Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 137

Văn bản gốc(Tây Tạng)

Trang 11 / 20 (50.000 ký tự/trang)
ས་སྟོན་པར་བྱེད་དོ། །གང་གིས་ཞེས་བྱ་བ་
རྒྱས་པར་འབྱུང་ལ། གང་གིས་གཤེགས་པ་ཞེས་བྱ་བ་ནི་ལམ་གང་གིས་གཤེགས་པ་སྟེ། རིག་པ་དང་ཞབས་སུ་ལྡན་པ་ཉིད་ཀྱིས་སོ། །དེ་ནི་རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་ཏོ། །ལམ་གྱི་ཡན་ལག་ལྷག་མ་དག་ནི་ཡང་དག་པའི་
རྟོག་པ་ལ་སོགས་པའོ། །དེའི་ཞབས་ནི་ཞེས་བྱ་བ་ནི་ཤེས་རབ་དེའི་ཚོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་བསླབ་པ་གསུམ་པོ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་
པ་གསུམ་པོ་འདི་དག་གིས་གཤེགས་པ་ཡིན་པར་བསྟན་པ་ཡིན་ཏེ། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བའི་ཐ་ཚིག་འདིས་སོ། །ཤེས་རབ་སྔར་སྨོས་པ་ཇི་ལྟར་ཞེ་ན། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་སྟེ། རིག་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་པའི་ཤེས་རབ་
ཡིན་ནོ། །དེའི་དབང་གིས་ཚུལ་ཁྲིམས་ལ་སོགས་པ་རྩོམ་པ་རྣམ་པར་དག་པའི་ཕྱིར་ལ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དབང་གིས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་རྩོམ་པ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་གྲངས་གཞན་
ཡང་མི་སློབ་པའི་རིག་པ་གསུམ་དག་ནི་རིག་པ་ཞེས་བྱ་བ་སྟེ། གསུམ་གང་ཞེ་ན། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དང་འཆི་འཕོ་དང་སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་མངོན་སུམ་དུ་
བྱ་བའི་མངོན་པར་ཤེས་པ་སྟེ། དེ་དག་ནི་མི་སློབ་པའི་རིག་པ་གསུམ་དག་གོ། །ཞབས་ནི་ཚུལ་ཁྲིམས་ནས་བཟུང་ནས་མངོན་པར་ཤེས་པ་གསུམ་པོའི་བར་དག་སྟེ་ཞེས་བྱ་བ་ལ། ཇི་ལྟར་ན་ཚུལ་ཁྲིམས་ནས་བཟུང་ནས་ཤེ་ན། །ཚུལ་ཁྲིམས་དང་། དབང་པོའི་སྒོ་བསྡམས་

པ་ཉིད་དང་ཤེས་བཞིན་དུ་གནས་པ་ཉིད་དང་། གནས་མལ་དབེན་པར་གནས་པ་དང་། བསམ་གཏན་བཞི་དང་། མངོན་པར་ཤེས་པ་གསུམ་པོ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དང་། ལྷའི་རྣ་བ་ཤེས་པ་མངོན་སུམ་དུ་བྱ་
བའི་མངོན་པར་ཤེས་པ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་རིག་པ་གསུམ་པོའི་ཚོགས་ཚུལ་ཁྲིམས་ནས་བཟུང་ནས་མངོན་པར་ཤེས་པ་གསུམ་པོའི་བར་དག་གི་
ཚོགས་དང་བཅས་པ་ཇི་སྐད་དུ་བཤད་པ་རྣམས་ཀྱིས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་བརྙེས་པར་བསྟན་པ་ཡིན་ཏེ། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བའི་ཚིག་འདིས་སོ། །ཇི་ལྟར་གཤེགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྟོན་པ་ཉིད་ཕུན་སུམ་ཚོགས་པར་
རྣམ་པ་གང་གིས་གཤེགས་པ་ནི་ཇི་ལྟར་གཤེགས་པ་སྟེ། གང་དུ་ཕྱིར་མི་ལྡོག་པར་གཤེགས་པ་དང་། ཇི་ཙམ་དུ་གཤེགས་པར་བྱ་བར་གཤེགས་པ་ཞེས་བྱ་བར་སྦྱར་རོ། །ཉན་ཐོས་དང་རང་སངས་རྒྱས་གཉིས་ལ་ནི་བགྲོད་པར་བྱ་བ་སྟེ། ཐོབ་པར་བྱ་བ་ཡང་ཡོད་དེ། ཉན་
ཐོས་ལ་ནི་རང་སངས་རྒྱས་ཉིད་ཐོབ་པར་བྱ་བ་ཡོད་ལ། རང་སངས་རྒྱས་ལ་ཡང་སངས་རྒྱས་ཉིད་ཐོབ་པར་བྱ་བ་ཡོད་ཀྱི། སངས་རྒྱས་ཉིད་དུ་གྱུར་ནས་ནི་ཐོབ་པར་བྱ་བ་དང་རྟོགས་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། དེའི་ཕྱིར་ཇི་ཙམ་དུ་གཤེགས་པར་བྱ་བར་གཤེགས་པ་ཡིན་
ནོ། །ཡང་ན་ཇི་ཙམ་དུ་གཤེགས་པར་བྱ་བར་གཤེགས་པ་ཞེས་བྱ་བ་ནི་ཇི་ཙམ་དུ་ཐུགས་སུ་ཆུད་པར་བྱ་བ་དང་། ཐོབ་པར་བྱ་བར་ཞེས་བྱ་བའི་ཐ་ཚིག་གོ། །ཉན་ཐོས་དང་རང་སངས་རྒྱས་ནི་ཇི་ཙམ་དུ་བགྲོད་པར་བྱ་བར་མ་སོན་ཅིང་། ཇི་ཙམ་དུ་རྟོགས་པར་བྱ་བ་དང་། ཐོབ་
པར་བྱ་བར་མ་སོན་ཏོ། །དེས་ན་བདེ་བར་གཤེགས་པ་ཞེས་བྱ་བ་སྟེ། ཕྱི་རོལ་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱ་བ་སྟེ། དེ་དག་ནི་ཕྱིར་ལྡོག་པ་ཅན་ཡིན་ནོ། །ཕྱི་རོལ་པའི་

འདོད་ཆགས་དང་བྲལ་བ་དེ་ལས་གཞན་པ་དགྲ་བཅོམ་པ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱ་སྟེ། དེ་དག་ནི་གལ་ཏེ་ཕྱིར་མི་ལྡོག་པ་ཡིན་ཡང་སངས་རྒྱས་ཀྱི་ཡོན་ཏན་རབ་དང་ཕུལ་མ་ཐོབ་ཅིང་ཇི་ཙམ་དུ་བགྲོད་པར་བྱ་བར་མ་སོན་པ་དག་ཡིན་ནོ། །གདུལ་
བ་གདུལ་བ་ཡང་སྟོན་པ་ཉིད་ཀྱི་ཕྲིན་ལས་གཉིས་པ་ཡིན་ཏེ། རྒྱུ་དེས་ན་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །བླ་ན་མེད་པ་ཉིད་ཀྱང་སྐྱེས་བུ་འདུལ་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆུ་ཀླུང་འོད་སྲུངས་ལ་སོགས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་
གི་ཤས་ཆེ་བའི་ཕྱིར་གདུལ་དཀའ་བ་དེ་དག་ཀྱང་གོ་རིམས་བཞིན་དུ་འདུལ་བའི་ཕྱིར་བླ་ན་མེད་པའོ། །གཞན་ཡང་གཏན་དུ་མ་ཡིན་པ་ཇི་སྲིད་ཀྱི་དུས་ཀྱི་བླ་ན་མེད་པའི་ཆེད་དུ་ཐབས་དཀའ་བ་ཁ་ན་མ་ཐོ་བས་གདུལ་དཀའ་བ་རྣམས་འདུལ་བར་བྱེད་དུ་ཟིན་ཀྱང་སངས་རྒྱས་བཅོམ་ལྡན་
འདས་ནི་ཐབས་སླ་བ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ནི་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བའོ། །རྒྱས་པ་ནི་ཚིག་དགུ་པོ་དག་གིས་ཇི་སྐད་གསུངས་པ་ལྟ་བུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བའོ། །ངེས་པའི་ཚིག་གི་ཚུལ་གྱིས་ན་ཤེས་བྱ་ཐམས་ཅད་
ཐུགས་སུ་ཆུད་པའི་ཕྱིར་ན་སངས་རྒྱས་སོ། །བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་རབ་ཏུ་འཇོམས་པའི་ཕྱིར་ན་བཅོམ་ལྡན་འདས་སོ། །སྨྲས་པ། ཚིག་ཐམས་ཅད་ཀྱི་དོན་ནི་བཤད་ན་འདི་ལྟར་ཡང་ཞེས་བྱ་བ་འདིའི་དོན་ནི་ཅི་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པར་
རྗེས་སུ་དྲན་པ་ལྟར་ཏེ། ཇི་ལྟར་ཞེ་ན། རྒྱས་པར་ཇི་སྐད་དུ་གསུངས་པ། འདི་ལྟར་ཡང་སྟེ་འདི་ལྟར་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་འབྱུང་བ་ནི་དེའི་ཚེ་ང་ནི་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་

བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་ཚོགས་ལས་གྲོལ་བ་དང་། ངེས་པར་འབྱུང་བ་དང་། བྲལ་བ་དང་། རབ་ཏུ་རྣམ་པར་གྲོལ་བ་དང་། སེམས་ཕྱིན་ཅི་མ་ལོག་པ་ལན་མང་དུ་གནས་ཤིང་། དེའི་ཚེ་བདག་
ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བར་ཤེས་སོ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ནོ། །ཤེས་བྱའི་སྒྲིབ་པ་ལས་ཀྱང་རྣམ་པར་གྲོལ་བའི་ཁྱད་པར་སྟོན་ཏོ། །དེ་ལས་ཞེས་བྱ་བ་ནི་ལྷ་དང་བཅས་པའི་འཇིག་རྟེན་ལས་སོ། །རྣམ་པར་གྲོལ་
བ་ལ་སོགས་པས་སྟོན་ཏོ་ཞེས་བྱ་བ་ནི་གྲོལ་བ་ཉིད་ཀྱང་ངེས་པར་འབྱུང་བ་ཉིད་དང་། བྲལ་བ་ཉིད་དང་། རབ་ཏུ་རྣམ་པར་གྲོལ་བ་ཉིད་ཀྱིས་སོ། །དེ་ལས་གཞན་པ་ཉིད་ཅེས་བྱ་བ་ནི་ལྷ་གཙོ་བོ་བདུད་དང་ཚངས་པ་རྣམས་དང་མི་གཙོ་བོ་དགེ་སྦྱོང་དང་བྲམ་ཟེ་རྣམས་ལས་གཞན་པ་ལྷ་
དང་མི་རྣམས་དང་བཅས་པའི་སྐྱེ་དགུ་གང་ཡིན་པ་དེ་ནི་ལྷ་དང་མིའི་གཙོ་བོ་མ་ཡིན་པ་རྣམས་སོ། །བག་ལ་ཉལ་རྗེས་སུ་འབྲང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པའི་ས་བོན་མ་བཏོན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་རྣམ་པར་གྲོལ་བ་དག་གི་ངེས་པའི་ཚིག་ནི་སླར་
འོང་བ་དང་བྲལ་བར་འགྲོལ་བ་ནི་རབ་ཏུ་རྣམ་པར་གྲོལ་བ་དག་ཡིན་པས་སོ་ཞེས་བྱ་བ་གསུངས་པའོ། །དེ་དག་དང་ཆོས་མི་མཐུན་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྲོལ་བ་དང་། ངེས་པར་འབྱུང་བ་དང་དེ་དག་
དང་ཆོས་མི་མཐུན་པས་ན་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་གྲོལ་བ་ལ་སོགས་པ་ཉིད་སྟོན་པར་མཛད་པ་ནི་གྲོལ་བ་དང་། ངེས་པར་འབྱུང་བ་དང་། བྲལ་བ་དང་། རབ་ཏུ་རྣམ་པར་གྲོལ་བའོ། །དགྲ་བཅོམ་པ་དང་། ཆོས་མི་མཐུན་པས་ནི་མ་ཡིན་ཏེ། དེ་དང་རྣམ་པར་གྲོལ་བ་ཐུན་
མོང་ཡིན་པའི་ཕྱིར་རོ། །ས་དེ་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ས་དེ་དག་ལ་ཡོད་པའི་ས་དེ་དག་ནི་ས་དེ་པའོ། །དེ་དག་ནི་ས་དེ་པ་དག་ཀྱང་ཡིན་ལ་ཉོན་མོངས་པ་དག་ཀྱང་ཡིན་པས་ས་དེ་པའི་ཉོན་མོངས་པའོ། །ས་དེ་པའི་ཉོན་མོངས་པ་རྣམས་ཀྱི་ཀུན་ནས་དཀྲིས་པ་སྟེ་

མངོན་དུ་གྱུར་པ་ནི་ས་དེ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའོ། །དེ་ཉིད་འཆིང་བ་ཡིན་པས་ས་དེ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བའོ། །དེ་ཆད་པ་ནི་ས་དེ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་པའི་འཆིང་བ་ཆད་པ་སྟེ། དེ་ལས་ནི་ས་དེ་པའི་ཉོན་མོངས་པ་ཀུན་ནས་དཀྲིས་
པའི་འཆིང་བ་ཆད་པ་ལས་སོ། །ས་དེ་པའི་བཙོན་ར་ནས་ཞེས་བྱ་བ་ནི་སྐྱེ་བ་དེའི་གནས་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་དུ་སྦྱོར་བ་གསུམ་རྣམས་ཀྱིས་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་རྣམས་ཀྱིས་སོ། །རྣམ་
པར་གྲོལ་བ་རྣམ་པ་བཞི་སྟོན་པར་མཛད་པ་ནི་གྲོལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ། །སྡུག་བསྔལ་ལས་ཀྱང་རབ་ཏུ་རྣམ་པར་མ་གྲོལ་བ་དག་ཡིན་པ་ནི་ཡང་འདོད་པའི་ཁམས་སུ་སྐྱེ་བའི་ཕྱིར་རོ། །དེ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཡང་གྲོལ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྔ་
མ་བཞིན་ནོ། །འདི་ལྟར་ཡང་ཡིན་ཏེ་ཞེས་བྱ་བ་ནི་ཤིན་ཏུ་བཞེད་པའི་རྣམ་གྲངས་གསུངས་པ་ཡིན་ནོ། །བག་ལ་ཉལ་དང་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་དེ་པའི་ཉོན་མོངས་པའི་ས་བོན་དང་འབྲེལ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྔ་མ་བཞིན་དུ་བཅོམ་ལྡན་འདས་ཀྱིས་
ཉིད་ཀྱི་རྣམ་པར་གྲོལ་བ་རྣམ་པ་བཞི་སྟོན་པར་མཛད་དོ། །དེ་དག་ནི་སོ་སོའི་སྐྱེ་བོ་ལ་སོགས་པའོ། །དེ་མི་མངའ་བའི་ཕྱིར་ཞེས་བྱ་བ་ནི་ཕྱིན་ཅི་ལོག་མི་མངའ་བའི་ཕྱིར་ཏེ། སེམས་ཕྱིན་ཅི་མ་ལོག་པས་ལན་མང་དུ་གནས་པ་ཡིན་ནོ། །ཉོན་མོངས་པའི་སྒྲིབ་པ་ལས་ཞེས་བྱ་བ་ནི་ཉོན་མོངས་
པ་ཉིད་སྒྲིབ་པ་ཡིན་པས་ན་ཉོན་མོངས་པའི་སྒྲིབ་པ་སྟེ། དེ་ལས་སོ། །རྣམ་པར་གྲོལ་བ་དེ་ཁོ་ན་མཁྱེན་པས་འདོད་ཆགས་ལ་སོགས་པ་བསལ་བས་ཐུགས་དྲི་མ་མེད་པ་ཉིད་དོ། །ཤེས་བྱའི་སྒྲིབ་པ་ལས་ཞེས་བྱ་བ་ནི་ཤེས་བྱ་ལ་སྒྲིབ་པས་ཤེས་བྱའི་སྒྲིབ་པ་སྟེ། དེ་ཡང་ཡེ་ཤེས་
དམ་པ་སྐྱེ་བའི་བགེགས་ཏེ། གནས་ངན་ལེན་དང་སེམས་ལས་སུ་མི་རུང་བ་ཉིད་ཅེས་བྱ་བ་ནི་རྣམ་གྲངས་སོ། །ཐུགས་སུ་ཆུད་པར་མཁྱེན་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་གི་བདག་ཉིད་དུ་མཁྱེན་པས་མཁྱེན་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་སྟེ། རྟོག་གེ་པའི་ཤེས་པས་ཀྱང་མ་ཡིན་ལ་

