Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 137

Văn bản gốc(Tây Tạng)

Trang 12 / 20 (50.000 ký tự/trang)
་ཅན་བདུན་དག་ནི་ཉོན་མོངས་པའི་མི་གཙང་བས་ཀུན་ནས་བསླང་བའི་དབང་གིས་མི་གཙང་
བ་རྣམས་སོ། །གནོད་སེམས་ལ་སོགས་པ་གསུམ་ནི་ངོ་བོ་ཉིད་ཀྱིས་སོ། །མི་མཐུན་པ་རྣམས་ནི་སྔ་མ་བཞིན་ནོ། །ཇི་ལྟར་ཞེ་ན། རྫས་རེ་རེ་ཡང་སྐྱུག་བྲོ་བའི་གཞི་ཡིན་པའི་ཕྱིར་དང་། འཁྲིག་པ་བསྟེན་པའི་མཇུག་ཏུ་མི་མཐུན་པ་སྐྱེ་བའི་ཕྱིར་རོ་ཞེས་འབྱུང་བའོ། །མི་དག་གི་འདོད་པ་རྣམས་ནི་མི་
གཙང་བ་རྣམས་དང་ཞེས་བྱ་བའོ། །མི་གཙང་བ་མ་བརྗོད་ན་ནི་སྟེ། ཇི་ལྟར་བརྗོད་པར་བྱ་ཞེ་ན། མི་དག་གི་འདོད་པ་རྣམས་ནི་དྲི་མི་ཞིམ་པ་རྣམས་དང་། དྲི་ང་བ་རྣམས་དང་། མི་མཐུན་པ་རྣམས་ཞེས་བྱ་བར་རོ། །འདི་ནི་རྣམ་གྲངས་གཉིས་པའི་དབང་དུ་མཛད་ནས་བསྟན་པ་ཡིན་ནོ། །མི་དག་གི་འདོད་པ་
རྣམས་ནི་མི་གཙང་བ་རྣམས་དང་། དྲི་མི་ཞིམ་པ་རྣམས་དང་ཞེས་བྱ་བའི་དྲི་མི་ཞིམ་པ་མ་བརྗོད་ན་ནི་སྟེ། ཇི་ལྟར་བརྗོད་པར་བྱ་ཞེ་ན། མི་དག་གི་འདོད་པ་རྣམས་ནི་མི་གཙང་བ་རྣམས་དང་། དྲི་ང་བ་རྣམས་དང་། མི་མཐུན་པ་རྣམས་ཞེས་བྱ་བར་རོ། །ཡོངས་སུ་འགྱུར་བ་ཉིད་ཀྱིས་མི་མཐུན་པ་རྣམས་ཏེ་
ཞེས་བྱ་བས་ནི་འཁྲིག་པ་བསྟེན་པའི་མཇུག་ཏུའོ། །འདོད་པའི་རྒྱུ་དང་། འདོད་པའི་གཞི་དང་། འདོད་པའི་དབང་དུ་བྱ་བ་དང་། འདོད་པ་རྣམས་ཁོ་ནའི་རྒྱུས་མ་དང་བུ་དང་། བུ་དང་མ་དང་། ཕ་དང་བུ་དང་། བུ་དང་ཕ་དང་། མིང་པོ་དང་སྲིང་མོ་དང་། སྲིང་མོ་དང་མིང་པོ་དང་། གྲོགས་པོ་དང་།

གྲོགས་པོར་རྩོད་པར་བྱེད་ན། སྐྱེ་བོ་དང་སྐྱེ་བོར་ལྟ་ཅི་སྨོས་ཞེས་བྱ་བ་འདི་ནི་མདོ་སྡེའི་དུམ་བུའོ། །ཉོན་མོངས་པའི་འདོད་པ་ཞེས་བྱ་བ་ནི་འདོད་པར་བྱེད་པས་འདོད་པ་སྟེ། ཉོན་མོངས་པ་ཉིད་འདོད་པ་ཡིན་པས་ཉོན་མོངས་པའི་འདོད་པའོ། །འདུན་པ་དང་འདོད་ཆགས་སོ། །དེ་ལ་
འདུན་པ་ནི་ཡུལ་མ་རྙེད་པ་ལའོ། །འདོད་ཆགས་ནི་རྙེད་པ་ལའོ། །གཞིའི་འདོད་པ་ལ་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ། གཞི་ནི་ཡུལ་གཟུགས་ལ་སོགས་པ་དག་གོ། །གཞི་ཉིད་འདོད་པ་ཡིན་པས་གཞིའི་འདོད་པ་སྟེ། འདོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི།
དེ་ལ་འདོད་པའི་རྒྱུ་ནི་ཡུལ་མ་ཐོབ་པ་ལ་འདུན་པའི་རྒྱུའོ། །འདོད་པའི་གཞི་ནི་ཡུལ་ཐོབ་པ་ལ་འདོད་ཆགས་ཀྱི་གཞི་ཡིན་ཏེ། མ་དང་བུར་རྩོད་པར་བྱེད་ཅེས་བྱ་བར་རྒྱས་པར་འབྱུང་བ་ལྟ་བུའོ། །དེ་ལྟར་ན་རེ་ཞིག་ཉོན་མོངས་པའི་འདོད་པ་རྣམ་པ་གཉིས་ཀྱིས་མ་དང་བུ་དང་ཞེས་བྱ་བ་ནས་སྐྱེ་བོ་དང་སྐྱེ་
བོར་ལྟ་ཅི་སྨོས་ཞེས་བྱ་བའི་བར་བསྒྲུབས་ཟིན་ཏོ། །འདོད་པའི་དབང་དུ་བྱ་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འདོད་པའི་དབང་དུ་བྱ་བ་ནི་གཞིའི་འདོད་པ་མ་ཐོབ་པའི་དབང་དུ་བྱས་ནས་སོ། །འདོད་པ་རྣམས་ཁོ་ནའི་རྒྱུས་ནི་གཞིའི་འདོད་པ་ཐོབ་པ་རྣམས་ཀྱི་དོན་དུ་སྟེ། མ་དང་བུ་དང་ཞེས་བྱ་བ་རྒྱས་པར་
འབྱུང་བའོ། །དེ་ལྟར་ན་རྒྱུ་གང་གིས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་ཉོན་མོངས་པའི་འདོད་པ་རྣམ་པ་གཉིས་ཀྱི་རྒྱུ་གང་གིས་རྩོད་པར་བྱེད་པ་དང་། གང་གི་དོན་དུ་སྟེ། གཞིའི་འདོད་པ་རྣམ་པ་གཉིས་ཀྱི་དོན་དུའོ། །དེ་ཡོངས་སུ་བསྟན་པ་ནི་རབ་ཏུ་བསྟན་པ་ཡིན་ནོ། །དགེ་སློང་དག་
ངས་ཇི་ལྟར་སྐྱེས་པ་བུད་མེད་ཀྱི་གཟུགས་ལ་ཞེན་པར་འགྱུར་བ་དང་། རྒྱགས་པར་འགྱུར་བ་དང་། འདོད་པར་འགྱུར་བ་དང་། སྡུག་པར་འགྱུར་བ་དང་། དགའ་བར་འགྱུར་བ་དང་། ཆགས་པར་འགྱུར་བ་དང་། བརྒྱལ་བར་འགྱུར་བ་དང་། འཆིང་བར་འགྱུར་བ་དང་། ཀུན་དུ་སྦྱོར་བར་འགྱུར་
བ་ལྟ་བུའི་གཟུགས་ནི་གཅིག་ཀྱང་མ་མཐོང་སྟེ། སྐྱེས་པ་ནི་བུད་མེད་ཀྱི་གཟུགས་ལ་ཆགས་པ་དང་། ཞེན་པ་དང་། འཆུམས་པ་དང་། མདུད་པ་བོར་བ་དང་། བརྒྱལ་བ་དང་། ལྷག་པར་ཆགས་པ་དང་། ལྷག་པར་ཞེན་པར་གྱུར་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འདོད་ཆགས་ཀྱི་

ཀུན་ནས་དཀྲིས་པ་སྐྱེས་པའི་ཕྱིར་ནི་ཆགས་པའོ། །སྐྱེས་པ་དང་དུ་ལེན་པའི་ཕྱིར་ནི་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་སྐྱེས་པ་དང་དུ་ལེན་པའི་ཕྱིར་ནི་ཞེན་པའོ། །ཐོབ་པ་དང་ལོངས་སྤྱོད་འདོད་པའི་ཕྱིར་ནི་བུད་མེད་ཀྱི་གཟུགས་དེ་ཐོབ་པར་འདོད་པའི་ཕྱིར་དང་། ཐོབ་ནས་ཀྱང་ལོངས་སྤྱོད་པར་
འདོད་པའི་ཕྱིར་ནི་འཆུམས་པའོ། །དེའི་ཐབས་ལ་ལན་མང་དུ་རྗེས་སུ་རྣམ་པར་རྟོག་པའི་ཕྱིར་ནི་ཐོབ་པའི་ཐབས་ལ་ལན་མང་དུ་རྗེས་སུ་རྣམ་པར་རྟོག་པའི་ཕྱིར་ནི་མདུད་པ་བོར་བའོ། །འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་ལ་སོགས་པ་ལ་ཉེས་དམིགས་མི་མཐོང་བའི་ཕྱིར་ནི་བརྒྱལ་བའོ། །ཡོངས་སུ་བཟུང་
བ་ལ་ཀུན་དུ་འཛིན་པ་སྐྱེ་བའི་ཕྱིར་ནི་བུད་མེད་ཀྱི་གཟུགས་ཡོངས་སུ་བཟུང་བ་ལ་ཀུན་དུ་འཛིན་པ་ནི་ཡོངས་སུ་བཟུང་བ་ལ་ཀུན་དུ་འཛིན་པའོ། །དེ་སྐྱེ་བ་དེའི་ཕྱིར་ལྷག་པར་ཆགས་པའོ། །དེ་བསྟེན་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བུད་མེད་ཀྱི་གཟུགས་དེ་བསྟེན་པ་ལ་སེམས་གཞོལ་བས་ལན་མང་དུ་
གནས་པའི་ཕྱིར། ལྷག་པར་ཞེན་པར་གྱུར་པའོ། །ཇི་ལྟར་ཞེ་ན་མི་ཚིམ་པ་ཉིད་ཀྱི་རྒྱུ་སྟེ། མི་ཚིམ་པ་ཉིད་ཀྱི་ཕྱིར་རོ། །ཀྱེ་ཀཱ་ཏྱཱའི་བུ་གང་གིས་ན་རྒྱལ་པོ་རྣམས་དང་། རྒྱལ་པོ་རྣམས་སུ་རྩོད་པར་བྱེད་པ་དང་། བྲམ་ཟེ་རྣམས་དང་བྲམ་ཟེ་རྣམས་སུ་རྩོད་པར་བྱེད་པ་དང་། ཁྱིམ་བདག་རྣམས་དང་།
ཁྱིམ་བདག་རྣམས་སུ་རྩོད་པར་བྱེད་པའི་རྒྱུ་ནི་གང་། རྐྱེན་ནི་གང་། བྲམ་ཟེ་འདོད་པ་ལ་འདོད་ཆགས་དང་། ལྷག་པར་ཞེན་པ་དང་། རྣམ་པར་བཅིངས་པ་དང་ཡོངས་སུ་ཞེན་པ་དང་། ཀུན་དུ་འདོད་ཆགས་ཀྱི་རྒྱུས་རྒྱལ་པོ་རྣམས་དང་རྒྱལ་པོ་རྣམས་སུ་རྩོད་པར་བྱེད། བྲམ་ཟེ་རྣམས་དང་། བྲམ་ཟེ་
རྣམས་སུ་རྩོད་པར་བྱེད། ཁྱིམ་བདག་རྣམས་དང་། ཁྱིམ་བདག་རྣམས་སུ་རྩོད་པར་བྱེད་དོ། །ཀྱེ་ཀཱ་ཏྱཱའི་བུ་གང་གིས་ནི་རབ་ཏུ་བྱུང་བ་རྣམས་དང་རབ་ཏུ་བྱུང་བ་རྣམས་སུ་རྩོད་པར་བྱེད་པའི་རྒྱུ་ནི་གང་། རྐྱེན་ནི་གང་། བྲམ་ཟེ་ལྟ་བ་ལ་འདོད་ཆགས་དང་། ལྷག་པར་ཞེན་པ་དང་། རྣམ་པར་བཅིངས་པ་
དང་། ཡོངས་སུ་ཞེན་པ་དང་། ཀུན་དུ་འདོད་ཆགས་ཀྱི་རྒྱུས་རབ་ཏུ་བྱུང་བ་རྣམས་དང་། རབ་ཏུ་བྱུང་བ་རྣམས་སུ་རྩོད་པར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །གོ་རིམས་བཞིན་ནི་ཀུན་དུ་སྤྱོད་པ་ནི་འདོད་པ་ལ་འདོད་ཆགས་སོ། །དང་དུ་ལེན་པ་ནི་ལྷག་པར་ཞེན་པའོ། །ཟིལ་གྱིས་གནོན་

པ་ནི་རྣམ་པར་བཅིངས་པའོ། །དེས་མི་འཛེམ་པ་ནི་འདོད་པ་ལ་འདོད་ཆགས་ཀྱིས་ཟིལ་གྱིས་གནོན་པ་དེས་མི་འཛེམ་པ་སྟེ། ཡོངས་སུ་ཞེན་པའོ། །དེ་ལ་ཀུན་དུ་དགའ་བ་ཉིད་ནི་ཀུན་ནས་དགའ་བས་ཀུན་དུ་དགའ་བའོ། །འདོད་པའི་འདོད་ཆགས་དེ་ལ་ཀུན་དུ་དགའ་བ་ནི་དེ་ལ་
ཀུན་དུ་དགའ་བའོ། །དེའི་དངོས་པོ་ནི་དེ་ལ་ཀུན་དུ་དགའ་བ་ཉིད་དེ་ཀུན་དུ་འདོད་ཆགས་སོ། །རྒྱུས་ཀྱི་སྒྲས་ནི་ཚིག་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཇི་ལྟར་ཞེ་ན། འདོད་པ་ལ་འདོད་ཆགས་ཀྱི་རྒྱུས་རྒྱལ་པོ་རྣམས་དང་རྒྱལ་པོ་རྣམས་སུ་རྩོད་པར་བྱེད་དོ་ཞེས་རྒྱས་པར་བྱ་བ་དང་། དེ་བཞིན་དུ་འདོད་
པ་ལ་འདོད་ཆགས་ལ་ལྷག་པར་ཞེན་པའི་རྒྱུས་ཞེས་བྱ་བ་ནས་ཀུན་དུ་འདོད་ཆགས་ཀྱི་རྒྱུས་ཞེས་བྱ་བའི་བར་དུའོ། །རང་གི་འདོད་པ་ལ་མངོན་པར་དགའ་བ་དང་། ཡོངས་སུ་གཟུང་བ་དང་མི་འབྲལ་བར་འདོད་པ་དང་ཞེས་བྱ་བ་ནི་རང་གི་འདོད་པ་གཟུགས་དང་སྒྲ་ལ་སོགས་པ་ལ་མངོན་པར་དགའ་
བ་དང་། ཡོངས་སུ་གཟུང་བ་དང་མི་འབྲལ་བར་འདོད་པ་ནི། རང་གི་འདོད་པ་ལ་མངོན་པར་དགའ་བ་དང་། ཡོངས་སུ་གཟུང་བ་དང་མི་འབྲལ་བར་འདོད་པའོ། །གཞན་གྱི་འདོད་པ་ལ་མངོན་པར་དགའ་བར་བྱེད་པ་དང་། ཀུན་དུ་འདོད་ཆགས་པ་གཉིས་ནི་གཞན་གྱི་འདོད་པ་རྣམས་ལ་མངོན་པར་
དགའ་བར་བྱེད་པ་དང་། ཀུན་དུ་འདོད་ཆགས་ནི་གཞན་གྱི་འདོད་པ་ལ་མངོན་པར་དགའ་བར་བྱེད་པ་དང་། ཀུན་དུ་འདོད་ཆགས་པ་གཉིས་སོ། །འདོད་པ་ལ་འདོད་ཆགས་དང་། ལྷག་པར་ཞེན་པ་དང་། རྣམ་པར་བཅིངས་པ་དང་། ཡོངས་སུ་ཞེན་པ་དང་། ཀུན་དུ་འདོད་ཆགས་དང་གོ་རིམས་
བཞིན་ནོ། །ཇི་ལྟར་ཞེ་ན། རང་གི་འདོད་པ་ལ་མངོན་པར་དགའ་བ་ནི་འདོད་པ་ལ་འདོད་ཆགས་སོ། །རང་གི་འདོད་པ་ལ་ཡོངས་སུ་གཟུང་བ་ནི་ལྷག་པར་ཞེན་པའོ། །རང་གི་འདོད་པ་ལ་མི་འབྲལ་བར་འདོད་པ་ནི་རྣམ་པར་བཅིངས་པའོ། །གཞན་གྱི་འདོད་པ་ལ་མངོན་པར་དགའ་བར་བྱེད་པ་ནི་ཡོངས་
སུ་ཞེན་པ་སྟེ། འདོད་པ་ནི་ཡོངས་སུ་ཞེན་པའོ། །གཞན་གྱི་འདོད་པ་ལ་ཀུན་དུ་འདོད་ཆགས་པ་ནི་ཀུན་དུ་འདོད་ཆགས་པ་ཁོ་ནའོ། །ལྟ་བ་རྣམས་ལ་ཡང་ཞེས་རྒྱས་པར་འབྱུང་བ་དེ་ལ་ལྟ་བ་རྣམས་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔའོ། །དེ་རྣམས་ལ་ཡང་ལྟ་བ་ལ་འདོད་ཆགས་པ་དང་། ལྷག་

