་ནས་སྐྱེས་པའི་འདོད་ཆགས་དང་ཁོང་ཁྲོ་བ་དང་། མ་རིག་པ་དང་། ང་རྒྱལ་དང་། འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་རྣམས་ནི་ཡོངས་སུ་བརྟགས་པའོ། །ཉོན་མོངས་པ་དྲུག་ བཤད་ཟིན་ཏོ། །ད་ནི་ཉེ་བའི་ཉོན་མོངས་པ་རྣམས་བཤད་པར་བྱའོ། །དེ་ལ་ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ནི་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་རྫས་སུ་ཡོད་པར་འདོད་མོད་ཀྱི། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་རྣམ་པར་ཤེས་པར་ལྟ་བས་ཉེ་བའི་ཉོན་མོངས་པ་རྣམས་ཉོན་མོངས་པ་དྲུག་གི་ ཤས་ལས་འབྱུང་བས་ན་དེ་དག་བཏགས་པ་ཙམ་དུ་ཡོད་ཀྱི་རྫས་སུ་མེད་པར་རིག་པར་བྱའོ། །ཁྲོ་བའི་རང་བཞིན་བསྟན་པའི་ཕྱིར། ཁྲོ་བ་གང་ཞེ་ན་ཞེས་དྲིས་ཏེ། ཁྲོ་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་འཕྲལ་དུ་གནོད་པ་བྱེད་པ་ལ་གནས་ཏེ་གང་ སེམས་ཀྱིས་གནོད་པར་བྱེད་པའོ་ཞེས་བྱ་བ་སྨོས་ཏེ། འཕྲལ་དུ་གནོད་པར་བྱེད་པ་བཟུང་བས་ནི་འདས་པ་དང་མ་འོངས་པའི་དུས་སུ་གནོད་པ་བྱས་པ་དགག་པ་སྟེ། ད་ལྟར་གྱི་དུས་ཉིད་ན་གནོད་པར་བྱས་པ་ལ་བྱའོ། །གནོད་པར་བྱེད་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པས་མི་དབེན་ པ་དང་མི་བདེ་བ་ཞེས་བྱས་པའོ། །གནས་ཏེ་ཞེས་བྱ་བ་ནི་གནོད་པར་བྱས་པ་དང་། ཕྲད་པར་བྱས་པའོ། །གང་སེམས་ཀྱིས་གནོད་པར་བྱེད་པའོ་ཞེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པས་འཕྲལ་དུ་གནོད་པར་བྱས་པ་དང་ཕྲད་ནས་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་གང་ སེམས་ཀྱིས་གནོད་པར་བྱ་བར་སེམས་པ་སྟེ། དེ་ནི་ཁྲོ་བ་ཞེས་བྱའོ། །སེམས་ཀྱིས་གནོད་པར་བྱེད་པ་སྨོས་པས་ལུས་ཀྱིས་གནོད་པར་བྱེད་པ་བཀག་པ་ཡིན་ཏེ། ལུས་ཀྱིས་གནོད་པར་བྱེད་པ་ནི་ཁྲོ་བའི་འབྲས་བུ་ཡིན་པས་ན་དེ་ལ་ཁྲོ་བ་ཞེས་མི་བྱའོ། །ཁྲོ་བ་འདི་ཡང་ཁོང་ཁྲོ་བའི་ཤས་ ལས་འབྱུང་བས་ན་བཏགས་པར་ཡོད་ཀྱི་རྫས་སུ་མེད་པར་རིག་པར་བྱའོ། །དེའི་ལས་ནི་དབྱིག་པས་རྡེག་པ་ལ་སོགས་པའི་རྟེན་བྱེད་པའི་ལས་ཅན་ཏེ། ཁྲོ་བ་བྱུང་ནས་སེམས་ཅན་ལ་བརྡེག་པ་དང་བཅིང་བ་ལ་སོགས་པ་གདོན་མི་ཟ་བར་འབྱུང་བར་བྱེད་པའི་ཕྱིར་རོ། ། ཁོན་དུ་འཛིན་པའི་རང་བཞིན་བསྟན་པའི་ཕྱིར་ཁོན་དུ་འཛིན་པ་གང་ཞེ་ན་ཞེས་དྲིས་ཏེ། ཁོན་དུ་འཛིན་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་མདུད་པར་འཛིན་པའོ་ཞེས་བྱ་བ་སྨོས་ཏེ། དང་པོར་མི་དབེན་པའམ་གནོད་པར་བྱས་པ་དང་ཕྲད་དོ། །དེ་ནས་ ཁྲོས་སོ། །དེ་ནས་ཁྲོ་བའི་འོག་ཏུ་འདིས་བདག་ལ་གནོད་པ་འདི་ལྟ་བུ་ཞིག་བྱས་པས་ལན་མ་ལོན་བར་དུ་མི་གཏོང་ངོ་སྙམ་དུ་སེམས་ཤིང་ཞེ་སྡང་གི་བསམ་པ་རྒྱུན་དུ་སེམས་ལ་འཇོག་ཅིང་མདུད་པར་འཛིན་པ་མི་གཏོང་བ་ནི་ཁོན་དུ་འཛིན་པ་ཞེས་བྱའོ། །ཡང་ན་འདིས་བདག་ལ་གནོད་པ་སྔོན་བྱས། ད་ལྟར་ བྱེད། ཕྱིས་བྱེད་པར་འགྱུར། འདིས་བདག་གི་མཛའ་བོ་ལ་གནོད་པ་སྔོན་བྱས། ད་ལྟར་བྱེད། ཕྱིས་བྱེད་པར་འགྱུར། འདིས་བདག་གི་དགྲ་ལ་སྔོན་ཕན་བཏགས། ད་ལྟར་ཕན་འདོགས་པར་བྱེད། ཕྱིས་ཕན་འདོགས་པར་བྱེད་པས་འདི་ལ་གནོད་པར་མི་བྱ་བར་མི་གཏོང་ངོ་སྙམ་དུ་ཞེ་ སྡང་གི་བསམ་པ་རྒྱུན་དུ་མི་གཏོང་བ་ནི་ཁོན་དུ་འཛིན་པ་ཞེས་བྱའོ། །འདི་ཡང་ཞེ་སྡང་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་མི་བཟོད་པར་བྱེད་པའི་རྟེན་བྱེད་པ་སྟེ། གནོད་པར་བྱེད་པས་ཇི་བྱས་ཀྱང་མི་བཟོད་ཅིང་ཕྱིས་དེ་ལ་གནོད་པར་ བྱེད་པར་འདོད་པས་ན་དེའི་ལས་ནི་མི་བཟོད་པའི་རྟེན་བྱེད་པ་ཞེས་བྱའོ། །འཆབ་པའི་རང་བཞིན་བསྟན་པའི་ཕྱིར། འཆབ་པ་གང་ཞེ་ན་ཞེས་དྲིས་ཏེ། འཆབ་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་བདག་གི་ཁ་ན་མ་ཐོ་བར་མཁྱུད་པའོ་ཞེས་བྱ་བ་སྨོས་ཏེ། ཁ་ན་མ་ཐོ་བ་ནི་སྲོག་གཅོད་པ་ལ་སོགས་པའི་སྡིག་པའི་ལས་བྱས་པའོ། །མཁན་པོ་འམ་སློབ་དཔོན་ལ་སོགས་པས་གླེང་བའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་དབང་དུ་མི་འགྲོ་ཞིང་། འཇིགས་པའི་ཕྱིར་སྨྲ་བ་ཡིན་པ་ལ་འདིས་སྡིག་པ་མ་བཤགས་ན་སྡུག་བསྔལ་གྱི་ རྒྱུར་འགྱུར་རོ་ཞེས་དེ་ལ་ཕན་པར་འདོད་པ་དེས་མང་པོའི་མདུན་དུ་མི་གླེང་པར་སྐབས་སུ་བབ་པར་བྱས་ནས། ཁྱོད་ཀྱི་སྡིག་པ་འདི་ལྟ་བུ་ཞིག་བྱས་ཀྱི་ཤོགས་ཤིག་ཅེས་བྱས་པ་དང་སྡིག་པ་མ་བཤགས་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བར་མི་ཤེས་པའི་གཏི་མུག་གི་དབང་དུ་སོང་ནས་བདག་གིས་སྡིག་པ་མ་ བྱས་སོ་ཞེས་ནས་ཁ་ན་མ་ཐོ་བ་བྱས་པ་མཁྱུད་ཅིང་བསྙོན་པ་ནི་འཆབ་པ་ཞེས་བྱའོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ། འགྱོད་པ་དང་མི་བདེ་བར་གནས་པའི་རྟེན་བྱེད་པའོ། །ཆོས་ཉིད་ ཀྱིས་གང་གིས་ཁ་ན་མ་ཐོ་བ་མཁྱུད་པ་དེ་ལ་འགྱོད་པ་སྐྱེ་བར་འགྱུར་རོ། །འགྱོད་པ་སྐྱེས་ནས་གདོན་མི་ཟ་བར་ཡིད་མི་བདེ་བ་དང་ལྡན་པར་འགྱུར་བའི་ཕྱིར་མི་བདེ་བར་གནས་པར་ཡང་འགྱུར་རོ། །འཚིག་པའི་རང་བཞིན་བསྟན་པར་བྱ་བའི་ཕྱིར། འཚིག་པ་གང་ཞེ་ན་ཞེས་དྲིས་ཏེ། འཚིག་ པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཚིག་བརླང་པོ་ཞེར་འདེབས་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཚིག་བརླང་པོ་ནི་ཤིན་ཏུ་མི་བཟད་པའི་ཚིག་ལ་བྱ་སྟེ། ཚིག་གང་སྨྲས་ན་སེམས་ཅན་གཞན་གྱི་གནད་དུ་འཕེན་ཅིང་ཡིད་མི་བདེ་བར་འགྱུར་བའི་ཚིག་རྩུབ་པོ་ལ་ ཚིག་བརླང་པོ་ཞེས་བྱའོ། །དཔེར་ན་སྦྲུལ་གདུག་པས་ཟོས་ན་ལུས་ལ་གནོད་པར་འགྱུར་བ་བཞིན་དུ་དང་པོ་གཞན་གྱིས་གནོད་པ་བྱས་པ་དང་ཕྲད་དོ། །དེ་ནས་ཁྲོས་སོ། །དེ་ནས་ཁོན་དུ་བཟུང་ངོ་། །དེ་ནས་རིགས་དང་རུས་ལ་སོགས་པ་སྨོས་པའི་ཚིག་རྩུབ་པོས་གཞན་གྱི་ཞེར་འདེབས་ཤིང་གཞན་ གྱི་ཡིད་མི་བདེ་བ་སྐྱེད་པ་ནི་འཚིག་པ་ཞེས་བྱའོ། །འདི་ཡང་ཁོང་ཁྲོ་བའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་ཟད་དོ། །འདིའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ། ཚིག་ངན་པ་འབྱིན་པར་བྱེད་པ་དང་། མི་བདེ་བར་གནས་པར་བྱེད་པའོ། །ཚིག་ངན་འབྱིན་པར་བྱེད་པ་ནི་རུས་ དང་རིགས་ལ་སོགས་པ་སྨོས་པའི་ཚིག་རྩུབ་པོ་འབྱིན་པར་བྱེད་པའོ། །མི་བདེ་བར་གནས་པར་བྱེད་པ་ནི་ཚིག་གདུག་པར་སྨྲ་བའི་གང་ཟག་དེ་དང་ལྷན་ཅིག་ཏུ་གནས་པའི་གང་ཟག་གཞན་དག་ཀྱང་མི་བདེ་བར་གནས་པར་འགྱུར་བའི་ཕྱིར་རོ། །ཕྲག་དོག་གི་རང་བཞིན་བསྟན་པའི་ཕྱིར། ཕྲག་དོག་ གང་ཞེ་ན་ཞེས་དྲིས་ཏེ། ཕྲག་དོག་གི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཕ་རོལ་པོའི་ཕུན་སུམ་ཚོགས་པ་ལ་སེམས་ཁྱད་པར་འཁྲུགས་པའོ་ཞེས་བྱ་བ་སྨོས་ཏེ། ཕ་རོལ་པོའི་ཕུན་སུམ་ཚོགས་པ་ནི་གཞན་གྱི་འབྱོར་པ་ལ་བྱ་སྟེ། སེམས་ཅན་གཞན་ཆོས་གོས་ལ་སོགས་པའི་རྙེད་པ་དང་ལྡན་པ་དང་། ཕྱག་འཚལ་བ་ལ་སོགས་པའི་བཀུར་སྟི་དང་ལྡན་པ་དང་། རིགས་མཐོ་བ་དང་ཚུལ་ཁྲིམས་དང་། ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །སེམས་ཁྱད་པར་འཁྲུགས་པ་ཞེས་བྱ་བ་ནི་ཞེ་སྡང་གི་ཤས་ཀྱིས་སེམས་མི་ བཟོད་པར་གྱུར་པ་སྟེ། ཕ་རོལ་པོ་རྙེད་པ་དང་བཀུར་སྟི་དང་། རིགས་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་མཐོང་བ་དང་དེ་ལ་མི་དགའ་ཞིང་སེམས་འཁྲུག་ལ་མི་བཟོད་པ་ནི་ཕྲག་དོག་ཅེས་བྱའོ། །འདི་ཡང་ཞེ་སྡང་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ ཡོད་པར་རིག་པར་བྱའོ། །དེའི་ལས་ནི་མི་བདེ་བར་གནས་པའི་རྟེན་བྱེད་པ་སྟེ། ཕྲག་དོག་དང་ལྡན་པ་ནི་གཞན་གྱི་ཡོན་ཏན་ཡོད་པར་མཐོང་བ་དང་། དུས་ཐམས་ཅད་དུ་བདག་གི་སེམས་མི་བདེ་ཞིང་འཁྲུག་པ་སྐྱེ་བར་འགྱུར་བར་བྱེད་པའི་ཕྱིར་རོ། །སེར་སྣའི་རང་བཞིན་བསྟན་པའི་ཕྱིར། སེར་སྣ་གང་ཞེ་ན་ཞེས་དྲིས་ཏེ། སེར་སྣའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་སྦྱིན་པ་དང་མི་མཐུན་པའི་སེམས་ཀྱིས་ཀུན་ཏུ་འཛིན་པའོ་ཞེས་བྱ་བ་སྨོས་ཏེ། བདག་གིར་བྱས་པའི་དངོས་པོ་ཆོས་དང་ཟང་ཟིང་ལ་སོགས་པས་མཆོད་པ་དང་། ཕན་གདགས་པར་ འདོད་པས་འདོད་པ་དང་མི་འདོད་པ་ལ་ཡོངས་སུ་གཏོང་བར་བྱེད་པ་ནི་སྦྱིན་པ་ཞེས་བྱའོ། །བདག་གིར་བྱས་པའི་དངོས་པོ་ཞེས་བྱ་བ་ནི་བདག་དབང་བའམ་བདག་ལ་བྱ་བའི་དངོས་པོའོ། །ཆོས་ནི་གསུང་རབ་ཀྱི་དོན་དང་ཚིག་འཆད་པ་ལ་མཁས་པའོ། །ཟང་ཟིང་ནི་ལྷུང་བཟེད་དང་ཆོས་གོས་ལ་ སོགས་པའི་ཡོ་བྱད་དོ། །མཆོད་རྟེན་ལ་སོགས་པ་ལ་ནི་མཆོད་པར་འདོད་པའི་ཕྱིར་ཡོངས་སུ་གཏོང་ངོ་། །ཕོངས་པ་རྣམས་ལ་ནི་ཕན་འདོགས་པར་འདོད་པའི་ཕྱིར་ཡོངས་སུ་གཏོང་ངོ་། །དགེ་འདུན་ལ་ནི་མཆོད་པ་དང་ཕན་གདགས་པར་འདོད་པའི་ཕྱིར་ཡོངས་སུ་གཏོང་ངོ་། །ཡེ་ཕོངས་པ་དང་དགེ་ འདུན་ལ་ཡོངས་སུ་གཏོང་བ་ནི་འདོད་པ་ལ་སྦྱིན་པ་ཞེས་བྱའོ། །སངས་རྒྱས་ལ་སོགས་པའི་འཕགས་པ་ལ་ཡོངས་སུ་གཏོང་བ་ནི་མི་འདོད་པ་ལ་སྦྱིན་པ་ཞེས་བྱའོ། །སེར་སྣ་ཡོད་ན་ཆོས་དང་ཟང་ཟིང་གཞན་ལ་གཏོང་བའི་མཚན་ཉིད་ཀྱི་སྦྱིན་པ་མི་བྱེད་ཅིང་མེད་པར་འགྱུར་བས་ན་སེར་སྣ་ནི་སྦྱིན་པ་ དང་མི་མཐུན་པ་ཞེས་བྱའོ། །སེམས་ཀྱི་ཀུན་ཏུ་འཛིན་པ་ཞེས་བྱ་བ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པས་འདོད་ཆགས་ཀྱི་ཤས་ཀྱིས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་འཚོ་བའི་ཡོ་བྱད་རྣམས་དང་། དངོས་པོ་གང་མི་མཁོ་བ་དང་ངན་པ་ཡང་གཞན་ལ་གཏོང་མི་ཕོད་ཅིང་ཟང་ཟིང་རྣམས་སྡུད་ པར་བྱེད་པ་ལ་ནི་སེར་སྣ་ཞེས་བྱའོ། །འདི་ཡང་འདོད་ཆགས་ཀྱི་ཤས་ལས་འབྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེའི་ལན་ནི་ཆོག་མི་ཤེས་པའི་རྟེན་བྱེད་པ་སྟེ། སེར་སྣ་དང་ལྡན་པ་རྣམས་ནི་འཚོ་བའི་ཡོ་བྱད་ཟང་ཟིང་རྣམས་སྡུད་པ་ལ་ཆོག་མི་ཤེས་པའི་ཕྱིར་རོ། ། སྒྱུའི་རང་བཞིན་བསྟན་པའི་ཕྱིར། །སྒྱུ་གང་ཞེ་ན་ཞེས་དྲིས་ཏེ། སྒྱུའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཕ་རོལ་པོ་སླུ་བ་ཡང་དག་པ་མ་ཡིན་པའི་དོན་སྟོན་པའོ་ཞེས་བྱ་བ་སྨོས་ཏེ། བདག་གང་ཚུལ་ཁྲིམས་དང་མི་ལྡན་མཁས་པ་མ་ཡིན་ཀྱང་ཚུལ་ ཁྲིམས་དང་ལྡན་པ་འདྲ་བའམ་མཁས་པ་དང་འདྲ་བར་གཞན་ལ་སྟོན་ཅིང་སྒྲོགས་པ་ནི་གཞན་ལ་སླུ་བའོ། །ཚུལ་ཁྲིམས་དང་མི་ལྡན་པ་འདྲ་བར་བསྟན་ན་གཞན་གྱིས་རྙེད་པ་དང་བཀུར་སྟི་མི་སྟེར་དུ་དོགས་ནས་རྙེད་པ་དང་བཀུར་སྟི་ལ་ཆགས་པས་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་རྒྱུས་བདག་ཚུལ་ ཁྲིམས་དང་མི་ལྡན་པར་གནས་པ་ཡིན་ཡང་ཚུལ་ཁྲིམས་དང་ལྡན་པ་འདྲ་བར་གནས་པར་དོན་གཞན་དུ་སྟོན་ཅིང་སྒྲོགས་པ་དང་། བདག་མཁས་པ་མ་ཡིན་ཡང་མཁས་པ་འདྲ་བར་ཡང་དག་པར་དོན་མ་ཡིན་པ་སྟོན་ཅིང་སྒྲོགས་པ་ནི་སྒྱུ་ཞེས་བྱའོ། །འདི་ཡང་འདོད་ཆགས་དང་གཏི་མུག་གི་ཤས་ཀྱིས་ཡོན་ ཏན་ཡོད་པ་མ་ཡིན་ཀྱང་ཡོན་ཏན་ཅན་དུ་སྟོན་ཅིང་སྒྲོགས་པར་བྱེད་པས་འདོད་ཆགས་དང་གཏི་མུག་གི་ཤས་ལས་བྱུང་བའི་ཕྱིར་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ནི་ལོག་པར་འཚོ་བའི་རྟེན་བྱེད་པ་སྟེ། ཡོན་ཏན་མེད་ཀྱང་ལུས་དང་ངག་གི་སྒོ་ནས་ཡོན་ཏན་ཅན་འདྲ་བར་ ཚུལ་བཅོས་ནས་ཆོས་གོས་དང་མལ་སྟན་ལ་སོགས་པ་གཡོ་སྒྱུས་བཙལ་བ་ལ་སྤྱོད་པར་བྱེད་པས་ན་ལོག་པར་འཚོ་བའི་རྟེན་བྱེད་པ་ཞེས་བྱའོ། །གཡོའི་རང་བཞིན་བསྟན་པའི་ཕྱིར། གཡོ་གང་ཞེ་ན་ཞེས་དྲིས་ཏེ། གཡོའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་ དོན་ཏོ། །དེའི་ལན་དུ། བདག་གི་ཉེས་པ་འཆབ་པའི་ཐབས་གཟུང་བ་སྟེ། སེམས་གྱ་གྱུ་བའོ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཀྱིས་སྲོག་གཅོད་པ་ལ་སོགས་པའི་སྐྱོན་བྱས་པ་ནི་བདག་གི་ཉེས་པའོ། །བདག་གི་ཉེས་པ་འཆབ་པ་ནི་བདག་གི་ཉེས་པ་མཁྱུད་པའམ་སྦེད་པའོ། །ཚུལ་ ཅིས་ཉེས་པ་བཅབས་ཤེ་ན། ཐབས་གཟུང་བ་སྟེ། ཐབས་ཀྱིས་གཟུང་བས་ཉེས་པ་འཆབ་ཅེས་བྱ་བའི་དོན་ཏོ། །ཐབས་གཟུང་བ་ཞེས་བྱ་བ་ནི་གཞན་མགོ་རྨོངས་པར་བྱེད་པ་སྟེ། དེའང་གཞན་དག་གིས་ཁྱོད་ཀྱིས་ཉེས་པ་འདི་ལྟ་བུ་ཞིག་མ་བྱས་སམ་ཞེས་དྲིས་ན། བདག་མ་དུ་རའི་གྲོང་ཁྱེར་ ནས་རྒྱལ་པོའི་ཁབ་ཏུ་མཆིས་ཞེས་བྱ་བ་ལ་སོགས་པའི་གཏམ་གཞན་ནས་གཞན་དུ་སྐྱོང་ཞིང་གཏམ་རླུང་སྐུར་བར་བྱེད་པའམ། སྨྲ་ན་མི་གསལ་བར་ཉེས་པ་བྱས་སམ་མ་བྱས་གཏོལ་མེད་ཅིང་ཅི་སྨྲས་གཏོལ་མེད་པར་སྨྲ་བ་ནི་གཡོ་ཞེས་བྱའོ། །གཡོ་དང་ལྡན་པའི་གང་ཟག་རྣམས་དྲང་པོར་ མི་སེམས་ཤིང་དྲང་པོར་མི་སྨྲ་བས་ན་སེམས་གྱ་གྱུ་བ་ཞེས་བྱའོ། །འདི་ཡང་རྙེད་པ་དང་བཀུར་སྟི་ལ་ཆགས་པ་དང་ཉེས་པ་བཅབས་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བར་མི་ཤེས་པའི་གཏི་མུག་གི་དབང་གིས་འབྱུང་བས་ན་འདོད་ཆགས་དང་གཏི་མུག་གི་ཤས་ལས་འབྱུང་བའི་ཕྱིར་རྫས་སུ་མེད་ཀྱི་བཏགས་ པར་ཡོད་པར་རིག་པར་བྱའོ། །དེའི་ལས་ཀྱང་ཡང་དག་པའི་ལུང་བསྒོ་བ་འཐོབ་པའི་བགེགས་བྱེད་པ་སྟེ། སུ་ཉེས་པ་འཆབ་པའི་གཡོ་དང་ཆགས་པ་དེ་ལ་མཁན་པོ་དང་སློབ་དཔོན་གྱིས་ཡང་དག་པའི་ལུང་བསྒོ་བར་མི་བྱེད་ཅིང་སྔར་ལུང་བསྒོ་བ་ཐོབ་པ་རྣམས་ཀྱང་གཡོ་ཡོད་པས་ཚུལ་ བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ལོག་པར་བྱས་པའི་ཕྱིར་ཡང་དག་པར་ལུང་བསྒོ་བ་ཐོབ་པའི་བགེགས་བྱེད་པ་ཞེས་བྱའོ། །སྨྲས་པ། འཆབ་པ་ཡང་བདག་གི་ཁ་ན་མ་ཐོ་བ་འཆབ་པ་ཡིན་ལ་གཡོ་ཡང་རང་གི་ཉེས་པ་འཆབ་པའི་ཐབས་འཛིན་པ་ཡིན་པས་དེ་གཉི་ག་ཉེས་པ་འཆབ་པ་བྱེད་པར་ ཟད་ན་ཁྱད་པར་ཇི་ཡོད། སྨྲས་པ། འཆབ་པ་ནི་བདག་གིས་ཉེས་པ་མ་བྱས་སོ་ཞེས་དངོས་སུ་གསལ་བར་ཁ་ན་མ་ཐོ་བ་མཁྱུད་པར་བྱེད་ཀྱི་གཡོ་ནི་དངོས་སུ་མ་བྱས་སོ་ཞེས་གསལ་བར་མི་སྨྲ་བའི་ཐབས་ཀྱིས་མ་བྱས་པ་འདྲ་བར་ཉེས་པ་མཁྱུད་པར་བྱེད་པས་ན་ཁྱད་པར་ཡོད་དོ། །རྒྱགས་པའི་རང་བཞིན་ བསྟན་པའི་ཕྱིར། རྒྱགས་པ་གང་ཞེ་ན་ཞེས་དྲིས་ཏེ། རྒྱགས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་ནས་རབ་ཏུ་དགའ་བའི་སེམས་ཀྱིས་ཡོངས་སུ་འཛིན་པའོ་ཞེས་བྱ་བ་སྨོས་ཏེ། བདག་གི་ཕུན་སུམ་ཚོགས་ པ་ནི་བདག་ལ་ཡོད་པ་འབྱོར་པ་ལ་བྱ་སྟེ། རིགས་ཆེན་པོ་དང་། ལུས་ནད་མེད་པ་དང་། གཟུགས་མཛེས་པ་དང་། ལང་ཚོ་དར་ལ་བབ་པ་དང་། སྟོབས་ཆེ་བ་དང་། དབང་དང་། ཕྱུག་པ་དང་། བློ་དང་། ཡིད་རྣོ་བ་ལ་སོགས་པ་གཞན་པས་ཁྱད་ཞུགས་པར་འཕགས་ཤིང་ཕུལ་དུ་བྱུང་བ་ལ་ ནི་བདག་གི་ཕུན་སུམ་ཚོགས་པ་ཞེས་བྱའོ། །མིང་གིས་སྨོས་པའི་བདག་གི་ཕུན་སུམ་ཚོགས་པ་ལ་ཞེན་ནས་གཏོང་མི་ཕོད་པ་ནི་ཆགས་པ་སྟེ། ཆགས་ནས་ཞེས་བྱ་བ་ནི་ཆགས་པ་དེས་རྒྱུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་དགའ་བའི་སེམས་ཀྱིས་ཞེས་བྱ་བ་ནི་མགུ་བ་དང་ལྡན་པའི་སེམས་ སམ་རློམ་པ་དང་བཅས་པའི་སེམས་སམ་ཡིད་བདེ་བའི་ཁྱད་པར་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །དོན་དེ་བསྟན་པའི་ཕྱིར་སེམས་ཀྱིས་ཡོངས་སུ་འཛིན་པ་ཞེས་བྱ་བ་སྨོས་ཏེ། བདག་གི་ཕུན་སུམ་ཚོགས་པ་ལ་ཆགས་ཤིང་རློམ་པ་དང་བཅས་པའི་སེམས་ཀྱིས་སེམས་རང་དབང་ མེད་པར་བྱས་ནས། ལོངས་སྤྱོད་ཚོགས་པ་འབའ་ཞིག་ལ་སེམས་འཛིན་ཅིང་མི་གཏོང་གི་དགེ་བའི་སེམས་འཇུག་པའི་དབང་མེད་པར་བྱས་པ་ནི་རྒྱགས་པ་ཞེས་བྱའོ། །འདི་ཡང་འདོད་ཆགས་ཀྱི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་ ཉོན་མོངས་པ་ཐམས་ཅད་སྐྱེ་བའི་རྟེན་བྱེད་པའི་ལས་ཅན་ཏེ། རྒྱགས་པའི་རྒྱུས་ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་གཞན་ཡང་སྐྱེ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་འཚེ་བའི་རང་བཞིན་བསྟན་པའི་ཕྱིར་རྣམ་པར་འཚེ་བ་གང་ཞེ་ན་ཞེས་དྲིས་ཏེ། རྣམ་པར་འཚེ་བའི་རང་ བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམས་པའོ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་རྣམས་ཀྱི་ལུས་ལ་སྡུག་བསྔལ་བ་སྐྱེད་པ་དང་། ཡིད་མི་བདེ་བ་སྐྱེད་པའི་ཕྱིར། སེམས་ཅན་རྣམས་ལ་བཅིང་བ་དང་། བརྡེག་པ་དང་། བསྡིགས་པ་ལ་སོགས་པ་རྣམས་གནོད་པ་སྣ་ཚོགས་ཀྱིས་ཐོ་འཚམས་ཤིང་མི་བདེ་བ་སྐྱེད་པར་བྱེད་པ་ལ་རྣམ་པར་འཚེ་བ་ཞེས་བྱའོ། །རྣམ་པར་འཚེ་བ་དེ་ཡང་མིང་དུ་ན་བརྩེ་བ་མེད་པ་དང་། སྙིང་རྗེ་མེད་པ་དང་བཟོད་པ་མེད་པ་ཞེས་བྱ་བ་སྟེ། དེ་གསུམ་ནི་རྣམ་པར་འཚེ་བའི་མིང་གི་ རྣམ་གྲངས་སོ། །ཡང་ན་བདག་ཉིད་སེམས་ཅན་རྣམས་ལ་བཅིང་བ་ལ་སོགས་པའི་ལས་བྱེད་པ་ནི་བརྩེ་བ་མེད་པ་ཞེས་བྱའོ། །གཞན་དག་ལ་སེམས་ཅན་དག་བཅིང་དུ་བཅུག་པ་ལ་སོགས་པ་བྱེད་དུ་བཅུག་པ་ནི་སྙིང་རྗེ་མེད་པ་ཞེས་བྱའོ། །གཞན་དག་སེམས་ཅན་ལ་བཅིང་བའི་ལས་བྱེད་ པ་མཐོང་ན་དགའ་ཞིང་དེ་ལ་ལེགས་སོ་ཞེས་རྗེས་སུ་ཡི་རང་བ་ནི་བཟོད་པ་མེད་པ་ཞེས་བྱའོ། །འདི་ཡང་ཁོང་ཁྲོ་བའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ནི་སེམས་ཅན་ལ་སེམས་རྩུབ་པར་བྱེད་ཅིང་བཅིང་བ་དང་རྡེག་པ་ལ་སོགས་པས་ སེམས་ཅན་རྣམས་ལ་རྣམ་པར་འཚེ་བའི་ལས་ཅན་ནོ། །ངོ་ཚ་མི་ཤེས་པའི་རང་བཞིན་བསྟན་པའི་ཕྱིར། ངོ་ཚ་མི་བྱེད་པ་གང་ཞེ་ན་ཞེས་དྲིས་ཏེ། ངོ་ཚ་མི་ཤེས་པའི་རང་བཞིན་དང་། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཁ་ན་མ་ཐོ་བས་བདག་ལ་ངོ་མི་ཚའོ་ཞེས་བྱ་བ་སྨོས་ ཏེ། སངས་རྒྱས་ལ་སོགས་པ་དམ་པ་རྣམས་ཀྱིས་སྨད་པ་ཡིན་པས་སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་ལ་ཁ་ན་མ་ཐོ་བ་ཞེས་བྱའོ། །ངོ་ཚ་ཤེས་པ་བཤད་ན་ངོ་ཚ་མི་ཤེས་པས་མཇལ་བརྡ་ཕྲད་སླ་བར་འགྱུར་བས་ངོ་ཚ་ཤེས་པ་ཇེ་བསྟན་ཏོ། །དེ་ལ་བདག་ནི་ཆོ་རིགས་འདི་ལྟ་བུ་ལས་བྱུང་སྟེ། ཤེས་ རབ་དང་ཡོན་ཏན་འདི་ལྟ་བུ་དག་དང་ལྡན་པ་ཡིན་པས་ལས་ངན་པ་འདི་འདྲ་བ་བདག་གིས་བྱ་བར་མི་རིགས་སོ་ཞེས་བདག་ལ་བལྟས་ཏེ། སྡིག་པའི་ལས་ལ་བག་བྱེད་ཅིང་བདག་མེད་པར་མི་འཇུག་པ་ནི་ངོ་ཚ་ཤེས་པ་ཞེས་བྱའོ། །བདག་ཆོ་རིགས་འདི་ལྟ་བུ་ལས་བྱུང་བ་ཤེས་པ་དང་ཡོན་ཏན་འདི་ལྟ་བུ་དང་ ལྡན་པས་ལས་ངན་པ་འདི་འདྲ་བ་བདག་གིས་སྤྱད་པའི་ཆ་མ་ཡིན་པར་ཤེས་ཀྱང་བདག་གིས་བདག་ཁྲེལ་བ་མེད་དེ་སྡིག་པའི་ལས་ལ་འཛེམ་པ་མེད་པར་སྤྱད་པ་ནི་ངོ་ཚ་མི་ཤེས་པ་ཞེས་བྱའོ། །འདི་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་ པར་རིག་པར་བྱའོ། །འདོད་ཆགས་དང་ཞེ་སྡང་གཉིས་དུས་གཅིག་ཏུ་འབྱུང་མི་སྲིད་པས་ཡང་ན་ནི་གཏི་མུག་དང་འདོད་ཆགས་ཀྱི་དབང་གིས་ངོ་ཚ་མི་ཤེས་པ་འབྱུང་སྟེ། གང་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་ལ་འཛེམ་པ་མེད་པར་སྤྱོད་པའི་ཚེ་ནའོ། །ཡང་ན་ནི་གཏི་མུག་དང་ཞེ་སྡང་གི་ དབང་གིས་ངོ་ཚ་མི་ཤེས་པ་འབྱུང་སྟེ། ནམ་སྲོག་གཅོད་པ་ལ་སོགས་པའི་ལས་ལ་འཛེམ་པ་མེད་པར་ཞུགས་པའི་ཚེ་ནའོ། །འདིའི་ལས་ཀྱང་ཉོན་མོངས་པ་དྲུག་དང་གཡོ་དང་སྒྱུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་སྐྱེ་བའི་རྒྱུའམ་གྲོགས་བྱེད་པའོ། །ཁྲེལ་མེད་པའི་རང་བཞིན་བསྟན་ པའི་ཕྱིར། ཁྲེལ་མེད་པ་གང་ཞེ་ན་ཞེས་དྲིས་ཏེ། ཁྲེལ་མེད་པའི་རང་བཞིན་དང་། མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ཁ་ན་མ་ཐོ་བས་གཞན་ལ་མི་འཛེམ་པའོ་ཞེས་བྱ་བ་སྨོས་ཏེ། ཁྲེལ་ཡོད་པ་སྔར་བསྟན་ན་ཁྲེལ་མེད་པ་མཇལ་ཆུང་སླ་བར་འགྱུར་བའི་ཕྱིར་ཁྲེལ་ཡོད་པ་ ཇེ་བསྟན་པར་བྱའོ། །དེ་ལ་སྡིག་པ་མི་དགེ་བའི་ལས་ངན་པ་འདི་དག་བྱས་ན་འཇིག་རྟེན་པ་རྣམས་འཕྱ་བ་དང་བརྡེག་པ་དང་བཅིང་བ་ལ་སོགས་པའི་གནོད་པ་བྱེད་པར་འགྱུར་རོ་ཞེས་འཇིག་རྟེན་པས་དཔྱས་པ་དང་བཅིང་བ་དང་། གནོད་པ་བྱས་པར་དོགས་ནས་སྡིག་པའི་ལས་ལ་མི་འཇུག་ཅིང་འཛེམ་ པ་ནི་ཁྲེལ་ཡོད་པ་ཞེས་བྱའོ། །སྡིག་པའི་ལས་འདི་དག་བྱས་ན་འཇིག་རྟེན་པས་དཔྱས་པ་དང་བཅིང་བ་དང་བརྡེག་པ་ལ་སོགས་པའི་གནོད་པ་བྱེད་པར་འགྱུར་བར་ཤེས་ཀྱང་གཞན་གྱིས་དཔྱས་པ་དང་། གནོད་པ་བྱས་པ་ལ་འཛེམ་པ་མེད་པར་སྡིག་པའི་ལས་ལ་འཇུག་པ་ནི་ཁྲེལ་མེད་པ་ཞེས་བྱའོ། །འདི་ ཡང་ངོ་ཚ་མི་ཤེས་པ་དང་འདྲ་བར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་རྣམས་སྐྱེ་བའི་གྲོགས་སམ་རྒྱུ་བྱེད་པའོ། །རྨུགས་པའི་རང་བཞིན་ བསྟན་པའི་ཕྱིར། རྨུགས་པ་གང་ཞེ་ན་ཞེས་དྲིས་ཏེ། རྨུགས་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། སེམས་ལས་སུ་མི་རུང་བ་སྟེ་བློང་བའོ་ཞེས་བྱ་བ་སྨོས་ཏེ། དགེ་བའི་ཆོས་ལ་དམིགས་པའི་ཚེ་དམིགས་པར་བྱ་བའི་ཡུལ་ སེམས་ཀྱིས་རྟོགས་པར་མི་ནུས་ཤིང་དམིགས་པར་བྱ་བ་སེམས་ལ་གསལ་བར་འཇོག་མི་ནུས་པ་ནི་སེམས་ལས་སུ་མི་རུང་བ་ཞེས་བྱའོ། །སེམས་ལས་སུ་མི་རུང་བའི་དོན་ཉིད་བསྟན་པའི་ཕྱིར་བློང་བ་ཞེས་བྱ་བ་སྨོས་ཏེ། པགས་པ་བངས་ན་ལྡར་བར་འགྱུར་བ་དང་འདྲ་བར་སེམས་བླུན་པའམ་ སེམས་སླུ་བའམ་སེམས་མི་གསལ་བར་འགྱུར་བ་ནི་བློང་བ་སྟེ། སེམས་མི་གསལ་བའི་མཚན་ཉིད་དུ་གྱུར་པ་ལ་རྨུགས་པ་ཞེས་བྱའོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་ཉོན་མོངས་པ་དང་ཉེ་བའི་ ཉོན་མོངས་པ་སྐྱེ་བའི་གྲོགས་བྱེད་པའོ། །རྒོད་པའི་རང་བཞིན་བསྟན་པའི་ཕྱིར། རྒོད་པ་གང་ཞེ་ན་ཞེས་དྲིས་ཏེ། རྒོད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། སེམས་མ་ཞི་བའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་སེམས་ཞི་བ་ཞེས་བྱ་བ་ནི་ཞི་གནས་དང་ ཏིང་ངེ་འཛིན་རྩེ་གཅིག་པ་ལ་བྱ་སྟེ། གང་སེམས་གཡེངས་པ་ནི་ཏིང་ངེ་འཛིན་རྩེ་གཅིག་པ་དང་མི་མཐུན་པའི་ཆོས་ལ་སེམས་མ་ཞི་བ་ཞེས་བྱའོ། །དེ་ཡང་འདོད་ཆགས་ཀྱིས་རྒྱུ་བྱས་ནས་སྔོན་བགད་པ་དང་། རྩེད་མོ་བྱས་པ་ལ་སོགས་པ་རྗེས་སུ་དྲན་ཏེ། དེར་སེམས་འཕྲོས་ནས་སེམས་ཡེང་ཡེང་ པོར་མ་ཞི་བར་བྱེད་པའི་རྒྱུ་བྱེད་པ་ལ་རྒོད་པ་ཞེས་བྱའོ། །འདི་ཡང་འདོད་ཆགས་ཀྱི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི། བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ནི་ཞི་གནས་དང་མི་མཐུན་པར་བྱེད་པ་སྟེ། སེམས་རྒོད་པ་མ་ཞི་བའི་མཚན་ཉིད་བྱུང་ནས་སེམས་རྩེ་གཅིག་ པའི་ཏིང་ངེ་འཛིན་མེད་པར་འགྱུར་བས་ན་ཞི་གནས་དང་མི་མཐུན་པའི་རྟེན་བྱེད་པ་ཞེས་བྱའོ། །མ་དད་པའི་རང་བཞིན་བསྟན་པའི་ཕྱིར། མ་དད་པ་གང་ཞེ་ན་ཞེས་དྲིས་ཏེ། མ་དད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །ལན་དུ་ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་ཡིད་མི་ཆེས་ཤིང་སེམས་མ་དད་པ་སྟེ། དད་པ་དང་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ལས་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་མཚན་ཉིད་དང་གསུམ་མོ། །འབྲས་བུ་ནི་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་སྟེ་གཉིས་སོ། ། བདེན་པ་ནི་སྡུག་བསྔལ་ལ་སོགས་པ་བཞིའོ། །དཀོན་མཆོག་ནི་སངས་རྒྱས་ལ་སོགས་པ་གསུམ་མོ། །དེ་ལ་ལས་དང་འབྲས་བུ་དང་བདེན་པ་ལ་སོགས་པ་ཡོད་པར་ཡིད་མི་ཆེས་པ་དང་། དཀོན་མཆོག་ལ་ཡོན་ཏན་དུ་སེམས་དང་བ་མེད་པ་ནི་མ་དད་པ་ཞེས་བྱའོ། །དད་པའི་མི་མཐུན་པའི་ ཕྱོགས་ཞེས་བྱ་བ་ནི་ལས་དང་འབྲས་བུ་དང་བདེན་པ་དཀོན་མཆོག་ལ་སོགས་པ་ལ་ཡོད་པར་ཡིད་ཆེས་པ་དང་། དཀོན་མཆོག་གསུམ་ལ་ཡོན་ཏན་ཅན་དུ་སེམས་དང་བ་དང་ལྡན་པ་དང་། མྱ་ངན་ལས་འདས་པ་ནི་ཐོབ་པར་བྱ་བར་ནུས། འཕགས་པའི་ལམ་ནི་བསྒྲུབ་པར་ནུས་པ་ལ་གང་འདོད་པ་སྐྱེ་བ་ ནི་དད་པ་ཞེས་བྱའོ། །མ་དད་པ་ནི་ལས་དང་འབྲས་བུ་དང་། བདེན་པ་ལ་ཡིད་ཆེས་པ་མེད་དཀོན་མཆོག་གསུམ་ལ་སོགས་པ་ལ་ཡོན་ཏན་ཅན་དུ་སེམས་དང་བ་མེད། མྱ་ངན་ལས་འདས་པ་དང་། འཕགས་པའི་ལམ་ལ་འདོད་པ་མེད་པས་ན་མ་དད་པ་ནི་དད་པ་དང་མི་མཐུན་པའི་ཕྱོགས་ཞེས་བྱའོ། ། འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི། བཏགས་པར་ཡོད་པར་རིག་པར་བྱའོ། །དེའི་ལས་ནི་ལེ་ལོའི་རྟེན་བྱེད་པ་སྟེ། མ་དད་པ་ཡོད་པ་ན་མ་དད་པའི་ཤུགས་ཀྱིས་མཉན་པ་དང་བསམ་པ་ལ་སོགས་པ་དགེ་བ་བྱེད་མི་འདོད་པས་ལེ་ལོའི་རྟེན་བྱེད་པའོ། །ལེ་ལོའི་རང་བཞིན་ བསྟན་པའི་ཕྱིར། །ལེ་ལོ་གང་ཞེ་ན་ཞེས་དྲིས་ཏེ། ལེ་ལོའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། དགེ་བ་ལ་སེམས་མི་སྤྲོ་བ་སྟེ། བརྩོན་འགྲུས་དང་མི་མཐུན་པའི་ཕྱོགས་སོ་ཞེས་བྱ་བ་སྨོས་ཏེ། ཉལ་བའི་བདེ་བ་དང་འཕྲེས་པའི་བདེ་བ་ལ་ཆགས་ ནས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་མཉན་པ་དང་བསམ་པ་ལ་སོགས་པའི་དགེ་བ་བྱ་བ་ལ་སེམས་མི་སྤྲོ་ཞིང་དགེ་བའི་ལས་ལ་སེམས་འཇུག་པར་མི་འདོད་པ་ནི་ལེ་ལོ་ཞེས་བྱའོ། །བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ལ། དགེ་བའི་ལས་སྤྱད་པ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས་ ཞེས་བྱ་བ་ལ། ལེ་ལོ་ནི་དགེ་བའི་ལས་བྱ་བ་ལ་སེམས་སྤྲོ་བ་མེད་པས་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་བཏགས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་དགེ་བའི་ཕྱོགས་རབ་ཏུ་ སྦྱོར་བ་ལ་བགེགས་བྱེད་པའོ། །བག་མེད་པའི་རང་བཞིན་བསྟན་པའི་ཕྱིར། བག་མེད་པ་གང་ཞེ་ན་ཞེས་དྲིས་ཏེ། བག་མེད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ལེ་ལོ་གང་ཡིན་པ་དག་གིས་ ཉོན་མོངས་པའི་སེམས་མི་བསྲུང་བ་དང་། དགེ་བ་ལ་མི་བསྒོམ་པའོ་ཞེས་བྱ་བ་སྨོས་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ལེ་ལོ་སྟེ། ཆོས་འདི་བཞིའི་དབང་དུ་བྱས་སམ་ཆོས་དེ་བཞི་ལ་གནས་ཤིང་བརྟེན་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལ་སེམས་ཞུགས་ པ་ལས་ནི་མི་སྲུང་མི་གློན། དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་ནི་སྒོམ་པར་མི་བྱེད་པ་ལ་བག་མེད་པ་ཞེས་བྱའོ། །འདི་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལེ་ལོ་སྟེ། ཆོས་འདི་བཞིའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི། བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ ལས་ནི་མི་དགེ་བ་འཕེལ་བ་དང་དགེ་བ་ཉམས་པར་བྱེད་པའི་རྟེན་བྱེད་པའི་ལས་ཅན་ཏེ། མི་དགེ་བ་ལ་སེམས་ཞུགས་པ་ལས་མ་བསྲུངས་པས་ནི་མི་དགེ་བ་འཕེལ་བར་འགྱུར་རོ། །དྲན་པ་ཉམས་པའི་རང་བཞིན་བསྟན་པའི་ཕྱིར། དྲན་པ་ཉམས་པ་གང་ཞེ་ན་ཞེས་དྲིས་ཏེ། དྲན་པ་ཉམས་ པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། དྲན་པ་ཉོན་མོངས་པ་ཅན་ཏེ། དགེ་བ་ལ་སེམས་མི་གསལ་བའོ་ཞེས་བྱ་བ་སྨོས་ཏེ། དྲན་པ་གང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པའི་དྲན་པ་ལ་ནི། དྲན་པ་ཉོན་མོངས་ པ་ཅན་ཞེས་བྱའོ། །དེའི་དགེ་བའི་སེམས་མི་གསལ་བ་ཞེས་བྱ་བ་ནི་དཔེར་ན་སྦྲང་རྩི་དང་ཁ་ར་ཟ་བ་ལས་གོམས་པ་ལ་སོགས་པའི་སྲོག་ཆགས་རྣམས་ཀྱང་ཏིག་ཏ་ལ་སོགས་པའི་ཁ་ཟས་རྫས་ཟ་བར་མི་ནུས་པ་དེ་བཞིན་དུ། དྲན་པ་གང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པས་འདོད་ ཆགས་ལ་སོགས་པའི་ཡུལ་བུད་མེད་ལ་སོགས་པ་གང་ཡིན་པ་དེ་ཉིད་སེམས་ལ་དྲན་གྱི་དགེ་བ་སེམས་ལ་མི་གསལ་ཏེ། ཡང་དག་པའི་གདམས་ངག་ལ་སོགས་པའི་དགེ་བའི་སེམས་མི་དྲན་ཏེ། བརྗེད་པར་གྱུར་པ་ལ་ནི་དྲན་པ་ཉམས་པ་ཞེས་བྱའོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་ རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །འདིའི་ལས་ནི་རྣམ་པར་གཡེང་བའི་རྟེན་བྱེད་པའི་ལས་ཅན་ཏེ། དྲན་པ་ཉམས་པ་རྣམས་ཉོན་མོངས་པའི་ཡུལ་བུད་མེད་ལ་སོགས་པ་འབའ་ཞིག་ལ་སེམས་འཇུག་པའི་ཕྱིར་རོ། །རྣམ་པར་གཡེང་བའི་རང་བཞིན་བསྟན་པའི་ཕྱིར། རྣམ་ པར་གཡེང་བ་གང་ཞེ་ན་ཞེས་དྲིས་ཏེ། རྣམ་པར་གཡེང་བའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གི་ཤས་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་གང་སེམས་ཡེང་བའོ་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཡོན་ཏན་ ལྔ་ནི་གཟུགས་དང་སྒྲ་དང་། དྲི་དང་རོ་དང་རེག་གོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ཀྱིས་རྒྱུ་བྱས་ནས་གང་སེམས་ཏིང་ངེ་འཛིན་དུ་རྩེ་གཅིག་ཏུ་དམིགས་པའི་ཚེའམ་ཐོས་པ་ལ་སོགས་པའི་དགེ་བའི་ཆོས་སེམས་ལ་སེམས་པའི་ཚེ་གཟུགས་ལ་སོགས་པ་འདོད་པ་ལྔའི་ཡུལ་ལ་ སེམས་འཕྲོས་པ་འམ་སེམས་ཡེང་བར་སོང་བ་ལ་རྣམ་པར་གཡེང་བ་ཞེས་བྱའོ། །དེའང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེ་ལ་འདོད་ཆགས་དང་ཞེ་སྡང་དུས་གཅིག་ཏུ་མི་འབྱུང་བའི་ཕྱིར་ཡང་ན་ནི་འདོད་ ཆགས་དང་གཏི་མུག་གི་དབང་གིས་གཡེང་བ་འབྱུང་། ཡང་ན་ནི་ཞེ་སྡང་དང་གཏི་མུག་གིས་གཡེང་བ་འབྱུང་བར་རིག་པར་བྱའོ། །འདིའི་ལས་ཀྱང་འདོད་ཆགས་དང་བྲལ་བ་ལ་བར་དུ་གཅོད་པའི་ལས་ཅན་ཏེ། འདོད་པ་ལྔའི་ཡོན་ཏན་ལ་སེམས་ལ་སེམས་གཡེངས་པར་གྱུར་པ་རྣམས་ལ་ཁམས་ གསུམ་གྱི་འདོད་ཆགས་སྤང་བར་བྱ་བ་ལ་བར་དུ་གཅོད་ཅིང་བགེགས་བྱེད་པའི་ཕྱིར་རོ། །མདོ་དག་ལས་ནི་གཡེང་བ་རྣམ་པ་དྲུག་ཏུ་བཤད་དོ། །གཡེང་བ་རྣམ་པ་དྲུག་ནི་རང་བཞིན་གྱིས་གཡེང་བ་དང་། ཕྱི་རོལ་དུ་གཡེང་བ་དང་། ནང་དུ་གཡེང་བ་དང་། མཚན་མའི་གཡེང་བ་དང་། གནས་ངན་ལེན་གྱི་གཡེང་བ་དང་། ཡིད་ལ་བྱེད་པའི་གཡེང་བ་དང་། དེ་ལ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཚོགས་ལ་ནི་རང་བཞིན་གྱིས་གཡེང་བ་ཞེས་བྱ་སྟེ། རྣམ་པར་ཤེས་པ་ལྔ་པོ་དེ་དག་ནི་རང་བཞིན་གྱིས་ནང་དུ་ རྩེ་གཅིག་པར་འཇོག་མི་ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དགེ་བའི་ཆོས་ལ་ཞུགས་པའི་ཚེ་འདོད་པ་ལྔའི་ཡོན་ཏན་ལ་སེམས་འཕྲོས་པ་ནི་ཕྱི་རོལ་དུ་གཡེང་བ་ཞེས་བྱའོ། །ཏིང་ངེ་འཛིན་དུ་ཞུགས་པའི་ཚེ་སེམས་རྨུགས་པ་དང་རྒོད་པའི་དབང་དུ་བཏང་བ་ནི་ནང་དུ་གཡེང་བ་ཞེས་བྱའོ། །ཏིང་ངེ་ འཛིན་ལ་སོགས་པ་དགེ་བ་བསྒོམས་ན་གཞན་དག་གིས་བདག་ལ་ཡོན་ཏན་ཅན་ཡིན་ནོ་སྙམ་དུ་འཛིན་པའི་དབང་དུ་བྱས་ནས་དགེ་བ་ལ་ཞུགས་པ་ནི་མཚན་མའི་གཡེང་བ་ཞེས་བྱའོ། །ཏིང་ངེ་འཛིན་བསྒོམས་པའི་ཚེ་བདག་དང་བདག་གིར་རྟོག་པ་འབྱུང་བ་ནི་གནས་ངན་ལེན་གྱི་གཡེང་བ་ཞེས་བྱའོ། །སྔར་ཏིང་ངེ་ འཛིན་གཅིག་བསྒོམས་བསྒོམས་པ་ལས་དེའི་འོག་ཏུ་ཏིང་ངེ་འཛིན་གཞན་སྒོམ་པར་བྱེད་པ་ནི་ཡིད་ལ་བྱེད་པའི་གཡེང་བ་ཞེས་བྱའོ། །འདིར་གཡེང་བ་དྲུག་ལས་ཕྱི་རོལ་གྱི་གཡེང་བ་འབའ་ཞིག་བཤད་མོད་ཀྱི། གཡེང་བ་གཞན་དག་ཀྱང་རྣམ་པར་གཡེང་བའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །ཤེས་ བཞིན་མེད་པའི་རང་བཞིན་བསྟན་པའི་ཕྱིར། ཤེས་བཞིན་མེད་པ་གང་ཞེ་ན་ཞེས་དྲིས་ཏེ། ཤེས་བཞིན་མེད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། ཉོན་མོངས་པ་དང་རབ་ཏུ་ལྡན་པའི་ཤེས་རབ་སྟེ་ལུས་དང་ངག་དང་ཡིད་ཀྱི་རྒྱུ་བ་རྣམས་ལ་དབང་མེད་པར་སྤྱོད་པའོ་ཞེས་ བྱ་བ་སྨོས་ཏེ། ཤེས་རབ་གང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་བཅས་ཤིང་ཉོན་མོངས་པའི་དབང་དུ་གྱུར་ཅིང་ཉོན་མོངས་པ་དང་འདྲེས་པའི་ཤེས་རབ་ལ་ཉོན་མོངས་པ་དང་རབ་ཏུ་ལྡན་པའི་ཤེས་རབ་ཅེས་བྱའོ། །དེ་ལྟར་ཤེས་རབ་ཉོན་མོངས་པའི་དབང་དུ་གྱུར་པས་ལུས་ཀྱི་སྤྱོད་པ་འགྲོ་འདུག་ལྡང་ཉལ་དང་། ངག་གི་སྤྱོད་པ་སྨྲ་བ་དང་མི་སྨྲ་བར་བྱ་བ་དང་། ཡིད་ཀྱི་སྤྱོད་པ་བསམ་པ་དང་མི་བསམ་པར་བྱ་བ་རྣམས་ལ་བདག་ད་ལྟར་འདི་བྱེད་ཅིང་འདུག་གོ་ཞེས་མི་ཤེས་པ་དང་། བྱ་བ་དང་མི་བྱ་བའི་དམིགས་མི་ཤེས་པ་ན་ཤེས་བཞིན་མེད་པ་ཞེས་བྱའོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ ཡོད་པར་རིག་པར་བྱའོ། །འདིའི་ལས་ཀྱང་ཉེས་པ་འབྱུང་བའི་རྟེན་བྱེད་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་བྱ་བ་དང་མི་བྱ་བ་མི་ཤེས་པས་རྟག་ཏུ་སྐྱོན་དང་ལྟུང་བ་ཤ་སྟག་འབྱུང་བའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་རྣམས་བཤད་ཟིན་ཏོ། །བཞི་ནི་གཞན་དུ་ཡང་བཤད་པར་བྱ་སྟེ། དེ་ཡང་འགྱོད་ པའི་རང་བཞིན་བསྟན་པའི་ཕྱིར། འགྱོད་པ་གང་ཞེ་ན་ཞེས་དྲིས་ཏེ། འགྱོད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཡིད་ལ་གཅགས་པའོ་ཞེས་བྱ་བ་སྨོས་ཏེ། སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་བྱས་པ་མཚར་བྱས་ཤེའམ། མ་ལེགས་པ་ཞེས་བྱས་ སོ་ཞེས་ཕྱིས་ཡིད་ལ་གདུང་ཞིང་ཡིད་ལ་གཅགས་པ་དང་། སྦྱིན་པ་ལ་སོགས་པའི་དགེ་བ་བྱས་པ་མཚར་བྱས་སོ་ཞེའམ། མ་ལེགས་པ་ནི་བྱས་སོ་ཞེས་ཕྱིས་མི་དགའ་ཞིང་ཡིད་ལ་གཅགས་པ་འམ། བཙེམ་དྲུབ་ལ་སོགས་པའི་ལས་བྱས་པ་མཚར་བྱས་ཤེའམ་མ་བྱས་པ་མཚར་བྱས་སོ་ཞེས་ཕྱིས་ ཡིད་ལ་གདུང་ཞིང་ཡིད་ལ་གཅགས་པ་ལ་འགྱོད་པ་ཞེས་བྱའོ། །འགྱོད་པ་དེ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། །དེ་ལ་སྦྱིན་པ་ལ་སོགས་པའི་དགེ་བ་བྱས་པ་ལ་དགེ་བ་བྱས་པ་མ་ཡིན་པ་ཞིག་བྱས་སོ་ཞེ་འམ། ཉེས་པ་ཞིག་བྱས་ཞེས་འགྱོད་ པ་ནི་འགྱོད་པ་མི་དགེ་བའོ། །ཡང་ན་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་མ་བྱས་པར་མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་མི་དགེ་བའོ། །སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱས་པ་ཉེས་པ་ཞིག་བྱས་སོ་ཞེ་འམ། མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་ དགེ་བའོ། །ཡང་ན་སྦྱིན་པ་ལ་སོགས་པ་དགེ་བ་མ་བྱས་པ་མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་དེ་དག་ནི་འགྱོད་པ་དགེ་བའོ། །བཙེམ་དྲུབ་ལ་སོགས་པའི་ལས་མ་བྱས་པ་མཚར་བྱས་ཤེ་འམ་དེ་དག་བྱས་པ་ཉེས་པ་ཞིག་བྱས་སོ་ཞེས་འགྱོད་པ་ནི་འགྱོད་པ་ལུང་དུ་མ་བསྟན་པའོ། །འགྱོད་པ་གསུམ་ ལས་འགྱོད་པ་མི་དགེ་བ་དང་། འགྱོད་པ་ལུང་དུ་མ་བསྟན་པ་གཉིས་ནི་གཏི་མུག་གི་ཤས་ལས་བྱུང་བ་འགྱོད་པ་དེ་དག་ནི་གཏི་མུག་མེད་པའི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེའི་ལས་ནི་སེམས་བདེ་བར་གནས་པ་དང་། མི་མཐུན་པར་བྱེད་པ་སྟེ། སེམས་ ལ་འགྱོད་པའམ། གདུང་བ་སྐྱེ་བར་འགྱུར་ན་སེམས་ཏིང་ངེ་འཛིན་དུ་རྩེ་གཅིག་ཏུ་གནས་པའི་བར་ཆད་བྱེད་པའི་ཕྱིར་རོ། །གཉིད་ཀྱི་རང་བཞིན་བསྟན་པའི་ཕྱིར། གཉིད་གང་ཞེ་ན་ཞེས་དྲིས་ཏེ། གཉིད་ཀྱི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ། རང་དབང་མེད་པར་འཇུག་པ་སེམས་མངོན་པར་སྡུད་པའོ་ཞེས་བྱ་བ་སྨོས་ཏེ། འཇུག་པ་ནི་གཟུགས་ལ་སོགས་པའི་ཡུལ་ལ་སེམས་ཞུགས་ཤིང་དམིགས་པའོ། །གཉིད་ཀྱི་དབང་དུ་སོང་ནས་སེམས་ཕྱི་རོལ་གྱི་ཡུལ་ལ་འཇུག་པའི་དབང་མེད་པས་ནི་རང་དབང་མེད་པ་ཞེས་བྱ་སྟེ། སེམས་ཡུལ་ལ་ འཇུག་པའི་རང་དབང་མེད་པ་དང་སེམས་ཀྱིས་ལུས་འཛིན་པར་མི་ནུས་པར་གྱུར་པས་ན་ལུས་ས་ལ་འགྱེལ་བར་འགྱུར་བ་ལ་གཉིད་ཅེས་བྱའོ། །སེམས་རང་དབང་མེད་པར་བྱེད་པ་ནི་གཉིད་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་གཞན་ཡང་ཡོད་དེ། དབྱིག་པ་ལ་སོགས་པས་ཕོག་སྟེ་བརྒྱལ་བ་ན་ཡང་སེམས་ཕྱི་རོལ་ ཏུ་འཇུག་པའི་དབང་མེད་ལ་ལུས་འཛིན་ཀྱང་མི་ནུས་པས་བརྒྱལ་བ་ལ་གཉིད་ཅེས་བྱའོ་སྙམ་དུ་འཛིན་པ་དགག་པའི་ཕྱིར་སེམས་མངོན་པར་སྡུད་པའོ་ཞེས་བྱ་བའི་ཚིག་སྨོས་ཏེ། སེམས་མངོན་པར་སྡུད་ཅེས་བྱ་བས་ནི་སེམས་མིག་ལ་སོགས་པ་དབང་པོའི་སྒོ་ནས་ཕྱི་རོལ་གྱི་ཡུལ་ལ་མི་འཇུག་གི་སེམས་ ནང་དུ་བསྡུས་པ་ཞེས་བྱ་བའི་དོན་ཏོ། །སེམས་ནང་དུ་སྡུད་པ་ནི་གཉིད་འབའ་ཞིག་ཏུ་མ་ཟད་ཀྱི་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་དུས་ན་ཡང་སེམས་ནང་དུ་སྡུད་པར་བྱེད་པས་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཡང་གཉིད་ཅེས་བྱའོ་སྙམ་དུ་འཛིན་པ་ དགག་པའི་ཕྱིར་རང་དབང་མེད་ཅེས་བྱ་བའི་ཚིག་སྨོས་ཏེ། གང་སེམས་རང་དབང་མེད་པར་ཡང་བྱེད་ལ་སེམས་ནང་དུ་སྡུད་པར་ཡང་བྱེད་པ་དེ་ལ་གཉིད་ཅེས་བྱའོ། །གཉིད་དེ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། །དེ་ལ་དགེ་བ་ལ་སོགས་པ་བྱེད་པ་རྨི་ ལམ་དུ་རྨི་བ་ནི་གཉིད་དགེ་བའོ། །སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་རྨི་ལམ་དུ་རྨི་བ་ནི་གཉིད་མི་དགེ་བའོ། །བཙེམ་དྲུབ་ལ་སོགས་པའི་ལས་བྱེད་པར་རྨི་ལམ་དུ་རྨི་ན་ནི་གཉིད་ལུང་དུ་མ་བསྟན་པའོ། །ཡང་ན་སྦྱིན་པ་ལ་སོགས་པ་དགེ་བ་ཡིད་ལ་བྱེད་པ་ལས་ནི་གཉིད་ལོག་པ་ནི་གཉིད་ དགེ་བའོ། །སྲོག་གཅོད་པ་ལ་སོགས་པའི་ལས་ཡིད་ལ་བྱེད་བྱེད་པ་ལས་གཉིད་ཀྱིས་ལོག་ན་ནི་གཉིད་མི་དགེ་བའོ། །བཙེམ་དྲུབ་ལ་སོགས་པའི་ལས་ཡིད་ལ་བྱེད་བྱེད་པ་ལས་གཉིད་ཀྱིས་ལོག་པ་ནི་གཉིད་ལུང་དུ་མ་བསྟན་པའོ། །ཡང་ན་དགེ་བའི་ལས་ཡིད་ལ་བྱེད་པ་ལས་སེམས་དེ་ གཉིད་ཀྱིས་ནོན་ན་གཉིད་མི་དགེ་བ་ཞེས་བྱའོ། །མི་དགེ་བ་ཡིད་ལ་བྱེད་པ་ལས་སེམས་དེ་གཉིད་ཀྱིས་ནོན་ན་གཉིད་དགེ་བ་ཞེས་བྱའོ། །ལུང་དུ་མ་བསྟན་པའི་ལས་ཡིད་ལ་བྱེད་པ་ལས་སེམས་དེ་གཉིད་ཀྱིས་ནོན་ན་གཉིད་དེ་ལུང་དུ་མ་བསྟན་པ་ཞེས་བྱའོ། །གཉིད་ཀྱི་རྒྱུ་ནི་རིད་དེ་ཉམ་ཆུང་བ་དང་། ལུས་ངལ་བར་གྱུར་པ་དང་། དཔྱིད་ཀྱི་དུས་ལ་བབ་པ་དང་། ཁ་ཟས་ཀྱིས་འགྲངས་ཏེ་ལུས་ལྕི་བར་གྱུར་པ་དང་། མུན་པའི་འདུ་ཤེས་ཡིད་ལ་བྱས་པ་ལས་གཉིད་སྐྱེ་བར་འགྱུར་རོ། །འདི་ཡང་གཏི་མུག་གི་ཤས་ལས་བྱུང་བས་ན་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །ཁ་ཅིག་ ན་རེ་མི་དགེ་བའི་གཉིད་དང་ལུང་དུ་མ་བསྟན་པའི་གཉིད་ནི་གཏི་མུག་གི་ཤས་ལས་བྱུང་གི་དགེ་བའི་གཉིད་ནི་གཏི་མུག་གི་ཤས་ལས་བྱུང་བ་མ་ཡིན་ནོ་ཞེས་འཆད་དོ། །འདིའི་ལས་ནི་བྱ་བ་མི་འགྲུབ་པའི་རྟེན་བྱེད་པ་སྟེ། གཉིད་ཀྱིས་ལོག་ནས་ལས་སུ་བྱ་བ་ཐམས་ཅད་མི་འགྲུབ་ཅིང་ཉམས་པར་འགྱུར་བའི་ ཕྱིར་རོ། །རྟོག་པའི་རང་བཞིན་བསྟན་པའི་ཕྱིར་རྟོག་པ་གང་ཞེ་ན་ཞེས་དྲིས་ཏེ། རྟོག་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་ཚོལ་བ་ཡིད་ཀྱིས་བརྗོད་པ་སྟེ། སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་སེམས་རྩིང་བའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་འདི་གོ་རྫ་མ་ཞིག་ཡིན་ ནམ་སྣམ་བུ་ཞིག་ཡིན་ནམ་ཅི་ཞིག་ཡིན་ཞེས་སྤྱི་ཙམ་རྟོག་པའི་རྣམ་པར་ཞུགས་པ་ལ་ཚོལ་བ་ཞེས་བྱའོ། །ཚོལ་བ་དེ་ཡང་ཡིད་ཀྱིས་བརྗོད་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱི་རྟོག་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡིད་ཀྱིས་བརྗོད་པ་ཞེས་བྱ་བ་ནི་ཡིད་ལ་སྨྲ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དཔེར་ན་ ཚིག་གིས་འདི་ནི་སྣམ་བུ་འདི་ནི་བུམ་པ་ཞེས་དོན་སྨྲ་བར་བྱེད་པ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པས་འདི་ནི་སྣམ་བུ་འདི་ནི་བུམ་པའོ་ཞེས་ཡིད་ལ་སྨྲ་ཞིང་ཡིད་ཀྱིས་རྟོག་པ་ནི་ཡིད་ཀྱིས་བརྗོད་པ་ཞེས་བྱའོ། །འདིས་ནི་རྟོག་པའི་ལས་བསྟན་ཏོ། །རྟོག་པ་དེ་ཡང་གང་གི་ཕ་ལས་བྱུང་ཞེ་ན། དེའི་ཕྱིར་སེམས་ པ་དང་ཤེས་རབ་ཀྱི་བྱེ་བྲག་ཅེས་བྱ་བ་སྨོས་ཏེ། སེམས་པ་ནི་སེམས་གཡོ་ཞིང་འགུལ་བར་བྱེད་པའི་རང་བཞིན་ཡིན་ལ། ཤེས་རབ་ནི་འདི་ནི་ཡོན་ཏན་ཅན། འདི་ནི་ཉེས་པ་ཅན་ཞེས་རྣམ་པར་འབྱེད་པའི་རང་བཞིན་ཅན་ཡིན་པས་སེམས་ཀྱི་རྟོག་པ་ཡང་དེ་གཉིས་ཀྱི་དབང་གིས་ འབྱུང་བའི་ཕྱིར། སེམས་པ་དང་། ཤེས་རབ་གཉིས་ཀྱིས་བྱེ་བྲག་ལས་རྟོག་པ་གདགས་པས་ན་རྟོག་པ་འདི་ཡང་རྫས་སུ་མེད་ཀྱི་བཏགས་པར་ཡོད་པར་རིག་པར་བྱའོ། །དེ་ལ་བར་བར་ནི་སེམས་དང་སེམས་པ་གཉིས་ལ་རྟོག་པ་གདགས་ཏེ། ནམ་རྟོག་པ་དེ་མི་རྟོག་པའི་ཚུལ་དུ་གནས་པའི་དུས་ ནའོ། །བར་བར་ནི་ཤེས་རབ་དང་སེམས་གཉིས་ལ་རྟོག་པ་གདགས་ཏེ། ནམ་རྟོག་པ་དེ་རྣམ་པར་རྟོག་པའི་ཚུལ་དུ་ཞུགས་པའི་དུས་ནའོ། །ཡང་ན་སེམས་པ་དང་ཤེས་རབ་གཉིས་པོ་ཉིད་ལ་རྟོག་པ་ཞེས་གདགས་ཏེ། དེ་གཉིས་ཀྱི་དབང་གིས་འདི་ནི་བུམ་པ་འདི་ནི་སྣམ་བུ་ཞེས་ཞིབ་ཏུ་རྟོག་པ་འབྱུང་བའི་ ཕྱིར་རོ། །ཡང་ན་སེམས་འབའ་ཞིག་ལ་རྟོག་པ་གདགས་ཏེ། ནམ་རྟོག་པ་དེ་མི་རྟོག་པའི་ཚུལ་དུ་གནས་པའི་དུས་ནའོ། །ཡང་ན་ཤེས་རབ་འབའ་ཞིག་ལ་རྟོག་པ་གདགས་ཏེ། ནམ་རྟོག་པ་དེ་རྟོག་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ། །གང་སེམས་རྩིང་བའོ་ཞེས་བྱ་བ་ནི་བུམ་པའི་ནང་ན་དམར་པོ་ ཞེའམ་ལེགས་པ་ཞེའམ་མ་ལེགས་པ་ཞེས་ཞིབ་ཏུ་མི་འཇུག་པའི་འདི་ནི་བུམ་པ་འདི་ནི་སྣམ་བུ་ཞེས་སྤྱི་ཙམ་དུ་རྟོག་པས་ན་སེམས་རྩིང་བ་ཞེས་བྱའོ། །འདིས་ནི་རྟོག་པའི་རང་བཞིན་བསྟན་ཏོ། །རྟོག་པ་དེ་ལའང་རྣམ་པ་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། ། དེ་ལ་ཁམས་གསུམ་ནས་འབྱུང་བར་བྱེད་པའི་ཆོས་ལ་རྟོག་པར་བྱེད་པ་ནི་རྟོག་པ་དགེ་བའོ། །འདོད་པ་ལྔའི་ཡོན་ཏན་ལ་རྟོག་པ་མི་དགེ་བའོ། །བཟོའི་གནས་རྣམ་པ་སྣ་ཚོགས་ལ་རྟོག་པ་ནི་རྟོག་པ་ལུང་དུ་མ་བསྟན་པའོ། །ཡང་ན་འདིའི་ལས་ཀྱང་རྣམ་པ་གཉིས་བྱེད་དེ། བདེ་བ་དང་མི་བདེ་བར་ གནས་པའི་རྟེན་བྱེད་པའོ། །དེ་ལ་ཁམས་གསུམ་ལས་བྱུང་བའི་ཆོས་ལ་རྟོག་པ་ནི་དགེ་བ་བདེ་བའི་རྒྱུར་འགྱུར་བས་ན་བདེ་བར་གནས་པའི་རྟེན་བྱེད་པའོ། །འདོད་པ་ལྔའི་ཡོན་ཏན་ལ་རྟོག་པ་ནི་མི་དགེ་བའི་རྒྱུར་འགྱུར་བས་ན་མི་བདེ་བར་གནས་པའི་རྟེན་བྱེད་པའོ། །དཔྱོད་པའི་རང་བཞིན་བསྟན་པའི་ཕྱིར་ དཔྱོད་པ་གང་ཞེ་ན་ཞེས་དྲིས་ཏེ། དཔྱོད་པའི་རང་བཞིན་དང་མཚན་ཉིད་གང་ཞེ་ན་ཞེས་དྲིས་པའི་དོན་ཏོ། །དེའི་ལན་དུ་སོ་སོར་རྟོག་པ་ཡིད་ཀྱིས་བརྗོད་པ་སྟེ། དེ་བཞིན་དུ་གང་སེམས་ཞིབ་པའོ་ཞེས་བྱ་བ་སྨོས་ཏེ། སྔར་རྟོག་པས་འདི་ནི་བུམ་པ། འདི་ནི་སྣམ་བུ་ཞེས་བརྟགས་པ་ལས་ཕྱིས་བུམ་པའི་ནང་ན་ ཡང་དམར་པོ་ཞིག་ཅེ་འམ། ནག་པོ་ཞིག་ཅེ་འམ། བུམ་པ་ངོས་འདི་ནི་དམར་རོ་ཞེ་འམ། བུམ་པ་འདི་ནི་ལེགས། འདི་ནི་མ་ལེགས་ཞེས་ཞིབ་ཏུ་དཔྱོད་པར་བྱེད་པ་ལ་སོ་སོར་རྟོག་པ་ཞེས་བྱའོ། །སོ་སོར་རྟོག་པ་དེ་ཡང་ཡིད་ཀྱིས་བརྗོད་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པས་ཞིབ་ཏུ་རྣམ་པར་རྟོག་པར་བྱེད་པའི་ རང་བཞིན་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱིས་བརྗོད་ཅེས་བྱ་བ་ནི་ཡིད་ལ་ཞིབ་ཏུ་སྨྲ་ཞེས་བྱ་བའི་དོན་ཏོ། །དཔེར་ན་ཚིག་གིས་དོན་གྱི་དངོས་པོ་སྨྲ་བ་བཞིན་དུ་ཡིད་ཀྱིས་ཀྱང་བུམ་པ་འདི་ནི་ལེགས། འདི་ནི་མ་ལེགས་ཞེས་ཞིབ་ཏུ་སྨྲ་ཞིང་རྟོག་པར་བྱེད་པས་ཡིད་ཀྱིས་བརྗོད་པ་ཞེས་བྱ་སྟེ་དེའི་ལས་བསྟན་ཏོ། ། དཔྱོད་པ་དེ་ཡང་ཅི་ལ་གདགས་ཤེ་ན། དེའི་ཕྱིར་དེ་བཞིན་དུ་ཞེས་བྱ་བའི་ཚིག་སྨོས་ཏེ། ཇི་ལྟར་རྟོག་པ་སེམས་པ་དང་། ཤེས་རབ་ཀྱི་བྱེ་བྲག་ལ་གདགས་པ་བཞིན་དུ་དཔྱོད་པ་འདི་ཡང་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་ལས་གདགས་ཏེ། དེ་ཉིད་ཀྱི་ཤས་ལས་འབྱུང་བས་ན་འདི་ཡང་རྫས་སུ་མེད་ཀྱི་ བཏགས་པར་ཡོད་པར་རིག་པར་བྱའོ། །དེ་ལ་བར་བར་ནི་སེམས་དང་སེམས་པ་ལ་དཔྱོད་པ་གདགས་ཏེ། ནམ་དཔྱོད་པ་དེ་མི་དཔྱོད་པའི་དུས་སུ་གནས་པའི་ཚེ་ནའོ། །བར་བར་ནི་སེམས་དང་ཤེས་རབ་གཉིས་ལ་དཔྱོད་པ་གདགས་ཏེ། ནམ་དཔྱོད་པ་དེ་བཞིན་དུ་དཔྱོད་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ། ། ཡང་ན་སེམས་འབའ་ཞིག་ལ་དཔྱོད་པ་གདགས་ཏེ་ནམ་དཔྱོད་པ་དེ་མི་དཔྱོད་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ། །ཡང་ན་ཤེས་རབ་འབའ་ཞིག་ལ་དཔྱོད་པ་གདགས་ཏེ། ནམ་དཔྱོད་པ་དེ་ཞིབ་ཏུ་དཔྱོད་པའི་ཚུལ་དུ་ཞུགས་པའི་ཚེ་ནའོ། །གང་སེམས་ཞིབ་པའོ་ཞེས་བྱ་བ་ནི་སྔར་རྟོག་པས་བུམ་པ་ཙམ་ ཞིག་ཏུ་བརྟགས་པའི་འོག་ཏུ་དཔྱོད་པ་འདི་ནི་བུམ་པའི་ནང་ན་ལེགས་པ་ཞིག་ཡིན། འདི་ནི་མ་ལེགས་པ་ཞིག་ཡིན་ཞེས་ཕྲར་རྟོག་པར་བྱེད་པས་ན་སེམས་ཞིབ་པ་ཞེས་བྱ་སྟེ་དེས་ནི་རང་བཞིན་བསྟན་ཏོ། །དཔྱོད་པ་ལ་ཡང་རྣམ་པ་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའོ། ། དེ་ལ་སེམས་ཅན་གཞན་ལ་ཕན་གདགས་ན་ཐབས་འདི་དང་འདིས་ཕན་གདགས་སོ་ཞེས་གཞན་ལ་ཕན་འདོགས་པའི་རྣམ་པ་སྣ་ཚོགས་ལ་རྟོག་པར་བྱེད་པ་ནི་དཔྱོད་པ་དགེ་བའོ། །གཞན་ལ་གནོད་པར་བྱ་བའི་ཐབས་སྣ་ཚོགས་ལ་རྟོག་པ་ནི་དཔྱོད་པ་མི་དགེ་བའོ། །བཙེམ་དྲུབ་ལ་ སོགས་པ་བཟོའི་གནས་རྣམས་ཞིབ་ཏུ་རྟོག་པ་ནི་དཔྱོད་པ་ལུང་དུ་མ་བསྟན་པའོ། །ཡང་ན་འདིའི་ལས་ཀྱང་བདེ་བ་དང་མི་བདེ་བར་གནས་པའི་རྟེན་བྱེད་པ་སྟེ། གཞན་ལ་ཕན་གདགས་པའི་ཐབས་རྣམ་པ་སྣ་ཚོགས་ལ་དཔྱོད་པ་ནི། བདེ་བའི་རྒྱུར་འགྱུར་བས་ན་བདེ་བར་གནས་པའི་རྟེན་བྱེད་པའོ། །གཞན་ ལ་གནོད་པར་བྱ་བའི་ཐབས་ལ་དཔྱོད་པ་ནི་མི་བདེ་བའི་རྒྱུར་འགྱུར་བས་ན་མི་བདེ་བར་གནས་པའི་རྟེན་བྱེད་པའོ། །རྟོག་པ་དང་དཔྱོད་པ་གཉིས་སེམས་པ་དང་། ཤེས་རབ་ཀྱི་བྱེ་བྲག་ལ་གདགས་པར་འདྲ་ན་ཁྱད་པར་ཅི་ཡོད། སྨྲས་པ། དེ་གཉིས་ལ་ཁྱད་པར་ཡོད་དེ། དེ་གཉི་ག་སེམས་པ་དང་། ཤེས་ རབ་ཀྱི་བྱེ་བྲག་ལ་གདགས་པར་འདྲ་ན་ཡང་རྟོག་པ་ནི་སེམས་རྩིང་བའི་རང་བཞིན་དཔྱོད་པ་ནི་སེམས་ཞིབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བཞི་གཞན་དུ་ཡང་བཤད་ཟིན་ཏོ། །གོང་དུ་འདུ་བྱེད་ཀྱི་ཕུང་པོ་བཤད་པའི་སྐབས་སུ་འདུ་བྱེད་རྣམས་གང་ཞེ་ན་ཞེས་དྲིས་ནས། ལན་དུ་ཚོར་བ་དང་འདུ་ཤེས་ལས་ གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་བདག་ཉིད་དང་། སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ཀྱི་བདག་ཉིད་དོ་ཞེས་གླེངས་པ་ལས་འདུ་བྱེད་སེམས་ལས་བྱུང་བ་རྣམས་ནི་བཤད་ཟིན་ཏོ། །ད་ནི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་བཤད་དགོས་ཏེ། དེའི་ཕྱིར་སེམས་དང་མི་ལྡན་ པའི་འདུ་བྱེད་རྣམས་གང་ཞེ་ན་ཞེས་དྲིས་སོ། །གནས་པ་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཉམ་པས་སེམས་དང་མཉམ་དུ་སྐྱེ་ཞིང་སེམས་ཀྱི་རྗེས་སུ་འབྲང་བ་མེད་པའི་ཕྱིར་སེམས་དང་མི་ལྡན་པའི་འདུ་བྱེད་ཅེས་བྱའོ། །ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ནི་སེམས་ དང་མི་ལྡན་པའི་འདུ་བྱེད་ཐམས་ཅད་རེ་རེ་ནས་རྫས་སུ་ཡོད་པར་འདོད་ཀྱང་། རྣམ་པར་རིག་པ་ཙམ་དུ་ལྟ་བའི་ཚུལ་གྱིས་དེ་དག་བཏགས་པ་ཙམ་དུ་ཡོད་པར་ཟད་ཀྱི་རྫས་སུ་ཡོད་པ་མ་ཡིན་པར་བསྟན་ཅིང་། དེ་དག