གཞན་ལ་ཐོས་པས་ཀྱང་མ་ཡིན་ནོ། །མདོ་སྡེའི་དུམ་བུ་གསུམ་པ་ལས་འབྱུང་བ་ནི་རྒྱས་པར་གསུངས་ནས། བཙུན་པ་བཅོམ་ལྡན་འདས་ནི་མ་དུལ་བ་རྣམས་དུལ་བར་མཛད་པ། མ་ཞི་བ་རྣམས་ཞི་བར་མཛད་པ། དབུགས་མ་ཕྱིན་པ་རྣམས་དབུགས་ཕྱིན་
པར་མཛད་པ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་པ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ནོ། །ཞི་བར་མཛད་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྙོམས་པར་འཇུག་པའི་བདེ་བར་གནས་པ་ནི་སྙོམས་པར་འཇུག་པའི་བདེ་བར་གནས་པའོ། །ཞི་བ་
ཡང་ཡིན་ལ་སྙོམས་པར་འཇུག་པའི་བདེ་བར་གནས་པ་ཡང་ཡིན་པས་ཞི་བའི་སྙོམས་པར་འཇུག་པའི་བདེ་བར་གནས་པ་སྟེ། དེ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ། །སྙོམས་པར་འཇུག་པ་དག་ནི་བསམ་གཏན་དང་། གཟུགས་མེད་པ་དག་གོ། །དེ་གཉིས་དང་ལྡན་པའི་ཕྱིར་
ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པ་དང་། ཞི་བའི་སྙོམས་པར་འཇུག་པའི་བདེ་བར་གནས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེ་གཞན་ལས་ཐུགས་དུལ་བ་དང་རྣམ་པར་ཞི་བ་དང་རྣམ་པར་ཞི་བ་མཆོག་དང་ལྡན་པ་ཞེས་གསུངས་སོ་ཞེས་བྱ་བ་ནི་ཉོན་མོངས་པ་སྤངས་པ་དང་
ལྡན་པའི་ཕྱིར་ཐུགས་དུལ་བ་མཆོག་དང་ལྡན་པ་ཡིན་ལ། ཞི་བའི་སྙོམས་པར་འཇུག་པའི་བདེ་བར་གནས་པ་དང་ལྡན་པའི་ཕྱིར་རྣམ་པར་ཞི་བ་མཆོག་དང་ལྡན་པ་ཡིན་ནོ། །མདོར་ན་ནི་དུལ་བ་དང་དུལ་བའི་ཕན་ཡོན་ལ་རབ་ཏུ་འཇོག་པར་མཛད་པ་ཉིད་དུ་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་མ་དུལ་བ་
རྣམས་དུལ་བར་མཛད་པ་ཞེས་བྱ་བའི་ཚིག་འདིས་ནི་དུལ་བ་ལ་རབ་ཏུ་འཇོག་པར་མཛད་པ་ཉིད་དུ་བསྟན་ལ། ལྷག་མ་གསུམ་པོ་དག་གིས་ནི་དུལ་བའི་ཕན་ཡོན་ལ་སྟེ། དུལ་བའི་ཕན་ཡོན་ནི་མཐོང་བའི་ཆོས་ལ་ཞི་བའི་བདེ་བར་གནས་པ་སྟེ། མ་ཞི་བ་རྣམས་ཞི་བར་མཛད་པ་ཞེས་བྱ་བའི་
ཚིག་འདིས་བསྟན་ཏོ། །ཚེ་ཕྱི་མ་ལ་ངན་སོང་དང་ཡང་སྲིད་པ་མི་འབྱུང་བ་ནི་ཚིག་གཉིས་ཀྱིས་བསྟན་པ་ཡིན་ཏེ། དབུགས་མ་ཕྱིན་པ་རྣམས་དབུགས་ཕྱིན་པར་མཛད་པ་ཞེས་བྱ་བའི་ཚིག་འདིས་ནི་ཚེ་ཕྱི་མ་ལ་ངན་སོང་གི་སྡུག་བསྔལ་མི་འབྱུང་བ་བསྟན་ཏོ། །ཡོངས་སུ་མྱ་ངན་ལས་

འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་པ་ཞེས་བྱ་བ་འདིས་ནི་ཚེ་ཕྱི་མ་ལ་ཡང་སྲིད་པ་མི་འབྱུང་བ་བསྟན་ཏོ། །གོ་རིམས་བཞིན་དུ་ཞེས་བྱ་བ་རྒྱས་པར་བྱ་བ་ནི་ཉོན་མོངས་པ་རྣམས་ལས་གྲོལ་བར་མཛད་པའི་ཕྱིར་མ་དུལ་བ་རྣམས་དུལ་བར་མཛད་པའོ། །སྡུག་བསྔལ་ལས་
གྲོལ་བར་མཛད་པའི་ཕྱིར་མ་ཞི་བ་རྣམས་ཞི་བར་མཛད་པའོ། །ཉོན་མོངས་པ་རྣམས་དང་སྡུག་བསྔལ་ལས་གཏན་དུ་གྲོལ་བར་མཛད་པའི་ཕྱིར་དབུགས་མ་འབྱིན་པ་རྣམས་དབུགས་ཕྱིན་པར་མཛད་པའོ། །དེ་རྣམས་ཉིད་ལས་མ་ལུས་པར་གྲོལ་བར་མཛད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་
མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་པའོ། །ཕྱི་རོལ་པ་དག་ནི་གལ་ཏེ་ཉོན་མོངས་པ་རྣམས་དང་སྡུག་བསྔལ་ལས་རྣམ་པར་གྲོལ་བར་བྱེད་པ་ཡིན་ཡང་གཏན་དུ་གྲོལ་བར་བྱེད་པ་དག་མ་ཡིན་ཏེ། དེའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པའི་ཕྱིར་དང་། ཡང་
སླར་ལྡོག་པའི་ཕྱིར་རོ། །མ་ལུས་པར་གྲོལ་བར་བྱེད་པ་དག་ཀྱང་མ་ཡིན་ཏེ། སྲིད་པའི་རྩེ་མོ་པའི་ཉོན་མོངས་པ་རྣམས་ནི་དེའི་གནས་སྐབས་ཉིད་ཡིན་པའི་ཕྱིར་རོ། །ལུས་ངག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་ལུས་དང་ངག་དང་དབང་པོ་དུལ་བ་ལ་འཇོག་པར་མཛད་པའི་ཕྱིར་ཏེ། ཚུལ་
ཁྲིམས་ཀྱི་ཕུང་པོ་ལ་འཇོག་པར་མཛད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་ལ་འཇོག་པར་མཛད་པའི་ཕྱིར་དང་། བདེན་པ་མཐོང་བ་ལ་འཇོག་པར་མཛད་པའི་ཕྱིར་ནི་འཕགས་པའི་བདེན་པ་མཐོང་བ་ལ་འཇོག་པར་མཛད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཟད་པ་ལ་འཇོག་
པར་མཛད་པའི་ཕྱིར་ནི་མྱ་ངན་ལས་འདས་པ་ལ་འཇོག་པར་མཛད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདུལ་མཛད་ལ་སོགས་ཉིད་རིག་བྱ། །ཞེས་བྱ་བ་ནི་མ་དུལ་བ་རྣམས་དུལ་བར་མཛད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རྣམ་པ་གང་གིས་རིག་
བར་བྱ་ཞེ་ན། ནྱ་གྲོ་དྷའི་མདོ་བཞིན་ཏེ། ཇི་ལྟར་ནྱ་གྲོ་དྷའི་མདོ་ལས་འབྱུང་བ་ལྟ་བུའོ། །ཇི་ལྟར་ཞེ་ན། དེ་ལས་རྒྱས་པར་གསུངས་ནས། ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་དང་སྤྱོད་ལམ་ཕུན་སུམ་ཚོགས་པ་དང་ཞེས་བྱ་བ་ནས་བཟུང་

ནས། དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་ལྡན་པ་དང་། དབང་པོའི་སྒོ་བསྡམས་པ་འདིས་ཞེས་བྱ་བའི་བར་དུ་འབྱུང་བས་ལུས་དང་ངག་དང་དབང་པོ་དུལ་བ་ལ་འཇོག་པར་མཛད་པ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་མ་དུལ་བ་རྣམས་དུལ་བར་མཛད་པའོ། །འགྲོ་
བ་དང་ལྡོག་པ་ལ་ཤེས་བཞིན་དུ་གནས་པ་ཡིན། མདུན་དུ་བལྟ་བ་དང་། གཡས་གཡོན་དུ་བལྟ་བ་ནས་བཟུང་ནས། བསམ་གཏན་བཞི་པ་ཉེ་བར་རྫོགས་པར་བྱས་ཏེ་གནས་ཞེས་བྱ་བའི་བར་དུ་འབྱུང་བས་བསམ་གཏན་ལ་འཇོག་པར་མཛད་པར་རིག་པར་བྱའོ། །དེའི་ཕྱིར་མ་ཞི་བ་རྣམས་ཞི་
བར་མཛད་པའོ། །དེ་ལྟར་སེམས་མཉམ་པར་བཞག་ཅིང་ཡོངས་སུ་དག་སྟེ་ཡོངས་སུ་བྱང་ན་ཞེས་བྱ་བ་ནས་བཟུང་ནས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འདི་ནི་སྡུག་བསྔལ་འགོག་པ། འདི་ནི་
སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུ་འབྱུང་བས་བདེན་པ་མཐོང་བ་ལ་འཇོག་པར་མཛད་པ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་དབུགས་མ་ཕྱིན་པ་རྣམས་དབུགས་ཕྱིན་པར་མཛད་པ་སྟེ། ངན་འགྲོའི་
འཇིགས་པ་སེལ་བར་མཛད་པའི་ཕྱིར་རོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་ན་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞེས་བྱ་བ་ནས་བཟུང་ནས། རྣམ་པར་གྲོལ་བ་ལ་རྣམ་པར་གྲོལ་བ་ཉིད་དུ་ཡེ་ཤེས་མཐོང་བ་འབྱུང་སྟེ། བདག་
གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བའི་བར་དུ་འབྱུང་བས་སྤངས་པ་ལ་འཇོག་པར་མཛད་པ་ཡིན་པར་རིག་པར་བྱའོ། །དེའི་ཕྱིར་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་
པའོ། །དེ་ལ་བསམ་གཏན་ནི་ཤེས་བཞིན་དུ་གནས་པ་ནས་བཟུང་ནས་ཞེས་བྱ་བ་ནི་ཤེས་བཞིན་པར་གནས་པ་ནི་ཤེས་བཞིན་དུ་གནས་པ་སྟེ། དེ་ནས་ཡིན་པས་ན་ཤེས་བཞིན་དུ་གནས་པ་ནས་བཟུང་ནས་སོ། །ཇི་ལྟར་ཞེ་ན། དབང་པོའི་སྒོ་བསྡམས་པ་འདིས་འགྲོ་བ་དང་ལྡོག་པ་ལས་ཤེས་

བཞིན་དུ་གནས་པ་ཡིན་ཞེས་བྱ་བ་འདི་ནས་བཟུང་ནས་བསམ་གཏན་བཞི་དག་གི་བར་དག་ཡིན་པར་རིག་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྦྱོར་བ་དང་བཅས་པས་བཟུང་བའི་ཕྱིར་ཏེ། འདི་ལྟར་ཤེས་བཞིན་དུ་གནས་པ་ཡིན་ཞིང་གཡས་གཡོན་དུ་ལྟ་བ་དང་རྣམ་པར་ལྟ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་
སྦྱོར་བ་དང་བཅས་པའི་བསམ་གཏན་ནི་བསམ་གཏན་དག་ཏུ་བཟུང་བ་ཡིན་ནོ། །དབུགས་ཕྱིན་པ་དང་། དབུགས་མཆོག་ཏུ་ཕྱིན་པ་གཉིས་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ། དབུགས་ཕྱིན་པ་ནི་ཀུན་དུ་སྦྱོར་བ་གསུམ་པོ་དག་སྤངས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་སྟེ། མདོ་
ལས་ཇི་སྐད་འབྱུང་བ་བཞིན་ནོ། །དབུགས་མཆོག་ཏུ་ཕྱིན་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟེ་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེ་ཉིད་ཀྱིས་བསིལ་བར་གྱུར་པ་དང་། མཆོག་ཏུ་བསིལ་བར་གྱུར་པ་གཉིས་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་རྣམ་པར་དག་
པ་དེ་ཉིད་ཀྱིས་བསིལ་བར་གྱུར་པ་ཕྱིར་མི་འོང་བའི་འབྲས་བུ་ལ། རབ་ཏུ་འཇོག་པར་མཛད་པའི་ཕྱིར་དང་། ཤེས་རབ་རྣམ་པར་དག་པ་དེ་ཉིད་ཀྱིས་མཆོག་ཏུ་བསིལ་བར་གྱུར་པ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་རབ་ཏུ་འཇོག་པར་མཛད་པའི་ཕྱིར་འབྲས་བུ་འདི་གཉི་ག་ཡང་བསིལ་བར་གྱུར་པ་དང་།
མཆོག་ཏུ་བསིལ་བར་གྱུར་པ་ཡིན་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །རྒྱུ་དང་བཅས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྒྱུ་དང་བཅས་པ་ནི་རྒྱུ་དང་བཅས་པ་སྟེ། རྒྱུ་ནི་དབང་པོ་དུལ་བའོ། །བསླབ་པ་གསུམ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ལ་བསླབ་པ་གསུམ་ནི་ལྷག་པའི་ཚུལ་
ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་སྟེ། དེ་ཡོངས་སུ་རྫོགས་པ་ལ་རབ་ཏུ་རྫོགས་པར་མཛད་པ་ཉིད་དུ་བསྟན་པ་ཡིན་ནོ། །མདོ་སྡེའི་དུམ་བུ་བཞི་པ་ལས་འབྱུང་བ་ནི་དེ་བཞིན་གཤེགས་པ་ནི་ལམ་མཁྱེན་པ་ལམ་ཐུགས་སུ་ཆུད་པ་ལམ་སྟོན་པ། ལམ་གསུངས་པ་ལམ་
ཡོངས་སུ་འདྲེན་པ་ལགས་སོ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ནོ། །ཚིག་དང་པོ་གཉིས་པོ་ལམ་མཁྱེན་པ་དང་། ལམ་ཐུགས་སུ་ཆུད་པ་ཞེས་བྱ་བ་གཉིས་ཀྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ། །ལྷག་མ་གསུམ་དག་གིས་ནི་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པ་