པར་ཞེན་པ་དང་། རྣམ་པར་བཅིངས་པ་ནི་ཇི་ལྟར་རྣམ་གྲངས་གཉིས་པ་ལས་འབྱུང་བ་དེ་བཞིན་ནོ། །ཇི་ལྟར་ཞེ་ན། རང་གི་ལྟ་བ་ལ་མངོན་པར་དགའ་བ་དང་། ཡོངས་སུ་གཟུང་བ་དང་མི་འབྲལ་བར་འདོད་པ་དང་། ལྟ་བ་ལ་འདོད་ཆགས་དང་། ལྷག་པར་ཞེན་པ་དང་། རྣམ་པར་བཅིངས་པ་དང་
གོ་རིམས་བཞིན་ནོ། །ལྟ་བ་མི་མཐུན་པ་རྣམས་ཡིན་ན་ནི་རང་གི་ལྟ་བར་མངོན་པར་དགའ་བར་བྱེད་པས་ཡོངས་སུ་ཞེན་པ་ནི་འདི་དག་ཇི་ལྟར་ན་བདག་གི་ལྟ་བར་འགྱུར་ཞིག་གུ་སྙམ་པའོ། །ལྟ་བ་མཐུན་པ་དག་ཡིན་ན་ནི་དེའི་ལྟ་བ་ལ་རྗེས་སུ་ཆགས་པ་ནི་ལྟ་བ་མཐུན་པ་དེ་དག་གི་ལྟ་བ་ནི་དེའི་ལྟ་བའོ། །དེའི་
ལྟ་བ་ལ་རྗེས་སུ་ཆགས་པ་ནི་དེའི་ལྟ་བ་ལ་རྗེས་སུ་ཆགས་པ་སྟེ། ཀུན་དུ་འདོད་ཆགས་སུ་རིག་པར་བྱའོ། །འདིར་ཡང་ལྟ་བ་ལ་འདོད་ཆགས་ཀྱི་རྒྱུས་ཞེས་བྱ་བ་ནས། ལྟ་བ་ཀུན་དུ་འདོད་ཆགས་ཀྱི་རྒྱུས་རབ་ཏུ་བྱུང་བ་རྣམས་དང་རབ་ཏུ་བྱུང་བ་རྣམས་སུ་རྩོད་པར་བྱེད་དོ་ཞེས་རེ་རེ་ལ་སྦྱར་བར་བྱའོ། །ཡང་ན་ལྟ་
བ་ལ་འདོད་ཆགས་དང་། ལྷག་པར་ཞེན་པ་དང་། རྣམ་པར་བཅིངས་པ་ནི་ཇི་ལྟར་རྣམ་གྲངས་དང་པོ་ལས་ཀུན་དུ་སྤྱོད་པ་དང་། དང་དུ་ལེན་པ་དང་། ཟིལ་གྱིས་གནོན་པ་ཞེས་འབྱུང་བ་དང་གོ་རིམས་བཞིན་ནོ། །སྔར་ཇི་སྐད་བཤད་པ་ལྟ་བུ་ནི་དགོས་པ་དག་ནི་བརྒྱད་དེ། རྣམ་གྲངས་གསུངས་པ་ནི་འདུལ་བ་ཐ་
དད་པའི་ཕྱིར་ཏེ། དེའི་ཚེ་དང་ཕྱི་མའི་ཚེ་ཁ་ཅིག་ལ་ལ་ལས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དགེ་སློང་དག་སེམས་ཅན་དེ་དག་ལ་ནི་དོན་སྤྱོད་པ་མེད། ཆོས་སྤྱོད་པ་མེད། བསོད་ནམས་སྤྱོད་པ་མེད། དགེ་བ་སྤྱོད་པ་མེད། དགེ་ལེགས་སྤྱོད་པ་མེད་དོ་ཞེས་བྱ་བ་ནི་མདོ་སྡེའི་
དུམ་བུ་ཡིན་ནོ། །དེ་གཉིས་ཀ་ལ་བརྟེན་ནས་ཞེས་བྱ་བ་ནི་དོན་དང་ཆོས་སྤྱོད་པ་ལ་བརྟེན་ནས་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་ཀྱི་ལས་བྱེད་པ་ནི་བསོད་ནམས་ཀྱི་ལས་བྱེད་པའོ། །མི་གཡོ་བའི་ལས་བྱེད་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་ནི་མི་གཡོ་བའོ། །དེ་བྱེད་པ་ནི་
བྱེད་པ་པོའོ། །དགེ་བ་སྤྱོད་པ་སྟེ། མི་དགེ་བ་སྤངས་པའི་ཕྱིར་ཏེ། འདི་ལྟར་དེས་མི་དགེ་བ་སྤངས་པ་ཡིན་ནོ། །ཇི་ལྟར་ན་དེས་མི་དགེ་བ་སྤངས་པ་ཡིན་ཞེ་ན། གཉེན་པོ་ཡིན་པའི་ཕྱིར་རོ། །ངེས་པར་ལེགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ངེས་པར་ལེགས་པའི་ཆེད་དུ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་

སུམ་ཅུ་རྩ་བདུན་པོ་དག་སྒོམ་པ་ནི་དགེ་ལེགས་སྤྱོད་པའོ། །ཅིའི་ཕྱིར་ཞེ་ན། གསེར་བཞིན་དུ་དྲི་མ་མེད་པའི་ཕྱིར་དང་། འགྱུར་བ་མེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཀྱི་དྲི་མ་མེད་པ་ཉིད་ཀྱང་ཅི་ཞིག་ཡིན། འགྱུར་བ་མེད་པ་ཉིད་ཀྱང་ཅི་ཞིག་ཡིན་ཞེ་ན།
དྲི་མ་མེད་པ་ཉིད་ནི་ཟག་པ་མེད་པ་ཉིད་ཡིན་ནོ། །འགྱུར་བ་མེད་པ་ཉིད་ནི་དེ་རྣམས་ལས་ཡོངས་སུ་མི་ཉམས་པ་ཉིད་ཀྱིས་རིག་པར་བྱའོ། །གཞན་ལ་མི་གནོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་ནི་གཞན་དག་ལ་གནོད་པ་མི་བྱེད་དེ། སྲོག་གཅོད་པ་ལ་སོགས་པ་རྣམས་སྤོང་བ་
ཡང་དག་པར་བླང་བའི་ཕྱིར་རོ། །དོན་སྤྱོད་པ་དང་། ཆོས་སྤྱོད་པ་ནི་སྔ་མ་ཁོ་ན་བཞིན་ནོ།། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་བཞི་པ། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་ནི་རྒྱ་མཚོ་ཞེས་ཚིག་ཏུ་རྗོད་པར་བྱེད་དོ། །འཕགས་པའི་ཆོས་འདུལ་བ་ལ་
ནི་དེ་རྒྱ་མཚོ་དང་། དགེ་སློང་དག་དེ་ནི་ཆུ་གཏེར་ཆེན་པོ་དང་། ཆུའི་ཆུ་བོ་ཆེན་པོ་དང་། ཆུའི་ཚོགས་ཆེན་པོ་དང་། ཆུའི་ཆུ་ཆེན་པོ་མ་ཡིན་གྱི། དགེ་སློང་དག་སྐྱེས་བུའི་མིག་ནི་རྒྱ་མཚོ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །རྟག་ཏུ་ཆུར་འདུག་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟག་པར་
ཆུ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཆུ་ཆེན་པོ་སྡུད་པའི་དོན་གྱིས་ན་ཆུ་གཏེར་ཆེན་པོ་སྟེ། སྐད་ཀྱི་དབྱིངས་ལས་འཛིན་པའི་དོན་དུ་འབྱུང་བའི་ཕྱིར་རོ། །མི་སྐྱེ་བའི་དོན་གྱིས་ན་ཆུའི་ཆུ་བོ་ཆེན་པོ་སྟེ། ཆུའི་ཆུ་བོ་ཆེན་པོ་ཁོ་ནར་སྣང་བའི་ཕྱིར་རོ། །སྐྱེ་བར་མི་མངོན་པའི་ཕྱིར་གཅིག་ཏུ་འགྱུར་བའི་
དོན་གྱིས་ན་ཆུའི་ཚོགས་ཆེན་པོ་སྟེ། ཀུན་ནས་འབབ་པའི་ཆུ་གཅིག་ཏུ་འགྱུར་བས་གནས་པའི་ཕྱིར་རོ། །མི་ཟད་པའི་དོན་གྱིས་ན་ཆུའི་ཆུ་ཆེན་པོ་སྟེ། ཆུ་ཆེན་པོ་དེ་ནི་ནམ་ཡང་ཡོངས་སུ་ཟད་པར་མི་འགྱུར་བས་སོ། །དགེ་སློང་དག་ཁྱེད་ལ་གང་གིས་ན་སྐྱེ་དགུ་འདི་སྒྲིབ་པ་དང་། ཆོད་པ་དང་།
གཡོགས་པ་དང་། ཀུན་ནས་གཡོགས་པ་དང་། བཀག་པ་དང་། ཡོག་པ་དང་། ཀུན་ནས་དཀྲིས་པ་དང་། ཐགས་འཁྲུགས་པ་ལྟ་བུ་དང་། དྲུ་བུ་འཛིངས་པ་ལྟ་བུ་དང་། རྩྭ་མུན་ཛ་དང་བལ་བ་ཛ་ལྟ་བུར་འོང་བ་དང་འགྲོ་བར་གྱུར་ཅིང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དང་འཇིག་རྟེན་

ཕ་རོལ་ནས་འཇིག་རྟེན་འདིར་ཀུན་དུ་རྒྱུག་པར་བྱེད་འཁོར་བར་བྱེད། འཁོར་བ་ལས་མི་འདའ་བར་བྱེད་པའི་སྲེད་པ་བཤད་པར་བྱ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་དང་འབྲེལ་པའི་རྣམ་པར་རྟོག་པ་མང་དུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ནོར་དང་། ཁྱིམ་དང་། བུ་དང་། ཆུང་མ་ལ་སོགས་པ་དང་
འབྲེལ་པའི་རྣམ་པར་རྟོག་པ་མང་དུ་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་བ་ལས་རྣམ་པར་གྲོལ་བར་དཀའ་བ་ཉིད་ཀྱིས་སྐྱེ་དགུ་འདི་ནི་དྲུ་བུ་འཛིངས་པ་ལྟ་བུ་སྟེ། དྲུ་བུ་འཛིངས་པ་ནི་དྲུབ་འགུལ་འཁྲུགས་པའོ། །དེ་ཡོངས་སུ་གཟུང་བ་ལ་ཀུན་དུ་འཛིན་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ནོར་
དང་། ཁྱིམ་དང་། བུ་དང་། ཆུང་མ་ལ་སོགས་པ་དེ་དག་ཡོངས་སུ་བཟུང་བ་ནི་དེ་ཡོངས་སུ་བཟུང་བའོ། །དེ་ཡོངས་སུ་བཟུང་བ་ལ་ཀུན་དུ་འཛིན་པ་ནི་བདག་གིར་འཛིན་པ་ཡིན་པས་དེ་ཡོངས་སུ་བཟུང་བ་ལ་ཀུན་དུ་འཛིན་པ་སྟེ། དེ་ཡོངས་སུ་བཟུང་བ་ལ་ཀུན་དུ་འཛིན་པ་དེས་སོ། །སྡུག་བསྔལ་མང་
པོས་གཟིར་བའི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱིར་ནི་སྡུག་བསྔལ་མང་པོ་དག་གིས་གཟིར་བ་ནི་སྡུག་བསྔལ་མང་པོས་གཟིར་བའོ། །དེའི་རྟེན་ནི་གཞི་ཡིན་པས་སྡུག་བསྔལ་མང་པོས་གཟིར་བའི་རྟེན་དུ་གྱུར་པ་སྟེ། དེའི་དངོས་པོ་ཉིད་ཀྱི་ཕྱིར་རོ། །རྩྭ་མུན་ཛ་དང་བལ་བ་ཛ་ལྟ་བུར་གྱུར་པ་ནི་རྩྭ་མུན་ཛ་ལྟ་བུར་གྱུར་
བ་དང་། བལ་བ་ཛ་ལྟ་བུར་གྱུར་པ་སྟེ། ཇི་ལྟར་རྩྭ་མུན་ཛ་དང་བལ་བ་ཛ་གདུག་པའི་གཞི་ཡིན་པ་བཞིན་ནོ། །ལྟ་བུ་དང་གྱུར་པའི་སྒྲ་གཉིས་ནི་རྣམ་པའི་དོན་དུ་ཡང་རིག་པར་བྱ་སྟེ། ཇི་ལྟར་ཞེ་ན། ཐགས་འཁྲུགས་པ་ལྟ་བུ་ནི་ཐགས་འཁྲུགས་པ་ལྟ་བུའོ། །དྲུ་བུ་འཛིངས་པ་ལྟ་བུ་ཡང་དྲུ་བུ་འཛིངས་
པའི་རྣམ་པའོ། །དེ་ལྟ་བུ་དང་གྱུར་པའི་སྒྲ་གཉིས་ནི་དཔེའི་དོན་ཀྱང་ཡིན་ཏེ། ཇི་ལྟར་ཞེ་ན། ཐགས་བཞིན་དུ་འཁྲུགས་པས་ཐགས་འཁྲུགས་པ་ལྟ་བུའོ། །དྲུ་བུ་འཛིངས་པ་འདྲ་བས་དྲུ་བུ་འཛིངས་པ་ལྟ་བུ་སྟེ། དཔེར་ན་མ་ལྟ་བུ་ཞེས་བྱ་བ་ཡང་མ་དང་འདྲ་ཞེས་བྱ་བ་སྟེ་དཔེའི་དོན་དུ་གོའོ། །དེ་ལྟར་ན་ཞེས་
བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་འདུན་པ་དང་ལྡན་པའི་ཕྱིར་ཐགས་འཁྲུགས་པ་ལྟ་བུར་རིག་པར་བྱའོ། །རྣམ་པར་རྟོག་པ་དང་ལྡན་པའི་ཕྱིར་དྲུ་བུ་འཛིངས་པ་ལྟ་བུར་རིག་པར་བྱའོ། །ལྷག་པར་ཞེན་པ་དང་ལྡན་པའི་ཕྱིར་ན་རྩྭ་མུན་ཛ་དང་བལ་བ་ཛ་ལྟ་བུར་གྱུར་པར་རིག་པར་བྱའོ། །གཞན་ཡང་

ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕྲད་པ་ལ་སྲེད་པ་དང་ལྡན་པའི་ཕྱིར་ཐགས་འཁྲུགས་པ་ལྟ་བུའོ། །མི་འབྲལ་བ་ལ་སྲེད་པ་དང་ལྡན་པའི་ཕྱིར་དྲུ་བུ་འཛིངས་པ་ལྟ་བུའོ། །ཉེས་དམིགས་ཀྱི་གནོད་པ་དང་ལྡན་པའི་ཕྱིར་ན་རྩྭ་མུན་ཛ་དང་བལ་བ་ཛ་ལྟ་བུར་གྱུར་པ་སྟེ། ཉེས་དམིགས་
དག་གིས་གནོད་པ་ནི་ཉེས་དམིགས་ཀྱི་གནོད་པ་སྟེ། དེ་དང་ལྡན་པའི་ཕྱིར་རོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་ལུས་ལ་རེག་པའི་ཚོར་བ་སྡུག་བསྔལ་བ། མི་ཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ། སྲོག་འཕྲོག་པ་དག་གིས་མྱ་ངན་བྱེད། དུམ་བུར་བྱེད། སྨྲེ་སྔགས་
འདོན་པར་བྱེད། བྲང་རྡུང་བར་བྱེད། ངུ་བར་བྱེད། ཀུན་དུ་རྨོངས་པར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །རྟག་ཏུ་རྩེ་མི་འཇིལ་བའི་རྒྱུན་ཉིད་ཀྱིས་ཞེས་བྱ་བ་ནི་རྩུབ་པ་གང་ཡིན་པ་དེ་ནི་རྩེ་མི་འཇིལ་བ་སྟེ། རྟག་ཏུ་མི་འབྲལ་བའི་རྒྱུན་ཡིན་པས་རྟག་ཏུ་རྩེ་མི་འཇིལ་བའི་རྒྱུན་ཡིན་ནོ། །དེའི་དངོས་པོ་
ནི་ཉིད་ཀྱིས་ཡིན་ནོ། །ཡིད་དུ་མི་འོང་བ་ནི་དྲན་པའི་དུས་ན་བརྗེད་དུ་མི་སྟོ་བ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོར་བ་ལ་དམིགས་པ་དྲན་པའི་དུས་ན་དེ་ལས་ཕྱིར་ཕྱོགས་པ་ཉིད་ཀྱི་ཕྱིར་ཡིད་དུ་མི་འོང་བ་ཞེས་བྱ་བའི་ཐ་ཚིག་གོ། །མདོར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསྡུ་ན་རང་བཞིན་གྱི་ཁྱད་པར་གྱིས་ཚོར་
བའི་ཁྱད་པར་སྟོན་པར་བྱེད་པ་ནི་སྡུག་བསྔལ་བ་ཞེས་བྱ་བའི་ཚིག་འདིས་སོ། །རྣམ་པར་ཁྱད་པར་གྱིས་ཚོར་བའི་ཁྱད་པར་སྟོན་པར་བྱེད་པ་ནི་མི་བཟད་པ་ཞེས་བྱ་བའི་ཚིག་འདིས་སོ། །གནས་པའི་ཁྱད་པར་གྱིས་ཚོར་བའི་ཁྱད་པར་སྟོན་པར་བྱེད་པ་ནི་རྩུབ་པ་ཞེས་བྱ་བའི་ཚིག་འདིས་སོ། །ལས་ཀྱི་ཁྱད་
པར་གྱིས་ཚོར་བའི་ཁྱད་པར་སྟོན་པར་བྱེད་པ་ནི་ཚིག་ལྷག་མ་ལུས་པ་གསུམ་དག་གིས་སོ། །དེ་ལ་ཚོར་བ་རྣམས་ཀྱི་ལས་ཀྱི་ཁྱད་པར་ནི་ལུས་དང་སེམས་དང་སྲོག་ལ་གནོད་པ་ཉིད་ཀྱིས་རིག་པར་བྱ་སྟེ། ཚ་བ་ཞེས་བྱ་བས་ནི་ལུས་ལ་གནོད་པ་སྟོན་པར་བྱེད་དོ། །ཡིད་དུ་མི་འོང་བ་ཞེས་བྱ་བས་ནི་སེམས་ལ་
གནོད་པ་སྟོན་པར་བྱེད་དོ། །སྲོག་འཕྲོག་པ་ཞེས་བྱ་བས་ནི་སྲོག་ལ་གནོད་པ་སྟོན་པར་བྱེད་དོ། །གང་ལས་དྲག་པ། སྡུག་བསྔལ་བ་ཞེས་འབྱུང་བ་ནི་མདོ་སྡེའི་དུམ་བུ་གང་ལས་ཚེ་དང་ལྡན་པ་བདེ་ལྡན་ཅི་ཁྱོད་ལ་ཟད་པར་འགྱུར་བ་ཡོད་དམ། ཅི་ཁྱོད་ལ་དྲག་པ། སྡུག་བསྔལ་བ། མི་བཟད་པ། རྩུབ་

པ། ཚ་བ། ཡིད་དུ་མི་འོང་བ། སྲོག་འཕྲོག་པ་སྐྱེས་པ་ལུས་ལས་འབྲལ་ཞིང་མི་སྐྱེ་ལ་དེ་བྲལ་ཞིང་མི་སྐྱེ་བར་མངོན་པ་ཡིན་ནམ། ཚེ་དང་ལྡན་པ་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུ་གང་ཡིན་པ་དེ་ཡིན་ནོ། །མདོ་སྡེའི་དུམ་བུ་དེར་ནི་རང་བཞིན་ལ་སོགས་པའི་ཁྱད་པར་གྱིས་ཏེ།
རང་བཞིན་དང་། རྣམ་པ་དང་། གནས་པ་དང་། ལས་ཀྱི་ཁྱད་པར་གྱིས་དྲག་པ་ཉིད་ཁྱད་པར་དུ་བྱེད་དོ། །ཇི་ལྟར་ཞེ་ན། སྡུག་བསྔལ་བ་ཞེས་བྱ་བ་ནི་རང་བཞིན་གྱི་ཁྱད་པར་གྱིས་དྲག་པ་ཉིད་ཁྱད་པར་དུ་བྱེད་པ་ཡིན་ནོ། །མི་བཟད་པ་ཞེས་བྱ་བ་ནི་རྣམ་པའི་ཁྱད་པར་གྱིས་སོ། །རྩུབ་པ་ཞེས་བྱ་
བ་ནི་གནས་ཀྱི་ཁྱད་པར་གྱིས་སོ། །ཡིད་དུ་མི་འོང་བ་ཞེས་བྱ་བ་ནི་ལས་ཀྱི་ཁྱད་པར་གྱིས་དྲག་པ་ཉིད་ཁྱད་པར་དུ་བྱེད་པ་ཡིན་ནོ། །ཚོར་བ་དེ་བྲལ་བའམ་མི་ལྡན་པར་འདྲི་བ་ནི་གོ་རིམས་བཞིན་ནོ། །སྐབས་སྐབས་སུ་དེ་ཡོད་པར་འདྲི་བའོ། །ཞེས་བྱ་བ་ནི་སྐབས་སྐབས་སུ་བྲལ་བ་ཡོད་པར་འདྲི་བ་ནི་དེ་
འབྲལ་ཞིང་ཞེས་བྱ་བ་འདིས་སོ། །སྐབས་སྐབས་སུ་དེ་མི་ལྡན་པ་ཡོད་པ་ཡིན་པར་འདྲི་བ་ནི་མི་སྐྱེ་བར་མངོན་པ་ཡིན་ནམ་ཞེས་བྱ་བ་འདིས་སོ། །སྡུག་བསྔལ་ཉིད་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དོ་ཞེས་
བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འདུ་བྱེད་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ནི་སྡུག་བསྔལ་ཉིད་སྡུག་བསྔལ་ཡིན་པས་ན་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། བསྐ་བའི་བསྐ་བ་བཞིན་ནོ། །སྡུག་བསྔལ་གྱི་
སྡུག་བསྔལ་ཉིད་ཡིན་ནོ། །སྤྱིའི་མཚན་ཉིད་འབྱུང་བ་དང་འཇིག་པ་མི་མཐུན་པ་ཉིད་ནི་སྤྱིའི་མཚན་ཉིད་འབྱུང་བ་དང་འཇིག་པ་མི་མཐུན་པ་ཉིད་དེ། དེ་ནི་སྤྱིའི་མཚན་ཉིད་འབྱུང་བ་དང་འཇིག་པ་མི་མཐུན་པ་ཉིད་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དེ། འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས་ན་འདུ་བྱེད་ཀྱི་སྡུག་
བསྔལ་ལོ། །དེའི་དངོས་པོ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཡིན་ནོ། །དེ་བཞིན་དུ་གཞན་དུ་གྱུར་པའི་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་འགྱུར་བའི་སྡུག་བསྔལ་ཉིད་དེ། འགྱུར་བ་ཉིད་སྡུག་བསྔལ་ཡིན་པས་ན་འགྱུར་བའི་སྡུག་བསྔལ་ཉིད་ཡིན་ནོ། །གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་ཚོར་བའི་ཁྱད་པར་གང་

ཞིག་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། བདེ་བ་ལ་སྡུག་བསྔལ་ཉིད་ཅེས་བྱ་བ་ནི་དགོངས་པ་ཅན་ཡིན་གྱི། རང་གི་མཚན་ཉིད་ཀྱིས་མ་ཡིན་པའོ། །དེའི་དགོངས་པ་སྟོན་པ་ནི་ཇི་སྐད་དུ་རང་དང་སྤྱིའི་མཚན་ཉིད་གཉིས་ཀྱིས་རྒྱས་པར་བསྟན་མ་ཐག་པ་ལྟ་བུའོ། །
རང་གི་མཚན་ཉིད་ཀྱིས་རང་བཞིན་གྱི་སྡུག་བསྔལ་བའི་དབང་དུ་མཛད་དེ་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་གསུངས་པ་ཡིན་ལ། སྤྱིའི་མཚན་ཉིད་ཀྱིས་རང་བཞིན་གྱིས་སྡུག་བསྔལ་བའི་དབང་དུ་མཛད་དེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གསུངས་ལ། འགྱུར་བའི་སྡུག་བསྔལ་ཉིད་ནི་འདུ་བྱེད་ཡིད་དུ་འོང་བ་
རྣམས་འགྱུར་བའོ། །དེ་ལྟར་ན་སྡུག་བསྔལ་གྱི་ཚོར་བ་དང་དེ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་དེ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་
བསྔལ་བ་མ་ཡིན་ནོ། །བདེ་བའི་ཚོར་བ་དང་དེ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ནི་འགྱུར་བའི་སྡུག་བསྔལ་འདི་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ། །དེ་ལྟར་ན་ཟག་པ་དང་བཅས་པའི་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྲོག་གཅོད་པ་དང་། དྲག་ཤུལ་ཅན་དང་། ལག་པ་
ཁྲག་དམར་བ་དང་། གསོད་པ་དང་། རབ་ཏུ་གསོད་པ་ལ་གནས་པ་དང་། སེམས་ཅན་སྲོག་ཆགས་སུ་གྱུར་པ་ལ་ངོ་ཚ་མེད་ཅིང་། སྙིང་མི་བརྩེ་བ་ལ་ཞུགས་པ་ཡིན་ལ། ཐ་ན་སྲོག་ཆགས་སྲིན་བུ་དང་། སྤྲེའུ་དང་། གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་མི་སྤོང་བ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་
བུ་ཡིན་ནོ། །དེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལ་གསད་པའི་བསམ་པ་ཉིད་ཀྱིས་སྲོག་གཅོད་པ་ཡོངས་སུ་བསྟན་པ་ནི་དྲག་ཤུལ་ཅན་ཞེས་བྱ་བའི་ཚིག་འདིས་སོ། །གསད་པར་སྦྱོར་བ་ཉིད་ཀྱིས་ནི་ལག་པ་ཁྲག་དམར་བ་ཞེས་བྱ་བ་འདིས་སོ། །དེ་གཉི་ག་ལ་མངོན་པར་དགའ་བ་ཉིད་ནི་བསམ་པ་དང་སྦྱོར་བ་
ལ་མངོན་པར་དགའ་བ་ཉིད་ཀྱིས་ཏེ། གསོད་པ་དང་། རབ་ཏུ་གསོད་པ་ལ་གནས་པ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །དེའི་གཞི་ཉིད་ཀྱིས་ནི་སེམས་ཅན་སྲོག་ཆགས་སུ་གྱུར་པ་ལ་ངོ་ཚ་མེད་ཅིང་། སྙིང་མི་བརྩེ་བ་ལ་ཞུགས་པ་ཡིན་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །དེ་དང་རྗེས་སུ་འབྲེལ་བ་ཉིད་ཀྱིས་ནི་ཐ་ན་

ཞེས་བྱ་བ་ནས་བརྩམས་ནས་ལྷག་མས་སྲོག་གཅོད་པ་ཡོངས་སུ་བསྟན་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་སྲོག་གཅོད་པ་དང་ཞེས་བྱ་བ་ནི་དྲག་ཤུལ་ཅན་ཉིད་ཀྱིས་ནི་ཤན་པ་ལ་སོགས་པའི་སྲོག་གཅོད་པ་ཉིད་ཁྱད་པར་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་བསྟན་པ་གང་ཡིན་པ་དེ་ཡིན་ཏེ། དྲག་ཤུལ་ཅན་
ཞེས་བྱ་བའི་ཚིག་འདིས་སོ། །དྲག་ཤུལ་ཅན་ཉིད་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དྲག་ཤུལ་ཅན་ཉིད་ཀྱང་ལུས་དྲག་ཤུལ་ཅན་ཉིད་དང་། སེམས་དྲག་ཤུལ་ཅན་ཉིད་དང་། དེར་གཅིག་ཏུ་ངེས་པ་ཉིད་དང་། དེར་གཏན་དུ་བ་ཉིད་ཀྱིས་སྟོན་པར་བྱེད་དེ། །ཇི་ལྟར་བྱས་པས་ཤེ་ན། ངོ་ཚ་མེད་པ་ཉིད་
དང་། སྙིང་མི་བརྩེ་བ་དང་ལྡན་པ་ཉིད་ཀྱིས་ཏེ། ངོ་ཚ་མེད་ཅིང་སྙིང་མི་བརྩེ་བ་ལ་ཞུགས་པ་ཡིན་ཞེས་བྱ་བ་འདི་གཉིས་ཀྱིས་ནི་དེར་གཅིག་ཏུ་ངེས་པ་ཉིད་ཡིན་པར་རིག་པར་བྱའོ། །ངོ་ཚ་མེད་པ་དང་། སྙིང་མི་བརྩེ་བ་མེད་པ་ནི་ངོ་ཚ་མེད་པ་དང་སྙིང་མི་བརྩེ་བའོ། །དེ་དག་གང་ལ་ཡོད་པ་དེ་ནི་ངོ་ཚ་མེད་
པ་དང་། སྙིང་མི་བརྩེ་བ་དང་ལྡན་པའོ། །དེའི་དངོས་པོ་ནི་ངོ་ཚ་མེད་པ་དང་། སྙིང་མི་བརྩེ་བ་དང་ལྡན་པ་ཉིད་དེ། དེས་ན་ངོ་ཚ་མེད་པ་དང་། སྙིང་མི་བརྩེ་བ་དང་ལྡན་པ་ཉིད་ཀྱིས་སོ། །མི་སྤོང་བ་ཉིད་ཀྱིས་ཏེ། སྲོག་གཅོད་པ་མི་སྤོང་བ་ཡིན་ནོ་ཞེས་བྱ་བའི་ཚིག་འདིས་ནི་དེར་གཏན་དུ་བ་ཉིད་ཡིན་པར་རིག་པར་
བྱའོ། །ལུས་དྲག་ཤུལ་ཅན་ཉིད་ནི་ལག་པ་ཁྲག་དམར་ཞེས་བྱ་བའི་ཚིག་འདིས་རིག་པར་བྱའོ། །སེམས་དྲག་ཤུལ་ཅན་ཉིད་ནི་གསོད་པ་དང་། རབ་ཏུ་གསོད་པ་ལ་གནས་པ་ཞེས་བྱ་བ་འདིས་སོ། །དགེ་སློང་དག་སྲོག་རྣམས་ལས་གཉིད་ལོག་པ་ནི་སྟོང་པ་དང་། གསོག་དང་། འབྲས་བུ་མེད་པ་དང་།
དོན་མེད་པ་དང་། ཕན་ཡོན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །གང་དག་ལ་གཉིད་མི་འབྱུང་བ་ཞེས་བྱ་བ་ནི་གསོན་པའི་བྱ་བ་གང་དག་ལ་གཉིད་མི་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་མེད་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་དག་ནི་བརྩོན་འགྲུས་དང་བརྩོན་འགྲུས་དེ་ལས་
འབྲས་བུ་དང་། དགེ་སྦྱོང་གི་ཚུལ་གྱི་དོན་ཏེ། དགེ་སྦྱོང་གི་ཚུལ་ནི་དྲི་མ་མེད་པའི་ལམ་སྟེ། དེའི་འབྲས་བུ་མྱ་ངན་ལས་འདས་པའི་དང་། ཚེ་འདིའི་བདེ་བ་དེ་དག་མེད་པའི་ཕྱིར་སྲོག་ནི་གསོག་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་གོ་རིམས་བཞིན་ནོ། །ཕལ་ཆེར་རྣམ་པར་སྨིན་པར་མི་འགྱུར་བའི་ཕྱིར་འབྲས་

བུ་མེད་པའོ་ཞེས་བྱ་བ་ནི་གཉིད་ལོག་པ་ན་སྲོག་གཅོད་པ་ལ་སོགས་པ་ལ་ཞུགས་པ་ན་ཚེ་གཞན་གྱི་ལས་དང་། དེའི་རྐྱེན་གྱིས་སེམས་ཅན་དམྱལ་བ་ལ་སོགས་པར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ཕལ་ཆེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་སྟོང་པའི་སྒྲའི་དོན་
ཐ་དད་པ་ཉིད་དུ་བསྟན་པ་ནི་སྲོག་རྣམས་ལས་གཉིད་ཀྱི་གནས་སྐབས་སེམས་མེད་པའི་གཉིད་ལོག་པ་ནི་སྟོང་པ་ཡིན་ལ། གཉིད་ཀྱི་གནས་སྐབས་སེམས་དང་བཅས་པའི་ནི་ལྷག་མ་སྟེ་སྔ་མ་བཞིན་ནོ། །ཇི་ལྟར་ཞེ་ན། གསོག་དང་འབྲས་བུ་མེད་པ་དང་། དོན་མེད་པ་དང་། ཕན་ཡོན་མེད་པ་ཡིན་
ནོ། །ཚིག་བཞི་པོ་འདི་རྣམས་ཀྱི་དོན་ཀྱང་སྔ་མ་བཞིན་ནོ། །མི་ཤེས་པ་དང་། ཐེ་ཚོམ་དང་། ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་ནི་མི་ཤེས་པ་དང་ལྡན་པའི་ཕྱིར་རྨོངས་པའོ། །ཐེ་ཚོམ་དང་ལྡན་པའི་ཕྱིར་མི་གསལ་བའོ། །ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་མི་མཁས་པའོ། །ཅིའི་ཕྱིར་ན་
ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་མི་མཁས་པ་ཡིན་ལ། མི་ཤེས་པ་དང་ཐེ་ཚོམ་དང་ལྡན་པའི་ཕྱིར་མ་ཡིན་ཞེ་ན། ཚུལ་བཞིན་མ་ཡིན་པ་ལ་མཁས་པ་ནི་མི་མཁས་པ་སྟེ། ཚུལ་བཞིན་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ལ་མཁས་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱིས་པ་ནི་ཉེས་པར་
བསམས་པ་སེམས་པ་ལ་སོགས་པས་སོ་ཞེས་བྱ་བ་ནི་དགེ་སློང་དག་བྱིས་པ་ནི་ཉེས་པར་བསམས་པ་སེམས་པ་ཡིན། ཉེས་པར་སྨྲ་བ་སྨྲ་བ་ཡིན། ཉེས་པར་བྱེད་པའི་ལས་བྱེད་པ་ཡིན་ནོ་ཞེས་མདོ་སྡེ་ལས་འབྱུང་བའི་ཕྱིར་རོ། །སྨྲས་པ། བསྒོམས་པ་ལས་བྱུང་བའི་ཤེས་རབ་དང་མི་ལྡན་པའི་ཕྱིར་
མི་མཁས་པ་ཡིན་གྱི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་གཉིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཅིའི་ཕྱིར་ཞེ་ན། མི་དགེ་བའི་གཉེན་པོ་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཡིན་གྱི། ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་དེ་གཉིས་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དང་མི་ལྡན་
པ་ཉིད་ཀྱི་ཕྱིར་མི་མཁས་པ་ཞེས་བྱ་བར་རིགས་སོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཤེས་རབ་མ་བྱང་བ་ཉིད་ཀྱིས་བྱིས་པའི་རང་བཞིན་ཅན་ནོ། །ཤེས་རབ་ཞེན་པ་ཉིད་ཀྱིས་རྨོངས་པའི་རང་བཞིན་ཅན་ནོ། །ཤེས་རབ་ལོག་པ་ཉིད་ཀྱིས་ཤེས་རབ་འཆལ་བའི་རང་བཞིན་ཅན་ནོ། །ཐོས་

ཀྱང་ལེགས་པར་གསུངས་པ་དང་ཉེས་པར་བཤད་པའི་ཆོས་དེ་རྣམས་ཀྱི་དོན་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་ན་རྨོངས་པའི་རང་བཞིན་ཅན་ནོ། །དེ་བཞིན་དུ་དེ་དག་རྣམས་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་ཤེས་རབ་འཆལ་བའི་རང་བཞིན་ཅན་ཡིན་ནོ། །གྲོ་བཞིན་སྐྱེས་དགེ་སློང་ངམ་བྲམ་
ཟེ་གང་ལ་ལ་དག་གཟུགས་མི་རྟག་པ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ། འགྱུར་བའི་ཆོས་ཅན་གྱིས་ཆེ་བ་ཡིན་ནོ་སྙམ་དུ་རློམ་པར་བྱེད། མི་འདྲའོ་སྙམ་དུ་རློམ་པར་བྱེད། དམན་པ་མ་ཡིན་ནོ་སྙམ་དུ་རློམ་པར་བྱེད་དེ། གྲོ་བཞིན་སྐྱེས་དགེ་སློང་ངམ་བྲམ་ཟེ་དེ་ཐམས་ཅད་ནི་དེ་ལྟར་ཡང་དག་
པ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་ཕྱིར་རོ། །གྲོ་བཞིན་སྐྱེས་དགེ་སྦྱོང་ངམ་བྲམ་ཟེ་ཚོར་བ་མི་རྟག་པ་དང་། འདུ་ཤེས་མི་རྟག་པ་དང་། འདུ་བྱེད་རྣམས་མི་རྟག་པ་དང་། རྣམ་པར་ཤེས་པ་མི་རྟག་པ། མི་བརྟན་པ་ཞེས་བྱ་བ་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །གནས་སྐབས་མི་འདྲ་བ་
ཉིད་ཀྱི་འཇིག་པ་ཉིད་ཡིན་ཏེ། གནས་སྐབས་མི་འདོད་པ་གཞན་དུ་འགྲོ་བའི་ཕྱིར་རོ། །འདི་ལྟར་འདུག་པ་དང་དེ་ལས་གཞན་གནས་སྐབས་མི་འདོད་པ་གཞན་དུ་འགྲོ་སྟེ། སྤྱོད་ལམ་གཞན་བསྟེན་པའི་ཕྱིར་རོ། །འདི་ལྟར་ཡང་ལང་ཚོ་ལ་བབ་པའི་གནས་སྐབས་ནས་ཀྱང་རྒ་བའི་གནས་
སྐབས་གཞན་དུ་འགྲོ་བར་བྱེད་ཅིང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གཅིག་གིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུ་གཟུགས་མི་རྟག་པ་ནས་རྣམ་པར་ཤེས་པའི་བར་གྱི་མི་རྟག་པ་ཞེས་བྱ་བའི་ཚིག་གཅིག་གིས་སོ། །དེ་སྐད་ཅེས་འབྱུང་བ་ནི་ལུས་ཉེ་བར་ལེན་པའི་ཕུང་པོ་ལྔའི་
མཚན་ཉིད་ནི་འདུས་བྱས་ཀྱི་མཚན་ཉིད་གཉིས་དང་ལྡན་པར་སྟོན་པར་བྱེད་དེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་། འཇིག་པ་དང་ངོ་། །གཉིས་ཀྱི་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་བརྟན་པ་དང་། ཡིད་བརྟན་དུ་མི་རུང་བ་ཞེས་བྱ་བའི་ཚིག་གཉིས་ཀྱིས་ཏེ། གཟུགས་མི་བརྟན་པ་ནས་རྣམ་
པར་ཤེས་པ་མི་བརྟན་པའི་བར་དང་། དེ་བཞིན་དུ་ཡིད་བརྟན་དུ་མི་རུང་བ་ཞེས་འབྱུང་བས་ནི་གནས་པའི་ཁྱད་པར་སྟོན་པར་བྱེད་དོ། །ཇི་ལྟར་ཞེ་ན། རྒྱུན་ནི་ཡུན་མི་རིང་བ་དང་། དུས་མ་ངེས་པ་ཉིད་ཀྱི་ཕྱིར་ཏེ། རྒྱུན་གྱིས་གནས་པ་ནི་དུས་ཡུན་མི་རིང་བའི་ཕྱིར་མི་བརྟན་པ་ཞེས་བྱ་བ་འདིས་སོ། །དུས་

མ་ངེས་པ་ཉིད་ཀྱི་ཕྱིར་ནི་ཡིད་བརྟན་དུ་མི་རུང་བ་ཞེས་བྱ་བ་འདིས་སོ། །བཞི་པས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བཞི་པ་འགྱུར་བའི་ཆོས་ཅན་གྱིས་ཏེ། འགྱུར་བའི་ཆོས་ཅན་ཞེས་འབྱུང་བ་ནི་གནས་པའི་རྒྱུན་གྱི་མཚན་ཉིད་དེ་ཉིད་གཞན་དུ་འགྱུར་བ་ཉིད་དུ་སྟོན་པར་བྱེད་དེ།
མི་འདོད་པའི་གནས་སྐབས་གཞན་དུ་འགྲོ་བའི་ཕྱིར་རོ། །གཞན་ཡང་གཅིག་གིས་ནི་ལུས་མི་འཇིག་པ་འགོག་པར་བྱེད་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུ་དང་པོ་གཟུགས་མི་རྟག་པ་ནས་རྣམ་པར་ཤེས་པའི་བར་མི་རྟག་པ་ཞེས་བྱ་བའི་ཚིག་གཅིག་པོ་འདིས་ལུས་ཉེ་བར་ལེན་
པའི་ཕུང་པོ་ལྔའི་མཚན་ཉིད་མི་འཇིག་པའི་འགོག་པར་བྱེད་པ་ཡིན་ནོ། །གཉིས་པས་ཏེ་མི་བརྟན་པ་ཞེས་བྱ་བ་འདིས་ནི་ཡུན་རིང་པོ་ནས་འཇིག་པ་འགོག་པར་བྱེད་པ་ཡིན་ནོ། །གསུམ་པས་ཏེ་ཡིད་བརྟེན་དུ་མི་རུང་བ་ཞེས་བྱ་བ་འདིས་ནི་དུས་ངེས་པར་འཇིག་པ་འགོག་པར་བྱེད་པ་ཡིན་ནོ། །བཞི་པས་
ཏེ་འགྱུར་བའི་ཆོས་ཅན་ཞེས་བྱ་བ་འདིས་ནི་འགྱུར་བ་མེད་པར་འཇིག་པ་འགོག་པར་བྱེད་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་ཡང་གཅིག་གིས་ནི་སྟེ་གཟུགས་མི་རྟག་པ་ནས་རྣམ་པར་ཤེས་པའི་བར་མི་རྟག་པ་འདིས་སོ། །གཉིས་ཀྱིས་ནི་སྟེ་མི་བརྟན་པ། ཡིད་བརྟན་
དུ་མི་རུང་བ་ཞེས་བྱ་བ་འདི་གཉིས་ཀྱིས་ཏེ་གོ་རིམས་བཞིན་དུ་རིགས་མཐུན་པ་ལ་བརྟེན་ནས་ཡུན་རིང་དུ་མི་གནས་པ་ཉིད་ཀྱི་ཕྱིར་དང་། དུས་མ་ཡིན་པར་འཆི་བ་སྲིད་པའི་ཕྱིར་ན་མི་བརྟན་པ། ཡིད་བརྟན་དུ་མི་རུང་བ་གཉིས་ཀྱི་རྒྱུན་འཇིག་པའི་མི་རྟག་པ་ཉིད་སྟོན་པར་བྱེད་དོ། །བཞི་པས་ནི་སྟེ་འགྱུར་བའི་ཆོས་
ཅན་ཞེས་བྱ་བ་འདིས་སོ། །དང་པོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐད་ཅིག་མར་འཇིག་པའི་མི་རྟག་པ་ཉིད་དོ། །རང་གི་སྒྲས་བསྟན་པ་ནི་གཟུགས་མི་རྟག་པ་ནས་རྣམ་པར་ཤེས་པའི་བར་མི་རྟག་པ་ཉིད་ཀྱིས་ཡིན་གྱི་རྒྱུན་འཇིག་པའི་མི་རྟག་པ་ཉིད་དང་། འགྱུར་བའི་མི་རྟག་པ་ཉིད་ནི་རང་གི་སྒྲས་
བསྟན་པ་མ་ཡིན་ནོ། །དོན་དམ་པ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐད་ཅིག་མར་འཇིག་པའི་མི་རྟག་པ་ཉིད་དོན་དམ་པ་མ་ཡིན་ཏེ། སྐད་ཅིག་མ་ལས་ལོགས་ཤིག་ན་རྒྱུན་དང་འགྱུར་བ་མེད་པས་དེ་གཉིས་ནི་རང་གི་སྒྲས་མ་བསྟན་ཏོ། །འདིར་སྨྲས་པ་ནི་རྒྱས་པར་བཤད་པའི་དོན་མི་འཇིག་པ་

ཡུན་རིང་ཞེས་བྱ་བ་རྒྱས་པར་འབྱུང་བའི་ཚིགས་སུ་སྦྱར་བ་སྟེ། མི་འཇིག་པ་བཀག་པ་དང་། ཡུན་རིང་པོར་འཇིག་པ་བཀག་པ་དང་། དུས་སུ་འཇིག་པ་བཀག་པ་དང་། འགྱུར་བ་མེད་པ་འཇིག་པ་བཀག་པ་ཡིན་ནོ། །ཇི་སྐད་དུ་བསྟན་པ། སྐད་ཅིག་དང་ནི་ཚེ་དང་ནི། །འགྱུར་ཟད་རྣམ་པ་
གསུམ་ཡང་བསྟན་པ་ཡིན་ཏེ། སྐད་ཅིག་མར་ཟད་པས་ནི་སྐད་ཅིག་མར་འཇིག་པའི་མི་རྟག་པ་ཉིད་བསྟན་པ་ཡིན་ནོ། །ཚེ་ཟད་པས་ནི་རྒྱུན་འཇིག་པའི་མི་རྟག་པ་ཉིད་བསྟན་པ་ཡིན་ནོ། །འགྱུར་བ་ཟད་པས་ནི་འགྱུར་བའི་མི་རྟག་པ་ཉིད་བསྟན་པ་ཡིན་ནོ། །དེ་ནས་དགེ་སློང་ཞིག་གཅིག་པུ་དབེན་པར་སོང་
སྟེ་ནང་དུ་ཡང་དག་གཞག་པ་དང་། འདི་ལྟ་བུར་སེམས་ལ་གཟུགས་གང་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་དང་། ཡང་དག་པར་དེ་བཞིན་དུ་གནས་པར་འགྱུར་བའི་གཟུགས་དེ་ལྟ་བུ་འགའ་ཡོད་དམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དེ་ལྟ་
བུ་འགའ་ཡོད་དམ། རྣམ་པར་ཤེས་པ་གང་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་དང་། ཡང་དག་པར་དེ་བཞིན་དུ་གནས་པར་འགྱུར་བའི་རྣམ་པར་ཤེས་པ་དེ་ལྟ་བུ་ཡོད་དམ་ཞེས་སེམས་ཀྱིས་ཡོངས་སུ་རྟོགས་པ་འབྱུང་ངོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །
རྣམ་པ་སྔ་མ་མི་སྲིད་ན་ཕྱི་མ་འདྲི་བ་ཡིན་པ་ནི་མི་རྟག་པ་ལ་སོགས་པ་རྣམ་པ་སྔ་མ་མི་སྲིད་ན་བརྟན་པ་ལ་སོགས་པ་ཕྱི་མ་འདྲི་བ་ཡིན་ནོ། །ཇི་ལྟར་ཞེ་ན། གལ་ཏེ་གཟུགས་རྟག་པ་འགའ་ཡང་མེད་ན་སྐད་ཅིག་མར་འཇིག་པ་མེད་པའི་ཕྱིར་དུས་གཞན་དུ་གནས་པ་མེད་པའི་ཕྱིར་བརྟན་པ་ཡོད་དམ། འོན་
ཏེ་དུས་གཞན་དུ་གནས་པ་བརྟན་པ་མེད་ན་རྒྱུན་འཇིག་པ་མེད་པའི་ཕྱིར་ཐེར་ཟུག་ཡོད་དེ། ཚེ་རབས་ཚེ་རབས་སུ་མི་ལ་སོགས་པའི་རིགས་གང་ཡིན་པ་ཁོ་ནའི་རྒྱུད་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་ཇི་སྐད་དུ་བཤད་པའི་ཐེར་ཟུག་མེད་ན་འགྱུར་བ་མེད་པའི་ཕྱིར་ཚེ་དེ་ཉིད་ལ་སྐད་
ཅིག་སྐད་ཅིག་ལ་ཡང་གཞན་ཞིག་སྐྱེ་བཞིན་དུ་འགྱུར་བ་མེད་པར་སྐྱེ་བ་གང་ཡིན་པ་མི་འགྱུར་བའི་ཆོས་ཅན་ཞིག་ཡོད་དམ་ཞེས་བྱ་བ་ཡིན་ནོ། །སྐད་ཅིག་མར་འཇིག་པ་ལ་སོགས་པ་ཞེས་རྒྱས་པར་འབྱུང་བ་ནི་སྐད་ཅིག་མར་འཇིག་པ་མེད་པའི་ཕྱིར་བརྟན་པ་ཞེས་བྱ་བའི་ཚིག་འདིས་གཟུགས་རྟག་པ་