ཡོངས་སུ་བསྟན་ཏོ། །ལམ་དང་ལམ་མ་ཡིན་པ་གཉིས་མཁྱེན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་མཁྱེན་པའི་ཕྱིར་དང་། ལམ་མ་ཡིན་པ་མཁྱེན་པའི་ཕྱིར། ལམ་དང་ལམ་མ་ཡིན་པ་གཉིས་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་དང་ལམ་མ་ཡིན་པ་
ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་རོ། །རྣམ་གྲངས་གཉིས་པར་ལམ་ཡོངས་སུ་འདྲེན་པ་ཞེས་བྱ་བའི་ཚིག་འདིའི་དོན་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་གྲངས་གཉིས་པར་ཡང་འདི་གཞན་གྱི་དོན་སྒྲུབ་པ་ཕུན་སུམ་ཚོགས་པ་ཁོ་ནར་འཆད་པས་རྣམ་པར་བཤད་པ་གཅིག་ཅིག་མཛད་
དོ། །འཇིག་ཚོགས་ཀུན་འབྱུང་བ་དང་། འགོག་པར་འགྱུར་བ་གཉིས་ཀྱི་སྒྲུབ་པ་གཉིས་ཞེས་བྱ་བ་ནི་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ལམ་དང་། འཇིག་ཚོགས་འགོག་པར་འགྱུར་བའི་ལམ་མོ། །དེ་ལ་འཇིག་ཚོགས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་སྡུག་བསྔལ་
ཡིན་ནོ། །འཇིག་ཚོགས་དེ་ཀུན་འབྱུང་བ་ན་སྐྱེ་བ་ཡིན་པས་འཇིག་ཚོགས་ཀུན་འབྱུང་བ་ཡིན་ནོ། །འདི་ལ་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ངང་ཚུལ་ཡོད་པས་འདི་ནི་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའོ། །འདི་ནི་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བ་ཡང་ཡིན་ལ་སྒྲུབ་པ་
ཡང་ཡིན་པས་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ཕྱིར་རོ། །འདིས་སྒྲུབ་པར་བྱེད་པས་སྒྲུབ་པ་ལམ་ཡིན་ཏེ། སྲིད་པའི་མཚན་ཉིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ཡིན་ནོ། །འཇིག་ཚོགས་འགོག་པར་གྱུར་པའི་སྒྲུབ་པ་ཡང་དེ་བཞིན་ཏེ། དེ་ཡང་འཕགས་པའི་ལམ་ཡན་
ལག་བརྒྱད་པ་ཡིན་ནོ། །སྒྲུབ་པ་དེ་གཉིས་ཡོངས་སུ་མཁྱེན་པའི་ཕྱིར་དང་། ཐུགས་སུ་ཆུད་པའི་ཕྱིར་དང་། ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ལམ་མཁྱེན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་གོ་རིམས་བཞིན་ནོ། །ཇི་ལྟར་ཞེ་ན། འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ལམ་ཡོངས་
སུ་མཁྱེན་པའི་ཕྱིར་ལམ་མཁྱེན་པའོ། །འཇིག་ཚོགས་འགོག་པར་འགྱུར་བའི་སྒྲུབ་པ་ཐུགས་སུ་ཆུད་པའི་ཕྱིར་མངོན་སུམ་དུ་མཛད་པ་བརྙེས་པའི་ཕྱིར་ལམ་ཐུགས་སུ་ཆུད་པ་སྟེ། ཐུགས་སུ་ཆུད་པ་ནི་བརྙེས་པའི་དོན་ཡིན་པའི་ཕྱིར་རོ། །སྒྲུབ་པ་དེ་གཉིས་གོ་རིམས་བཞིན་དུ་ཡང་དག་པར་

རབ་ཏུ་སྟོན་པའི་ཕྱིར་ཏེ། འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ལམ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ལམ་སྟོན་པའོ། །འཇིག་ཚོགས་འགོག་པར་འགྱུར་བའི་སྒྲུབ་པ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་ལམ་གསུང་བའོ། །ལམ་ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི་མཐར་ཐུག་པར་འདྲེན་
པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། ལམ་གྱི་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བས་ལམ་གྱི་མཐར་ཐུག་པར་འདྲེན་པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ཀྱི་སྦྱོར་བ་ནས་བརྩམས་ནས་མི་སློབ་པའི་ལམ་གྱི་ཁྱད་པར་རོ། །ལམ་ཉིད་དུ་ཐུགས་སུ་
ཆུད་པས་ན་ལམ་ཐུགས་སུ་ཆུད་པའོ་ཞེས་བྱ་བ་ལ། ལམ་མོ་སྙམ་པ་ནི་ལམ་ཉིད་དུ་སྟེ། དེ་བརྙེས་པས་ན་ལམ་འདི་ཁོ་ན་ཡིན་ནོ་ཞེས་དེ་ལྟར་ཐུགས་སུ་ཆུད་པ་སྟེ། དང་པོས་ནི་མཁྱེན་པ་འགའ་ཞིག་ཏུ་ཟད་ཀྱི་ལམ་མོ་སྙམ་དུ་མཁྱེན་པ་ནི་མ་ཡིན་ནོ། །བསམ་པ་ཡོངས་སུ་སྨིན་པ་རྣམས་ལ་
ཞེས་བྱ་བ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ལའོ། །རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པའི་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པས་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པར་བྱེད་པ་སྟེ། དེ་འབྱུང་བའི་རྒྱུའི་གནས་སྐབས་ཡིན་པའི་ཕྱིར་རོ། །ཡོངས་སུ་སྨིན་པར་
མཛད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་འབྱུང་བ་དང་རྗེས་སུ་མཐུན་པར་འཇོག་པར་མཛད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་འགྲོ་བའི་བར་དུ་གཅོད་པ་སེལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་ནས་འགྲོ་བའི་བར་དུ་གཅོད་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་སེལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མདོ་སྡེ་
དུམ་བུ་དང་པོ་ལས་འབྱུང་བ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ་དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱའོ་ཞེས་བྱ་བ་གང་ཡིན་པ་དེ་ཡིན་ཏེ། དུས་ཆད་པ་མེད་པ་
ཞེས་བྱ་བ་ནི་དུས་ངེས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་མཐོང་བ་རྣམས་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་མཐོང་བ་ནི་ཆོས་འདི་པ་རྣམས་སོ། །དེ་ལས་བཟློག་པའི་ཕྱིར་ནི་ཕྱིན་ཅི་ལོག་ཏུ་འཆད་པའི་ཕྱིར་དང་། དོན་མ་མཐོང་བའི་ཕྱིར་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ནི་བཟློག་

པའོ། །ཇི་སྐད་དུ་སངས་རྒྱས་ཀྱི་གསུང་ནི་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་ཉལ་བ་ན་ཡང་བྱ་སླ་བ་ཡིན་ཏེ། དེ་ཡང་ཤེས་རབ་དང་ལྡན་པ་ལ་ཡིན་ནོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །ཇི་སྐད་དུ། ངའི་ཉན་ཐོས་ཀྱི་དགེ་སློང་གཡོ་མེད་པ་སྒྱུ་མེད་པ་དྲང་པོ་དྲང་པོའི་རང་
བཞིན་ཅན་ཚུར་ཤོག་ཤིག་དང་ངས་དེ་ལ་གདམས་པར་བྱ། ངས་དེ་ལ་རྗེས་སུ་བསྟན་པར་བྱའོ། །ངས་དེ་ལ་ཆོས་བསྟན་པར་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་ལེགས་པར་གསུངས་པའོ། །དོན་མ་
མཐོང་བའི་ཕྱིར་ཡང་དག་པར་མཐོང་བ་ཡིན་གྱི་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཞིན་ནོ། །ཡང་དག་དོན་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡང་དག་དོན་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་སྟེ། ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་རོ། །དོན་ནི་མཐོང་བ་ཡང་འཕགས་
པའི་ལམ་གྱི་ཡན་ལག་བརྒྱད་པོ་སྟེ་དོན་མཐོང་བ་ཉིད་ཀྱི་ཕྱིར་རོ། །གཉེན་པོ་ཡང་དེ་ཉིད་ཡིན་ཏེ་ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོ་ཡིན་པའི་ཕྱིར་རོ། །གཏན་ཀྱང་དེ་ཉིད་ཡིན་ཏེ། ཡོངས་སུ་མི་ཉམས་པའི་ཕྱིར་རོ། །བག་ལ་ཉལ་མ་ལུས་པའི་ཡང་གཉེན་པོའོ། །འཕགས་པའི་ལམ་གྱི་ཡན་
ལག་བརྒྱད་པོ་སྟེ། སྡུག་བསྔལ་མ་ལུས་པ་ལས་ངེས་པར་འབྱུང་བ་ལ་ཉེ་བར་གཏོད་པའི་ཕྱིར་རོ། །ཐུན་མོང་མིན་དང་རྟོག་གེའི་ཡུལ་མིན་དང་། །ཞེས་བྱ་བ་ལ་ཐུན་མོང་མ་ཡིན་པ་ཡང་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་ཡིན་ཏེ། ཐུན་མོང་མ་ཡིན་པ་ཁོ་ན་ཡིན་པའི་ཕྱིར་རོ། །རྟོག་གེ་
པའི་ཡུལ་མ་ཡིན་པ་ཡང་དེ་ཉིད་ཡིན་ཏེ། །བརྟག་མི་ནུས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་ལེགས་པར་གསུངས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ།། །།རྣམ་པར་བཤད་པའི་རིགས་པའི་བཤད་པ་བམ་པོ་གསུམ་པ། རྣམ་གྲངས་གཉིས་པ་ནི་གཞན་ཡང་དེ་ནི་དུས་
ཆད་པ་མེད་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དུས་ཆད་པ་མེད་པས་བྱ་སླ་བར་རིག་པར་བྱ་སྟེ། དེ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཡིན་ནོ། །ཚུར་ཤོག་ལྟོས་ཤིག་ཅེས། སློབ་དཔོན་དཔེ་མཁྱུད་བྲལ་བ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་ཉིད་ཡིན་ནོ། །ལྷག་མ་

སྔ་མ་སྟེ་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཞིན་དུ་ཤེས་པར་བྱའོ། །ཡང་དག་པར་མཐོང་བ་ནི་མངོན་སུམ་དུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེའི་དུམ་བུ་གཉིས་པ་ལས་འབྱུང་བ་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་
ཆོས་འདུལ་བ་ནི་ལེགས་པར་བསྟན་པ། ངེས་པར་འབྱུང་བ་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ནི། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་བྱ་བ། བརྟེན་པ་ཡོད་པ་ཞེས་བྱ་བ་ནི་འདི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བ་གང་
ཡིན་པ་དེ་ཡིན་ནོ། །ཉེས་པར་བསྟན་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཉེས་པར་གདགས་པ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་མི་འབྱུང་བ་ནི་འདི་ལྟར་བྱང་ཆུབ་གསུམ་པོ་གང་ཡང་རུང་བ་ནི་ཕྱི་རོལ་པའི་ཆོས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་མི་འགྲོ་
སྟེ། དེའི་ཕྱིར་ངེས་པར་མི་འབྱུང་བ་ཡིན་ནོ། །འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མི་མཐུན་པ་ནི་མ་ཚོགས་པ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ནི་དེ་བཞིན་གཤེགས་པ་མ་ཡིན་པ་དང་དགྲ་བཅོམ་པ་མ་ཡིན་པ་དང་། ཡང་དག་པར་རྫོགས་པའི་སངས་
རྒྱས་མ་ཡིན་པའོ། །མདོར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མདོར་ན་སྐྱོན་རྣམ་པ་འདི་བཞི་བསྟན་པ་ཡིན་ཏེ། བསྟན་པའི་ཆོས་ལ་དོན་ཕྱིན་ཅི་ལོག་པ་ཉིད་ཀྱི་སྐྱོན་ནི་བསྟན་པའི་ཆོས་ནི་དེ་དག་གི་ཆོས་ཀྱི་བསྟན་བཅོས་གྲངས་ཅན་གྱི་རྣལ་འབྱོར་ཤེས་པ་ལ་སོགས་པ་སྟེ། བསྟན་པའི་ཆོས་དེ་
ནི་ཉེས་པར་བསྟན་པ་ཉིད་ཀྱིས་དོན་ཕྱིན་ཅི་ལོག་པ་ཉིད་ཀྱི་སྐྱོན་ཡོངས་སུ་བསྟན་ཏོ། །སྒྲུབ་པའི་ཆོས་ལ་མྱ་ངན་ལས་འདས་པར་མི་འགྲོ་བ་ཉིད་ཀྱི་སྐྱོན་ནི་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ཡོངས་སུ་བསྟན་པ་ཡིན་ཏེ། སྒྲུབ་པའི་ཆོས་ཀྱང་དེ་དག་གིས་འཇིག་རྟེན་པའི་ལམ་ཡིན་ཏེ་
ངེས་སོ། །ཉན་པ་པོ་རྣམས་ལ་བློ་དུ་མ་དང་ལྡན་པ་ཉིད་ཀྱི་སྐྱོན་ནི་འདུས་པ་དང་མི་ལྡན་པ་ཉིད་ཀྱིས་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟར་དེ་དག་ལས་ཁ་ཅིག་ནི་ཐར་པའི་ཐབས་ལ་ཚིག་གི་དོན་དྲུག་ཡོངས་སུ་ཤེས་པ་ལ་སོགས་པའི་བསྟན་བཅོས་ཡིན་ནོ་ཞེས་སྟོན་པར་བྱེད་པས་སོ། །སྟོན་པ་ལ་ཐེ་ཚོམ་

ཐམས་ཅད་གཅོད་མི་ནུས་པའི་སྐྱོན་ནི་སྟོན་པ་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལྟར་གཞན་གྱི་བསྟན་བཅོས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་དུ་བཤད་པའི་རྣམ་གྲངས་གཉིས་པོ་དེ་ལྟར་རོ། །འདི་ལས་ཕྱི་
རོལ་པ་གཞན་གྱི་བསྟན་བཅོས་ནི་རྣམ་གྲངས་དང་པོ་ཉེས་པར་བཤད་པ་ཉིད་དང་། ངེས་པར་མི་འབྱུང་བ་ཉིད་ཀྱི་སྐྱོན་དང་ལྡན་པ་ཡིན་ནོ། །སློབ་མ་རྣམས་ནི་མི་མཐུན་པ་ཉིད་ཀྱི་སྐྱོན་དང་ལྡན་པ་ཡིན་ནོ། །སྟོན་པ་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱི་སྐྱོན་དང་ལྡན་པ་ཡིན་ནོ། །
གཉིས་པས་ཀྱང་གཞན་གྱི་བསྟན་བཅོས་སྐྱོན་དང་ལྡན་པ་ཡིན་ཏེ། འདི་ལྟར། ཚིག་འབྲུ་བཟང་མིན་དོན་བཟང་མིན། །གྲོལ་དང་རིག་པའི་ཐབས་མ་ཡིན། །སྔ་མ་ཕྱི་མའི་འགལ་བ་ཡིན་པའི་ཕྱིར་རོ། །སློབ་མ་ཡང་སྐྱོན་དང་ལྡན་པ་ཡིན་ཏེ། འདི་ལྟར་གཞན་གྱི་ཆོས་འདུལ་བ་ལ་དེ་
དག་འདུལ་བར་བྱེད་པའི་ཆོས་འདུལ་བ་དེ་ནི་བསྡུ་བ་བཞིས་སྤངས་པ་ཡིན་ཏེ། བསྡུ་བའི་དངོས་པོ་བཞི་རྣམས་ཀྱིས་སྤངས་ཞེས་བྱ་བའི་ཐ་ཚིག་གོ། །བསྡུ་བའི་དངོས་པོ་བཞི་པོ་དེ་དག་ཀྱང་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་སྟེ་མདོ་ལས་ཇི་སྐད་འབྱུང་བ་
ལྟ་བུའོ། །དེ་བས་ན་དེས་མ་བསྡུས་པའི་ཕྱིར་སྐྱོན་སྟོན་པ་ཡིན་ནོ། །དེ་དག་གི་ཆོས་འདུལ་བ་དེ་ནི་བརྟན་པ་བཞི་དག་གིས་སྤངས་པའི་ཕྱིར་ཡང་དེ་དག་སྐྱོན་དང་ལྡན་པ་ཡིན་ནོ། །བརྟན་པར་བྱ་བ་ནས་བརྟན་པ་སྟེ་རྟོན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཀྱང་ཆོས་ལ་རྟོན་པ་ཡིན་གྱི་གང་ཟག་ལ་མ་ཡིན་
པ་དང་། དོན་ལ་རྟོན་པ་ཡིན་གྱི་ཚིག་འབྲུ་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཡིན་གྱི་བཀྲི་བའི་དོན་ལ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པ་ཡིན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པའོ། །དེའི་ཕྱིར་དེ་ལ་རྟོན་པ་མེད་པའི་ཕྱིར་ལྟ་བ་ཕྱིན་ཅི་ལོག་དེ་ལ་བརྟེན་པས་ན་སློབ་མ་དེ་དག་ནི་སྐྱོན་དང་
ལྡན་པ་ཡིན་ནོ། །གཞན་གྱི་རྟོན་པ་ཡང་སྐྱོན་དང་ལྡན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་སྨྲ་བ་ཉིད་ཕུན་སུམ་ཚོགས་པ་མེད་པའི་ཕྱིར་རོ། །ཆོས་འདུལ་བ་འདི་ནི་དེ་ལས་བཟློག་པས་སྐྱོན་མེད་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་རྣམ་གྲངས་དང་པོ་ལས་ཉེས་པར་བསྟན་པ་ཉིད་ཀྱིས་ཉེས་པར་བཤད་

པ་ཡིན་ནོ་ཞེས་བྱ་བ་འདི་ལས་བཟློག་པ་ནི་ལེགས་པར་གསུངས་པ་དང་། ལེགས་པར་བསྟན་པ་ཡིན་ནོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་མི་འགྱུར་བ་ཉིད་ཀྱིས་ངེས་པར་མི་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདི་ལས་བཟློག་པ་ནི་ངེས་པར་འབྱུང་བ་དང་། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པའོ། །
འདུས་པ་དང་མི་ལྡན་པ་ཉིད་ཀྱིས་མི་མཐུན་པ་ཡིན་ཞེས་བྱ་བ་འདི་ལས་བཟློག་པ་ནི་མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ་ཞེས་བྱའོ། །སྟོན་པ་དེ་བཞིན་གཤེགས་པ་ལ་སོགས་པ་མ་ཡིན་པ་ཉིད་ཀྱིས་བརྟེན་པ་མེད་པ་ཡིན་ཞེས་བྱ་བ་འདི་ལས་བཟློག་པ་ནི་བརྟེན་པ་ཡོད་པ་ཞེས་བྱ་བ་དང་། འདི་སྟོན་
པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །མདོར་ན་སྐྱོན་རྣམ་པ་འདི་བཞི་བསྟན་པ་ཡིན་ཏེ་ཞེས་བྱ་བ་འདི་ལས་བཟློག་པ་ནི་མདོར་ན་ཡོན་ཏན་རྣམ་པ་བཞི་བསྟན་པ་ཡིན་ཏེ། བསྟན་པའི་ཆོས་ལ་དོན་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཡོན་ཏན་དང་། སྒྲུབ་པའི་ཆོས་
ལ་མྱ་ངན་ལས་འདས་པར་འགྲོ་བ་ཉིད་ཀྱི་ཡོན་ཏན་དང་། ཉན་ཐོས་རྣམས་ལ་བློ་མཐུན་པ་ཉིད་ཀྱི་ཡོན་ཏན་དང་སྟོན་པ་ལ་ཐེ་ཚོམ་ཐམས་ཅད་གཅོད་པའི་ཡོན་ཏན་ནོ། །དེ་ལྟ་བུ་ནི་རེ་ཞིག་རྣམ་གྲངས་དང་པོ་ལས་བཟློག་པ་ཡིན་ནོ། །གཉིས་པ་ལས་ཀྱང་ཚིག་འབྲུ་བཟང་མིན་ཞེས་བྱ་བ་འདི་ལས་
བཟློག་པ་ནི་ལེགས་པར་གསུངས་པའོ། །དོན་བཟང་མིན་ཞེས་བྱ་བ་འདི་ལས་བཟློག་པ་ནི་ལེགས་པར་བསྟན་པའོ། །གྲོལ་དང་རིག་པའི་ཐབས་མ་ཡིན། །ཞེས་བྱ་བ་འདི་ལས་བཟློག་པ་ནི་ངེས་པར་འབྱུང་བ་དང་། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བའོ། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་
བ་ཉིད་དེ་རྣམ་པར་གྲོལ་བ་འདུས་མ་བྱས་སོ། །ཆོས་འདུལ་བ་འདི་ལ་དགོས་པ་ངེས་པར་འབྱུང་བ་དེ་ཡོད་པས་འདི་ནི་ངེས་པར་འབྱུང་བའོ། །དེ་ལྟར་ན་བཟློག་ན་རྣམ་པར་གྲོལ་བའི་ཐབས་ཡིན་ནོ། །རྫོགས་པའི་བྱང་ཆུབ་ཀྱང་ཟད་པ་མཁྱེན་པ་དང་མི་སྐྱེ་བ་མཁྱེན་པ་ཡིན་ཏེ། དེ་ཉིད་རིག་པ་ཞེས་
བྱའོ། །རྫོགས་པའི་བྱང་ཆུབ་དེར་འགྲོ་བར་བྱེད་པས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་སྟེ། དེ་བཟློག་ན་རིག་པའི་ཐབས་ཀྱང་ཡིན་ནོ། །སྔ་མ་ཕྱི་མ་འགལ་བ་ཡིན། །ཞེས་བྱ་བ་འདི་ལས་བཟློག་པ་ནི་མི་མཐུན་པ་མེད་ཅིང་བློ་གཅིག་པ་ཡིན་པའི་ཕྱིར་རོ། །བསྡུ་བ་བཞི་སྤངས་པ་འདི་ལས་

བཟློག་པ་ནི་འདུས་པ་དང་ལྡན་པ་ཞེས་བྱའོ། །བརྟན་པ་བཞི་དག་སྤངས་པ་ཞེས་བྱ་བ་འདི་ལས་བཟློག་པ་ནི་བརྟེན་པ་ཡོད་པ་ཞེས་བྱའོ། །སྟོན་པ་བཟློག་པ་ནི་འདི་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཆོས་འདུལ་བ་
ཞེས་བྱ་བའི་དོན་ནི་རིགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་ཆོས་དང་འདུལ་བའི་དོན་བཤད་པ་དེ་ལྟར་རོ། །སངས་རྒྱས་ཀྱི་བསྟན་པ་ནི་ཡང་དག་པའི་ཡེ་ཤེས་འདྲེན་པ་ཉིད་ཡིན་པར་བསྟན་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པ་
ཉིད་ཀྱིས་རིགས་པ་ཡིན་པའི་ཕྱིར་ཆོས་ཞེས་བྱ་བས་སོ། །སྤངས་པ་འདྲེན་པ་ཉིད་ཡིན་པར་བསྟན་པ་ནི་ཉོན་མོངས་པ་འདུལ་བའི་ཕྱིར་འདུལ་བའོ་ཞེས་བྱ་བས་སོ། །མདོ་སྡེ་དུམ་བུ་གསུམ་པ་ལས་འབྱུང་བ་ནི་དགེ་སློང་དག་ངའི་ཆོས་ནི་ལེགས་པར་གསུངས་པ། གསལ་བ། ཕྱེ་བ། རྒྱུ་བ་
བཅད་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་ཞེས་བྱ་བ་གང་ཡིན་པ་དེ་ཡིན་པའོ། །རྣམ་པ་དྲུག་གིས་ཆོས་ཀྱི་ཡོན་ཏན་ཡོངས་སུ་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་ཚུལ་དྲུག་གིས་ཡོངས་སུ་བསྟན་པ་ཡིན་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་འོས་པའི་འདུལ་བ་ལ་བསྟན་པ་ཉིད་
ཅེས་བྱ་བ་ལ་ཇི་ལྟར་འོས་པའི་འདུལ་བ་རྣམས་ལ་བསྟན་པ་ནི་ཇི་ལྟར་འོས་པའི་འདུལ་བ་ལ་བསྟན་པའོ། །དེའི་དངོས་པོ་ཉིད་ནི་དེ་འདོད་ཆགས་སྤྱོད་པ་གང་ཡིན་པ་དེ་ལ་ནི་མི་སྡུག་པ་ཁོ་ན་བསྟན་གྱི། བྱམས་པ་ལ་སོགས་པ་བསྟན་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །བདེ་བར་
འཇུག་པ་ཉིད་ནི་གསལ་བ་ཉིད་ཀྱིས་ཡིན་ཏེ་གསལ་བ་ཞེས་བྱ་བའོ། །ཕྱེ་བ་ཉིད་ཀྱིས་ཀྱང་བདེ་བར་འཇུག་པ་འདི་ཡིན་པ་ནི་ཕྱེ་བའོ་ཞེས་བྱའོ། །ལྷག་མ་གསུམ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ལྷག་མ་གསུམ་གང་ཞེ་ན། ལྷ་དང་མིས་ཡང་དག་པར་བཟུང་བ་ཉིད་དང་། ཇི་ལྟར་འོས་པ་ལ་
གདུལ་བ་ལ་བསྟན་པ་ཉིད་དང་། སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྒྱུན་དུ་བསྟན་པ་ཉིད་ཀྱིས་ཏེ། ལྷག་མ་འདི་གསུམ་ནི་གོ་རིམས་བཞིན་དུ་ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་པ་ལས་རིག་པར་བྱའོ། །ཇི་ལྟར་ཞེ་ན་ལྷ་དང་མིས་ཡང་དག་པར་བཟུང་བ་ཉིད་ནི་ལྷ་དང་མིའི་བར་

དག་ལ་ཞེས་བྱ་བ་ལས་རིག་པར་བྱ་སྟེ། ཡང་དག་པར་ཤིན་ཏུ་བསྟན་པའི་ཕྱིར་རོ། །ཇི་ལྟར་འོས་པའི་གདུལ་བྱ་ལ་བསྟན་པ་ཉིད་ནི་ཡང་དག་པར་བསྟན་པ་ལས་རིག་པར་བྱའོ། །སློབ་དཔོན་གྱི་དཔེ་མཁྱུད་མེད་པར་རྒྱུན་དུ་བསྟན་པ་ཉིད་ནི་ཤིན་ཏུ་བསྟན་པ་ལས་རིག་པར་བྱའོ། །དེ་ཉིད་དོན་
ནི་ལེགས་གསུངས་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ཉིད་དོན་ནི་ལེགས་གསུངས་ཕྱིར་ནི་ལེགས་པར་གསུངས་པའོ། །བདེ་བར་འཇུག་ཕྱིར་ནི་གསལ་བ་དང་ཕྱེ་བའོ། །བླ་མེད་ཕྱིར་ནི་རྒྱུ་བ་བཅད་པའོ། །རབ་ཏུ་བཟུང་ཕྱིར་ནི་ལྷ་དང་མིའི་བར་དག་ལའོ། །ཇི་ལྟར་འོས། མ་ལུས་པར་
ནི་བསྟན་ཕྱིར་རོ་ནི་ཡང་དག་པར་ཤིན་ཏུ་བསྟན་པའོ། །འདི་ལས་བཟློག་པའི་ཕྱིར་ཏེ་ཞེས་བྱ་བ་ལ། བཟློག་པ་ནི་ཕྱི་རོལ་པ་དག་གི་ཆོས་ནི་མི་གསལ་བ་དང་། མ་ཕྱེ་བའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་རིགས་པར་
ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཆོས་དང་རྗེས་སུ་མཐུན་པར་སྤྱོད་པའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །འདིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུ་འདིས་སོ། །ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ནས་དགེ་སྦྱོང་གི་ཚུལ་བསྟན་པ་ལས་བརྩམས་ནས་ལེགས་
པར་ཞུགས་པ་ཉིད་ཀྱི་བར་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་ཉིད་དུ་སྟོན་ཏོ། །བརྩམས་ནས་ནི་དབང་དུ་བྱས་ནས་དང་། ཆེད་དུ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་པའི་ཆོས་ནི་བླ་ན་མེད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་བླ་ན་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །
ངེས་པའི་ཚིག་ཏུ་ན་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ནའོ། །གནས་པར་བྱ་བ་ནི་རྟེན་ཞེས་བྱ་བའི་ཐ་ཚིག་གོ། །མཐུན་པ་ཞེས་བྱ་བ་ནི་ཡང་དག་པའི་རང་བཞིན་དུ་གྱུར་པས་ན་ཡང་དག་པའི་རང་བཞིན་ཡིན་ཏེ་མཐུན་པའོ། །བྱམས་པའི་ལུས་ལ་སོགས་པའི་ལས་ཀྱིས་ཞེས་བྱ་བ་ནི་དགེ་བའི་
ལུས་དང་ངག་དང་ཡིད་ཀྱི་ལུས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །ལོངས་སྤྱོད་དང་ཚུལ་ཁྲིམས་དང་ལྟ་བ་མཐུན་པ་ཉིད་ཀྱིས་ཀྱང་ཡང་དག་པའི་རང་བཞིན་ནོ། །དེ་ལ་ལོངས་སྤྱོད་མཐུན་པ་ཉིད་ནི་ཟང་ཟིང་ངོ་། །ཚུལ་ཁྲིམས་མཐུན་པ་ཉིད་ནི་ཚུལ་ཁྲིམས་སོ། །ལྟ་བ་མཐུན་པ་ཉིད་ནི་ལྟ་བའོ། །རྣམ་གྲངས་