འགའ་ཡོད་དམ་ཞེས་བསྟན་པས་རྟག་པ་ཉིད་འདྲི་བར་བྱེད་པ་ཡིན་ནོ། །དང་པོའི་སྐད་ཅིག་མར་འཇིག་པ་ལ་སོགས་པ་མེད་པའི་ཕྱིར་དང་། གཉིས་པ་བརྟན་པ་ལ་སོགས་པའི་སྒྲས་ནི་ཐེར་ཟུག་ཅེས་བྱ་བའི་ཚིག་འདིས་རྒྱུད་འཇིག་པ་མེད་པའི་ཕྱིར་ཐེར་ཟུག་ཉིད་དུ་རྟག་
པ་ཉིད་འདྲི་བར་བྱེད་པ་ཡིན་ལ། མི་འགྱུར་བའི་ཆོས་ཅན་ཞེས་བྱ་བ་འདིས་ནི་འགྱུར་བ་མེད་པའི་ཕྱིར། འགྱུར་བ་མེད་པ་ཉིད་དུ་རྟག་པ་ཉིད་འདྲི་བར་བྱེད་པ་ཡིན་ནོ། །དེ་ལྟར་ན་མི་རྟག་པ་ཉིད་གསུམ་པོ་སྐད་ཅིག་མར་འཇིག་པ་མི་རྟག་པ་ཉིད་དང་། རྒྱུད་འཇིག་པ་མི་རྟག་པ་ཉིད་དང་འགྱུར་བ་མི་རྟག་
པ་ཉིད་མེད་པའི་ཕྱིར་བརྟན་པ་ལ་སོགས་པའི་ཚིག་གསུམ་དག་གིས་གཟུགས་གང་རྟག་པ་དེ་ལྟ་བུ་འགའ་ཡོད་དམ་ཞེས་ཡང་དག་པར་དེ་བཞིན་དུ་གནས་པར་འགྱུར་བ་ཞེས་བྱ་བས་དྲིས་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་རྟག་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདིར་འདི་ལྟར་ཤེས་པར་བྱ་སྟེ།
གོ་རིམས་བཞིན་དུ་བསྟན་པའི་ཚིག་གཉིས་ནི་བཤད་པའི་ཚིག་གཉིས་ཀྱིས་གོ་རིམས་བཞིན་དུ་རྣམ་པར་བཤད་པ་ཡིན་ནོ། །ཚིག་གཉིས་ནི་ཚིག་གཉིས་ཀྱིས་རྣམ་པར་བཤད་པ་ཡིན་པར་ཡང་འོག་ནས་བསྟན་པར་བྱའོ། །ཇི་ལྟར་ཞེ་ན། རེས་འགའ་ཚིག་གཉིས་ནི་ཚིག་གཞན་གཉིས་ཀྱིས་རྣམ་པར་
འཆད་དེ། དཔེར་ན་སེམས་མགུ་བ་དང་། སེམས་ཉམས་བདེ་བ་ཞེས་བྱ་བ་ནི་སེམས་དགའ་བ་དང་། སེམས་དྲི་མ་མེད་པ་ཞེས་བྱ་བ་འདིས་སོ་ཞེས་འབྱུང་བ་ལྟ་བུའོ། །འཕགས་པ་ཉན་ཐོས་ཤེས་ནས་དད་པ་བཞི་དག་དང་ལྡན་པ་ནི། འཚོ་བ་དག་གིས་དབུལ་བ་མ་ཡིན། བཀྲེན་པ་མ་ཡིན།
ཕོངས་པ་མ་ཡིན་པར་འཚོ་ཞིང་ཕྱུག་པ་དང་ནོར་མང་བས་ལོངས་སྤྱོད་ཆེ་བ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འཕགས་པའི་ནོར་བདུན་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ། འཕགས་པའི་ནོར་བདུན་པོ་དག་ནི་དད་པའི་ནོར་དང་། ཚུལ་ཁྲིམས་ཀྱི་ནོར་དང་། ངོ་ཚ་ཤེས་པའི་ནོར་དང་། ཁྲེལ་
ཡོད་པའི་ནོར་དང་། ཐོས་པའི་ནོར་དང་། གཏོང་བའི་ནོར་དང་། ཤེས་རབ་ཀྱི་ནོར་རོ། །འཇིགས་པ་ལྔ་དག་སྟེ། འཚོ་བ་མེད་པའི་འཇིགས་པ་དང་། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང་། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། ངན་འགྲོའི་

འཇིགས་པའོ། །འཇིགས་པ་ལྔ་པོ་དག་ལས་འཚོ་བ་མེད་པའི་འཇིགས་པ་སྤང་བའི་ཕྱིར་བཀྲེན་པ་མ་ཡིན་པར་འཚོ་བའོ། །ཚིགས་སུ་བཅད་པ་མེད་པའི་འཇིགས་པ་ཞེས་བྱ་བ་ནི་སྙན་པ་མེད་པའི་འཇིགས་པའོ། །འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་ནི་འཁོར་གྱི་ནང་ན་བག་ཚ་བས་བག་
འཁུམས་པ་སྟེ། དེས་འཇིགས་པའོ། །ནོར་དང་། སེམས་དང་། འཚོ་བ་ངན་པ་དང་ལྡན་པའི་ཕྱིར་ནི་ནོར་ངན་པ་དང་ལྡན་པའི་ཕྱིར་དང་། སེམས་ངན་པ་དང་ལྡན་པའི་ཕྱིར་དང་། འཚོ་བ་ངན་པ་དང་ལྡན་པའི་ཕྱིར་གོ་རིམས་བཞིན་དུ་དབུལ་བ་དང་། བཀྲེན་པ་དང་། ཕོངས་པ་ཉིད་དུ་རིག་པར་
བྱའོ། །གལ་ཏེ་ཏིང་ངེ་འཛིན་དུ་བྱེད་པས་ཟིན་ཅིང་ཆུ་བཞིན་དུ་འཆོར་བ་ལ་ཆོས་ཉིད་ཀྱིས་ཟིན་ཅིང་། ཞི་བ་མ་ཡིན་པ་དང་། གྱ་ནོམ་པ་མ་ཡིན་པ་དང་། ལམ་བག་ཡངས་སུ་གྱུར་པ་ཐོབ་པ་མ་ཡིན་པ་དང་། སེམས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པ་མ་ཡིན་པའི་ཏིང་ངེ་འཛིན་དེ་ནི་འདི་ལྟ་སྟེ། ཟག་པ་
རྣམས་ཟད་པར་བྱ་བའི་ཕྱིར་ཡང་དག་པར་ལེགས་པར་མཉམ་པར་མི་འཇོག་པ་ཡིན་ནོ། །གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་པས་ཟིན་ཅིང་། ཆུ་བཞིན་དུ་འཆོར་བ་མ་ཡིན་ལ། ཆོས་ཉིད་ཀྱིས་ཟིན་ཅིང་། ཞི་བ་དང་། གྱ་ནོམ་པ་དང་། ལམ་བག་ཡངས་སུ་གྱུར་པ་ཐོབ་པ་དང་། སེམས་རྒྱུད་གཅིག་
ཏུ་གྱུར་པ་རྟོགས་པ་དེ་ལྟ་བུའི་ཏིང་ངེ་འཛིན་དེ་ནི་འདི་ལྟ་སྟེ་ཟག་པ་རྣམས་ཟད་པར་བྱ་བའི་ཕྱིར་ཡང་དག་པར་ལེགས་པར་མཉམ་པར་འཇོག་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འདུ་བྱེད་པས་ཟིན་པ་ཞེས་བྱ་བ་ནི་འབད་པ་དང་བཅས་པས་ཟིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཡུན་རིང་པོ་ན་
མངོན་དུ་འགྱུར་བའི་ཕྱིར་རོ། །ཆོས་ཉིད་ཀྱིས་ཟིན་པ་ཞེས་བྱ་བ་ལ་ཆོས་ཉིད་ནི་བག་ཡོད་པའོ། །ཉོན་མོངས་པ་ཤིན་ཏུ་མ་ཐུལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པ་ཐག་བསྲིང་བའི་གཉེན་པོས་ཐག་མ་བསྲིངས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ས་པའི་ཉོན་མོངས་པ་དང་འདྲེས་པ་ཉིད་ཀྱི་
ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་སྐབས་སྐབས་སུ་རོ་མྱང་བ་དང་མཚུངས་པར་ལྡན་པས་དག་པ་ལ་རོ་མྱོང་བར་བྱེད་པས་སོ། །ལམ་བག་ཡངས་སུ་གྱུར་པ་ཐོབ་པ་མ་ཡིན་པ་ཞེས་བྱ་བ་ནི་དེའི་བག་ཡངས་སུ་གྱུར་པ་སྟེ། ལྷུན་གྱིས་གྲུབ་པར་འབྱུང་བ་ཡང་ཡིན་ལ། ཐོབ་པ་ཡང་ཡིན་པས་བག་ཡངས་སུ་

གྱུར་པ་ཐོབ་པའོ། །དེ་ཉིད་ལམ་ཡིན་པས་ལམ་བག་ཡངས་སུ་གྱུར་པ་ཐོབ་པའོ། །ཅིའི་ཕྱིར་ལམ་བག་ཡངས་སུ་གྱུར་པ་ཐོབ་པ་མ་ཡིན་ཞེ་ན། རང་གི་ངང་གིས་མི་འབྱུང་བའི་ཕྱིར་ཏེ། ལྷུན་གྱིས་གྲུབ་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་རང་གི་ངང་
གིས་མི་འབྱུང་ཞེ་ན། ཤིན་ཏུ་མ་གོམས་པ་ཉིད་ཀྱི་རྒྱུས་ཏེ། ཤིན་ཏུ་མ་གོམས་པ་ཉིད་ལ་བརྟེན་ནས་སེམས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པ་མ་ཡིན་པ་ཞེས་བྱ་བ་ལ། རྒྱུད་གཅིག་ནི་རྣམ་པ་ཡིན་པས་རྒྱུད་གཅིག་གོ། །དེར་གྱུར་པ་ནི་རྒྱུད་གཅིག་ཏུ་གྱུར་པའོ། །དེ་རྟོགས་པ་ནི་རྒྱུད་གཅིག་ཏུ་གྱུར་
པ་རྟོགས་པ་སྟེ། སེམས་རྣམ་པ་གཅིག་ཏུ་གྱུར་པ་མ་ཐོབ་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། གཡོ་བ་དང་བཅས་པ་ཉིད་ཀྱི་ཕྱིར་ཏེ། སྐྱོན་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གཡོ་བ་ནི་བསམ་གཏན་དང་པོ་ན་ནི་རྟོག་པ་དང་དཔྱོད་པ་ཡིན་གཉིས་པ་ན་ནི་དགའ་བ་
ཡིན། གསུམ་པ་ན་ནི་བདེ་བ་ཡིན་ནོ། །དེ་ལྟར་ན་རྟོག་པ་ལ་སོགས་པའི་སྐྱོན་མེད་པའི་ཕྱིར་བཞི་པ་ནི་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པ་ཡིན་ཏེ། མི་གཡོ་བ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །མ་ཞི་བ་ལ་སོགས་པའི་རྒྱུས་ཞེས་བྱ་བ་ནི་མ་ཞི་བ་ཉིད་ནས་སེམས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པ་མ་ཡིན་
པའི་བར་གྱིས་སོ། །དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པས་རིག་པར་བྱའོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། གལ་ཏེ་ཏིང་ངེ་འཛིན་འདུ་བྱེད་པས་མ་ཟིན་ཅིང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདུ་བྱེད་པས་མ་ཟིན་པ་ནི་མྱུར་དུ་མངོན་དུ་འགྱུར་བའི་ཕྱིར་རོ། །ཆུ་བཞིན་དུ་འཆོར་བ་ཡིན་པ་ནི་མྱུར་བར་མི་འབྲེལ་
བའི་ཕྱིར་རོ། །ཆོས་ཉིད་ཀྱིས་མ་ཟིན་པ་ནི་རྟག་ཏུ་བག་ཡོད་པས་བསྲུང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཞི་བ་ནི་དེའི་མི་མཐུན་པའི་ཕྱོགས་ས་འོག་མ་པའི་ཉོན་མོངས་པ་ཤིན་ཏུ་ཐུལ་བའི་ཕྱིར་རོ། །གྱ་ནོམ་པ་ནི་རང་གི་ས་པའི་ཉོན་མོངས་པ་དང་མ་འདྲེས་པ་ཉིད་ཀྱི་ཕྱིར་རོ། །ལམ་བག་ཡངས་སུ་
གྱུར་པ་ཐོབ་པ་ནི་ཤིན་ཏུ་གོམས་པ་ཉིད་ཀྱི་རྒྱུས་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །སེམས་རྒྱུད་གཅིག་པར་གྱུར་པ་རྟོགས་པ་ནི་མི་གཡོ་བའི་ཕྱིར་རོ། །དེ་ལ་རྟག་ཏུ་བག་ཡོད་པས་བསྲུང་བར་བྱ་བ་ཉིད་མ་ཡིན་པ་ནི་ཞི་བ་ལ་སོགས་པའི་རྒྱུས་རིག་པར་བྱའོ། འདིར་སྨྲས་པ་ནི་བཟློག་པའི་དཀར་པོའི་