གཞན་ཡང་དོན་གྱི་མཆོག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་དོན་གྱི་མཆོག་སྒྲུབ་པ་ལས་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་པ་ནི་རིགས་པར་ཞུགས་པ་ཞེས་བྱ་བའི་ཚིག་འདིས་སོ། །ཕྱིན་ཅི་མ་ལོག་པར་སྒྲུབ་པ་ལས་བརྩམས་ནས་ལེགས་པར་ཞུགས་པ་
ཉིད་དུ་སྟོན་པ་ནི་དྲང་པོར་ཞུགས་པ་ཞེས་བྱ་བའི་ཚིག་འདིས་སོ། །ཐ་མི་དད་པར་སྒྲུབ་པ་ལས་བརྩམས་ནས་ལེགས་པར་ཞུགས་པ་ཉིད་དུ་སྟོན་པ་ནི་མཐུན་པར་ཞུགས་པ་ཞེས་བྱ་བའི་ཚིག་འདིས་སོ། །ཇི་ལྟར་རྗེས་སུ་བསྟན་པ་བཞིན་སྒྲུབ་པ་ལས་བརྩམས་ནས་ལེགས་པར་ཞུགས་
པ་ཉིད་དུ་སྟོན་པ་ནི་ཆོས་དང་རྗེས་སུ་མཐུན་པར་སྤྱོད་པ་ཞེས་བྱ་བའི་ཚིག་འདིས་སོ། །དགེ་སློང་གང་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན། ཁོང་མྱགས་པ། འཛག་པ། ཤིང་རུལ་ལྟ་བུ། བོང་བུ་ལྟར་ཀུན་དུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་
པར་སྤྱོད་པ་ཅན་མ་ཡིན་པར་ཚངས་པར་སྤྱོད་པ་ཅན་དུ་ཁས་འཆེ་བ་དེ་ནི་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །སྡིག་པའི་ཆོས་ཅན་ནི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཆུད་གཟོན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྲེལ་མེད་པ་ནི་སྡིག་པ་ཡིན་པས་སོ། །དེ་ཀུན་དུ་སྤྱོད་པ་མི་སྤོང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་
སྡིག་པ་ཀུན་དུ་སྤྱོད་པ་མི་སྤོང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིང་རུལ་ནི་ཤིང་རུལ་པའོ། །ཇི་སྐད་དུ་ལུང་བོང་གི་མདོ་ལས་གསུངས་པ་ལྟ་བུ་ནི་དགེ་སློང་དག་དཔེར་ན་ལུང་བོང་ནི་བ་ལང་གི་ཚོགས་ཆེན་པོའི་ཕྱི་བཞིན་འབྲང་ཞིང་ང་ཡང་བ་ལང་ཡིན་ནོ། །ང་ཡང་བ་ལང་ཡིན་ནོ་
སྙམ་མོད་ཀྱི། དེ་ལ་ཇི་ལྟར་བ་ལང་ལྟ་བུའི་ཆུ་ཞེང་གབ་པ་མེད་ཅིང་། ཇི་ལྟར་བ་ལང་ལྟ་བུའི་ཁ་དོག་བཟང་པོ་ཡང་མེད་ལ། ཇི་ལྟར་བ་ལང་ལྟ་བུའི་སྐད་ཀྱི་ང་རོ་ཡང་མེད་དོ། །དགེ་སློང་དག་དེ་བཞིན་དུ་འདི་ན་སྐྱེས་བུ་གཏི་མུག་ཅན་ཁ་ཅིག་དགེ་སློང་གི་དགེ་འདུན་ཆེན་པོའི་ཕྱི་བཞིན་འབྲང་
ཞིང་ང་ཡང་དགེ་སློང་ངོ་། །ང་ཡང་དགེ་སློང་ངོ་སྙམ་མོད་ཀྱི། དེ་ནི་དུས་དུས་སུ་མོས་པ་རྒྱ་ཆེན་པོ་ཡང་མེད་ཅིང་། དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་མི་སློབ་བོ། །དགེ་སློང་དག་གཞན་ཡང་སྐྱེས་བུ་གཏི་མུག་ཅན་དེ་

ནི་དགེ་སློང་གི་དགེ་འདུན་ཆེན་པོའི་ཕྱི་བཞིན་འབྲང་ཡང་འོན་ཀྱང་དེ་ནི་དགེ་སློང་གི་དགེ་འདུན་ལས་རིང་བ་ཡིན་ལ། དགེ་སློང་གི་དགེ་འདུན་ཡང་དེ་ལས་རིང་བ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །དོན་དམ་པའི་དགེ་སྦྱོང་གི་ཚུལ་ཁས་འཆེ་བའི་ཕྱིར་ཞེས་བྱ་བ་ནི་དོན་དམ་པར་དགེ་སྦྱོང་གི་ཚུལ་ཡིན་པ་
ནི་དོན་དམ་པའི་དགེ་སྦྱོང་གི་ཚུལ་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེ་ཁས་འཆེ་བའི་ཕྱིར་རོ། །འབྲས་བུ་གང་ཡང་རུང་བ་ཡང་ཁས་འཆེས་པ་ཡིན་ཏེ། དེའི་ཕྱིར་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བའོ། །དེའི་ཕྱིར་བོང་བུ་ལྟར་ཀུན་དུ་སྤྱོད་པའོ། །འཁྲིག་པ་སྤོང་པ་
ཁས་འཆེ་བའི་ཕྱིར་ནི་ཚངས་པར་སྤྱོད་པ་ཅན་མ་ཡིན་པར་ཚངས་པར་སྤྱོད་པ་ཅན་དུ་ཁས་འཆེ་བ་སྟེ། དེའི་ཕྱིར་ཡང་བོང་བུ་ལྟ་བུར་ཀུན་དུ་སྤྱོད་པའོ། །སྦྱོར་བ་ལོག་པའི་སྐྱོན་ནི་ཚུལ་ཁྲིམས་འཆལ་བ་ཞེས་བྱ་བའི་ཚིག་འདིས་ཡོངས་སུ་བསྟན་ཏོ། །བསམ་པ་ལོག་པའི་སྐྱོན་ནི་སྡིག་པའི་ཆོས་
ཅན་ཞེས་བྱ་བ་འདིས་སོ། །ཁ་ན་མ་ཐོ་བ་དེ་ལས་མི་ལྡང་བའི་སྐྱོན་ནི་ཁོང་མྱགས་པ་ཞེས་བྱ་བ་འདིས་སོ། །ཐལ་བའི་སྐྱོན་ནི་འཛག་པ་ཞེས་བྱ་བ་འདིས་སོ། །རྟོགས་པའི་སྐལ་པ་མེད་པ་ཉིད་ཀྱི་སྐྱོན་ནི་ཤིང་རུལ་ལྟ་བུ་ཞེས་བྱ་བ་འདིས་སོ། །ལོག་པར་འཚོ་བའི་སྐྱོན་ནི་བོང་བུ་ལྟར་ཀུན་དུ་སྤྱོད་པ་
ནས། ཚངས་པར་སྤྱོད་པ་ཅན་མ་ཡིན་པར་ཚངས་པར་སྤྱོད་པ་ཅན་དུ་ཁས་འཆེ་བ་ཞེས་བྱ་བའི་ཚིག་འདིའི་བར་གྱིས་ཡོངས་སུ་བསྟན་ཏོ། །ཁོང་མྱགས་པ་ནི་རྟོག་པ་མི་ཟད་པ་སྦྲང་རྐྱག་ལ་གནས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་སྐད་དུ་མདོ་ལས་ཇི་ལྟར་ན། སྦྲང་རྐྱག་མི་སེལ་བ་ཡིན་ཞེ་ན།
འདོད་པ་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་ལེན་པར་བྱེད། མི་སྤོང་བར་བྱེད། སེལ་བར་མི་བྱེད། མཐར་མི་བྱེད། གནོད་སེམས་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་ལེན་པར་བྱེད་པ་ནས། མཐར་མི་བྱེད་པའི་བར་དེ་ལྟ་བུ་ནི་སྦྲང་རྐྱག་སེལ་བར་མི་བྱེད་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །རྣམ་
གྲངས་འདིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཁོང་མྱགས་པ་ཞེས་བྱ་བ་འདི་དང་། འཛག་པ་ཞེས་བྱ་བ་ཚིག་འདི་གཉིས་ཀྱི་རྣམ་གྲངས་འདིས་ནི་མདོ་སྡེའི་དུམ་བུ་འདིའི་བསྡུས་པའི་དོན་གཞན་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ཏེ། གང་ཞེ་ན། ལོག་པ་རྣམ་པ་དྲུག་ཡོངས་སུ་བསྟན་པ་ཡིན་ཏེ།

སྦྱོར་བ་ལོག་པ་ནི་ཚུལ་ཁྲིམས་འཆལ་བ་ཉིད་ཀྱིས་སོ། །བསམ་པ་ལོག་པ་ནི་སྡིག་པའི་ཆོས་ཅན་ཉིད་ཀྱིས་སོ། །གནས་པ་ལོག་པ་ནི་ཁོང་མྱགས་ཉིད་ཀྱིས་ཏེ། གནས་པ་ནི་ནམ་གྱི་ཆ་སྟོད་ལ་སོགས་པ་དག་ཏུ་སྤྱོད་ལམ་ལ་རྣམ་པར་རྟོག་པའོ། །རྒྱུ་བ་ལོག་པ་ནི་འཛག་
པ་ཉིད་ཀྱིས་ཏེ། རྒྱུ་བ་ཡང་བསོད་སྙོམས་ཀྱི་ཆེད་དུ་ཁྱིམ་དུ་འགྲོ་བ་སྟེ། དེ་ལོག་པ་ནི་དབང་པོ་རྣམས་ཀྱི་སྒོ་མ་བསྡམས་པ་ཉིད་དོ། །སྐལ་བ་ལོག་པ་ནི་ཤིང་རུལ་ལྟ་བུ་ཉིད་ཀྱིས་སོ། །འཚོ་བ་ལོག་པ་ནི་བོང་བུ་ལྟར་ཀུན་དུ་སྤྱོད་པ་ཉིད་ཀྱིས་ཏེ། སྡིག་པ་འདོད་པ་ལ་བརྟེན་ནས་དོན་དམ་པའི་
དགེ་སྦྱོང་གི་ཚུལ་ཁས་འཆེ་བའི་ཕྱིར་རམ། འཁྲིག་པ་སྤོང་བ་ཁས་འཆེ་བའི་ཕྱིར་རོ། །བཙུན་པ་བདག་ཅག་རེས་འགའ་ནི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་སོ། །རེས་འགའ་ནི་ཉེ་བར་མི་གནས་སོ། །རེས་འགའ་ནི་ཆོ་འཕྲུལ་གྱི་ཕྱོགས་ལ་མི་ཉལ་བར་བརྩོན་
ནོ། །རེས་འགའ་ནི་མི་ཉལ་བར་མི་བརྩོན་ནོ། །གཽ་ཏ་མ་དག་ཁྱེད་ནི་སྐྱེ་དགུ་ཉོན་མོངས་པ་ཅན། སྡུག་བསྔལ་ཅན། མྱ་ངན་ཅན། འཁྲུགས་པ་ཅན་ཡིན་ན། ཁྱེད་ཅག་ལ་རྙེད་པ་དག་ནི་ཅི་དག་ཡོད་དེ། ལེགས་པར་རྙེད་པ་དག་ནི་ཅི་དག་ཡོད་ན། རེས་འགའ་ནི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་
གནས་ལ་ཉེ་བར་གནས། རེས་འགའ་ནི་ཉེ་བར་མི་གནས་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །མི་ལ་སོགས་པ་རྙེད་པའི་སོགས་པའི་སྒྲས་ནི་ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་རྣམས་མ་ཚང་བ་མེད་པ་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཉོན་མོངས་པ་ལ་སོགས་པ་ཅན་ཉིད་ཀྱིས་
ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སོགས་པའི་སྒྲས་ནི་སྡུག་བསྔལ་ཅན་དང་། མྱ་ངན་ཅན་དང་། འཁྲུགས་པ་ཅན་ནོ། །སྡུག་བསྔལ་གྱི་རྒྱུ་ལ་ནི་ཉོན་མོངས་པ་ཅན་ཉིད་ཀྱིས་སོ། །སྡུག་བསྔལ་ལ་ནི་སྡུག་བསྔལ་ཅན་ཉིད་དང་། མྱ་ངན་ཅན་ཉིད་དང་། འཁྲུགས་པ་ཅན་ཉིད་ཀྱིས་སྐྱེ་དགུ་
གནས་པར་སྟོན་ཏོ། །ཇི་ལྟར་ཕལ་ཆེར་ཐམས་ཅད་ཆོམ་རྐུན་དུ་གྱུར་ཏོ་ཞེས་བྱ་བ་ནི་ཆོམ་རྐུན་ཕལ་ཆེ་བ་ཉིད་ཀྱི་ཕྱིར་རོ། །འཁྲུགས་པ་ནི་ཡིད་མི་བདེ་བ་སྟེ་དེའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བའི་ཕྱིར་སྐྱེ་དགུ་དེ་ནི་དུས་གསུམ་དག་ཏུ་སྡུག་བསྔལ་ལ་སོགས་པ་ཅན་ཡིན་ཏེ།

དུས་གསུམ་པོ་གང་དག་ཏུ་ཞེ་ན། མི་སྡུག་པའི་དངོས་པོ་དང་ཕྲད་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཉོན་མོངས་པ་ཅན་ནི་དུས་དེ་དག་གསུམ་ཆར་ལ་ཁོང་ཁྲོ་བ་སྟེ། མི་སྡུག་པའི་དངོས་པོ་དང་ཕྲད་པ་དང་། སྡུག་པའི་དངོས་པོ་དང་བྲལ་བ་དང་། སྡུག་པའི་དངོས་པོ་དང་མི་ལྡན་པའོ། །སྡུག་
པའི་དངོས་པོ་དང་ཕྲད་པ་ལ་འདོད་ཆགས་པས་ཀྱང་ཉོན་མོངས་པ་ཅན་ནོ། །སྡུག་བསྔལ་ལ་སོགས་པ་ཅན་དང་གོ་རིམས་བཞིན་དུ་རིག་པར་བྱ་སྟེ། ཇི་ལྟར་ཞེ་ན། དབུལ་བ་ནི་སྡུག་བསྔལ་ཅན་ནོ། །ཕྱུག་པ་ནི་མྱ་ངན་ཅན་ནོ། །འབྲིང་ནི་འཁྲུགས་པ་ཅན་ནོ། །ཇི་ལྟར་བྱས་པས་ཤེ་ན། འཚོ་བས་ཕོངས་
པས་ནི་དབུལ་བ་སྡུག་བསྔལ་ཅན་ནོ། །རྒུད་པ་དེས་དོགས་པས་ནི་འབྱོར་པ་མྱ་ངན་ཅན་ནོ་རྒུད་པ་དང་དོགས་པའོ། །དེས་ཀྱི་སྒྲས་ནི་རྒུད་པ་ཁོ་ན་དང་སྦྱར་རོ། །རྒུད་པ་དང་དེས་དོགས་པ་དེ་གཉིས་ཀྱིས་ན་རྒུད་པ་དང་དེས་དོགས་པས་སོ། །ཚེགས་ཆེན་པོས་འཚོ་བ་འབྱོར་པས་ནི་འབྲིང་འཁྲུགས་པ་ཅན་
ནོ། །ཚེགས་ཆེན་པོས་འཚོ་བ་འབྱོར་པ་ནི་ཚེགས་ཆེན་པོས་འཚོ་བ་འབྱོར་པའོ། །ཚེགས་ཆེན་པོས་འཚོ་བ་འབྱོར་པས་ན་ཚེགས་ཆེན་པོས་འཚོ་བ་འབྱོར་པས་སོ། །དེ་ལྟར་ན་གོ་རིམས་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་མིག་རོ་མྱོང་བར་བྱེད་པ་དེ་དག་ནི་དགེ་སྦྱོང་ངམ་བྲམ་ཟེ་བདུད་
སྡིག་འདོད་ཀྱི་དབང་དུ་ཤས་ཀྱིས་སོང་བ་དང་། དབང་དུ་སོང་བ་དང་། ལག་ཏུ་སོང་བ་དང་། བདུད་ཀྱི་ཅི་འདོད་དགུར་བྱ་བ་དང་། བདུད་ཀྱི་འཆིང་བ་དག་གིས་བཅིངས་པ་དང་། བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་མ་གྲོལ་བ་ཞེས་བྱའོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ཡང་དེ་བཞིན་ནོ་
ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །དེ་དང་དུ་ལེན་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་དུ་ལེན་པའི་ཕྱིར་རོ། །དེའི་དབང་གིས་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་གིས་སོ། །དེས་མི་འཛེམ་པའི་ཕྱིར་ཞེས་བྱ་བ་ནི་ལས་དེས་མི་འཛེམ་པའི་ཕྱིར་རོ། །གནས་སྐབས་དེ་ཐམས་ཅད་དུ་ཞེས་བྱ་བ་ནི་དེ་བདུད་ཀྱིས་
འཆིང་བ་དག་གིས་ཉོན་མོངས་པ་ཀུན་དུ་སྤྱོད་པའི་གནས་སྐབས་དང་། དེ་དང་དུ་ལེན་པའི་གནས་སྐབས་དང་། དེའི་དབང་གིས་ལས་ཀུན་ནས་སློང་བར་བྱེད་པའི་གནས་སུ་བཅིངས་པའོ། །མངོན་སུམ་དུ་གྱུར་པ་ཡིན་ཡང་ཞེས་བྱ་བ་ནི་ཉོན་མོངས་པ་ཀུན་དུ་སྤྱོད་པ་ལ་སོགས་པའི་གནས་སྐབས་དག་གོ། །

ཐམས་ཅད་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་ལ་རྣམ་པ་ཉོན་མོངས་པར་ཀུན་དུ་སྤྱོད་པ་ལ་སོགས་པའི་རྣམ་པ་ཐམས་ཅད་འབྱུང་བ་མ་ཡིན་གྱི་མིག་རོ་མྱོང་བར་བྱེད་པ་དག་ལ་དེ་འབྱུང་བའི་ཕྱིར་ནི་ཉོན་མོངས་པ་ཀུན་དུ་སྤྱོད་པ་ལ་སོགས་པ་འབྱུང་བའི་ཕྱིར། ལ་ལ་
ཞེས་བྱ་བ་གསུངས་པ་ཡིན་ནོ། །བཅིངས་པ་ཉིད་ཀྱི་རྒྱུས་འཁོར་བ་ལས་སྐྱོ་བར་བྱ་བའི་ཕྱིར་རོ། །མདོར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོར་ན་མདོ་སྡེའི་དུམ་བུ་འདིར་ཉོན་མོངས་པའི་རྟེན་གྱི་དབྱེ་བ་དང་། དམིགས་པའི་དབྱེ་བ་དང་། རང་བཞིན་གྱི་དབྱེ་བ་དང་། གནས་སྐབས་ཀྱི་དབྱེ་བ་ལས་ཉེས་
དམིགས་བསྟན་པ་ནི་དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་མིག་རོ་མྱོང་བར་བྱེད་པ་ཞེས་བྱ་བའི་ཚིག་འདི་དག་གིས་སོ། །གནས་སྐབས་ཀྱི་དབྱེ་བ་ནི་རྣམ་པ་དྲུག་སྟེ། ཀུན་དུ་སྤྱོད་པའི་གནས་སྐབས་ཀྱི་དབྱེ་བ་ལས་མདོ་སྡེའི་དུམ་བུ་དེ་ལས་ཉེས་དམིགས་བསྟན་པ་ནི་ཚིག་གང་གིས་ཤེ་ན། བདུད་སྡིག་
འདོད་ཀྱི་དབང་དུ་ཤེས་ཀྱིས་སོང་བ་ཞེས་བྱ་བ་འདིས་སོ། །དང་དུ་ལེན་པའི་གནས་སྐབས་ཀྱི་དབྱེ་བ་ལས་ཉེས་དམིགས་བསྟན་པ་ནི་ཚིག་གང་གིས་ཤེ་ན། དབང་དུ་སོང་བ་ཞེས་བྱ་བའི་ཚིག་འདིས་སོ། །ཟིལ་གྱིས་གནོན་པའི་གནས་སྐབས་ཀྱི་དབྱེ་བ་ལས་ཉེས་དམིགས་བསྟན་པ་ནི་ཚིག་གང་གིས་ཤེ་ན།
ལག་ཏུ་སོང་བ་ཞེས་བྱ་བ་འདིས་སོ། །ཡོན་ཏན་དུ་ལྟ་བའི་གནས་སྐབས་ཀྱི་དབྱེ་བ་ལས་ཉེས་དམིགས་བསྟན་པ་ནི་ཚིག་གང་གིས་ཤེ་ན། བདུད་ཀྱི་ཅི་འདོད་དགུར་བྱ་བ་ཞེས་བྱ་བའི་ཚིག་འདིས་སོ། །མངོན་དུ་གྱུར་པའི་དབྱེ་བ་ལས་ཉེས་དམིགས་བསྟན་པ་ནི་ཚིག་གང་གིས་ཤེ་ན། བདུད་ཀྱི་འཆིང་བ་
དག་གིས་བཅིངས་པ་ཞེས་བྱ་བ་འདིས་སོ། །མ་སྤངས་པའི་གནས་སྐབས་ཀྱི་དབྱེ་བ་ལས་ཉེས་དམིགས་བསྟན་པ་ནི་ཚིག་གང་གིས་ཤེ་ན། བདུད་ཀྱི་ཞགས་པ་དག་ལས་ཡོངས་སུ་མ་གྲོལ་བ་ཞེས་བྱ་བ་འདིས་སོ། །མི་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་མཐོང་བའི་ཆོས་ཉིད་ལ་སྡུག་
བསྔལ་བར་གནས་པ་དང་། སྡུག་བསྔལ་དང་བཅས་པ་དང་། ཕོངས་པ་དང་བཅས་པ་དང་། གནོད་པ་དང་བཅས་པ་དང་། ཡོངས་སུ་གདུང་བ་དང་བཅས་པར་གནས་པ་དང་། ལུས་ཞིག་ནས་ངན་འགྲོར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །མི་དགེ་བའི་ཆོས་རྣམས་ནི་

སྲོག་གཅོད་པ་ལ་སོགས་པ་སྟེ། དེ་དག་ཡང་དག་པར་ལེན་པ་ནི་མི་དགེ་བ་འདི་དག་གིས་ཡང་དག་པར་བླངས་ཏེ་གནས་པར་བྱའོ་སྙམ་པའོ། །ཡང་དག་པར་བླངས་པ་ཉིད་རྒྱུ་ཡིན་པས་དེའི་རྒྱུས་སོ། །ཇི་ལྟར་རྒྱས་པར་འབྱུང་བས་ཤེ་ན། གྲང་བ་ན་ལྷགས་པས་སྦྲེབས་པ་དང་། ཚ་བ་ན་ཚ་
བས་གདུངས་པ་དང་། བཀྲེས་སྐོམ་གྱིས་ཉེན་པ་དང་། སྦྲང་བུ་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་འདུས་ཏེ་རེག་པ་དག་གིས་གཟིར་བ་ཞེས་འབྱུང་བའོ། །མྱ་ངན་དང་། མི་ཚིམ་པ་དང་། ཡིད་ལ་གཅགས་པའི་ཡོངས་སུ་གདུང་བ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མྱ་ངན་གྱི་
གདུང་བ་དང་ལྡན་པའི་ཕྱིར་དང་། མི་ཚིམ་པའི་ཡོངས་སུ་གདུང་བ་དང་ལྡན་པའི་ཕྱིར་དང་། ཡིད་ལ་གཅགས་པའི་ཡོངས་སུ་གདུང་བ་དང་ལྡན་པའི་ཕྱིར་རོ། །དུས་གང་དུ་ཞེ་ན། རྒུད་པ་དང་ལོངས་སྤྱོད་དང་། འཆི་བའི་དུས་དག་ཏུ་སྟེ། གོ་རིམས་བཞིན་ནོ། །ཇི་ལྟར་ཞེ་ན། རྒུད་པའི་དུས་ནི་མྱ་
ངན་གྱི་ཡོངས་སུ་གདུང་བ་དང་ལྡན་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་དུས་ན་ནི་མི་ཚིམ་པའི་ཡོངས་སུ་གདུང་བ་དང་ལྡན་པའི་ཕྱིར་རོ། །འཆིང་བའི་དུས་ན་ནི་ཡིད་ལ་གཅགས་པའི་ཡོངས་སུ་གདུང་བ་དང་ལྡན་པའི་ཕྱིར་རོ། །སྲོག་གཅོད་པ་ཀུན་དུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས། སེམས་
ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །བསྒོམས་པ་ལན་མང་དུ་བྱས་པས་ཞེས་བྱ་བ་ནི་བསྩགས་པ་ཉིད་དུ་སྟོན་ཏོ། །ཇི་ལྟར་བྱས་པས་ཤེ་ན། དེ་ལ་བརྩོན་པ་དང་ཕྱིར་ཞིང་བྱེད་པ་གཉིས་ཀྱིས་བསམ་པ་དང་སྦྱོར་བས་དེ་རྒྱས་པར་བྱེད་པའི་ཕྱིར་ཏེ་བརྩོན་པའི་བྱེད་
པས་ནི་བསམ་པས་ཏེ་འདུན་པས་དེ་བརྟས་པར་བྱེད་པའི་ཕྱིར་ལས་དེ་བརྟས་པར་བྱེད་པའི་ཕྱིར་བསྒོམས་ལ་ཞེས་བྱ་བས་ནི་བསྩགས་པ་ཉིད་དུ་སྟོན་ཏོ། །ཕྱིར་ཞིང་བྱེད་པས་ནི་སྦྱོར་བས་དེ་བརྟས་པར་བྱེད་པའི་ཕྱིར་ཡན་ལག་མང་དུ་བྱས་པས་ཞེས་བྱ་བ་བསྩགས་པ་ཉིད་དུ་སྟོན་ཏོ། །འདི་ལ་བསྒོམ་པ་བྱས་
པ་ཞེས་བྱ་བ་ནི་སྲོག་གཅོད་པའི་ལས་འདི་ལ་བསྒོམ་པ་སྟེ། བསམ་པ་བྱས་པས་ན་བསྒོམ་པའམ་འདི་ལ་བསྒོམ་པ་བྱུང་བས་ན་ཡང་བསྒོམ་པ་སྟེ། ཇི་ལྟར་ནམ་མཁའ་དེ་ལ་སྐར་མ་བྱུང་ཞེས་བྱ་བ་ལྟ་བུ་སྟེ། དེ་ནི་ནམ་མཁའ་ལ་སྐར་མ་ཤར་བ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུ་ནི་རེ་ཞིག་བརྡ་སྤྲོད་པ་པའི་

ཚུལ་གྱིས་ཚིག་གི་དོན་བཤད་པ་ཡིན་ནོ། །གཞན་ཡང་ངེས་པའི་ཚིག་གི་ཚུལ་གྱིས་བསྒོམ་པར་གྱུར་པས་ན་སྟེ། གྱུར་པ་ནི་སོན་པ་ཞེས་བྱ་བའི་ཐ་ཚིག་སྟེ། བསམ་པ་ཉིད་ཀྱིས་སོ། །ཡང་དང་ཡང་དུ་བྱེད་པ་དང་འདུན་པར་བྱེད་པས་ནི་བསྩགས་པ་ཡིན་པར་སྟོན་ཏོ་ཞེས་བྱ་
བར་གནས་སོ། །ཇི་ལྟར་སྟོན་ཅེ་ན། ཀུན་དུ་བསྩགས་པའི་རྣམ་གྲངས་ཀྱིས་ཡིན་ཏེ། སྡིག་པ་ཀུན་བསྩགས་ཞེས་བྱ་བའི་ཚིག་འདིས་སོ། །ཁ་ཅིག་ལ་ནི་བྱས་པར་ཡང་འགྱུར་ཏེ། སྐལ་བ་ཆུང་བའི་ཕྱིར་ལས་དེ་རྣམ་པར་སྨིན་པ་ངེས་པར་འགྱུར་ཏེ། སེམས་ཀྱི་རྒྱུད་དེ་བསོད་ནམས་དག་གིས་
ཡོངས་སུ་མ་བསྒོས་པའི་ལས་དེ་ནི་རྣམ་པར་སྨིན་པ་ངེས་པ་དང་མཐུན་པར་གནས་པས་སོ། །ཞིང་དང་སེམས་པའི་ཁྱད་པར་ལས་ཀྱང་ཁ་ཅིག་ལས་བྱས་པ་ཡང་རྣམ་པར་སྨིན་པ་ཡང་ངེས་པར་འགྱུར་རོ། །ཇི་ལྟར་རུང་ཞེ་ན། ཇི་ལྟར་མི་རུང་། ལས་མ་ཡིན་པའི་རང་བཞིན་གྱི་ཆོས་མི་སྡུག་
པ་ལ་སོགས་པ་ནི་བྱས་པ་དང་བསྩགས་པའི་སྒྲར་བཤད་པ་ཡིན་ཏེ། ལས་གང་ཡིན་པ་དེ་ནི་བྱས་པ་དང་བསགས་པ་ཞེས་བྱ་བས་སོ། །དེ་ལ་སྐྱེ་བ་དང་། གནས་པ་དང་། འཕེལ་བ་དང་ལྡན་པར་ཡང་སྟོན་ཏོ། །མི་སྡུག་པ་དེ་ལ་སྐྱེ་བ་དང་ལྡན་པར་སྟོན་པ་ནི་མི་སྡུག་པ་ཀུན་དུ་བསྟེན་ཅིང་ཞེས་བྱ་
བའི་ཚིག་འདིས་སོ། །གནས་པ་དང་ལྡན་པར་སྟོན་པ་བསྒོམས་ལ་ཞེས་བྱ་བ་འདིས་ཏེ། གནས་པ་ཡང་རྒྱུན་ནོ། །འཕེལ་བ་དང་ལྡན་པར་སྟོན་པ་ནི་ལན་མང་དུ་བྱས་པས་ཞེས་བྱ་བའི་ཚིག་འདིས་སོ། །གཞན་ཡང་སྦྱོར་བ་དང་། རྙེད་པ་དང་། གྲུབ་པའི་གནས་སྐབས་ཀྱང་ཡིན་པར་སྟོན་ཏེ། ཀུན་
དུ་བསྟེན་ཅིང་ཞེས་བྱ་བ་ལ་སོགས་པ་དང་གོ་རིམས་བཞིན་ནོ། །ཡིད་ལ་བྱེད་པ་རྣམ་པ་བཞི་སྟེ། སྟོབས་འབྱུང་བ་དང་། སྐབས་དང་བཅས་པ་འབྱུང་བ་དང་། སྐབས་མེད་པ་འབྱུང་བ་དང་། ལྷུན་གྱིས་གྲུབ་པ་འབྱུང་བའོ། །མི་སྡུག་པ་ཀུན་དུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པས་ནི་
འབྲས་བུ་ཆེན་པོར་འགྱུར་རོ་ཞེས་བྱ་བ་ལ། ཀུན་དུ་བསྟེན་ཅིང་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་དག་གིས་སྟོབས་དང་། སྐབས་དང་བཅས་པ་དང་། སྐབས་མེད་པ་འབྱུང་བའི་ཡིད་ལ་བྱེད་པའི་གནས་སྐབས་སྟོན་ཏེ། ཏིང་ངེ་འཛིན་མ་ཐོབ་པ་དང་། ཐོབ་པ་དང་། གོམས་པ་ན་སྟེ། གོ་རིམས་