ཕྱོགས་དེའི་བསྡུ་བ་ཡིན་ནོ། །མྱུར་དུ་མངོན་སུམ་དུ་འགྱུར་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདུ་བྱེད་ཟིན་པ་ལ་སོགས་པ་མིན་གྱི་དོན་ཅི་ཞེ་ན། མྱུར་དུ་མངོན་དུ་འགྱུར་བ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དོན་ཚིགས་སུ་བཅད་པས་བསྟན་པའི་རྒྱུ་སྨོས་པ་ཡིན་ནོ། །ཇི་ལྟར་ཞེ་ན།
འདི་ལྟར་འདུ་བྱེད་པས་མངོན་པར་ཟིན་པ་མ་ཡིན་པ་དེའི་ཕྱིར་མྱུར་དུ་མངོན་དུ་འགྱུར་བའོ། །སྩོགས་པའི་སྒྲས་ནི་གང་གི་ཕྱིར་ཆུ་བཞིན་དུ་འཆོར་བ་མ་ཡིན་པ་དེའི་ཕྱིར་མྱུར་བར་འབྲལ་བ་ཡང་མ་ཡིན་ནོ། །གང་གི་ཕྱིར་ཆོས་ཉིད་ཀྱིས་ཟིན་པ་མ་ཡིན་པ་དེའི་ཕྱིར་རྟག་ཏུ་བག་ཡོད་པས་བསྲུང་བར་
བྱ་བ་ཉིད་མ་ཡིན་ནོ། །ཞི་བ་མ་ཡིན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེའི་མི་མཐུན་པའི་ཕྱོགས་བཅོམ་པའི་ཕྱིར་རོ། །གྱ་ནོམ་པ་མ་ཡིན་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་གི་ཉོན་མོངས་པ་དང་མ་འདྲེས་པའི་ཕྱིར་རོ། །ལམ་བག་ཡངས་སུ་གྱུར་པ་ཐོབ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཤིན་ཏུ་
གོམས་པས་བསྒྲིམ་པ་མེད་པར་འབྱུང་བའི་ཕྱིར་རོ། །རྒྱུད་གཅིག་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མི་གཡོ་བའི་ཕྱིར་རོ། །གཞན་ཡང་ཚིགས་སུ་སྦྱར་བས་ལུང་སྨྲས་པ་ནི། མྱུར་བར་མངོན་འགྱུར་ཉིད་ཀྱི་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། མྱུར་བར་མངོན་འགྱུར་ཉིད་ཀྱི་ཕྱིར། །འདུ་
བྱེད་པས་མ་ཟིན་པ་ཡིན་ནོ། །མི་ཉམས་ཕྱིར་ཆུ་བཞིན་འཆོར་བ་མ་ཡིན་ནོ། །རྟག་བསྲུང་ཕྱིར་ཆོས་ཉིད་ཀྱིས་ཟིན་པ་ཡིན་ནོ། །ཉོན་མོངས་མིན་ཕྱིར་ཞི་བ་ཡིན་ནོ། །དགེ་ཉིད་ཕྱིར་གྱ་ནོམ་པ་ཡིན་ནོ། །ངང་གིས་འབྱུང་ཕྱིར་ལམ་བག་ཡངས་སུ་གྱུར་པ་ཐོབ་པ་ཡིན་ནོ། །ཡོངས་རྫོགས་ཕྱིར་རྒྱུད་གཅིག་
ཏུ་གྱུར་པ་རྟོགས་པ་ཡིན་ཏེ། བསམ་གཏན་དང་པོ་ནས་བཞི་པའི་བར་ནི་ཡོངས་སུ་རྫོགས་པ་ཡིན་ནོ། །གཞན་ཡང་དངོས་གཞི་དང་དག་པ་པ་ཡིན་ནོ། །དེ་ལྟར་ན་ལུང་ལས་གོ་རིམས་བཞིན་དུ་འདུ་བྱེད་པས་མ་ཟིན་པ་ནས་རྒྱུད་གཅིག་ཏུ་གྱུར་པ་རྟོགས་པའི་བར་དུ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །
དེ་དེ་ལྟར་ན་སེམས་མཉམ་པར་གཞག་པ་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་དང་། ཉོན་མོངས་པ་མེད་པ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང་། དྲང་པོར་གྱུར་པ་དང་། ལས་སུ་རུང་བ་དང་། གནས་པ་དང་མི་གཡོ་བ་ཐོབ་ན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་ལྟར་

ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལྟར་ན་ཏིང་ངེ་འཛིན་དེ་ནི་དགེ་བ་ཉིད་རྣམ་གྲངས་ཀྱི་མཚན་ཉིད་དང་བཅས་པ་ཡོངས་སུ་བསྟན་པ་ཡིན་ཏེ། ཡོངས་སུ་དག་པ་ཞེས་བྱ་བའི་ཚིག་འདི་ནི་དགེ་བ་ཉིད་ཡིན་ལ། ཡོངས་སུ་བྱང་བ་ཞེས་བྱ་བ་འདི་ནི་རྣམ་གྲངས་ཀྱི་མཚན་ཉིད་ཡིན་ནོ། །
ཇི་ལྟར་ན་དེ་དགེ་བ་ཉིད་ཡིན་པ་རྣམ་གྲངས་ཀྱི་མཚན་ཉིད་དང་བཅས་པ་ཡང་ཡོངས་སུ་བསྟན་པ་ཡིན་ཏེ། ཉོན་མོངས་པ་མེད་པ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བའི་ཚིག་འདི་གཉིས་དང་གོ་རིམས་བཞིན་ནོ། །དབང་དུ་བྱས་པ་ཉིད་རྣམ་གྲངས་ཀྱི་མཚན་ཉིད་དང་བཅས་པ་ཡང་
ཡོངས་སུ་བསྟན་པ་ཡིན་ཏེ་དྲང་པོར་གྱུར་པ་དང་། ལས་སུ་རུང་བ་ཞེས་བྱ་བའི་ཚིག་འདི་གཉིས་དག་གོ་རིམས་བཞིན་ནོ། །ཡོངས་སུ་གྲུབ་པ་ཉིད་རྣམ་གྲངས་ཀྱི་མཚན་ཉིད་དང་བཅས་པ་ཡང་ཡོངས་སུ་བསྟན་པ་ཡིན་ཏེ། གནས་པ་དང་། མི་གཡོ་བ་ཐོབ་ན་ཞེས་བྱ་བའི་ཚིག་འདི་གཉིས་ཀྱིས་
སོ། །དེ་ལ་སེམས་ཡོངས་སུ་དག་པ་ནི་ཡོངས་སུ་བྱང་བའི་དོན་གྱིས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཚིག་གཞན་གཅིག་གིས་རྣམ་པར་བཤད་པ་བྱས་ནས། རེས་འགའ་ཚིག་གཉིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བས་འདི་བྱེ་བྲག་ཏུ་སྒྲུབ་པར་བྱེད་དེ། དཔེར་ན་སེམས་མགུ་བ་དང་། སེམས་
ཉམས་བདེ་བ་ཞེས་བྱ་བ་ནི་སེམས་དགའ་བ་དང་། སེམས་སྒྲིབ་པ་མེད་པ་ཡིན་ནོ། །སེམས་སྒྲིབ་པ་མེད་པ་ནི་སེམས་ཉམས་བདེ་བ་ཡིན་ནོ། །དེ་ནི་སེམས་སྒྲིབ་པ་དང་བྲལ་བ་སྟེ། དེ་གང་ལ་ཡོད་པ་ནི་སེམས་སྒྲིབ་པ་མེད་པ་སྟེ། སེམས་སྒྲིབ་པ་མེད་པ་དེའོ། །དེ་བཞིན་དུ་རེས་འགའ་ཚིག་
གཅིག་ཚིག་གཞན་གཅིག་གིས་ཡིན་པ་ནི་སྐལ་པ་ཡོད་ཅིང་ནུས་པ་ཡིན་ཞེས་བྱ་བ་ཡིན་ཏེ། སྐལ་པ་ཡོད་ཅིང་ཞེས་བྱ་བའི་ཚིག་འདི་ནི་ནུས་པ་ཡིན་ཞེས་བྱ་བའི་ཚིག་གཞན་གྱིས་རྣམ་པར་འཆད་དོ། །སྐལ་བ་ཡོད་ཅིང་ནུས་པ་འདི་དོན་གང་ལས་འབྱུང་ཞེ་ན། ཡང་དག་ཕུལ་གྱི་ཆོས་བསྟན་པ་ཀུན་དུ་
ཤེས་པར་རོ། །དོན་དེ་ཉིད་ཚིགས་སུ་སྦྱར་བས་འདིར་སྨྲས་པ། མི་མཐུན་ཕྱོགས་དྲི་གྲོལ་ཕྱིར་དང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་མཐུན་པའི་ཕྱོགས་ཀྱི་དྲི་མ་དང་གྲོལ་བའི་ཕྱིར་ཚིག་གཉིས་ཀྱིས་ཡོངས་སུ་དག་པ་ཉིད་དུ་རིག་པར་བྱ་སྟེ། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཞེས་

བྱ་བ་འདི་གཉིས་ཀྱིས་སོ། །ཉོན་མོངས་པ་མེད་པའི་ཕྱིར་ཚིག་འདི་གཉིས་ཀྱིས་ཉོན་མོངས་པ་མེད་པ་ཉིད་དུ་རིག་པར་བྱ་སྟེ། ཉོན་མོངས་པ་མེད་པ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །སྒྲིབ་པ་མེད་པར་འབྱུང་བའི་ཕྱིར་ཚིག་གཉིས་ཀྱིས་དྲང་པོ་ཉིད་དུ་རིག་
པར་བྱ་སྟེ། དྲང་པོར་གྱུར་པ་དང་། ལས་སུ་རུང་བ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །གཡོ་བ་མེད་པའི་ཕྱིར་ཚིག་གཉིས་ཀྱིས་གནས་པ་ཉིད་དུ་རིག་པར་བྱ་སྟེ། གནས་པ་དང་། མི་གཡོ་བ་ཐོབ་ན་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །དེ་ལྟར་ན་ཏིང་ངེ་འཛིན་དེ་ནི་དགེ་བ་ཉིད་དང་ཞེས་བྱ་བ་རྒྱས་
པར་ཇི་སྐད་བསྟན་པ་དེ་ཡང་དེ་བཞིན་དུ་ཚིགས་སུ་སྦྱར་བས་བསྡུས་པ་ནི་གཉིས་དང་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ཏེ། གཉིས་ཀྱིས་ཏིང་ངེ་འཛིན་གྱི་དགེ་བ་ཉིད་མཚན་ཉིད་དང་བཅས་པ་རབ་ཏུ་བསྟན་པ་ཡིན་ཏེ། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་ཞེས་བྱ་བ་
འདི་གཉིས་ཀྱིས་སོ། །གཉིས་ཀྱིས་ནི་ཏིང་ངེ་འཛིན་གྱི་དགེ་བ་ཉིད་དེ། དེ་ལྟ་བུ་ཡིན་པ་མཚན་ཉིད་དང་བཅས་པར་རབ་ཏུ་བསྟན་པ་ཡིན་ཏེ། ཉོན་མོངས་པ་མེད་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །གཉིས་ཀྱིས་ནི་ཏིང་ངེ་འཛིན་གྱི་དབང་དུ་བྱ་བ་ཉིད་མཚན་ཉིད་དང་
བཅས་པར་རབ་ཏུ་སྟོན་པ་ཡིན་ཏེ། དྲང་པོར་གྱུར་པ་དང་། ལས་སུ་རུང་བ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །གཉིས་ཀྱིས་ནི་ཏིང་ངེ་འཛིན་གྲུབ་པ་ཉིད་མཚན་ཉིད་དང་བཅས་པར་རབ་ཏུ་བསྟན་པ་ཡིན་ཏེ། གནས་པ་དང་། མི་གཡོ་བ་ཐོབ་ན་ཞེས་བྱ་བ་འདིས་སོ། །ཡོངས་སུ་དག་པ་ནི་ཉོན་མོངས་པ་མེད་པ་
དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་ཏེ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་ཉིད་ཀྱིས་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་སོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དང་ལྡན་པའི་འདོད་པ་རྒྱུ་བ་དག་དང་བྲལ་བའི་ཕྱིར་ནི་རྙེད་པ་དང་ལྡན་པ་དང་། བཀུར་སྟི་དང་ལྡན་པ་
དང་། ཚིགས་སུ་བཅད་པ་དང་ལྡན་པའི་འདོད་པ་རྒྱུ་བ་དག་སྟེ། འདོད་པ་འབྱུང་བ་དག་དང་བྲལ་བའི་ཕྱིར་ཉོན་མོངས་པ་མེད་པ་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ཏེ། ཚེ་དང་ལྡན་པ་དགའ་བྱེད་ཉོན་མོངས་པ་ཞེས་བྱ་བ་དེ་ནི་སྡིག་པ་འདོད་པ་རྣམ་པ་དུ་མ་རྒྱུ་བ་དག་གི་ཚིག་བླ་དགས་ཡིན་ནོ་ཞེས་མདོ་

སྡེ་ལས་བྱུང་བའི་ཕྱིར་རོ། །སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། ཐེ་ཚོམ་གྱི་ཉེ་བའི་ཉོན་མོངས་པ་དག་དང་བྲལ་བའི་ཕྱིར་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ནོ། །ཇི་སྐད་བསྟན་པ་དེ་ལྟར་ན་གོ་རིམས་བཞིན་ནོ། །ཅིའི་ཕྱིར་སྲེད་
པ་ལ་སོགས་པ་ཁོ་ནའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་དག་པ་ཞེས་བསྟན་པ་ཡིན་ཞེ་ན། དེ་དག་ཁོ་ནར་ཡང་མ་ཟད་མོད་ཀྱི། བསམ་གཏན་པ་སྲེད་པ་ཤས་ཆེ་བ་དག་དང་། བསམ་གཏན་པ་ལྟ་བ་ཤས་ཆེ་བ་དག་དང་། བསམ་གཏན་པ་ཐེ་ཚོམ་ཤས་
ཆེ་བ་ཁ་ཅིག་ཡོད་པ་དེའི་ཕྱིར་ཉེ་བའི་ཉོན་མོངས་པ་འདི་དག་དང་བྲལ་བའི་ཕྱིར་དེའི་སེམས་དེ་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་ཏོ། །ཡོངས་སུ་བྱ་བར་ནི་དྲང་པོར་གྱུར་པ་ལ་སོགས་པ་ཉིད་ཀྱིས་ཏེ། དྲང་པོར་གྱུར་པ་ཉིད་ཀྱིས་དང་། ལས་སུ་རུང་བ་ཉིད་ཀྱིས་དང་། གནས་པ་ཉིད་ཀྱིས་དང་། མི་གཡོ་བ་
ཐོབ་པ་ཉིད་ཀྱིས་ཡོངས་སུ་བྱང་བ་ཡིན་ནོ། །ཤིན་ཏུ་ཐུལ་བའི་ཕྱིར་རོ། །ཇི་ལྟར་ཤིན་ཏུ་ཐུལ་ཅེ་ན། འབད་པ་མེད་པར་འབྱུང་བ་ཉིད་ཀྱིས་སོ། །གཡོ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱོན་བརྒྱད་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱོན་བརྒྱད་པོ་དེ་དག་ཀྱང་རྟོག་པ་
དང་དཔྱོད་པ་གཉིས་དང་། དབུགས་འབྱུང་བ་དང་རྔུབ་པ་གཉིས་དང་། བདེ་བ་ལ་སོགས་པ་བཞིའོ། །དོན་དེ་ཉིད་འདིར་སྨྲས་པ། གཉིས་ཀྱིས་ཡོངས་དག་ཡིན་ལ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ་ཉིད་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་སོ། །ཚིག་གཞན་དག་གིས་ནི་དྲང་
པོར་གྱུར་པ་ལ་སོགས་པ་དག་གིས་སོ། །དོན་དྲུག་དག་གིས་གོ་རིམས་བཞིན། །ཉོན་མོངས་མེད་སྩོགས་ཉིད་ཤེས་བྱ། །ཇི་ལྟར་བྱས་པས་ཤེ་ན། རྙེད་འདོད་ལ་སོགས་སྲེད་ལ་སོགས། །བྲལ་བའི་ཕྱིར་ཏེ། རྙེད་པ་འདོད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ཉོན་མོངས་པ་མེད་པ་ཉིད་དུ་ཤེས་
པར་བྱའོ། །སྲེད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་ཉེ་བའི་ཉོན་མོངས་པ་དང་བྲལ་བ་ཉིད་དུ་ཤེས་པར་བྱའོ། །ཤིན་ཏུ་ཐུལ་བའི་ཕྱིར་དྲང་པོར་གྱུར་པར་ཤེས་པར་བྱའོ། །མངོན་ཤེས་ཡོན་ཏན་རུང་ཉིད་ཕྱིར། །ལས་སུ་རུང་བ་ཉིད་དུ་ཤེས་པར་བྱའོ། །ཉམས་མེད་ཕྱིར་གནས་པ་ཉིད་དུ་ཤེས་པར་བྱའོ། །

གཡོ་ཟད་པའི་ཕྱིར་མི་གཡོ་བ་རྙེད་པ་ཉིད་དུ་ཤེས་པར་བྱའོ། །དེ་ཀུན་དུ་རྒྱུ་བ་ཐག་རིང་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་གི་ས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དེ་རྣམས་ཀུན་དུ་རྒྱུ་བ་ཐག་རིང་དུ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འབད་པ་མེད་པ་དང་། ཇི་ལྟར་འདོད་པར་
འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་འབད་པ་མེད་པར་འབྱུང་བའི་ཕྱིར་དང་། ཇི་ལྟར་འདོད་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མི་གཡོ་བ་ཐོབ་པ་ནི་སྔ་མ་བཞིན་ནོ། །ཇི་ལྟར་ཞེ་ན། བསམ་གཏན་བཞི་པ་ནི་གཡོ་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའོ། །སྡོམ་གྱི་ཚིགས་
སུ་བཅད་པ་ཇི་ལྟ་བུ་ཞེ་ན། ཏིང་ངེ་འཛིན་དང་གནས་དང་ལྡང་། །ཉམས་བདེ་བ་དང་སྤྱོད་ཡུལ་དང་། །མངོན་པར་སྒྲུབ་དང་འཕྲོད་པ་དང་། །མི་འཕྲོད་དེ་བཞིན་གཉི་ག་དང་། །སྐྱེ་དང་འབྲིང་དང་དེ་བཞིན་ཐབས། །ཞི་གནས་པར་འཛིན་བཏང་སྙོམས་སོ། །ཏིང་ངེ་འཛིན་དང་གནས་པ་དང་། །ལྡང་
བ་ལ་སོགས་པའི་ཚིག་འདི་ཉིད་རྣམས་ཀྱིས་བསྡུས་པ་ནི་མདོ་སྡེ་ལས་འབྱུང་བ་སྟེ། བསམ་གཏན་པ་དག་ནི་བཞི་སྟེ། བསམ་གཏན་པ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ལ་མཁས་ལ་སྙོམས་པར་འཇུག་པ་ལ་མ་ཡིན་པ་ཡང་ཡོད་ཅེས་པ་ནས། དེ་བཞིན་དུ་རྒྱས་པར་གསུངས་ནས། ཡང་བཀའ་
སྩལ་པ། བསམ་གཏན་བ་སྙོམས་པར་འཇུག་པ་ལ་གནས་པ་མཁས་ལ་ཏིང་ངེ་འཛིན་ལ་གནས་པ་མི་མཁས་པ་ཡང་ཡོད། བསམ་གཏན་པ་ཏིང་ངེ་འཛིན་ལ་གནས་པ་མཁས་ལ་སྙོམས་པར་འཇུག་པ་ལ་གནས་པ་མི་མཁས་པ་ཡང་ཡོད། བསམ་གཏན་པ་ཏིང་ངེ་འཛིན་ལ་གནས་པ་ཡང་མཁས་
ལ་སྙོམས་པར་འཇུག་པ་ལ་གནས་པ་མཁས་པ་ཡང་ཡོད། བསམ་གཏན་པ་ཏིང་ངེ་འཛིན་ལ་གནས་པ་ཡང་མི་མཁས་ལ་སྙོམས་པར་འཇུག་པ་ལ་གནས་པ་མི་མཁས་པ་ཡང་ཡོད་ཅེས་རྒྱས་པར་འབྱུང་བ་ནས། བསམ་གཏན་པ་ཏིང་ངེ་འཛིན་ལ་མཁས་པ་ཡང་ཡོད་ཅེས་བྱ་བའི་བར་དུ་རྒྱས་པར་
མུ་བཞིར་བརྗོད་པར་བྱའོ། །ས་གཞན་པའི་ནི་སེམས་མངོན་དུ་གྱུར་པའོ། །འཕྲོད་པ་ནི་རྙེད་པ་དང་མཐུན་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་ཏིང་ངེ་འཛིན་ཐོབ་པ་དང་མཐུན་པ་དེ་ནི་འཕྲོད་པ་སྟེ། འདིས་འཕྲོད་པར་བྱ་བའི་ཕྱིར་རོ། །མི་འཕྲོད་པ་ནི་དེ་དང་མི་མཐུན་པ་ཡིན་ནོ་ཞེས་བྱ་བ་ནི་ཐོབ་པ་དང་མི་

མཐུན་པ་ཡིན་ནོ། །སྲེད་པ་ཡང་སྲེད་པ་འབྱུང་བར་བྱེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེ་ལ་མངོན་པར་དགའ་བ་དེ་མ་ལུས་པར་སྤངས་པ་དང་། བོར་བ་དང་། བསལ་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། རྣམ་པར་ཞི་བ་
དང་། ནུབ་པ་གང་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཅིའི་ཕྱིར་ལྷག་མ་ནི་བཤད་པ་ཡིན་ཞེ་ན། གནས་སྐབས་ཐམས་ཅད་ཀྱི་སྤོང་བ་ཀུན་དུ་བསྟན་པའི་ཕྱིར་ཏེ། སེལ་བའི་གནས་སྐབས་སྤོང་བ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ཡང་བོར་བ་ཞེས་བྱ་བ་ནི་ཚིག་འདིས་སྟོན་པར་བྱེད་དོ། །
སེལ་བ་ནི་ཉོན་མོངས་པ་སྐྱེས་པ་ལ་ཕྱིར་ཕྱོགས་པའི་དངོས་པོས་སྤོང་བ་ཡིན་ནོ། །རྣམ་པར་གནོན་པའི་གནས་སྐབས་སྤོང་བ་ནི་བསལ་བ་ཞེས་བྱ་བ་འདིས་སོ། །མཐོང་བའི་ལམ་གྱི་གནས་སྐབས་སྤོང་བ་ནི་ཟད་པ་ཞེས་བྱ་བ་འདིས་སོ། །བསྒོམ་པའི་ལམ་གྱི་གནས་སྐབས་སྤོང་བ་ནི་འདོད་ཆགས་དང་
བྲལ་བ་ཞེས་བྱ་བ་འདིས་སོ། །མི་སློབ་པའི་ལམ་གྱི་གནས་སྐབས་སྤོང་བ་ནི་འགོག་པ་ཞེས་བྱ་བ་འདིས་སོ། །ཀུན་ནས་དཀྲིས་པ་དང་བྲལ་བའི་གནས་སྐབས་སྤོང་བ་དང་། བག་ལ་ཉལ་བ་དང་བྲལ་བའི་གནས་སྐབས་སྤོང་བ་ནི་སྲེད་པ་ལངས་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བས་གོ་བར་བྱེད་དོ། །རྣམ་པ་
གཅིག་ཀྱང་མ་བརྗོད་ན་ཞེས་བྱ་བ་ནི་བོར་བ་ལ་སོགས་པ་རྣམ་པ་གཅིག་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་ཚིག་རྣམས་ནི་རྣམ་གྲངས་སུ་བརྗོད་པ་ཡིན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་བོར་བ་ལ་སོགས་པའི་ཚིག་དེ་དག་རྣམ་གྲངས་སུ་བརྗོད་པ་ཡིན་ཡང་སྐྱོན་མེད་པར་སྔར་ཇི་སྐད་བསྟན་པ་ལྟ་བུ་
ཡིན་ནོ། །ཇི་སྐད་དུ་ཞེ་ན་གལ་ཏེ་སངས་རྒྱས་རྣམས་ཀྱིས་རྣམ་གྲངས་གསུངས་པ་དགོས་པ་མེད་པ་ཞིག་ཡིན་ན་ནི་སྐྱོན་དེར་འགྱུར་རོ། །འདིར་དགོས་པ་ཅི་ཞིག་ཡིན་ཞེ་ན། དགོས་པ་དག་ནི་བརྒྱད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ། །རྟོག་གེ་པ་ཡིན། དཔྱོད་པ་པ་དང་། རྟོག་གེ་ལ་ཞུགས་
པ་དང་། རང་གི་སྤོབས་པ་དང་ལྡན་པ་ཉིད་དང་། སོ་སོའི་སྐྱེ་བོ་དང་ལྡན་པ་ཉིད་དང་། དཔྱོད་པའི་རྗེས་སུ་དཔྱོད་པའི་ས་ལ་གནས་པ་ཡིན་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེའི་སྤྱོད་ཡུལ་ལས་མི་འདའ་བ་ཉིད་ཀྱིས་ཞེས་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ་ལས་མི་འདའ་བའི་ཕྱིར་རྟོག་གེ་པ་ཡིན་ནོ་ཞེས་

བྱ་བའི་ཐ་ཚིག་གོ། །དེས་ན་དཔྱོད་བ་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྒྱུ་གང་གིས་དེའི་སྤྱོད་ཡུལ་ལས་མ་འདས་པ་དེས་ན་དཔྱོད་པ་པ་དང་། རྟོག་གེ་ལ་ཞུགས་པའི་ས་ལ་གནས་པ་ཞེས་འབྱུང་བ་སྨོས་པ་ཡིན་ཏེ། རང་གི་སྤོབས་པ་དང་ལྡན་པ་རྣམས་ཀྱི་ས་ཞེས་འོག་ནས་འཆད་དེ། རང་
གི་སྤོབས་པ་དང་ལྡན་པ་ཞེས་བྱ་བའི་ཚིག་འདིས་གོ་བར་བྱེད་དོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ཞེས་བྱ་བ་འདི་ལ་ཡང་ས་སྦྱར་བར་བྱའོ། །དེ་ཡང་སོ་སོའི་སྐྱེ་བོ་དང་ལྡན་པ་ཞེས་བྱ་བའི་ཚིག་འདིས་ཏེ། སོ་སོའི་སྐྱེ་བོ་ལ་ཡོད་པའི་ཕྱིར་སོ་སོའི་སྐྱེ་བོ་དང་ལྡན་པ་སྟེ་དེ་དང་ངོ་། །ས་མངོན་པར་རྟོགས་པ་དང་
ལྡན་པ་དེ་ཡང་དཔྱད་པའི་རྗེས་སུ་དཔྱོད་པའི་ཞེས་བྱ་བའི་ཚིག་འདིས་བསྟན་ཏོ། །དེ་ཁོ་ནའི་ལུང་དང་ལྡན་པ་མ་ཡིན་པ་ནི་དེ་ཁོ་ནའི་འམ་དེ་ཁོ་ན་ལ་ཡོད་པའི་ལུང་ནི་དེ་ཁོ་ནའི་ལུང་ངོ་། །དེ་ཁོ་ནའི་ལུང་དེ་དང་མི་ལྡན་པ་ནི་དེ་ཁོ་ནའི་ལུང་དང་ལྡན་པ་མ་ཡིན་པའོ། །དེ་ལྟར་ན་ཚིག་གཅིག་ནི་ཞེས་བྱ་བ་
རྒྱས་པར་འབྱུང་བ་ནི་ཇི་ལྟར་རྣམ་པར་བཤད་པ་དེ་ལྟར་ན་ཚིག་གཅིག་ནི་བསྟན་པ་ཁོ་ན་ཡིན་ཏེ། རྟོག་གེ་པ་ཡིན་ཞེས་བྱ་བ་ཡིན་ནོ། །གཉིས་ནི་བཤད་པ་ཡིན་ཏེ། དཔྱོད་པ་དང་རྟོག་གེ་ལ་ཞུགས་པའི་ས་ལ་གནས་པ་ཞེས་བྱ་བ་ཡིན་ནོ། །ཚིག་གསུམ་པ་ནི་བསྟན་པ་ཡིན་ཏེ། རྟོག་གེ་བ་ལ་ཞུགས་
བའི་ས་ལ་གནས་བ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་བཤད་པ་ནི་གསུམ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གསུམ་པོ་གང་དག་ཅིག་ཅེ་ན། རང་གི་སྤོབས་པ་དང་ལྡན་པ་དང་། སོ་སོའི་སྐྱེ་བོ་དང་ལྡན་པ་དང་། དཔྱོད་པའི་རྗེས་སུ་དཔྱོད་པའི་ས་ལ་གནས་པ་ཡིན་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཚེ་རབས་སྔ་
མ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྟོག་གེ་ལ་ཞུགས་པའི་ས་དེ་ཡང་ཚེ་རབས་སྔ་མ་རྟོག་གེ་ལ་གོམས་པས་བསྒོས་པའི་སེམས་ཀྱི་རྒྱུད་ནི་སྤོབས་པ་དང་ལྡན་པ་ཞེས་བྱ་བའི་ཚིག་འདིས་སྟོན་པར་བྱེད་དོ། །དེ་ཁོ་ན་མཐོང་བ་དང་འབྲལ་བ་ཞེས་བྱ་བ་ལ་དེ་ཁོ་ན་མཐོང་བ་ནི་དེ་ཁོ་ན་མ་མཐོང་བ་སྟེ། དེ་དང་
བྲལ་བའོ། །ས་དེ་ནི་རྒྱུད་ཅེས་བྱ་བ་སྟེ། སོ་སོའི་སྐྱེ་བོ་དང་ལྡན་པ་ཞེས་བྱ་བ་འདིས་སྟོན་པར་བྱེད་དོ། །ས་དེ་ནི་རྟོག་གེ་ལ་འདྲེས་པར་བྱས་པ་ཐོག་མ་མེད་པ་ནས་ཞུགས་པ་སྟེ། དབང་པོ་མེད་པ་ནས་ཞུགས་པ་ཁོ་ན་སྟེ། དཔྱོད་པའི་རྗེས་སུ་མཐུན་པའི་ས་ལ་གནས་ཞེས་བྱ་བའི་ཚིག་འདིས་སྟོན་

བར་བྱེད་དོ། །གཞན་ཡང་ལུང་ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་རྟོག་གེ་པ་ནི་དེའི་ངང་ཚུལ་ཡིན་པའི་ཕྱིར་ཡང་རིག་པར་བྱ་སྟེ། རྟོག་གེའི་ངང་ཚུལ་ཅན་ནི་རྟོག་གེ་བ་སྟེ། དཔྱོད་པ་པ་ཞེས་བྱ་བའི་ཚིག་འདིས་རིག་པར་བྱའོ། །བརྟག་རྟོག་ཕྱིར་ཡང་རིག་པར་བྱ་སྟེ།
གང་ལ་རྟོག་གེའི་ཡུལ་མེད་པ་ཉིད་ནི་བརྟག་པར་བྱ་བ་མ་ཡིན་པ་ལ་རྟོག་པའི་ཕྱིར་ན་མ་ཡིན་ནོ། །དེ་ཡང་རྟོག་གེ་ལ་ཞུགས་པའི་ས་ལ་གནས་པ་ཞེས་བྱ་བ་འདིས་སོ། །སྔོན་གོམས་ཕྱིར་ཡང་རྟོག་གེ་བར་རིག་པར་བྱ་སྟེ། རང་གི་སྤོབས་པ་དང་ལྡན་པ་ཞེས་བྱ་བའི་ཚིག་འདིས་སོ། །མངོན་སུམ་དུ་མ་
བྱས་ཕྱིར་ཡང་རྟོག་གེ་པར་རིག་པར་བྱ་སྟེ། སོ་སོའི་སྐྱེ་བོ་དང་ལྡན་པ་ཞེས་བྱ་བའི་ཚིག་འདིས་སོ། །མངོན་སུམ་དུ་མ་བྱས་པ་ཉིད་ཀྱང་དེ་ཁོ་ན་མངོན་སུམ་དུ་མི་བྱེད་པ་སྟེ། སོ་སོའི་སྐྱེ་བོ་ཡང་དེ་ཁོ་ན་མངོན་སུམ་དུ་མི་བྱེད་པས་སོ། །ལུང་ལ་མི་བརྟེན་ཉིད་ཕྱིར་ཞེས་བྱ་བ་ལ་ལུང་ལ་མི་བརྟེན་པ་ནི་
ལུང་ལ་མི་བརྟེན་པ་སྟེ། དེའི་དངོས་པོ་དེའི་ཕྱིར་རྟོག་གེ་བར་རིག་པར་བྱ་སྟེ། དཔྱོད་པ་དང་འབྲེལ་པའི་ས་ལ་གནས་པ་ཡིན་ཞེས་བྱ་བའི་ཚིག་འདིས་རིག་པར་བྱའོ། །བརྩོན་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བརྩོན་པའི་ཕྱིར་རྟོག་གེ་ཕུན་སུམ་ཚོགས་པ་ཡིན་པ་ནས་ཡོངས་སུ་བྱང་བར་བྱས་པའི་
ཕྱིར་གྱི་བར་གྱིས་རྟོག་གེ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་དང་ལྡན་པ་ནི་རྟོག་གེ་པ་ཡིན་ནོ་ཞེས་བྱ་བ་ནི་རྟོག་གེ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་དེ་དང་ལྡན་པ་ནི་རྟོག་གེ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྟོག་གེ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་པོ་དེ་ཡང་དཔྱོད་པ་པ་ཞེས་བྱ་བ་དེ་ལ་སོགས་པ་ཚིག་ལྔ་
རྣམས་དང་གོ་རིམས་བཞིན་ནོ། །ཚད་མའི་རིགས་པ་རྣམ་པ་གསུམ་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཚད་མ་རྣམ་པ་གསུམ་པོ་མངོན་སུམ་དང་། རྗེས་སུ་དཔག་པ་དང་ལུང་ངོ་། །ཚད་མ་རྣམ་པ་གསུམ་དེ་ཉིད་རིགས་པ་ཡིན་པས་ཚད་མའི་རིགས་པ་རྣམ་པ་གསུམ་སྟེ། དེ་ཡོངས་སུ་གཟུང་
བ་དེའི་ཕྱིར་རོ། །དེ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་ས་ཡིན་ན་ཞེས་བྱ་བ་ནི་ས་གང་ལ་ཚད་མའི་རིགས་པ་རྣམ་པ་གསུམ་ཡོངས་སུ་གཟུང་བ་ཡོད་པའོ། །དགེ་སློང་དག་སྐྱེས་བུ་གང་ཟག་ཡིད་ལ་གཅགས་པ་ཅན་གྱི་འཆི་བ་ནི་བཟང་པོ་མ་ཡིན། དུས་བྱེད་པ་ནི་བཟང་པོ་མ་ཡིན། ཚེ་ཕྱི་མ་ནི་བཟང་པོ་