བཞིན་ནོ། །ལྷུན་གྱིས་གྲུབ་པའི་ཡིད་ལ་བྱེད་པ་ནི་ཏིང་ངེ་འཛིན་ལ་བྱང་བ་ན་ཡིན་པས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པ་རྣམ་པ་གསུམ་གྱི་གནས་སྐབས་ཡིན་པར་སྟོན་ཏེ། ཀུན་དུ་བསྟེན་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་དག་གིས་ཏེ། ཀུན་དུ་བསྟེན་པ་ནི་ལས་དང་པོ་པའི་གནས་སྐབས་
ནའོ། །བསྒོམས་པ་ནི་ཡོངས་སུ་སྦྱང་བ་བྱས་པའི་གནས་སྐབས་ནའོ། །ལན་མང་དུ་བྱས་པ་ནི་ཡིད་ལ་བྱེད་པ་ལས་འདས་པའི་གནས་སྐབས་ནའོ། །མངོན་སུམ་དུ་བྱེད་པའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྲོག་གཅོད་པ་དང་མི་སྡུག་པ་དེ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །སེམས་ལ་དེའི་ས་
བོན་བརྟས་པར་བྱེད་པའི་ཕྱིར་ནི་དེ་ཉིད་ཀྱི་ས་བོན་ནི་དེའི་ས་བོན་ཏོ། །སེམས་ལ་དེ་བརྟས་པར་བྱེད་པའི་ཕྱིར་རོ། །བརྟས་པ་ཡང་ཆེན་པོ་ཉིད་ཡིན་ནོ། །བརྟས་པ་དེའི་ཕྱིར་ཞིང་མངོན་སུམ་དུ་གྱུར་པ་ཉིད་ཀྱི་ཕྱིར་ནི་ས་བོན་བརྟས་པ་དེའི་ཕྱིར་ཞིང་སྟེ། ཡང་དང་ཡང་དུ་མངོན་སུམ་དུ་གྱུར་པའི་ཕྱིར་ཀུན་དུ་
བསྟེན་པ་ལ་སོགས་པ་གསུམ་ཡིན་ཏེ། མངོན་སུམ་དུ་བྱེད་པའི་ཕྱིར་ནི་ཀུན་དུ་བསྟེན་པ་ཡིན་ནོ། །སེམས་ལ་དེའི་ས་བོན་བརྟས་པར་བྱེད་པའི་ཕྱིར་ནི་བསྒོམས་པ་ཡིན་ནོ། །བརྟས་པ་དེའི་ཕྱིར་ཞིང་མངོན་སུམ་དུ་གྱུར་པ་ཉིད་ཀྱི་ཕྱིར་ནི་ལན་མང་དུ་བྱས་པ་ཡིན་ནོ། །བརྗོད་པར་བྱ་བ་རྣམ་པ་དུ་མ་ཡིན་ཀྱང་
བརྗོད་པ་ནི་གཅིག་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབས་ཟིན་ཏོ། །ཇི་ལྟར་ཞེ་ན། གཟུགས་ཞེས་བྱ་བ་གཟུགས་ཕུང་དང་། །ཁ་དོག་བསམ་གཏན་རྣམ་པར་འདྲེན། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དེ་བས་ན་མདོ་སྡེའི་དུམ་བུ་དང་པོར་ཀུན་དུ་བསྟེན་པ་ལ་སོགས་པ་བརྗོད་པ་དག་གིས་བརྗོད་པར་བྱ་བ་
ཡང་གཞན་ཉིད་ཡིན་ལ། མི་སྡུག་པ་ཀུན་དུ་བསྟེན་པ་ལ་སོགས་པ་དག་གིས་ཡང་གཞན་ཉིད་ཡིན་པས་དེར་གལ་ཏེ་ཀུན་དུ་བསྟེན་པ་ལ་སོགས་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་དེ་ལྟར་མི་འགྱུར་རོ། །སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་དག་ནི་འདོད་པ་ལ་འདུན་པའི་སྒྲིབ་པ་དང་།
གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱི་སྒྲིབ་པའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །ཉོན་མོངས་པ་ཐམས་ཅད་ཀྱང་སྒྲིབ་པ་ཉིད་ཡིན་པས་དེ་ལ་ལྔ་ཁོ་ནའི་དགོས་པ་ནི་དགེ་བའི་ཆོས་སྐྱེ་བའི་བགེགས་སུ་གྱུར་པ་ཉིད་ཀྱིས་སོ། །སེམས་ནང་དུ་

སྡུད་པའི་ཕྱིར་ཞེས་བྱ་བ་ནི་སེམས་ནང་དུ་སྡུད་པའི་ཕྱིར་ན་སེམས་ནང་དུ་སྡུད་པའི་ཕྱིར་ཏེ། རྨུགས་པ་དང་གཉིད་ཀྱི་སྒྲིབ་པའོ། །ཕྱི་རོལ་དུ་རྣམ་པར་གཡེང་བའི་ཕྱིར་ནི་རྒོད་པ་དང་འགྱོད་པའི་སྒྲིབ་པའོ། །ཡང་དག་པར་སྦྱོར་བ་ལ་ངེས་པ་མི་རྙེད་པའི་ཕྱིར་ནི་དེ་ལ་ཡང་དག་
པར་སྦྱོར་བ་ནི་སྡུད་པ་དང་རྣམ་པར་གཡེང་བ་དང་ཞུམ་པ་ཉིད་ལ་སོགས་པ་མཉམ་པ་ཉིད་དུ་སྒྲུབ་པ་སྟེ། ཡང་དག་པར་སྦྱོར་བདེ་ལ་ངེས་པ་མི་རྙེད་པའི་ཕྱིར་ཐེ་ཚོམ་གྱི་སྒྲིབ་པ་ཡིན་ནོ། །ཞི་གནས་ནི་ཏིང་ངེ་འཛིན་གྱི་ཁྱད་པར་ཁོ་ན་ཡིན་ཏེ། རྣལ་འབྱོར་པ་རྣམས་ཀྱི་རང་གི་མངོན་སུམ་ཁོ་ན་ཡིན་ནོ། །
ལྷག་མཐོང་ནི་ཤེས་རབ་ཀྱི་ཁྱད་པར་རོ། །ཞི་གནས་ཀྱི་སྒྲིབ་པ་ནི་གཅིག་ཡིན་ཏེ། རྨུགས་པ་དང་གཉིད་ཀྱི་སྒྲིབ་པའོ། །ལྷག་མཐོང་ལ་ཞུགས་པའི་ནི་རྣམ་པར་མ་ཞིག་པ་དང་། མ་ངེས་པའི་སྐྱོན་ཡོད་པའི་ཕྱིར་ནི་རྣམ་པར་མ་ཞི་བའི་སྐྱོན་ཡོད་པའི་ཕྱིར་དང་། མ་ངེས་པའི་སྐྱོན་ཡོད་པའི་ཕྱིར་རོ། །
ལྷག་མཐོང་གི་སྒྲིབ་པ་ནི་གཉིས་ཏེ། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་སྟེ་གོ་རིམས་བཞིན་ནོ། །ཚུལ་ཁྲིམས་ཀྱི་སྒྲིབ་པ་ནི་སྒྲིབ་པ་གཅིག་ཡིན་ཏེ། འདོད་པ་ལ་འདུན་པའོ། །ཅིའི་ཕྱིར་ཞེ་ན། ཚངས་པར་སྤྱོད་པ་ལས་ཉམས་པར་བྱེད་པའི་ཕྱིར་རོ། །གདམས་ངག་གི་སྒྲིབ་པ་ཡང་གཅིག་ཡིན་
ཏེ། གནོད་སེམས་ཀྱི་སྒྲིབ་པའོ། །ཅིའི་ཕྱིར་ཞེ་ན། དེས་ཚིག་མི་བཟོད་པའི་ཕྱིར་རོ། །ཚིག་ལ་བཟོད་པ་ནི་ཚིག་བཟོད་པའོ། །ཚིག་ལ་མི་བཟོད་པ་ནི་ཚིག་མི་བཟོད་པ་སྟེ། དེའི་དངོས་པོ་སྟེ་དེའི་ཕྱིར་རོ། །ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་དུས་དག་ཏུ་ནི་ཞི་གནས་ཀྱི་དུས་
དང་། རབ་ཏུ་འཛིན་པའི་དུས་དང་། བཏང་སྙོམས་ཀྱི་དུས་སོ། །རབ་ཏུ་འཛིན་པ་ནི་དབང་པོ་སྦྱོང་བ་སྟེ། །དབང་པོ་དེ་དག་ལྷུང་བ་རྣམས་རབ་ཏུ་འཛིན་པར་བྱེད་པས་ན་རབ་ཏུ་འཛིན་པའོ། །དེ་འགྲུབ་པའི་སྒྲིབ་པ་ནི་ཞི་གནས་ལ་སོགས་པ་རྣམས་འགྲུབ་པའི་སྒྲིབ་པ་ཞེས་བྱ་བའི་ཐ་ཚིག་སྟེ། སྒྲིབ་པ་
གསུམ་དང་གོ་རིམས་བཞིན་ནོ། །ཞི་གནས་ཀྱི་རྒྱུ་དང་། རབ་ཏུ་འཛིན་པའི་རྒྱུ་དང་། བཏང་སྙོམས་ཀྱི་རྒྱུ་དེ་ཡང་ཉན་ཐོས་ཀྱི་ས་ལས་འདི་ནི་ཞི་གནས་སོ། །འདི་ནི་ཞི་གནས་ཀྱི་རྒྱུའོ་ཞེས་བྱ་བ་ནས། དེ་བཞིན་དུ་བཏང་སྙོམས་ཀྱི་བར་དུ་རྒྱས་པར་འབྱུང་བར་ཤེས་པར་བྱའོ། །སྒྱུ་རྩལ་ཤེས་དག་གསུམ་

པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཡིན་པར་རིག་པར་བྱ་སྟེ། སྒྱུ་རྩལ་ཤེས་དག་གསུམ་པོ་གང་ཞེ་ན། ཆགས་པ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་དང་ཀུན་འབྱུང་བ་ཡིན་པར་རིག་པར་བྱའོ། །སྒྱུ་རྩལ་ཤེས་དག་ཞེ་སྡང་དང་གཏི་མུག་ནི་སེམས་ཅན་རྣམས་
ཀྱི་ལས་ཀྱི་གཞི་དང་ཀུན་འབྱུང་བ་ཡིན་པར་རིག་པར་བྱ་བ་སྟེ། སྒྱུ་རྩལ་ཤེས་དག་ཆགས་པ་ཅན་དང་། ཆགས་པས་ཟིལ་གྱིས་གནོན་པ་དག་ནི་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་ཅིང་། དེས་ལུས་ཀྱིས་ཉེས་པར་སྤྱད་པ་སྤྱོད་ལ། ངག་དང་ཡིད་
ཀྱིས་ཉེས་པར་སྤྱད་པ་སྤྱོད་ན་རྒྱུ་དེ་དང་། རྐྱེན་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེ་སྡང་ཅན་དང་། ཞེ་སྡང་གིས་ཟིལ་གྱིས་ནོན་པ་དང་། གཏི་མུག་ཅན་དང་། གཏི་མུག་གིས་ཟིལ་གྱིས་ནོན་པ་དག་ཀྱང་དེ་
བཞིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །སྒྱུ་རྩལ་ཤེས་དག་གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་ཟད་པར་བྱེད་པར་རིག་པར་བྱ་སྟེ། སྒྱུ་རྩལ་ཤེས་དག་གསུམ་པོ་གང་ཞེ་ན། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་གཞི་ཟད་པར་
རིག་པར་བྱ་སྟེ། སྒྱུ་རྩལ་ཤེས་དག་ཆགས་པ་མེད་པ་དང་། ཆགས་པས་ཟིལ་གྱིས་གནོན་པ་ནི་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་ཅིང་། དེས་ལུས་ཀྱིས་ལེགས་པར་སྤྱད་པ་སྤྱོད་ལ། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱོད་ན། རྒྱུ་དེ་དང་རྐྱེན་དེས་
ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེ་སྡང་མེད་པ་དང་། ཞེ་སྡང་གིས་ཟིལ་གྱིས་མ་ནོན་པ་དང་། རྨོངས་པ་མེད་པ་དང་། གཏི་མུག་གིས་ཟིལ་གྱིས་མ་ནོན་པ་ཡང་དེ་བཞིན་ནོ། །དེ་ལ་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཅེས་བྱ་བ་ནི་ལས་ཀྱི་གཞི་
དག་དང་ཀུན་འབྱུང་བ་དག་སྟེ། ཆགས་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་འཇུག་པར་བྱེད་པ་དང་། རྗེས་སུ་འཇུག་པར་བྱེད་པའི་རྒྱུ་ཡིན་པར་སྟོན་ཏེ་ཞེས་བྱ་བ་ནི་ལས་ཀྱི་གཞི་དག་ཅེས་བྱ་བ་འདིས་ནི་རབ་ཏུ་འཇུག་པར་བྱེད་པའི་རྒྱུ་སྟོན་ཏོ། །ལས་ཀྱི་ཀུན་འབྱུང་བ་དག་ཅེས་བྱ་བ་འདིས་

ནི་རྗེས་སུ་འཇུག་པར་བྱེད་པའི་རྒྱུ་སྟོན་ཏོ། །ཆགས་པ་ལ་སོགས་པ་གང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆགས་པ་ལ་སོགས་པ་གང་དང་དུ་ལེན་པ་ན་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་ནི་རབ་ཏུ་འཇུག་པར་བྱེད་པའི་རྒྱུས་སོ། །ཆགས་པ་ལ་སོགས་པ་གང་གིས་མི་འཛེམ་པ་ན་ཉེས་པར་
སྤྱོད་པ་ལས་མི་ལྡོག་པ་ནི་རྗེས་སུ་འཇུག་པར་བྱེད་པའི་རྒྱུས་སོ། །དེ་ལྟར་ན་ཇི་སྐད་བཤད་པའི་རབ་ཏུ་འཇུག་པར་བྱེད་པ་དང་། རྗེས་སུ་འཇུག་པར་བྱེད་པའི་རྒྱུ་གཉིས་ཀྱིས་ན་ཉེས་པར་སྤྱད་པ་དེས་བྱས་པ་དང་བསགས་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆགས་པ་ལ་སོགས་པ་ནི་ཀུན་
དུ་སྤྱོད་པའི་གནས་སྐབས་ཡིན་པར་སྟོན་པ་ནི་ལས་ཀྱི་གཞི་ཞེས་བྱ་བའི་ཚིག་འདིས་སོ། །ཆགས་པ་ལ་སོགས་པ་ཟིལ་གྱིས་གནོན་པའི་གནས་སྐབས་ཀྱང་ཡིན་པར་སྟོན་པ་ནི་ལས་ཀྱི་ཀུན་འབྱུང་བ་ཞེས་བྱ་བའི་ཚིག་འདིས་སོ། །གཞན་ཡང་ཆགས་པ་ལ་སོགས་པ་ནི་སྦྱོར་བའི་གནས་སྐབས་དང་། མཐར་ཐུག་
པའི་གནས་སྐབས་ཀྱང་ཡིན་པར་སྟོན་ཏེ། ལས་ཀྱི་གཞི་དང་ཀུན་འབྱུང་བ་ཞེས་བྱ་བ་དང་གོ་རིམས་བཞིན་ཏེ། ལས་ཀྱི་གཞི་ཞེས་བྱ་བས་ནི་ཆགས་པ་ལ་སོགས་པ་གསུམ་སྦྱོར་བའི་གནས་སྐབས་ཡིན་པར་སྟོན་ལ། ཀུན་འབྱུང་བ་ཞེས་བྱ་བས་ནི་མཐར་ཐུག་པའི་གནས་སྐབས་ཏེ། འདི་ཡང་རྣམ་
གྲངས་འདིར་ནི་ཆགས་པ་ལ་སོགས་པ་དག་ཟིལ་གྱིས་གནོན་པའི་གནས་སྐབས་ཡིན་པར་ཡང་རིག་པར་བྱའོ། །ཀུན་དུ་སྤྱོད་པ་ཙམ་ནི་མ་ཡིན་ཏེ། འདི་ལྟར་དེ་དག་གིས་ཟིལ་གྱིས་གནོན་ལ། ལས་དེ་ལ་སྦྱོར་ཞིང་ཕྱིས་ལས་དེ་མཐར་ཐུག་པར་བྱེད་པས་སོ། །སྨྲས་པ། ལུས་ཀྱིས་ཉེས་པར་སྤྱོད་པ་དང་
ངག་གིས་ཉེས་པར་སྤྱོད་པ་ལ་ནི་སྦྱོར་བའི་གནས་སྐབས་དང་། མཐར་ཐུག་པའི་གནས་སྐབས་ཀྱང་ཡོད་པས་ཆགས་པ་ལ་སོགས་པ་དེ་སྦྱོར་བའི་གནས་སྐབས་དང་། མཐར་ཐུག་པའི་གནས་སྐབས་ཡིན་པར་རིགས་ན། ཡིད་ཀྱིས་ཉེས་པར་སྤྱོད་པ་ནི་བརྣབ་སེམས་ལ་སོགས་པ་མངོན་དུ་གྱུར་པ་ཙམ་ལས་
འབྱུང་བ་ཡིན་ན། ཇི་ལྟར་ན་དེ་ལ་ཆགས་པ་ལ་སོགས་པ་ཡོད་པ་སྦྱོར་བའི་གནས་སྐབས་དང་། མཐར་ཐུག་པའི་གནས་སྐབས་ཡིན་པར་བསྟན་ཞེ་ན། དེའི་ཕྱིར་འདི་སྐད་དུ་ཡིད་ཀྱིས་ཉེས་པར་སྤྱོད་པ་ལ་ཞེས་བྱ་བ་རྒྱས་པར་གསུངས་སོ། །གཞན་ཡང་ཆགས་པ་ལ་སོགས་པ་ནི་ཆགས་པ་དང་ཞེ་སྡང་དང་གཏི་

མུག་གོ། །ལུས་དང་ངག་དང་ཡིད་བྱེད་པ་དང་སྨྲ་བ་དང་རྟོག་པའི་གཞི་སེམས་ཀྱི་ཞེས་བྱ་བ་ན་ལུས་ཀྱི་ལས་བྱེད་པའི་གཞི་སེམས་དང་། ངག་གི་ལས་སྨྲ་བའི་གཞི་སེམས་དང་། ཡིད་ཀྱི་ལས་རྟོག་པའི་གཞི་སེམས་ཀྱིའོ། །ཀུན་འབྱུང་བ་དག་ནི་འདི་ལས་ཀུན་འབྱུང་བས་ན་ཀུན་འབྱུང་བའོ། །དེ་
ལྟར་ན་རྣམ་གྲངས་དང་པོ་དག་ཏུ་ཆགས་པ་ལ་སོགས་པ་འབྱུང་བ་ནི་གཞི་ཉིད་ཀྱང་ཡིན་ལ་ཀུན་འབྱུང་བ་ཡང་ཡིན་ནོ། །དེ་ལྟ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་དུ་ལུས་དང་ངག་དང་ཡིད་ཀྱི་གཞི་ཞེས་བྱ་བ་རྒྱས་པར་བསྟན་པ་དེ་ལྟ་ནའོ། །དེ་དཀར་པོའི་ཕྱོགས་ལ་ཡང་ཀུན་འབྱུང་བ་སྨོས་པར་འགྱུར་རོ། །
ཇི་ལྟར་ཞེ་ན། སྒྱུ་རྩལ་ཤེས་དག་གསུམ་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་གཞི་དང་ཀུན་འབྱུང་བ་ཟད་པར་བྱེད་པར་རིག་པར་བྱ་སྟེ་ཞེས་བྱ་བར་རོ། །རྣམ་གྲངས་དང་པོ་དག་ཏུ་སྟེ། དེ་ལ་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཅེས་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་དང་རྗེས་སུ་འཇུག་པར་བྱེད་པའི་རྒྱུ་སྟོན་པར་བྱེད་པ་
ཡིན་ཏེ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དག་ཏུ་ནི་གཞི་ཟད་པ་ཞེས་འབྱུང་བ་ཉིད་ཀྱིས་ཀུན་འབྱུང་བ་ཟད་པ་ཡང་རབ་ཏུ་གྲུབ་པའི་ཕྱིར་ན། དེ་ལྟ་ན་ནི་དཀར་པོའི་ཕྱོགས་ལ་ནི་ཀུན་འབྱུང་བ་སྨོས་པར་འགྱུར་རོ་ཞེས་བྱ་བ་གང་སྨྲས་པ་ལྟར་མི་འགྱུར་ཏེ། དེར་ནི་གཞི་ཡང་རྒྱུ་ཡིན་ཀུན་འབྱུང་བ་ཡང་རྒྱུ་ཡིན་ཏེ། འདི་ལས་
ཀུན་འབྱུང་བའི་ཕྱིར་རོ། །སྨྲས་པ། དཀར་པོའི་ཕྱོགས་ལས་བརྩམས་ཏེ་མ་ཆགས་པ་ལ་སོགས་པ་ཡང་དགེ་བའི་རྩ་བ་ཡིན་པའི་ཕྱིར། ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་ཅེས་ཅིའི་ཕྱིར་མི་སྨོས། ཇི་ལྟར་ཞེ་ན། སྒྱུ་རྩལ་ཤེས་དག་གསུམ་པོ་འདི་དག་ནི་ལས་ཀྱི་གཞི་དང་ཀུན་འབྱུང་བ་དག་སྟེ་ཞེས་བྱ་བར་
ཏེ། ལས་དཀར་པོའི་གཞི་རྣམས་དང་ཀུན་འབྱུང་བ་རྣམས་ཏེ། ཟད་པ་ཞེས་མ་སྨོས་ན་ནིའོ། །དེ་ལྟར་ན་རྣམ་པར་རྟོག་པ་འདི་དག་ནི་མི་དགེ་བ་རྣམས་དང་། སྡུག་བསྔལ་བ་རྣམས་དང་། འཕགས་པ་མ་ཡིན་པ་རྣམས་དང་། དོན་མེད་པ་དང་ལྡན་པ་རྣམས་སོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུའོ། །རྣམ་པར་
བྱང་བ་དང་། འགལ་བ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལ་རྣམ་པར་བྱང་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་ཏེ། འདི་རྣམས་ཀྱིས་རྣམ་པར་བྱང་བར་བྱེད་རྣམ་པར་དག་པར་བྱེད་པའི་ཕྱིར་རོ། །འགལ་བ་ནི་དེ་སྐྱེ་བའི་བགེགས་བྱེད་པའོ། །འགལ་བ་ལ་ཡོད་པས་

འགལ་བ་ཅན་ནོ། །དེའི་དངོས་པོ་ནི་འགལ་བ་ཅན་ཉིད་དེའི་ཕྱིར་ན་འགལ་བ་ཅན་ཉིད་ཡིན་པའི་ཕྱིར་རོ། །དོན་གང་གིས་འགལ་བ་ཅན་ཡིན་ཞེ་ན། དགེ་བའི་ཆོས་ཡོངས་སུ་ཉམས་པར་འགྱུར་བ་ཉིད་ཀྱིས་སོ། །མི་དག་གི་འདོད་པ་རྣམས་ནི་མི་གཙང་བ་རྣམས་དང་། དྲི་མི་ཞིམ་
པ་རྣམས་དང་། དྲི་ང་བ་རྣམས་དང་། མི་མཐུན་པ་རྣམས་ཡིན་ནོ། །ལྷ་དག་གི་འདོད་པ་རྣམས་ནི་ལྷག་པར་ཆེས་འཕགས་པ་དང་། ཆེས་གྱ་ནོམ་པ་རྣམས་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འཁྲིག་པའི་གཞིའི་འདོད་པ་རྣམས་ནི་ཞེས་བྱ་བ་ལ་འཁྲིག་པ་ནི་གཉིས་ཀྱིས་གཉིས་སྤྲོད་
པའོ། །དེའི་གཞི་ནི་ཡུལ་གཟུགས་ལ་སོགས་པ་སེམས་ཅན་དུ་སྟོན་པ་དག་གོ། །དེ་དག་ནི་འདོད་པར་བྱ་བ་ཡིན་པས་འདོད་པ་རྣམས་སོ། །བཀྲུ་བར་འོས་པའི་ཕྱིར་རོ། །དོན་གང་གིས་བཀྲུ་བར་འོས་ཤེ་ན། ལུས་དྲི་མ་ཅན་དུ་འགྱུར་བ་ཉིད་ཀྱིས་ཏེ། དྲི་མར་འགྱུར་བ་ནི་རྟེན་གྱི་དོན་དུ་འགྲོ་བས་ན། དྲི་
མ་ཅན་དུ་འགྱུར་བའོ། །དེའི་དངོས་པོ་ནི་ཉིད་ཀྱིས་སོ། །རྫས་རེ་རེ་ཡང་སྐྱུག་བྲོ་བའི་གཞི་ཡིན་པའི་ཕྱིར་དང་འཁྲིག་པ་བསྟེན་པའི་མཇུག་ཏུ་མི་མཐུན་པ་སྐྱེ་བའི་ཕྱིར་ན་མི་མཐུན་པ་རྣམས་སོ། །དེ་ལྟར་ན་ཚིག་གཅིག་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་བསྟན་པ་དེ་ལྟར་ན་འདོད་པ་རྣམས་ཀྱི་འབྲེལ་པའི་
སྐྱོན་ཡོངས་སུ་བསྟན་པ་ནི་ཚིག་གཅིག་པུ་མི་གཙང་བ་ཞེས་བྱ་བ་འདི་ལྟ་སྟེ། འབྲེལ་པ་ནི་དྲི་མ་དང་ངོ་། །འདོད་པ་རྣམས་ཀྱི་འཛག་པའི་སྐྱོན་ཡོངས་སུ་བསྟན་པ་ཡང་ཚིག་གཅིག་པུ་དྲི་མི་ཞིམ་པ་ཞེས་བྱ་བ་འདིས་སོ། །འདོད་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་སྐྱོན་ཡོངས་སུ་བསྟན་པ་ནི་ཚིག་གཉིས་སོ། །
དྲི་ང་བ་རྣམས་དང་མི་མཐུན་པ་རྣམས་ཞེས་བྱ་བ་འདི་དག་གིས་སོ། །འདི་ལྟར་འདོད་པ་མི་གཙང་བ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བས་ནི་དོན་འདི་ཉིད་བསྡུས་པ་ཡིན་ནོ། །ཉོན་མོངས་པ་མི་གཙང་བ་ཉིད་ནི་ཇི་སྐད་དུ་མི་ག་ཆུང་གང་དག་དང་ལྡན་ན་འདི་ན་ཁ་ཅིག་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་
པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའི་ཆོས་གནག་པ་རྣམ་པར་སྨིན་པ་གནག་པ་མི་གཙང་བ་བྱེད་པ། ལྕི་བ་འོག་མའི་ཕྱོགས་སུ་འགྲོ་བར་འགྱུར་བ་རྣམས་ཀྱང་ཡོད་དོ། །མི་ག་ཆུང་གང་དག་དང་ལྡན་ན་འདི་ནི་ཁ་ཅིག་ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་

རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་བའི་ཆོས་དཀར་བ་རྣམ་པར་སྨིན་པ་དཀར་བ་གཙང་བར་བྱེད་པ། ཡང་བ་གོང་མའི་ཕྱོགས་སུ་འགྲོ་བར་འགྱུར་བ་རྣམས་ཀྱང་ཡོད་དོ། །མི་ག་ཆུང་གང་དག་དང་ལྡན་ན་འདི་ན་ཁ་ཅིག་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་
རྣམས་སུ་སྐྱེ་བར་འགྱུར་བའི་ཆོས་གནག་པ་རྣམ་པར་སྨིན་པ་གནག་པ། མི་གཙང་བ་མི་གཙང་བ་བྱེད་པ། ལྕི་བ་འོག་མའི་ཕྱོགས་སུ་འགྲོ་བར་འགྱུར་བ་རྣམས་གང་ཞེ་ན། འདི་ན་སྲོག་གཅོད་པར་བྱེད་པ་ཁ་ཅིག་ཅེས་བྱ་བ་ནས་རྒྱས་པར་ལྟ་བ་ལོག་པར་ཞེས་བྱ་བའི་བར་རོ་ཞེས་འབྱུང་བ་ལྟ་བུའོ། །
ཇི་སྐད་དུ་གསུངས་པ་འདི་ལ་འདི་ལྟར་ཤེས་པར་བྱ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ནི་མི་གཙང་བ་རྣམས་ཁོ་ནའོ། །སེམས་ཀྱི་དྲི་མ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་རྣམས་ལས་གཟུགས