མ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །གོ་རིམས་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཉམས་པས་འཆི་བའི་ཕྱིར་དང་། རྨོངས་པས་འཆི་བའི་ཕྱིར་འཆི་བ་ནི་བཟང་པོ་མ་ཡིན་པར་རིག་པར་བྱའོ། །འཆི་བ་ནི་འཆི་བའི་སྐད་ཅིག་ཉིད་ཡིན་པར་རིག་པར་མི་བྱའོ། །འོ་ན་ཅི་
ཞེ་ན། འཆི་བར་ངེས་པའི་ཡིན་ནོ། །དེ་ལྟ་བུ་ནི་སེམས་ཉམས་པ་ལ་སོགས་པའི་གནས་སྐབས་ཡིན་ནོ། །བསོད་ནམས་མ་བྱས་པར་འཆི་འཕོ་བའི་ཕྱིར་ན་དུས་བྱེད་པ་ནི་བཟང་པོ་མ་ཡིན་པར་རིག་པར་བྱའོ། །དུས་བྱེད་པ་ཡང་འཆི་བའི་སྲིད་པའི་ཕུང་པོ་དང་བྲལ་བ་སྟེ་འཆི་འཕོ་བ་ཡིན་ནོ། །
འགྲོ་བ་མི་འདོད་པར་འགྲོ་བའི་ཕྱིར་ན་ཚེ་ཕྱི་མ་ནི་བཟང་པོ་མ་ཡིན་པར་རིག་པར་བྱའོ། །ཚེ་ཕྱི་མ་ཡང་སྲིད་པའི་ཀུན་དུ་སྦྱོར་བ་མ་ཟད་པ་རྣམས་ཀྱི་འགྲོ་བ་ཁོ་ན་ཡིན་ནོ། །བཟང་པོ་གསུམ་ཡིན་ནོ་ཞེས་བྱ་བ་ནི་འཆི་བ་དང་། དུས་བྱེད་པ་དང་། ཚེ་ཕྱི་མ་ཡིན་ཏེ། འདིར་ཡང་ཤིང་ཤུན་ཅན་ཁྱོད་
ལ་འདུན་པའམ། འདོད་ཆགས་མེད་པས་ཁྱོད་ཀྱི་འཆི་བ་ནི་བཟང་པོ་ཡིན། དུས་བྱེད་པ་ནི་བཟང་པོ་ཡིན། ཚེ་ཕྱི་མ་ནི་བཟང་པོ་ཡིན་ནོ་ཞེས་མདོ་སྡེ་ལས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཕུང་པོ་རྣམས་དང་བྲལ་བ་ཙམ་ནི་དུས་བྱེད་པ་ཞེས་བྱ་བར་གྲུབ་སྟེ། དགྲ་བཅོམ་པ་ནི་ཕུང་པོ་
གཞན་དུ་ཉིང་མཚམས་མི་སྦྱོར་བའི་ཕྱིར་རོ། །དེའི་མྱ་ངན་ལས་འདས་པ་ནི་ཚེ་ཕྱི་མ་ཞེས་བྱ་བར་གྲུབ་སྟེ། དགྲ་བཅོམ་པ་ནི་འགྲོ་བ་ཐམས་ཅད་བཅད་པའི་ཕྱིར་རོ་ཞེས་རྒྱས་པར་གསུངས་སོ། །དགེ་སློང་དག་དེའི་ཕྱིར་ཁྱེད་ཀྱིས་ཚེར་མ་ཕྱུང་བ་རྣམས་དང་། ཚེར་མ་དཀྲུགས་པ་རྣམས་དང་།
ཚེར་མ་དང་བྲལ་བ་རྣམས་དང་། ཚེར་མ་མེད་པ་རྣམས་གང་ཡིན་པར་འགྱུར་བར་བྱའོ་སྙམ་དུ་དེ་ལྟར་བསླབ་པར་བྱའོ། །ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་ནི་ཚེར་མ་མེད་པ་རྣམས་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །སོ་སོར་རྟོག་པའི་སྟོབས་ལ་བརྟེན་ནས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཁྱད་
པར་གྱི་སྟོང་པ་ལ་བརྟེན་ནས་སོ། །བསྒོམ་པའི་སྟོབས་ལ་བརྟེན་ནས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་སྟོབས་ལ་བརྟེན་ནས་སོ། །མཐོང་བའི་ལམ་གྱི་བག་ལ་ཉལ་གྱི་ཕྱོགས་ཡང་དག་པར་བཅོམ་པའི་ཕྱིར་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་ཕྲ་རྒྱས་བརྒྱད་ཡང་དག་པར་བཅོམ་པའི་ཕྱིར་

ཚེར་མ་དང་བྲལ་བ་རྣམས་སོ། །འབྲས་བུ་དང་པོ་ལ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལའོ། །གཉིས་པ་ལ་ཡང་འབྲས་བུ་ཞེས་བྱ་བར་གནས་པ་ཡིན། དེ་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིན་ནོ། །གསུམ་པ་ལ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་སྟེ། དེ་མཐའ་
དག་སྤངས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་ལྔ་པ། དང་བ་སྐྱེས་ནས་འགྲོ་བར་བྱེད། །སོང་ནས་ཆོས་ཉན་པར་བྱེད་དོ། །དེས་ཆོས་དེ་ཐོས་ནས་སེམས་པར་བྱེད་དོ། །བསམས་ནས་འཇལ་བར་བྱེད་དོ། །བཅལ་ནས་ཉེ་བར་རྟོག་
པར་བྱེད་ལ། བདེན་པ་དེ་ཡང་ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་། ཤེས་རབ་ཀྱིས་སོ་སོར་འབིགས་པར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འཇལ་བར་བྱེད་པ་ནི་རིགས་པས་ཏེ། ལེགས་པར་གསུངས་པ་ཉིད་ཀྱི་ཁྱད་པར་དམིགས་ཀྱིས་འབྱེད་པའི་ཕྱིར་རོ། །དེ་ལ་རིགས་པ་ཚད་མ་རྣམ་
པ་གསུམ་གྱིས་ཡིན་པས་ན་རིགས་པས་ཏེའོ། །ལེགས་པར་གསུངས་པ་ཉིད་ནི་ཕྱིན་ཅི་མ་ལོག་པ་ཉིད་དེ། དེའི་ཁྱད་པར་དམིགས་ཀྱིས་འབྱེད་པའི་ཕྱིར་རོ། །ཁྱད་པར་ཡང་འཕགས་པའི་བདེན་པ་དང་མཐུན་པ་བསྟན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་དཔེར་ན་བྱང་གི་སྒྲ་མི་སྙན་
པ་རྣམས་ཡིན་ནོ་ཞེས་གསུངས་པ་ལྟ་བུ་སྟེ། ཐམས་ཅད་ཀྱང་ལེགས་པར་གསུངས་པ་ཉིད་ཡིན་པས་དེའི་ཕྱིར་དེའི་ཁྱད་པར་བསྟན་པ་ནི་ཇི་སྐད་སྨོས་པ་ལྟ་བུ་ཡིན་ནོ། །ཡང་ན་ལེགས་པར་གསུངས་པ་ཉིད་ནི་གཞན་དག་གི་ཆོས་རྣམས་ལས་ཁྱད་པར་ཡིན་ནོ། །བསྒོམ་པའི་རྣམ་པས་ཏེ་ཞེས་བྱ་བ་ནི་
མཉམ་པར་གཞག་པའི་རྣམ་པས་ཏེའོ། །བདེན་པ་དེ་ཡང་ཞེས་བྱ་བ་ནི་འགོག་པའི་བདེན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་པས་ནི་བསམས་པ་
ལས་བྱུང་བའི་ཤེས་པ་སྟོན་པར་བྱེད་དོ། །འཇལ་བ་དང་ཉེ་བར་རྟོགས་པ་ཉིད་ཀྱིས་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་བསྒོམས་པ་ལས་བྱུང་བའི་ཤེས་བ་སྟོན་པར་བྱེད་དོ། །ཇི་ལྟར་བྱས་པས་མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱིས་འཇལ་བར་བྱེད་ཅེ་ན། མཐོང་བའི་ལམ་གྱིས་ནི་ཞེས་བྱ་བ་

རྒྱས་པར་འབྱུང་བ་སྟེ། དེ་ལ་དེ་བཞིན་ཉིད་ནི་གང་ཟག་དང་ཆོས་ལ་བདག་མེད་པའོ། །དེ་སོ་སོར་རྟོག་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའོ། །སྒྲོ་འདོགས་པ་མེད་པ་དང་སྐུར་པ་འདེབས་པ་མེད་པ་ཉིད་ཀྱིས་ཏེ། བདག་གམ་བདག་གིའོ་ཞེས་སྒྲོ་འདོགས་པ་མེད་པ་དང་། རྣམ་
པར་སྨིན་པ་མེད་དོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་མེད་དོ་ཞེས་སྐུར་པ་མི་འདེབས་པས་མཉམ་པ་ལ་འཇོག་པར་བྱེད་པའི་ཕྱིར་དེ་ལྟར་ན་འཇལ་བར་བྱེད་པ་ཡིན་ནོ། །གནས་གྱུར་པ་ཉིད་ཀྱིས་ཏེ། རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རོ། །གནས་གྱུར་པས་ན་གནས་གྱུར་པ་ཉིད་ཀྱིས་
སོ། །ཇི་ལྟར་ན་གནས་གྱུར་པ་ཉིད་ཀྱིས་ཤེ་ན། རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རོ། །རྣམ་པར་གྲོལ་བ་ཡང་སེམས་ཉོན་མོངས་པའི་བག་ལ་ཉལ་གྱི་གནས་ངན་ལེན་དང་བྲལ་བའོ། །རྣམ་པར་གྲོལ་བའི་ཡེ་ཤེས་ཀྱིས་སོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་མཚན་ཉིད་ཇི་སྐད་བསྟན་པ་ལ་ཡེ་ཤེས་
འབྱུང་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་ཏེ། རྣམ་པར་གྲོལ་བ་ལ་དམིགས་པའི་ཡེ་ཤེས་གང་ཡིན་པའོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟ་ནའོ། །དད་པ་ལ་བརྟེན་ནས་ཞེས་བྱ་བ་ནི་དད་པ་སྐྱེས་ནས་འགྲོ་བར་བྱེད་ཅེས་བྱ་བའི་ཚིག་འདིས་སྟོན་པར་བྱེད་དོ། །
ཚོགས་དང་བཅས་པའི་ལམ་སྟོན་པར་བྱེད་པ་ནི་ཆོས་ཉན་པར་བྱེད་དོ། །དེས་ཆོས་དེ་ཐོས་ནས་སེམས་པར་བྱེད་དོ་ཞེས་བྱ་བའི་ཚིག་འདི་གཉིས་ཀྱིས་ནི་ཚོགས་སྟོན་པར་བྱེད་དོ། །བསམས་ནས་འཇལ་བར་བྱེད་དོ། །བཅལ་ནས་ཉེ་བར་རྟོག་པར་བྱེད་ལ་ཞེས་བྱ་བ་འདིས་ནི་ལམ་གཉི་ག་ཀུན་དུ་
སྟོན་པར་བྱེད་དོ། །ལམ་གྱི་འབྲས་བུ་རྣམ་པར་གྲོལ་བ་ཀུན་དུ་སྟོན་པར་བྱེད་པ་ནི་བདེན་པ་དེ་ཡང་ལུས་ཀྱིས་མངོན་སུམ་དུ་བྱེད་ཅིང་ཞེས་བྱ་བའི་ཚིག་འདིས་སོ། །རྣམ་པར་གྲོལ་བའི་ཡེ་ཤེས་ཀུན་དུ་སྟོན་པར་བྱེད་པ་ནི་ཤེས་རབ་ཀྱིས་སོ་སོར་འབིགས་པར་བྱེད་དོ་ཞེས་བྱ་བའི་ཚིག་འདིས་སོ། །
དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་གྱིས་གང་གི་བསོད་སྙོམས་ཡོངས་སུ་སྤྱོད་ནས་སེམས་ལ་ཚད་མེད་པའི་ཏིང་ངེ་འཛིན་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་ན་གཞི་དེ་ལས་སྦྱིན་པ་པོ་དང་སྦྱིན་བདག་གི་བསོད་ནམས་རྒྱུན་རྒྱས་པ་དང་། དགེ་བ་

རྒྱུན་རྒྱས་པ་དང་། བདེ་བ་འདྲེན་པ་ཚད་མེད་པ་ཡོད་པར་རིག་པར་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དད་པ་ལ་སོགས་པའི་སྒྲས་ནི་བག་ཡོད་པ་དང་། ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་ལ་སོགས་པ་དགེ་བ་མང་པོ་པ་རྣམས་སོ། །དེའི་ཞེས་བྱ་བ་ནི་སྦྱིན་
བདག་གིའོ། །དེ་གཉིས་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་བག་ཆགས་གཉིས་སོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་འགྲུབ་པར་བྱེད་པའི་བག་ཆགས་བརྟས་པའི་ཁྱད་པར་དུ་འགྲོ་བ་དག་ནི་བསོད་ནམས་རྒྱུན་བྱས་པ་ཚད་མེད་པ་ཡིན་པར་རིག་པར་བྱའོ། །དད་
པ་ལ་སོགས་པ་དགེ་བའི་ཆོས་ཀྱི་རྒྱུ་མཐུན་པའི་འབྲས་བུ་འགྲུབ་པར་བྱེད་པའི་བག་ཆགས་བརྟས་པའི་ཁྱད་པར་དུ་འགྲོ་བ་དག་ནི་དགེ་བ་རྒྱུན་རྒྱས་པ་ཚད་མེད་པ་ཡིན་པར་རིག་པར་བྱའོ། །རྒྱུན་རྒྱས་པ་ཡང་རྒྱུན་འཕེལ་བའོ། །དེ་རྒྱུན་རྒྱས་པ་ཡང་ཞེས་བྱ་བ་ནི་བག་ཆགས་དེ་གཉིས་ཉིད་དོ། །དེ་གཉིས་
ཀྱི་ཁམས་བརྟས་པ་ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་དང་། དེ་རབ་ཏུ་འཇུག་པར་བྱེད་པའི་དགེ་བ་ཡང་དག་པའི་ལྟ་བ་དེ་གཉིས་ཀྱི་ས་བོན་བརྟས་པའོ། །ཡང་དག་པའི་ལྟ་བ་ཐམས་ཅད་དགེ་བ་ཡིན་ན་དགེ་བ་ཡང་དག་པའི་ལྟ་བ་ཞེས་དགེ་བ་སྨོས་པ་ནི་དགེ་བ་རྒྱུན་རྒྱས་པ་ཞེས་བྱ་བའི་
ཚིག་འདི་དང་འདྲ་བ་ཉིད་དུ་བྱ་བའི་ཕྱིར་རོ། །ཇི་ལྟར་ན་དེའི་དེ་གཉིས་ཀྱི་ཁམས་བརྟས་པ་ཡིན་ཞེ་ན། ཡོན་གནས་ཀྱི་ཁྱད་པར་གྱིས་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་སྤྱད་པའི་ཕྱིར་རོ། །དེ་གཉིས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསོད་ནམས་རྒྱུན་རྒྱས་པ་དང་། དགེ་བ་རྒྱུན་རྒྱས་པ་
གཉིས་ཀྱི་འབྲས་བུའི་ས་བོན་བརྟས་པ་ནི་བདེ་བ་འདྲེན་པ་ཡིན་ཏེ། འདིས་འདྲེན་པར་བྱེད་པས་འདྲེན་པ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་རྒྱུན་རྒྱས