Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 108
Văn bản gốc(Tây Tạng)
Trang 7 / 21 (50.000 ký tự/trang)
སྔགས་དང་སྨན་རྒྱུ་དང་རྐྱེན་བསྩོགས་ནས་གླང་པོ་ལ་སོགས་པ་འབྱུང་བར་སྟོན་ཏོ། །དེ་དག་ཀྱང་རང་གི་ངོ་བོར་ནི་མེད་དོ། །དེ་བཞིན་དུ་གཞན་དག་ཀྱང་དེ་བཞིན་ནོ། །འདི་ལྟར་གལ་ཏེ་རང་བཞིན་ གྱིས་སྐྱེ་བར་འགྱུར་ན་དེའི་ཚེ། ཡོངས་སུ་གྲུབ་པའི་གནས་སྐབས་བཞིན་དུ་རྒྱུ་ལ་ལྟོས་པར་མི་འགྱུར་རོ། །ཡང་གང་གི་ཚེ་ལྟོས་པ་དེའི་ཚེ་རང་བཞིན་མ་ཡིན་ནོ། །གལ་ཏེ་གཞན་གྱི་དབང་གི་རང་བཞིན་གྱིས་ཆོས་རང་བཞིན་དང་བྲལ་བ་ཡིན་ན་དེའི་ཚེ་ཇི་ལྟར་བྱེ་བྲག་ཏུ་སྣང་བར་འགྱུར་ཞེ་ན། རྣམ་པ་དུ་མ་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྣམ་པ་ཐ་དད་པ་དུ་མ་དང་ལྡན་པའི་གོས་མེར་བསྲེགས་པའི་ཐལ་བར་བྱེ་བྲག་འགའ་ཡང་མེད་པ་དེ་བཞིན་དུ་གཞན་དབང་གི་དངོས་པོ་སྣ་ཚོགས་པ་དུ་མ་རྣམས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མེས་བསྲེགས་ན་བྱེ་བྲག་འགའ་ཡང་མེད་ཅེས་བྱ་བའི་དོན་ཏོ། ། དེ་བཞིན་དུ། སྣོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་གཉིས་སོ། །དེ་དག་འདི་ལྟར་ཆོས་ཐམས་ཅད་བདག་མེད་པའི་སྟོང་པ་ཉིད་ཀྱི་མེས་བསྲེགས་ནས་བདག་ཉིད་དེ་ཡང་བདག་ཉིད་ཀྱི་ངོ་བོར་འཇིག་རྟེན་གཉིས་ཀྱི་དབུས་སུ་སྟོང་པ་ཉིད་སྟོང་པ་ཉིད་ ཀྱིས་བསྲེགས་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་ཞེ་ན། མེ་ལྕེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མེ་ལྕེས་བུད་ཤིང་ལ་སོགས་པ་བསྲེགས་པ་དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སོ། །འདིའི་དགོས་པ་ནི་འདི་ཡིན་ཏེ། ཕྱིའི་འཇིག་རྟེན་གཉིས་བསྲེགས་ པ་གང་ཡིན་པ་དེ་ཙམ་ཞིག་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དགོས་པ་མ་ཡིན་གྱི། ཇི་སྲིད་བསྲེགས་པ་ཆོས་གཞན་དང་མཉམ་པར་གནས་པ་ཡང་ཤེས་པ་བསྲེགས་པར་གྱུར་པ་མ་ཡིན་ནོ། །གཞན་དུ་ཆད་པར་ལྟ་བར་འགྱུར་རོ། །གཞན་ཡང་། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དྲི་མ་དང་ བཅས་པ་དང་དྲི་མ་མེད་པའི་བྱེ་བྲག་གིས་གང་གི་ཚེ་སྟོང་པ་ཉིད་རྣམ་པ་གཉིས་ཀྱི་བདག་ཉིད་དུ་གྱུར་པ་དེའི་ཚེ། དྲི་མ་དང་བཅས་པའི་རྟོགས་པའི་བདག་ཉིད་སྲེག་ཅེས་བྱ་བའི་དོན་ཏོ། །བསྲེགས་ཞེས་བྱ་བའི་དོན་ཅི་ཞིག་ཅེ་ན། རྣམ་པར་དག་ཅིང་དྲི་མ་མེད་པར་གནས་ཞེས་བྱ་བའི་དོན་ཏོ། །སྟོང་ཉིད་མེ་ཡིས་ ངེས་བསྲེགས་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ན་སྔོན་དུ་གསུངས་པའི་རིམ་པས་འགྲོ་བ་གསུམ་པོ་སྟོང་པ་ཉིད་ཀྱི་མེས་བསྲེགས་པར་མཐོང་བའི་རྣལ་འབྱོར་པ་འཁོར་བ་རུ་ནི་གནས་པ་ན། འགའ་ལ་ཡང་ཆགས་མིན་ཏེ་ཆགས་པས་འཆིང་བ་མེད་ཅེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་ལྟ་བུའི་ ཏིང་ངེ་འཛིན་གྱི་བསྒོམ་པ་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྟོང་ཉིད་དེ་གཉིས་སུ་མེད་པའི་སྟོང་པ་ཉིད་ལ་གནས་པ་དེའི་ཚེ་འདི་ལ་རབ་ཏུ་སྦྱོར་མིན་ཏེ། ཉོན་མོངས་པ་རབ་ཏུ་སྤྱོད་པ་མ་ཡིན་ནོ། །དེ་དག་བཀག་པའི་ཕྱིར་སྤྱོད་པ་ཡང་མིན་ནོ། །བླང་བ་དང་དོར་ བར་སྤྱོད་པའང་མ་ཡིན་ནོ། །སྤྱོད་ཡུལ་མིན་ནི་ཡུལ་འགའ་ལ་ཡང་མི་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་ཕྲ་མོར་གྲུབ་པ་ཡིན་ནོ། །དེ་མ་ཐག་ཏུ་བྱང་ཆུབ་ཐོབ་པར་བསྟན་པའི་ཕྱིར། སྟོང་ཉིད་ལ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མེ་ནི་བུད་ཤིང་ལ་ སོགས་པ་སྤངས་ནས་སྲེག་པའི་བྱ་བ་སྤོང་ངོ་། །ལྷག་མ་མེད་པ་ནི་སྒྲའི་ཐ་སྙད་ཀྱི་ཡུལ་དུ་མི་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་གཉིས་སུ་མེད་པའི་སྟོང་པ་ཉིད་ལ་གནས་ཕྱིན་ཆད་ནི་དུས་ཕྱིས་ནས་ཏེ། ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་བུད་ཤིང་བསྲེག་པ་སྤངས་ནས་དོན་བྱེད་ པ་སྤོང་ངོ་། །ལྷག་མ་མེད་པ་ནི་སྒྲའི་ཐ་སྙད་ཀྱི་ཡུལ་དང་རྣམ་པར་རྟོག་པའི་ཡུལ་ལས་འདས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་ཐོབ་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལྟར་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་གྱུར་པ་ནི་བྱང་ཆུབ་ཐོབ་པའི་ རྣལ་འབྱོར་པའོ། །ཀུན་བརྟགས་དང་གཞན་དབང་མེད་པའི་ཕྱིར་ཐོགས་པ་མེད་དེ་ཆགས་པ་མེད་པ་ཡིན་ནོ། །རྟོག་པ་མེད་པས་ན་གོས་མེད་དོ། །གསལ་བའི་དངོས་པོ་མེད་པའི་ཕྱིར་ཆགས་ཡོད་མ་ཡིན་ནོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མེད་པས་ཕྱིར་ཡང་དུ་བ་འབྱུང་བ་ མེད་ཅིང་འབར་བ་མེད་ཅེས་བྱ་བའི་དོན་ཏོ། །འབར་བ་མེད་པས་རྣལ་འབྱོར་པ་ཉོན་མོངས་པའི་བུད་ཤིང་རང་དུ་བྱས་པས་ཞི་བ་མཐོང་བ་ནི་ཐོབ་པའོ། །ཐོབ་པའི་སྒྲ་ནི་ཐམས་ཅད་ལ་སྦྱར་རོ། །ཞི་བ་དམ་པ་ལ་གནས་པའི་ཕྱིར་ཉེར་ཞི་ཉིད་དེ། ཉན་ཐོས་ལ་སོགས་པ་ལས་བག་ཆགས་དང་བཅས་པའི་ཉོན་མོངས་པ་ རབ་ཏུ་སྤང་བའི་ཕྱིར། ཤིན་ཏུ་ཞི་བས་རབ་ཞི་ཉིད་དོ། །གཞན་རྗེས་སུ་གདུང་བ་མེད་པས་ན་བསིལ་བ་ཉིད་དོ། །རང་གི་རྒྱུན་མི་བསྲེག་པའི་ཕྱིར་གདུང་མེད་ཉིད་དོ། །ནད་ཐམས་ཅད་དང་བྲལ་བའི་ཕྱིར་རིམས་མེད་བརྗོད་དོ། །རྡུལ་གྱི་ཉེས་པ་དང་བྲལ་བའི་ཕྱིར་རྡུལ་མེད་དོ། །རྡུལ་མེད་པ་དེ་ཉིད་ཀྱི་ཕྱིར་དག་པའོ། །གཉིས་ སྤངས་པས་ན་གཉིས་མེད་དོ། །འགའ་ལ་ཡང་གནོད་པར་སེམས་པ་མེད་པས་གནོད་པ་མེད་པ་ཡིན་ནོ། །བདག་གི་ཞེས་བྱར་མེད་པའི་ཕྱིར་བདག་གི་མེད་དོ། །ངར་འཛིན་པ་ཡོངས་སུ་སྤངས་པས་ན་ངར་འཛིན་མེད་དོ། །དེ་ཉིད་ཀྱི་ཕྱིར་སྲིད་པའི་རྒྱ་མཚོ་ཡང་དག་བརྒལ་ལོ། །གང་གི་ བདག་དང་བདག་གི་ནི་འཁོར་བར་གནས་པའི་རྒྱུ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་ལ་སོགས་པ་མེད་པའི་ཕྱིར་རྒ་བ་དང་འཆི་བ་དག་མེད་དོ། །བདུད་རྩིའི་གོ་འཕང་ཉམས་སུ་མྱོང་བ་གཉིས་སུ་མེད་པའི་གོ་འཕང་ཐོབ་ཅེས་བྱ་བའི་དོན་ཏོ། །ཚུལ་དེ་ནི་གཉིས་སུ་མེད་པ་སྟོང་པ་ཉིད་ཀྱི་ལམ་ ཐོབ་པའོ། །ཐོབ་པར་བྱ་བ་གཞན་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་བསྟན་པའི་ཕྱིར། འཁོར་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་བྱུང་བའི་གཞན་དུ་བྱས་པའི་འཁོར་བ་དང་བདེ་བ་དང་སྡུག་བསྔལ་ གྱིས་ཞེ་སྡང་དང་འདོད་ཆགས་བྱང་ཆུབ་སེམས་དཔའ་འཆང་བ་མ་ཡིན་ཏེ། མི་འཛིན་ཏོ། །གང་གི་ཕྱིར་ཐམས་ཅད་ཞེ་སྡང་འདོད་ཆགས་ལ་བཏང་སྙོམས་སྤྱོད། འདི་སྐད་བསྟན་པར་འགྱུར་ཏེ། འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་སྐྱེས་ན་མྱ་ངན་ལས་འདས་པ་ལ་མྱུར་དུ་གཞོལ་བ་ཡིན་ནོ། །ཉོན་མོངས་ པའི་བདེ་བ་ལ་ཆགས་པར་གྱུར་ན། འཁོར་བ་ལ་གཅིག་ཏུ་གཞོལ་བར་འགྱུར་རོ། །དེ་ལྟ་བས་ན་དེ་དག་ལ་བཏང་སྙོམས་སུ་བྱས་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ལ་སྤྱོད་ཅེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ལྟོས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོས་པ་དང་བཅས་ པ་ནི་སྐྱེ་བོ་ཐམས་ཅད་ལ་དམིགས་པ་དང་ལྡན་པའོ། །བདེ་བ་དང་སྡུག་བསྔལ་དང་འཁོར་བ་དང་མྱ་ངན་ལས་འདས་པ་དེ་ཁོ་ན་ཉིད་དུ་མཐོང་ན་འདོད་ཆགས་དང་ཞེ་སྡང་གིས་འཇིག་པ་སྟེ། ཟད་པ་ཐོབ་པོ། །སྟོང་པ་ཉིད་མཐོང་ན་ལྟོས་པ་མེད་པ་ནི། ལྟོས་པ་སྤངས་པས་རྟག་ཏུ་འཇིག་པ་མེད་དོ། ། དེ་ལྟ་བས་ན་འཇིག་པ་ནི་ཡུན་རིང་པོ་ནས་བསགས་པའི་ཚོགས་རྣམ་པ་གཉིས་ཀྱིས་མི་འགྱུར་བའི་གོ་འཕང་འཐོབ་བོ། །གང་གི་ཕྱིར་འགྱུར་བ་མེད་པར་བཞུགས་ཏེ་སྒྲའི་ཐ་སྙད་ཀྱི་བག་ཆགས་ཀྱི་རྣམ་པར་རྟོག་པར་འགྱུར་བའི་སྤྲོས་པ་སྤངས་པས་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ། །མི་གནས་པའི་མྱ་ ངན་ལས་འདས་པ་གསལ་བར་བསྟན་པའི་ཕྱིར། འཇིག་པ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་འཇིག་པ་མེད་པའི་གནས་ཐོབ་པར་རྣལ་འབྱོར་པ་གྱུར་པ་དེའི་ཚེ། འཁོར་བའམ་མྱ་ངན་ལས་འདས་པ་འགའ་ལ་ཡང་གནས་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་མི་གནས་ཤེ་ན། དབང་ཐོབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་འཁོར་བར་གནས་ཀྱི་བར་དུ་དབང་ལ་སྒྲིབ་པའི་བག་ཆགས་སྤངས་པས་དབང་ཐོབ་ཁྱབ་བདག་དབང་བསྒྱུར་ཕྱིར་མི་གནས་ཞེས་བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་སེམས་དཔའི་ཕན་ཡོན་བསྟན་པའི་ཕྱིར། དེ་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་ཐོབ་པའི་ཕྱིར། དེ་དབང་ངོ་། །ལུས་དང་ངག་དང་ཡིད་ཐུབ་པས་ན་ཐུབ་པའོ། །ཐེག་པ་གསུམ་གྱི་འགྲོ་བ་རྣམས་ལ་རྗེས་སུ་སྟོན་པའི་ཕྱིར་སྟོན་པའོ། །འདུལ་བའི་ཐབས་ཀྱི་ཕྱིར་བརྟུལ་ཞུགས་འཛིན་པས་ན་བྱ་བ་བྱས་སོ། །གང་དུ་བགྲོད་པར་བྱ་བར་ཕྱིན་པའི་ཕྱིར་དེ་བཞིན་གཤེགས་ པའོ། །བླ་ན་མེད་པའི་ལམ་གྱིས་ཕྱིར་མི་ཕྱིན་པའི་ཕྱིར་བདེ་བར་གཤེགས་པའོ། །དེ་ལྟར་གྱུར་པའི་གཉིས་སུ་མེད་པའི་ཡེ་ཤེས་དབང་ཕྱུག་རྣམ་འཕྲུལ་སྣང་བའོ། །ད་ནི་སྟོང་པ་ཉིད་ཀྱི་ལམ་གྱི་ཕན་ཡོན་བསྟན་པའི་ཕྱིར། ཡུལ་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། འཕགས་པའི་ལམ་ཐོབ་པས་ན་བྱིས་པའོ། །ཡུལ་ནི་འདོད་ཆགས་ལ་སོགས་པའི་ཡུལ་ལ་ཤིན་ཏུ་ཆགས་པའོ། །སེམས་ནི་མ་སྦྱངས་པ་སྟེ། མངོན་པར་འདུས་མ་བྱས་པའི་སེམས་ཀྱིས་སྟོང་པ་ཉིད་བསྟན་པ་ཐོས་པ་ཡིས། སྙིང་ནི་གཉིས་སུ་འགས་པར་འགྱུར། །ཞེས་བྱ་བའི་དོན་ ཏོ། །རྒྱ་ཆེ་བ་ཡི་ཆོས་ཐོས་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐོས་པའི་རྒྱུ་དང་། བཤེས་གཉེན་བཟང་པོ་བསྟེན་པའི་རྒྱུ་དང་། བྱང་ཆུབ་སེམས་དཔའ་རིགས་ཀྱི་ནུས་པའི་རྒྱུས་ཞེས་བྱ་བའི་དོན་ཏོ། །གང་དག་ཡང་འབར་བྱེད་པ་ནི་བདག་དང་གཞན་གྱི་དོན་གྲུབ་པའི་ཕྱིར། བརྩོན་འགྲུས་འབར་ བར་བྱེད་པའི་ངང་ཚུལ་ཅན་དེའི་རྒྱུ་འདི་དག་གིས་དེ་ལ་སྟོང་པ་ཉིད་བསྟན་པ་ཐོས་པ་ལ་འཇུག་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ། རྟག་ཏུ་བརྩོན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་སུ་མེད་པའི་སྟོང་པ་ཉིད་སྟོན་པ་དང་། ཉན་པ་དང་སེམས་པ་ལ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་བརྩོན་པའོ། ། དེ་བཞིན་དུ་སྟོང་པ་ཉིད་བསྒོམ་པ་ལ་སྦྱོར་ལྡན་པ་ཞེས་བྱ་བའི་དོན་ཏོ། །ལམ་འདི་ལ་ནི་རྗེས་སུ་ཞུགས་པས་དེ་རྣལ་འབྱོར་པ་འགའ་ཞིག་ཐེག་པ་ཆེན་པོའི་ལམ་ལ་རྗེས་སུ་ཞུགས་པས་རིང་པོར་མི་ཐོགས་ཆོས་རྣམས་ཀུན་ཏེ། བརྟགས་པ་རྣམས་དུས་དེ་ཉིད་དུ་བདག་མེད་པར་ནི་རྟོགས་པར་འགྱུར་ ཞེས་བྱ་བའི་དོན་ཏོ། །ད་ནི་ཐོས་པ་དང་བསམས་པ་ལས་བསྒོམས་པའི་ཁྱད་པར་བསྟན་པའི་ཕྱིར། ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་ལམ་གྱི་མཚན་ཉིད་ཐོས་པ་དང་བསམས་པ་ཡང་མ་བསྒོམས་པས་ཆོས་ཉིད་ཐོབ་པར་མི་འགྱུར་ཏེ། གཉིས་སུ་མེད་པའི་སྟོང་པ་ཉིད་ཐོབ་པའི་ རྒྱུར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། ཆུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུ་ནི་གཞོལ་འགྲོའོ། །ཐོས་པ་དང་ནི་མཐོང་བ་ཡིས། །མ་འཐུངས་པར་ཏེ། མ་བྱིན་པར་སྐོམ་པ་ཇི་ལྟར་ཟློག་ཅེས་བྱ་བའི་དོན་ཏོ། །ད་ནི་བསྒོམ་པའི་རིམ་པ་རྣལ་འབྱོར་པ་ཇི་ལྟ་ བུས་བྱ་བ་བསྟན་པའི་ཕྱིར། ཚུལ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཕྱིར་ཚུལ་གནས་པའོ། །དམ་པའི་ཆོས་ཐོས་པ་ན་ཐོས་པ་དང་ལྡན་པའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པས་ན་ཤེས་རབ་ལྡན་ནོ། །བསོད་ནམས་བྱ་བའི་དངོས་པོ་བྱེད་པས་ན་ བསོད་ནམས་ཚོགས་ནི་ཡང་དག་བསགས་སོ། །ཡུལ་རྣམས་ནི་གཟུགས་ལ་སོགས་པ་ལ་དུག་བཞིན་དུ་བལྟ་བའོ། །དེ་བཞིན་དུ་བྱ་བ་བྱས་པའི་ཕྱིར་ལུས་དང་སྲོག་ལ་ཆགས་པ་མེད་དེ་འདོད་པ་སྤངས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་། ཅི་ལའང་མངོན་པར་དགའ་མིན་ཏེ། །སྲོག་ལ་མངོན་པར་དགའ་མ་ཡིན། ། ཞེས་གསུངས་སོ། །ད་ནི་གང་དུ་གང་གི་ཕྱིར་ཇི་ལྟ་བ་བཞིན་དུ་གོམས་པས་སྒོམ་མོ་ཞེས་བསྟན་པའི་ཕྱིར། ཁྱིམ་མམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐོག་མར་ནི་དང་པོར་ཏེ། ཁྱིམ་སྟེ་རང་གི་གནས་སམ་ནགས་ནི་དགོན་པའོ། །བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་ཀྱི་གོ་འཕང་ལ་འཇུག་ པས་ཏེ། འཇུག་འདོད་པ་དེས་བདག་མེད་པའི་ཏིང་ངེ་འཛིན་ལ་དམིགས་པར་བྱའོ། །དེ་ལ་དམིགས་ནས་གང་ཟག་ལ་བདག་མེད་པ་ལ་འཇུག་པར་རོ། །གང་གི་ཕྱིར། བློ་དང་དབང་པོ་དང་པོ་དང་ནི་ཡིད་རྣམས་སྤངས། །ལུས་ཀྱི་བྱ་བྱེད་གལ་ཏེ་རང་དབང་བྱེད་གྱུར་ན། །གང་ཚེ་བློ་སོགས་སྤངས་ན་ ཆུང་ཟད་ཡོད་མིན་ཏེ། །དེ་ཕྱིར་དངོས་པོ་འདི་དག་ཚོགས་པའི་བདག་ཉིད་ཡིན། །ཞེས་བྱ་བའི་རིགས་པ་འདིས་བདག་མེད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བདག་གི་རྣམ་པར་རྟོག་པ་བཟློག་ནས། འཇིག་རྟེན་དོན་ནི་གཙོ་བོར་བྱས། །བདག་ཉིད་ཀྱི་དོན་དུའོ། །རང་དོན་ཞར་མཛད་ནི་གཙོ་བོ་མ་ཡིན་པར་བྱས་ པའོ། །ཐུགས་རྗེའི་བདག་ནི་སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའོ། །འཇིག་རྟེན་དུ་ནི་སེམས་ཅན་གྱི་འཇིག་རྟེན་དུའོ། །འཁོར་བ་ལས་གདོན་པའི་ཕྱིར་དང་ཆོས་རྣམས་ནི་བདག་མེད་པ་ལ་ཞུགས་པའི་ཕྱིར་རོ། །རང་བཞིན་གསུམ་གྱི་ངོ་བོ་ཉིད། །སྐད་ཅིག་ཙམ་ཡང་སྐབས་ལྡན་ན་སྟེ། གནས་སྐབས་ཐོབ་པའོ། །ཁྱིམ་པར་གྱུར་པ་ནི་དགོན་པ་ལ་ལྟོས་པ་མེད་པས་ཀྱང་། བསྒོམ་ཞེས་བྱ་བ་ནི་བློས་རྣམ་པར་དཔྱད་ཅེས་བྱ་བའི་དོན་ཏོ། །སྐྱིལ་མོ་ཀྲུང་ནི་བཅས་ནས་སུ། །གཡོ་བ་ནི་གཡོ་བའོ། །སྣའི་རྩེ་མོར་ཡིད་བསྡུ་བར་བྱའོ། །འདི་ལྟར་གཞན་གྱི་དབང་གི་ངོ་བོ་གཉིས་ཏེ། གཟུང་ དང་འཛིན་པའི་ངོ་བོ་རྣམ་པར་སྒྲོ་བཏགས་པ་ཀུན་བརྟགས་པའི་རང་བཞིན་ནི་ངོ་བོ་གཅིག་གོ། །ཀུན་བརྟགས་པ་དེ་ཡང་རྟག་ཏུ་མེད་པའི་ཕྱིར་ཆོས་ལ་བདག་མེད་པར་གྲུབ་བོ། །ཆོས་ལ་བདག་མེད་པ་དེ་ཉིད་ཀྱི་གཞན་དབང་གི་སེམས་ལ་ཡོངས་སུ་གྲུབ་པའི་རང་བཞིན་ ངོ་བོ་གཉིས་པ་གསལ་བར་འགྱུར་རོ། །དེ་ལྟར་རྣམ་པར་དཔྱོད་པའི་བྱང་ཆུབ་སེམས་དཔའ་གང་གི་ཚེ་ཀུན་བརྟགས་པ་མེད་པ་དང་། གཞན་གྱི་དབང་སྒྱུ་མ་བཞིན་དུ་རང་བཞིན་མེད་པ་ཉིད་དུ་མཐོང་བ་དེའི་ཚེ། ཡོངས་སུ་གྲུབ་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་སེམས་ཅན་གྱི་དོན་གྱི་ཕྱིར་སྒོམ་ ཞེས་བྱ་བའི་དོན་ཏོ། །རང་གི་གནས་སུ་ཡིད་ཀྱིས་ཆོས་ལ་དམིགས་ན་རྩེ་གཅིག་པར་མི་འགྱུར་ཏེ། དེའི་ཕྱིར་སྣའི་རྩེ་མོར་གཏད་པར་བྱའོ། །ད་ནི་དམིགས་པའི་དབང་དུ་བྱས་ནས། ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོངས་སྤྱོད་ནི་ཕྱི་རོལ་ལོ། །ཉེར་གནས་པ་སྟེ་གཟུགས་ལ་ སོགས་པའོ། །དེ་བཞིན་དུ་ཀུན་བརྟགས་པའི་རང་བཞིན་སྣང་བའི་ཕྱིར་བརྫུན་ནི་མི་བདེན་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སླུ་བ་ནི་ཡུལ་མེད་ཀྱང་དེ་ལ་འཇུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་སྣང་བའི་རང་གི་སེམས་གང་དང་གང་གི་མིང་གི་སྣང་བ་དེ་དང་དེའི་མིང་གིས་དམིགས་པ་ མདུན་དུ་བྱས་ནས་ནི་སྟེ། དེ་དག་ཉེས་པ་དང་ལྡན་པར་བསྒོམ་པ་ཡིན་ཏེ། དམིགས་པ་སྤྱིར་བསྟན་པ་ཡིན་ནོ། །ད་ནི་ཁྱད་པར་བསྟན་པར་དམིགས་ཀྱིས་དགག་པའི་ཕྱིར། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདོད་ཆགས་ཅན་དེས་འདོད་ཆགས་གནས་ལ་ནི་བུད་མེད་ལ་སོགས་པ་ རྟེན་གྱི་ངོ་བོ་མདུན་དུ་དམིགས་པར་མི་བྱའོ། །དེ་བཞིན་དུ་སྡང་བ་སྟེ། སྡང་བའི་རྒྱུ་དགྲ་ལ་དམིགས་པར་མི་བྱའོ། །གང་གི་ཕྱིར་ཉེ་བ་དང་ལྡན་པ་ལས་ཞེ་སྡང་དུ་འགྱུར་བའི་ཕྱིར་རོ། །རྨོངས་མི་བྱ་སྟེ་གཏི་མུག་བསྐྱེད་པ་མུན་པ་དང་བཅས་པ་རྟོག་པ་མེད་པ་མེད་པའི་རང་བཞིན་དམིགས་པར་མི་བྱའོ་ཞེས་བྱ་བའི་ དོན་ཏོ། །རབ་ཏུ་དགག་པའི་དངོས་པོ་ཉེ་བར་བསྟན་པ་ཚིགས་སུ་བཅད་པ་གསུམ་གྱིས་འཆད་དེ། ཆགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ཅན་གང་ཞིག་ཡང་འདོད་ཆགས་ཀྱི་གནས་པ་དེ་དང་མཐུན་པར་བུད་མེད་ཀྱི་དངོས་པོ་ལ་སོགས་པ་ལ་གལ་ཏེ་དམིགས་པར་བྱེད་ན། དེའི་ཚེ་འདོད་ ཆགས་ཀྱིས་གནོད་པར་འགྱུར་རོ། །དེ་བཞིན་དུ། ཞེ་སྡང་ཅན་ལ་སྡང་བས་དང་། །རྨོངས་པ་གཏི་མུག་གིས་ནི་ཉམས། །གང་གི་ཕྱིར་འདོད་ཆགས་དང་གཏི་མུག་ཤིན་ཏུ་སྟེ། ཕུལ་དུ་བྱུང་བར་ཉོན་མོངས་པ་འཕེལ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། ཏིང་ངེ་འཛིན་ནི་མི་བརྟན་ཕྱིར། །ཞེས་བྱ་བ་ སྨོས་ཏེ། གང་ཞིག་ཏིང་ངེ་འཛིན་བརྟན་པ་དེ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གནོད་པར་མི་འགྱུར་རོ། །ཡང་གང་ཞིག་ཏིང་ངེ་འཛིན་ནི་མི་བརྟན་ཕྱིར་ཏེ། ཞེས་ཐར་པ་མེད་པའི་ཕྱིར། རྣམ་པར་རྟོག་པས་ཉམས་བྱས་ནས། །ཉམས་པའི་སྒོ་ནི་དེ་དང་དེས་ཏེ། འདོད་ཆགས་དང་ཞེ་སྡང་དང་ གཏི་མུག་ལ་སོགས་པ་ལ་དམིགས་པས་རྣལ་མའི་ཏིང་ངེ་འཛིན་སྤངས་ནས་གཞན་དག་ཉིད་ནི་འདོད་ཆགས་ལ་སོགས་པའི་གནས་སུ་གྱུར་པ་བུད་མེད་ལ་སོགས་པའི་དངོས་པོ་རབ་ཏུ་རྟོགས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྨོངས་པའང་ཞེས་བྱ་བ་སྨོས་ཏེ། རྨོངས་པ་ནི་རྨོངས་པའི་བདག་ཉིད་གང་ཡིན་པའོ། །འདུ་ཤེས་རྨོངས་པའི་ ཕྱིར་ནི་རྨོངས་པའི་རྒྱུའི་ཕྱིར་རོ། །རྨོངས་པའི་དངོས་པོ་ནི་རྟོག་པ་མེད་པའི་རང་བཞིན་གྱིས་རྟེན་ཅིང་འབྱུང་བའི་དངོས་པོ་སྤངས་ནས་གཞན་བདག་དང་བྱེད་པ་པོ་སེམས་པ་ཡིན་ནོ། །ཤིན་ཏུ་མུན་ནག་སྨག་ཏུ་ལྷུང་སྟེ་མ་རིག་པའི་མུན་ནག་ཏུ་ཤིན་ཏུ་ལྷུང་ཞེས་བྱ་བའི་དོན་ཏོ། །ཅི་ལྟ་བ་བཞིན་དུ་དམིགས་ པར་བྱ་བ་དེ་བཞིན་དུ་རིགས་པ་བསྟན་པའི་ཕྱིར། མཁས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁས་པ་ནི་བློ་ལྡན་ནོ། །དམིགས་པའི་གནས་ནི་བུད་མེད་ལ་སོགས་པའོ། །བཟློག་ནི་གཉེན་པོ་ཡིད་ལ་བྱ་བའོ། །ཉོན་མོངས་ཆུང་ཟད་གོམས་པའི་ས་འདོད་ཆགས་ལ་སོགས་པའི་ཁྱད་པར་འཕེལ་ བར་འགྱུར་བ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། མེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣུམ་ནི་མར་གྱི་ཐིགས་པ་སྟེ། །ཉུང་ངུས་ཀྱང་མེ་འབར་ཞིང་འཕེལ་བར་བྱེད་པ་དེ་བཞིན་དུ་འདི་ཡང་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གྱི་སྟོབས་ལེགས་པར་ཐོབ་པས་ཕྱིས་འདོད་ཆགས་ལ་སོགས་པའི་གནས་ ལ་མངོན་པར་ཕྱོགས་པར་བྱས་ནས་སྤོང་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མཚོན་ཆའི་ཐབས་ལེགས་པར་བསླབས་པའི་མཁས་པ་དཔའ་བོ་སྟེ། གཡུལ་ངོར་ཏེ་གཡུལ་གྱི་ནང་དུ་དགྲ་བོ་རྣམས་བརྡེག་པ་དེ་བཞིན་དུ་རྣལ་འབྱོར་པའི་ཏིང་ངེ་འཛིན་བསྟན་ པའི་ཕྱིར། སྦྱོར་བ་ལེགས་པར་བྱས་པས་འདོད་ཆགས་ལ་སོགས་པའི་གནས་དཔའ་བའི་དགྲ་ལས་ཏེ་དགྲ་གཞན་བཞིན་དུ་ཐབས་པ་དེ་བས་སྒྲུབ་པར་མི་ནུས་པ་ལ་བསྣུན་པར་བྱ་ཞེས་བྱ་བའི་དོན་ཏོ། །འདི་ནི་ལུང་གི་ཚད་མ་ཡིན་ཏེ། མ་ལུས་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། གང་ཞིག་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་མ་ལུས་པ་གཟིགས་པ་སངས་རྒྱས་བཅོམ་ལྡན་འདས་དེས་གསུངས་ཏེ་བཀའ་སྩལ་ཏོ། །འདི་ལྟར་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །སོགས་པ་སྨོས་པས་ནི་ཤེས་བྱ་སྟེ་གཟུགས་ལ་སོགས་པའོ། །འདི་ལྟར་དེ་ ཁོ་ན་ཉིད་ཀྱི་གེགས་སུ་གྱུར་པའི་ཕྱིར་སྒྲིབ་པའོ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །དེ་དག་ཉིད་ནི་སྤང་བར་བྱ། །ཞེས་སྨོས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བའི་དོན་ཏོ། །དེ་ལྟར་ཞི་གནས་བསྟན་པས་ལྷག་མཐོང་ལ་འཇུག་པར་བྱ་བའི་ཕྱིར། རྟགས་སྩོགས་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། དེ་ནས་དེ་མ་ཐག་ཏུ་རྣལ་འབྱོར་པས་ཀུན་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་སེམས་ཀྱི་སྣང་བ་དེ་དག་གསུམ་ཐོས་པའི་ཤེས་རབ་ཀྱིས་དམིགས་པར་བྱའོ། །དོན་འཛིན་ནི་ཀུན་བརྟགས་པའི་དངོས་པོའོ། །དོན་དུ་དེས་སྣང་ནི་གཞན་གྱི་དབང་གི་ངོ་བོའོ། །དོན་རྣམས་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་ པའི་ངོ་བོའོ། །ད་ནི་བསམ་པའི་ཤེས་རབ་ཀྱི་དབྱེ་བ་ངེས་པར་ཡང་བསམ་བྱ་སྟེ། འདྲེས་པ་ལ་དམིགས་པར་བྱའོ། །བསྒོམ་པའི་རང་བཞིན་གྱི་ཤེས་རབ་བརྟགས་པའི་དྲི་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་དོན་དམ་པའི་རང་བཞིན་ཡོངས་སུ་གྲུབ་པ་སྒོམ་པ་བསམ་གྱིས་མི་ཁྱབ་པ་བསམ་པར་བྱ་བ་ནི་འབའ་ ཞིག་པ་སེམས་པའོ། །ད་ནི་བརྟགས་པའི་དོན་བསམ་པར་བྱ་བའི་ཕྱིར། གང་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་སྣང་དེ་ནི་རྣམ་པར་རྟོག་པས་བརྟགས་པ་རང་བཞིན་གྱི་སེམས་དེ་ཉིད་མིན་ཏེ། དོན་དམ་པར་མཐོང་བ་མེད་དོ། །གང་ཞིག་མ་མཐོང་བ་ནི་ཡོངས་སུ་གྲུབ་པའི་རང་བཞིན་གྱི་ སེམས་སོ། །དེ་དེ་བཞིན་ནི་ཕྱིན་ཅི་མ་ལོག་པ་ཞེས་བྱ་བའི་དོན་ཏོ། །དཔེར་ན་རབ་རིབ་ཀྱིས་འཁྲུལ་པའི་མིག་གིས་སྐྲ་ཤད་མེད་པ་ལ་སྐྲ་ཤད་དུ་མཐོང་བ་དེ་བཞིན་དུའོ། །ཇི་སྐད་བསྟན་པ་དེ་ཉིད་བསྟན་པའི་ཕྱིར། བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མས་མ་གྲུབ་པས་ན་མི་དབེན་ པ་བརྟགས་པའི་དངོས་པོ་མཐོང་ངོ་། །དེ་བཞིན་དུ་ཀུན་བརྟགས་པ་འཁྲུལ་པ་ཙམ་ནི་དངོས་པོའོ། །རྒྱུ་མཚན་མེད་པ་ཞེས་བྱ་བ་ནི་རྒྱུ་མཚན་ཡོད་པ་མ་ཡིན་པའོ། །མཚན་མར་ཡང་སྟེ་རྒྱུ་དང་རྐྱེན་ལས་སྐྱེས་པའོ། །མཚན་མས་བཅོམ་པ་ནི་བག་ཆགས་ཀྱིས་བཅོམ་པའོ། །བག་ཆགས་ཀྱིས་ཡུན་རིང་ པོ་སྟེ། དུས་ཐམས་ཅད་དུ་མཐོང་ཞེས་བྱ་བའི་དོན་ཏོ། །ད་ནི་གཞན་གྱི་རྒྱུད་ལ་འཁྲུལ་པར་བསྟན་པའི་ཕྱིར། ཀྱེ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་མ་ནི་ངོ་མཚར་རོ། །འཇིག་རྟེན་པའི་མིག་བརྫུན་པའི་དབང་གིས་འཁྲུལ་པ་ཡིན། གང་གིས་རིའི་རྩེ་མོར་སྐྲ་མེད་པ་མཐོང་ཞིང་། རགས་ པའི་རི་བོ་མཐོང་མ་ཡིན། དེ་བཞིན་དུ་མི་སྣང་བའི་ངོ་བོ་ཀུན་བརྟགས་པ་མཐོང་ངོ་། །རྣམ་པར་རིག་པ་ཙམ་གྱི་མངོན་སུམ་གྱིས་གྲུབ་པ་ནི་མ་མཐོང་ཞེས་བྱ་བའི་དོན་ཏོ། །ཕྱིའི་དོན་སྨྲ་བའི་རྒྱུ་མཚན་ཕོག་པ་ལ་བཞད་གད་དུ་བྱ་བའི་ཕྱིར། སྐྲ་ཉག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྲ་ཉག་མུ་ ཏིག་ཤིན་ཏུ་ཕྲ་བ་ལ། དེ་དག་ལ་གང་གིས་ཕོག་ཅེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། འགྲོ་ན་འཕོང་སྐྱེན་ནི་འགྲོ་བ་ན་འཕོང་སྐྱེན་པ་བསྟན་པ་གང་ལ་ཡོད་པ་ནི་འགྲོ་ན་འཕོང་སྐྱེན་ནོ། །མཚན་མ་ལ་ཕོག་ནི་ཕྱིའི་དོན་ལ་རབ་ཏུ་ཕོག་པས་གཉིས་པོ་ཡང་རྐྱེན་མ་ཡིན་ཏེ། ཕོག་པར་བྱས་ ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པར་འགྱུར་ཏེ། སྐྲ་དང་མུ་ཏིག་ནི་མངོན་སུམ་གྱི་ཡུལ་ཡིན་ལ། ཕྱིའི་དོན་མངོན་སུམ་ལས་འདས་པ་ལ་ཡང་རབ་ཏུ་ཕོག་པའི་ཕྱིར། དེ་གཉིས་ལས་དེ་དག་རྐྱེན་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བསྟན་པའི་དོན་དེ་ཉིད་རྒྱུན་དང་བཅས་པ་སྤོང་ བར་བསྟན་པའི་ཕྱིར། དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དོན་དུ་ལྟ་བ་ནི་ཕྱིའི་དངོས་པོར་ལྟ་བས་ཐམས་ཅད་ཀུན་བརྟགས་པ་ཁོ་ནའི་དོན་ནི་གསལ་བར་སྣང་། སྣང་བ་ནི་རབ་ཏུ་སྣང་བའོ། །རླུང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་གིས་བསྐྱོད་པ་ནི་རབ་ཏུ་བསྐྱོད་ པའོ། །དབའ་ཚོགས་ནི་དབའ་རླབས་ཀྱི་ཚོགས་གང་ལ་ཡོད་པའོ། །དེ་ཉིད་ཀྱི་དཔེ་ནི་གར་མཁན་ཏེ་གར་བྱེད་པ་ལ་ཞུགས་པ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །རི་དགས་ཆུ་བཞིན་ནི་རི་དགས་ཆུ་འདོད་པ་བཞིན་ནོ། །རྫིང་བུ་ལ་སོགས་པ་ན་གནས་པའི་ཆུའི་དངོས་པོ་ཡོད་པ་ཉེ་བར་གནས་པ་ནི་ཡང་དག་ པའི་ཤེས་པས་རྟོགས་པ་མི་སྣང་ཞེས་བྱ་བའི་དོན་དེ་ཉིད་ཀྱི་དོན་གཞན་དགོད་པ་བསྟན་པ་ནི་ཡང་དག་པ་མ་ཡིན་བརྟགས་པར་ལྷུང་ནི་དེ་ཁོ་ན་ཉིད་མ་མཐོང་བའོ། །འབད་མེད་ནི་འབད་པ་དང་བྲལ་བས་སོ། །ཕལ་ཆེར་ནི་ཕལ་ཆེར་རོ། །ཡང་དག་ནི་བདེན་པ་མི་བདེན་ཞེས་བྱ་བའི་དོན་ ཏོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། རྣམ་པར་རིག་པ་ཙམ་ཡང་དག་པ་ཡོངས་སུ་སྤངས་ནས་ཡང་དག་པ་མ་ཡིན་པའི་ཀུན་དུ་བརྟགས་པ་ལ་དངོས་པོར་མངོན་པར་ཞེན་ཏོ། །ད་ནི་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་བསམ་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་བསྟན་པའི་ཕྱིར། སེམས་ཀྱིས་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཀུན་བརྟགས་པའི་རྣམ་པར་སྐྱེ་སྟེ། དེ་ལ་བརྟགས་པའི་བདག་ཉིད་ནི་དངོས་པོ་མེད་དོ། །གང་གི་ཚེ་རྣལ་འབྱོར་པ་དེ་ལྟར་སེམས་པ་དེའི་ཚེ། འདི་ལྟར་རྨི་ལམ་དུ་དོན་དུ་སྣང་བ་ཡོད་པ་དེ་ལ་དོན་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕྱིའི་དོན་གྱི་རྒྱུ་མཚན་ གྱི་བག་ཆགས་ཡིན་ནོ། །ཀུན་བརྟགས་མེད་པས་གཞན་གྱི་དབང་། །དེ་ནས་སེམས་ཀྱིས་ཐོབ་པ་ཡིན། །ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། ཉོན་མོངས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་ཡོངས་སུ་གྲུབ་པ་ཡོངས་སུ་རྫོགས་པའི་ས་དང་ཉེ་སྟེ། ས་མ་ཐོབ་པ་དེ་སྲིད་དུ་ས་བདུན་པའི་བར་ དུ་གཞན་གྱི་དབང་གི་རང་བཞིན་དོན་གྱི་རྣམ་པ་ཉོན་མོངས་པ་ཅན་གྱི་ཡིད་ལ་སྣང་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ས་བརྒྱད་པ་ཐོབ་པ་དེའི་ཚེ། ཡོངས་སུ་རྫོགས་པ་གང་ཐོབ་པ། །རྣམ་པར་མི་རྟོག་པ་ལ་གནས། །ཞེས་བྱ་བའི་དོན་ཏོ། །དེ་ཡང་ནི་ཡོངས་སུ་གྲུབ་པའི་ངོ་བོ། །སེམས་བློ་ལྡན་ ལྡན་གྱིས་མཐོང་ནས་གཞན་གྱི་དངོས་ལ་འཇུག་མ་ཡིན་ཏེ། གཞན་གྱི་ངོ་བོ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ། །གང་གི་ཀུན་བརྟགས་པའི་རང་བཞིན་ཤིན་ཏུ་མེད་པའི་ཕྱིར། དེ་ཉིད་ནི་དེའི་བདག་ཉིད་ཀུན་བརྟགས་པའི་རང་བཞིན་མི་འཇུག་ཅེས་བྱ་བའི་དོན་ཏོ། །བརྫུན་པར་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། གལ་ཏེ་བརྫུན་པའི་བདག་ཉིད་མཐོང་བས་ཡང་སྟེ། ཀུན་བརྟགས་པའི་རང་བཞིན་དུ་ཡང་བདག་ཉིད་དང་བཅས་པ་དེའི་བདག་ཉིད་བསྟན་པ་དེའི་ཚེ་རྨི་ལམ་བཞིན་དུ་བསམ་མོ། །འདི་ལྟར་རྨི་ལམ་གྱི་གཟུང་བ་དང་འཛིན་པ་ཡོད་མོད་ཀྱི་དེ་ཁོ་ན་ཉིད་མ་ཡིན་ཏེ། དེ་བཞིན་ནོ་ཞེས་ བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། རྨི་ལམ་ལྟ་བུར་ངེས་ཤེས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྨི་ལམ་དང་ཆོས་མཐུན་པར་དོན་མཐོང་བ་དེའི་ཚེ། བརྫུན་པའི་བདག་ཉིད་ནི་ཀུན་བརྟགས་པའི་རང་བཞིན་དེའི་སེམས་སྐད་ཅིག་གཅིག་ལ་སྣང་བ་མ་ཡིན་ཏེ། ཡོངས་སུ་གྲུབ་ པའི་རང་བཞིན་གསལ་བར་མི་སྣང་ངོ་། །གང་གི་ཕྱིར། གཉེན་པོ་ཡིས་ནི་དགག་ཕྱིར་རོ། །ཞེས་སྨོས་ཏེ་གཉེན་པོ་རྨི་ལམ་གྱི་དཔེས་ཀུན་བརྟགས་པའི་ཕྱིར་རོ། །ད་ནི་མཐའ་གཉིས་དང་བྲལ་བའི་ལམ་བསྟན་པའི་ཕྱིར། སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུ་ནི་སྔར་བསྟན་པའི་ རིགས་པའོ། །སྙིང་པོ་འཛིན་པ་ཡོངས་སུ་གྲུབ་པའི་རང་བཞིན་གྱི་སྙིང་པོ་འཛིན་པའི་རྣལ་འབྱོར་པས་གལ་ཏེ་མེད་པའི་མཐའ་ལ་རེག་ན་མེད་པའི་རྣམ་པར་རྟོག་པའི་གཡེང་བས་སེམས་ཀྱིས་རེག་ན་དེའི་དེས་དེ་བཞིན་ཉིད་ལ་ཤིན་ཏུ་དམིགས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལ་ དམིགས་པར་བྱ་སྟེ། དེ་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །གཞན་དུ་ན་སྐུར་པ་འདེབས་པའི་ལྟ་བར་འགྱུར་རོ། །འོན་ཏེ་ཡོད་པའི་མཐའ་ནི་ཡོད་པའི་རྣམ་པར་རྟོག་པའི་གཡེང་བས་གལ་ཏེ་སེམས་ཀྱིས་རེག་ན་དེའི་ཚེ་དེ་ནི་སྤང་བའི་དོན་ཕྱིར་ཡང་། སྟོང་ཉིད་ཤིན་ཏུ་དམིགས་པར་བྱ། གང་ གི་ཕྱིར་སྣ་ཚོགས་ནི་དངོས་པོ་དང་དངོས་པོ་མེད་པའི་ལྟ་བའི་རྣམ་པར་རྟོག་པ་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་བསྟན་ཏོ། །འདི་སྐད་བསྟན་པར་འགྱུར་ཏེ། དངོས་པོ་གང་ཚད་མས་ཡོངས་སུ་མ་བཅད་པ་དེ་དགག་པའི་སྟོང་པ་ཉིད་བསྟན་པ་ཡིན་གྱི་གཉིས་མེད་པའི་སེམས་ནི་མ་ཡིན་ཏེ། དེ་དངོས་པོ་དང་ དངོས་པོ་མེད་པར་མཆོག་ཏུ་མེད་པའི་ཕྱིར་རྟག་ཏུ་དབུ་མའི་ལམ་གྱི་རང་བཞིན་དུ་གནས་པའི་ཕྱིར་རོ། །དོན་དེ་ཉིད་དཔེས་བསྟན་པའི་ཕྱིར། རྡོ་རྗེ་སྦྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འགའ་ཞིག་ལྷ་མ་ཡིན་གྱི་ཁང་པའི་སྒོ་རྡོ་རྗེ་སྦྱིན་གྱིས་ཉེ་བར་བྱུག་པ་ནས་ཕྱོགས་གཉིས་མ་རག་པར་ཞུགས་པ་དེ་བཞིན་ དུ་རྣལ་འབྱོར་པ་ཡོད་པ་དང་མེད་པར་མི་རྟོག་པས་རྣམ་རིག་ནི་གཉིས་སུ་མེད་པ་སྟོང་པ་ཉིད་ལ་འཇུག་གོ། །དེ་བཞིན་དུ་འདི་ལྟར་ལྷ་མ་ཡིན་གྱི་ཁང་པར་འགའ་ཞིག་ཞུགས་པ་ན་གལ་ཏེ་ཕྱོགས་གཉིས་ལས་གང་ཡང་རུང་བ་ཞིག་རེག་ན། དེའི་ཚེ་རྡོ་རྗེ་སྦྱིན་གྱིས་བཟུང་བས་ནི་དེའི་ལུས་ནི་སྲེག་པར་འགྱུར་ཏེ། ལུས་ བསྲེགས་ན་དུས་ནམ་ཡང་འཇུག་པར་མི་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པ་ཡོད་པ་དང་མེད་པ་གཉིས་གང་ཡང་རུང་བ་ཅིག་གི་མཐའ་ལ་རེག་ན་རྣམ་པར་རིག་པ་ཙམ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ། །ད་ནི་ཀུན་བརྟགས་པ་དང་གཞན་གྱི་དབང་མཐོང་བའི་མཚན་མ་བསྟན་ པའི་ཕྱིར། སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བ་ཐོབ་པ་ནི་ཡེ་ཤེས་ཀྱི་སྣང་བ་ཐོབ་པའི་རྣལ་འབྱོར་པས་དེའི་རྟགས་ནི་མཚན་མ་སྟེ། མེད་ན་མི་འབྱུང་བར་ཤེས་པར་བྱའོ། །གང་དང་མེད་ན་མི་འབྱུང་ཞེ་ན། དངོས་གྲུབ་དང་ངོ་། །ཇི་ལྟར་ཀུན་བརྟགས་པ་དང་གཞན་གྱི་དབང་གཟུང་བ་ལོག་ པས་ཡོངས་སུ་གྲུབ་པའི་རང་བཞིན་མངོན་སུམ་དུ་བྱེད་དེ། དེ་བཞིན་དུ་གྱུར་པའི་དངོས་གྲུབ་དང་མེད་ན་མི་འབྱུང་བའི་རྟགས་དེ་དག་ནི་རྣལ་འབྱོར་པས་ཤེས་པར་བྱའོ། །ཇི་ལྟ་བུ་ཞེ་ན། དུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེས་སྒྲུབ་པའི་ཕྱིར་དུ་བ་མི་འཁྲུལ་པ་ལྟར་འདི་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། ། དེ་ལ་དང་པོའི་ཚིགས་སུ་བཅད་པ་གསུམ་གྱིས་ཀུན་བརྟགས་ཀྱི་རྟགས་བསྟན་པའི་ཕྱིར། ཀུན་བརྟགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ནི་ཀུན་དུ་བརྟགས་པའི་གཟུང་བ་ལ་སྤངས་པ་མེད་པར་བྱས་པའི་ཕྱིར་རོ། །མི་གསལ་བའི་རི་མོ་བཞིན་ནི་བསམ་གཏན་ལ་གནས་པའི་རྣལ་འབྱོར་པ་འབའ་ ཞིག་མ་ཡིན་གྱི་ཇི་སྲིད་བསམ་གཏན་ལས་ན་ལངས་པ་ཡིས་ཀྱང་འགྲོ་བ་ཐམས་ཅད་མི་གསལ་སྣང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྣང་བའི་དངོས་པོ་དངོས་པོ་མེད་པ་ཡིན་ན་ཇི་ལྟར་སྣང་མ་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་ཏེ། འདི་དག་ནི་ཀུན་བརྟགས་པ་རྟག་ཏུ་དངོས་པོ་མེད་པ་རྣམ་པ་དངོས་པོ་མེད་ཅེས་ བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུར་གྱུར་པར་འགྲོ་བ་མཐོང་ཞེ་ན། ཟད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤིང་ཟད་པ་ལ་སོགས་པ་དོན་བྱ་བ་འགའ་ཡང་མི་བྱེད་ཅིང་མི་དགོས་པ་དེ་བཞིན་དུ་མཐོང་ངོ་། །མཐོང་བ་ཞེས་བྱ་བ་ཐམས་ཅད་དུ་སྦྱར་རོ། །རྙིངས་པ་ལྟ་བུ་ནི་འདི་ལྟར་སྣམ་ བུ་ལ་སོགས་པ་བགོ་བ་ལ་སོགས་པའི་བྱ་བ་མི་བྱེད་པ་དེ་བཞིན་ནོ། །གཞན་ཡང་ཀུན་ཏུ་ཞིག་པ་ལྟ་བུ་ཕྱོགས་ཐམས་ཅད་ནས་རྙིངས་པའི་ཁང་པ་ལྟ་བུའོ། །གྲོང་སྟོང་ལྟ་བུར་སྐྱེ་བོས་དབེན་པའོ། །དགའ་བ་མེད་པ་ནི་དགའ་བ་ནི་དགའ་བའོ། །དེ་མེད་པའི་ཕྱིར་དགའ་བ་མེད་པའོ། །ཚད་མའི་ རྟེན་མེད་པ་ནི་རྟེན་མེད་དོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། འདི་ལྟར་འདི་དག་དངོས་པོ་མེད་པར་ཡང་མཐོང་བས་འགྲོ་བ་འདི་དག་ཀྱང་དེ་བཞིན་ཞེས་བྱ་བའི་དོན་ཏོ། །སྒྲ་ལས་བྱུང་བའི་འགྲོ་བ་ལ་ཤིན་ཏུ་སྐྱོ་བ་སྐྱེས་ཏེ། ཇི་ལྟ་བུ་ཞེ་ན། ཅི་རི་བཞིན་ཏེ་འཁོར་ལོ་ཞེས་བྱ་བའི་སྲོག་ཆགས་ཀྱི་བྱེ་བྲག་གོ། །དེ་ སྒྲ་འདོན་པ་ལ་ཐོས་པ་རྣམས་སྐྱོ་བ་སྐྱེའོ། །འགྲོ་བ་ཡང་དེ་བཞིན་ནོ། །བདག་ཅེས་བྱ་བ་སྨོས་ཏེ། གཞན་ཡང་དེ་ལས་ཐ་དད་པའི་ཀུན་བརྟགས་པའི་ཆོས་མེད་པས་ན་བདག་མེད་དོ། །གང་གི་ཕྱིར་ཐ་དད་པ་ཡོད་ན་ནི་བདག་མེད་ན་འདི་ལྟར་ཐ་དད་པའི་རྒྱུས་དྲུག་པ་ཡིན་ནོ། །བདག་གི་ངོ་བོ་མེད་ན་བདག་གི་ བ་ཡང་མེད་དོ། །བརྗོད་པར་བྱ་བའི་དོན་མེད་པས་ན་མིང་ཙམ་འབའ་ཞིག་ཁོ་ནའོ། །ད་ནི་གཞན་གྱི་དབང་གི་རྟགས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར། གཞན་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཀུན་བརྟགས་པའི་རང་བཞིན་གྱི་བདག་ཉིད་དུ་འགྲོ་བ་མཐོང་བ་ལ། ད་ནི་ གཞན་གྱི་དབང་གི་རང་བཞིན་དེ་ཉིད་དུ་འགྲོ་བ་མཐོང་ཞེས་བྱ་བར་འབྲེལ་ཏོ། །འགྲོ་བ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རང་སེམས་ཞེས་བྱ་བ་སྨོས་ཏེ། ཤིང་རྟ་ལྟ་བུ་རང་གི་སེམས་གང་ཡིན་པ་དེ་ལ་ཞོན་པ་སྟེ། གང་གི་ཕྱིར་སེམས་ལས་མ་གཏོགས་པར་ཕྱིའི་དོན་མི་དམིགས་ པའི་ཕྱིར་བདག་གི་ནང་དུ་ཞུགས་ལྟ་བུར་མཐོང་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟར་གྱུར་པ་ཞིག་ཅེ་ན། མིག་འཕྲུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་འཕྲུལ་ལས་བྱུང་བའི་གླང་པོ་ལ་སོགས་པ་དེ་བཞིན་དུ་དག་སྣང་ངོ་། །དེ་ཉིད་དུ་ཁོ་ན་འཁྲུལ་པ་ཙམ་སྟེ། དངོས་པོའི་རང་བཞིན་ནི་མ་ཡིན་ཏེ། དེ་བཞིན་དུ་མ་ལུས་མུན་པས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་མུན་པས་ཁྱབ་པའི་རི་མོ་མི་གསལ་བ་དེ་བཞིན་དུ་ཀུན་བརྟགས་པ་དང་གཞན་གྱི་དབང་མ་ལུས་པར་མཐོང་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རི་མོ་འགྲོ་བ་དེ་དག་ཇི་ལྟར་མཐོང་བ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར། བག་ཆགས་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བག་ཆགས་དང་བཅས་པར་ཀུན་དུ་བརྟགས་པ་མ་སྤངས་པས་ཀུན་དུ་བརྟགས་པའི་བག་ཆགས་དང་འདྲ་བས་ཐམས་ཅད་བྲིས་པ་ལྟ་བུ་རུ་སྟེ་བྲིས་པ་ལྟ་བུ་རུའོ། །ཉོན་མོངས་པ་ཉིད་ཀྱིས་ཁྱབ་པར་ཏེ། ཉོན་མོངས་པའི་བག་ཆགས་ཀྱིས་མངོན་པར་ཁྱབ་པས་མཚོན་ པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཤིང་རྟའི་འཁོར་ལོ་ལྟ་བུར་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །རྨི་ལམ་གསལ་སང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འགའ་ཞིག་རྨི་ལམ་ཤིན་ཏུ་གསལ་བར་མཚན་ཉིད་དང་མཚན་ཉིད་ཅན་དུ་ལྡན་པར་སྣང་བ་སད་པའི་དུས་ན་ དེ་དག་ཐམས་ཅད་མེད་པར་འགྱུར་རོ། །དེ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུར་གྱུར་པ་འགྲོ་བ་སྣང་ཞེ་ན། མཐོང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་མིག་འཕྲུལ་གྱིས་སྤྲུལ་པའི་གླང་པོ་ལ་སོགས་པའི་དངོས་པོ་མཐོང་བ་སྐད་ཅིག་དེ་ཉིད་ལ་སླར་མི་སྣང་ངོ་། ། འགྲོ་བ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཡོངས་སུ་གྲུབ་པའི་རྟགས་བསྟན་པའི་ཕྱིར་འགྲོ་བ་དེ་ཉིད་རྣལ་འབྱོར་པས་ཇི་ལྟ་བ་བཞིན་དུ་མཐོང་བ་བསྟན་པའི་ཕྱིར། ཡོངས་སུ་གྲུབ་པ་ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་ཉིད་ཤེས་པའི་རྣལ་འབྱོར་པས་འགྲོ་བ་ ཇི་ལྟ་བུར་མཐོང་ཞེ་ན། ཆ་ཤས་མེད་ཅིང་ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་པའི་དངོས་པོ་མེད་པའི་ཕྱིར་ཆ་ཤས་མེད་དེ། ཐོག་མཐའ་མེད་པ་ནི་སྔར་བཤད་པའོ། །རྣམ་པ་དང་བྲལ་བའི་ཕྱིར་རྣམ་པ་མེད་ཅིང་ངོ་། །ཐམས་ཅད་དུ་ཆགས་པ་མེད་པའི་ཕྱིར་གཟུང་དུ་མེད་དོ། །ཉོན་མོངས་པ་སྤངས་ པར་གྱུར་ཅིང་སྐྱོ་བ་དང་འཚེ་བ་ལོག་པར་གྱུར་པས་ན་སྐྱོ་མེད་འཚེ་བ་ཡོད་མིན་ནོ། །དབྱིབས་མེད་པའི་ཕྱིར་རིང་པོ་མ་ཡིན་ཟླུམ་པོར་མིན་ནོ། །གཞན་ཡང་ཉི་མས་མུན་པ་བསལ་བ་གང་ལ་ཡོད་པ་དེ་ནི་ཉི་མས་མུན་པ་བསལ་བའོ། །ནམ་མཁའ་ལྟ་བུར་དྲི་མ་མེད་དེ་དྲི་མ་སྤངས་པ་ཡིན་ནོ། །གཞན་ ཡང་། མཉམ་ཉིད་ཆོས་ནི་རྟོགས་པའི་ཕྱིར། །ཐམས་ཅད་མི་མཉམ་པ་དང་མཉམ། །ཞེས་བྱ་བ་སྨོས་ཏེ། མཉམ་པའི་ཆོས་ཉིད་ནི་དེ་བཞིན་ཉིད་དོ། །དེ་རྟོགས་པ་ནི་མཉམ་ཉིད་ཆོས་རྟོགས་པའོ། །མཉམ་ཉིད་ཆོས་རྟོགས་པའི་རྒྱུ་དེ་བས་ན་ཡང་འགྲོ་བ་ཐམས་ཅད་མཉམ་པ་ཉིད་དུ་ མཐོང་བ་ཡིན་གྱི་མི་མཉམ་པར་མཐོང་བ་ནི་མ་ཡིན་ནོ། །བསམ་གཏན་ལས་འདས་པ་དེས་ཇི་ལྟར་དེ་དག་མཐོང་ཞེ་ན། ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པ་དེས་ཀུན་རྫོབ་ཏུ་སྟེ། འཇིག་རྟེན་གྱི་ཐ་སྙད་དུ་ཆོས་འདི་སྣང་སྟེ། ཀུན་བརྟགས་པའི་ཆོས་དེས་མཐོང་བར་ གྱུར་པ་ཡིན་ནོ། །དམ་པའི་དོན་དུ་སྣང་མ་ཡིན་ཏེ་ཡོངས་སུ་གྲུབ་པའི་རང་བཞིན་དུ་གནས་པས་ཆོས་ཉིད་མཐོང་བ་སྐྱེ་བ་མ་ཡིན་ཏེ། དེ་དག་ཀུན་བརྟགས་པ་ཉིད་ཀྱིས་ནི་དབེན་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ཀུན་རྫོབ་ཏུ་ཡོད་པའི་ཆོས་རྣམས་མཐོང་བ་དེ་ལྟ་ཡིན་ན་ཀུན་བརྟགས་པའི་ཆོས་ རྣམས་ཡོད་པར་གྱུར་པར་ཁས་བླང་བར་བྱའོ། །རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་ཅེས་བྱ་བའི་དངོས་པོ་ནི་ཆུང་ཟད་ཀྱང་མེད་དེ། གང་གི་ཕྱིར་ཀུན་བརྟགས་པའི་ཆོས་རྣམས་ཡོད་པ་ཉིད་དུ་གྲུབ་པར་འགྱུར་བའི་ཕྱིར་རོ། །སྒྲ་དང་རྣམ་པར་རྟོག་པ་ལ་ནི་ཀུན་རྫོབ་ ཅེས་བྱ་སྟེ། འདི་ལྟར་བློས་བརྗོད་པར་འདོད་པའི་དོན་སྒྲས་བསྟན་པ་དེ་ལ་ཀུན་རྫོབ་ཀྱི་སྒྲར་བརྗོད་དོ། །སྒྲ་དང་རྣམ་པར་རྟག་པ་དེས་ཀྱང་བུམ་པ་ལ་སོགས་པ་དོན་གྱི་རྣམ་པ་བསྐྱེད་པར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱིས་རྣམ་པར་རྟོག་པ་བློ་དང་སྒྲ་དང་འབྲེལ་པ་མེད་པ་དོན་དམ་པའི་བདེན་པ་ལ་ བརྟེན་པ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་བཟློག་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིང་གིས་བསྟན་དེའང་ནི་དོན་དམ་པ་ཉིད་དོ། །གཞན་རྟོགས་པའི་ཆེད་དུ་སྒྲས་དོན་དམ་པ་ཡིན་ནོ་ཞེས་བསྟན་པ་དེ་ནི་ཀུན་རྫོབ་ཉིད་དུ་ གནས་པ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དོན་དམ་པ་ནི་དེ་བཞིན་ཉིད་དེ་ནི་དོན་དམ་པ་ཉིད་དོ། །དེ་བཞིན་ཚིག་གིས་དེ་ཡུལ་མིན་ཏེ། ཚིག་གི་སྤྱོད་ཡུལ་མ་ཡིན་པ་ནི་བློའི་ཡང་སྤྱོད་ཡུལ་མ་ཡིན་པ་ཉིད་དོ། །ད་ནི་བཅོམ་ལྡན་འདས་ཀྱི་བཀའ་བསྟན་པ་ཡང་ཀུན་རྫོབ་ཉིད་དུ་བསྟན་པའི་ཕྱིར། རིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྒྲའི་དོན་དོན་དམ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། རིག་ལ་གནས་པ་མ་ཡིན་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྟན་པའི་ཆོས་གདུལ་བྱ་རྣམས་ཀྱིས་ཁོང་དུ་མ་ཆུད་པའི་ཕྱིར། ཐུབ་པ་སྟེ་བཅོམ་ལྡན་འདས་ཀྱིས་བསྟན་ཅིང་གསུངས་ཏེ། དོན་དམ་པའི་བདེན་པ་ལ་བརྟེན་ནས་སྟོང་པ་ཉིད་ཐ་དད་པའི་ཆོས་རྣམས་བསྟན་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གང་གི་ཚེ་རྣལ་འབྱོར་པ་ཀུན་རྫོབ་ལ་གནས་པ་དེའི་ཚེ་དེས་ཆོས་མཐོང་བར་འགྱུར་རོ། །གང་གི་ཚེ་ཡང་དོན་དམ་པ་གནས་པ་དེའི་ཚེ་ཀུན་བརྟགས་པའི་ཆོས་རྣམས་མེད་པའི་ཕྱིར་ཆོས་དེ་རྣམས་དེས་ ཇི་ལྟར་མཐོང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་སེམས་ཅན་རྣམས་ཀུན་རྫོབ་ལ་གནས་པར་འགྱུར་ཞེ་ན། ཡུན་རིང་འཕེལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུན་རིང་འཕེལ་བ་ནི་ཐོག་མ་མེད་པའི་དུས་ནས་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་ལ་གོམས་པས་ སོ། །བྱིས་པ་རྣམས་ནི་རྨོངས་པ་དགའ་བ་ཉིད་དུ་གྱུར་པའོ། །སྤྲོས་ལ་སེམས་ནི་ཆགས་པས་ན་སྟེ། དོན་དམ་པ་མ་ཡིན་པ་ཀུན་རྫོབ་སྒྲ་དང་རྟོག་པ་སྟེ། ད་ལྟར་ན་ཡང་འདི་འཕེལ་ལོ་ཞེས་བྱ་བ་ནི་འཕེལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ཕྱིའི་དོན་དུ་སྨྲ་བ་རྣམས་རྨོངས་པ་ ཡིན་པར་བསྟན་ནས། རྣལ་འབྱོར་སྤྱོད་པ་པ་བྱིས་པ་ཡིན་པར་བསྟན་པའི་ཕྱིར། མཚན་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚན་མ་དགོད་པའི་དོན་ལ་ནི་སྟེ། རྣལ་འབྱོར་པ་སྤྱོད་པ་པ་ནི་བག་ཆགས་ཀྱི་དབང་གིས་སེམས་ཉིད་དོན་གྱི་རྣམ་པར་སྣང་གི་ཕྱིའི་དོན་ནི་མེད་དེ་དགོད་པའི་དོན་ལ་ མཁས་པ་ཉིད་སུ་ཞིག་ཡིན། གང་གིས་དེ་དག་དུས་གང་དུ་ཡང་། རྣམ་རྟོག་བྱེ་བྲག་ཞི་མ་ཡིན། །མི་འགྱུར་བ་ནི་གང་དུའང་མེད། །ཅེས་བྱ་བའི་དོན་ཏོ། །ཆོས་ལ་བདག་མེད་པའི་རང་བཞིན་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕན་ཡོན་བསྟན་པའི་ཕྱིར། བདག་མེད་ཅེས་བྱ་བ་ལ་སོགས་ པ་སྨོས་ཏེ། ཆོས་ཐམས་ཅད་བདག་མེད་པར་སེམས་དམིགས་པས་བཏང་སྙོམས་འདྲ་བ་ཐོབ་པ་ཡིན་ཏེ། བཏང་སྙོམས་དང་བཅས་པར་འགྱུར་རོ། །དེ་བཞིན་དུ་ཀུན་བརྟགས་པའི་ཆོས་ཆོས་མེད་ན་གཉིད་ལོག་ལྟ་བུར་འདོད་པ་མེད་པ་ནི་གཉིད་ཀྱིས་ལོག་པ་ལྟ་བུའི་མཚན་ཉིད་དོ། །དུབ་པ་ བརྟགས་པ་ལྟ་བུ་དང་སྟེ་ཀུན་བརྟགས་པ་ལ་སོགས་པའི་ལམ་ལ་ཡོངས་སུ་སྐྱོབ་པས་དུབ་པ་བརྟགས་པ་ལྟ་བུར་མཐོང་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་བསྒོམས་པ་དང་སྟོང་པ་ཉིད་མཐོང་བའི་ལུས་དང་སེམས་ཀྱི་བྱེད་པ་བསྟན་པའི་ཕྱིར། མིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ ཅད་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་མཐོང་བས་མིག་ནི་འཛུམས་པར་བྱེད་མ་ཡིན་དང་། མགོ་དཔངས་མཐོན་པོར་བྱེད་པ་མ་ཡིན་པ་དང་། དེ་བཞིན་དུ་སེམས་དང་སེམས་བྱུང་འགག་པར་འགྱུར་ཏེ། འཇུག་པའི་རྣམ་པར་ཤེས་པ་དང་ཚོར་བ་ལ་སོགས་པ་གཉིད་ལོག་པ་ དང་འདྲ་བར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མཐོང་བའི་ལམ་སྐྱེས་པས་བསྒོམ་པའི་ལམ་བསྐྱེད་པའི་དགོས་པ་དང་བཅས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏེ། རྟགས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ཅེས་བྱ་བ་སྔར་བསྟན་པའི་རྟགས་མཐོང་ནས། མཐོང་བའི་ལམ་ གྱིས་ཆོས་ལ་བདག་མེད་པ་རྟོགས་ནས། བདག་གིས་དོན་བྱས་དེ་ཉིད་མཐོང་། །ཞེས་བྱ་བ་ནི་འདི་ཙམ་གྱིས་དཔའ་བོས་ནི་བྱང་ཆུབ་སེམས་དཔས་སོ། །ཕྱིར་ཡང་བསྒོམ་པ་འདོར་མ་ཡིན་ནི་ཡོངས་སུ་མི་སྤང་བའོ། །གང་གི་ཕྱིར་མཆོག་ཡོད་ཕྱིར། མཐོང་བའི་ལམ་ལས་བསྒོམ་པའི་ལམ་མཆོག་ཡོད་པའི་ཕྱིར་ རོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ནི་བསྒོམ་པའི་ལམ་དེ་འདི་ཡིན་ནོ་ཞེས་འགས་ཀྱང་བསྟན་པར་ནུས་པ་མ་ཡིན་ནོ། །དེ་འདི་ཡིན་ནོ་ཞེ་ན་གང་དཔྱད་པར་མི་ནུས་ན་དེ་ཡོད་དོ་ཞེས་ཇི་ལྟར་རྟོགས་ཤེ་ན། སྨྲས་པ། རྣམ་པར་རིག་པ་ཙམ་མཐོང་བས་ཆོས་ཀྱི་དབྱིངས་ ཀུན་དུ་འགྲོ་བའི་དོན་སོ་སོར་རིག་པའི་ཕྱིར་རོ། །དེ་བས་ན་དེ་ཁོ་ན་ཉིད་མཐོང་བ་བསྟན་པའི་ཕྱིར། རྣམ་པར་རིག་པ་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རིག་པ་ཙམ་གྱི་སྔར་བསྟན་པའི་རིམ་པས་སོ། །ཡོད་པ་དང་མེད་པའི་མཐའ་གཉིས་ཀྱི་དབུས་རྣལ་འབྱོར་པ་གང་གིས་མཐོང་བ་དེས་འགྲོ་བ་མ་ ལུས་པ་འདི་དག་ལ་དེ་དག་ཉིད་ཕུན་སུམ་ཚོགས་པ་སྟོན་ཞེས་བྱ་བའི་དོན་ཏོ། །ད་ནི་སེམས་ཅན་གྱི་དོན་བྱེད་པ་བསྟན་པའི་ཕྱིར། དེ་ཉིད་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དང་པོར་དེ་ཉིད་ཕུན་སུམ་ཚོགས་པ་གནས་ཏེ། ཕྱི་ནས་སྙིང་རྗེ་དང་ལྡན་ཏེ། སྙིང་རྗེ་བ་བསྔགས་པའོ། ། བདེ་གཤེགས་སྲས་ནི་བྱང་ཆུབ་སེམས་དཔའ་སྲོག་གིས་ཀྱང་སྟེ། སྲོག་སྦྱིན་པར་བཏང་བའི་བར་གྱིས་སོ། །སེམས་ཅན་དོན་བྱེད་པ་ལ་བཏང་སྙོམས་ལ་འཇོག་མ་ཡིན་ཏེ། སེམས་ཅན་གྱི་དོན་བྱེད་ཅེས་བྱ་བའི་དོན་ཏོ། །ཡུལ་ལ་ཆགས་པའི་སེམས་ཅན་གྱི་དོན་བྱེད་པ་མ་ཡིན་ནོ། །ཡུལ་རྣམས་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་རྣམས་ནི་ནོར་དང་འབྲུ་འབའ་ཞིག་མ་ཡིན་གྱི་བུ་དང་བུ་མོ་ལ་སོགས་པའི་གཞན་གྱི་ཉེ་བར་ལོངས་སྤྱོད་ཀྱང་བྱང་ཆུབ་སེམས་དཔའ་ཡུལ་རྣམས་འགའ་ལ་ཡང་མི་སེམས་ཞེས་བྱ་བའི་དོན་ཏོ། །ཡུལ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རྨི་ལམ་ཞེས་བྱ་བ་སྨོས་ཏེ། དཔེར་ན་རྨི་ལམ་གྱི་ཡུལ་ཉེ་བར་ལོངས་སྤྱོད་པ་སད་པ་དང་ཡུལ་དུ་མི་སེམས་པ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ལྟུང་བ་ཐམས་ཅད་ལས་ལོག་པར་བསྟན་པའི་ཕྱིར་རོ། །བག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱ་ཆེ་བའི་སེམས་དང་ལྡན་ པའི་མཁས་པ་གང་ཡིན་པ་དེ་དག་ཀྱང་བག་མེད་པའི་གནས་དང་ལྡན་ན་འགྱུར་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་ཡང་འབྱོར་པ་ཡང་ནི་རྒུད་པས་འགྱུར་བ་ཐོབ་པར་མི་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་དུ་ནི་སེམས་མཉམ་ཉིད་ཅེས་བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་སེམས་དཔའི་མངོན་ པར་ཤེས་པའི་རྣམ་པར་འཕྲུལ་པ་ཚོགས་སུ་བཅད་པ་བཞིན་བསྟན་པའི་ཕྱིར། དུས་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་མ་ཡིན་པའི་སྤྲིན་བཞིན་ཡང་། ག་ལའི་འང་ཞེས་བྱ་བ་ནི་གནས་མ་ཡིན་པའི་ཏིང་ངེ་འཛིན་ལས་ལྡང་སྟེ། ནམ་མཁའ་ལ་གནས་པ་ནས་དེའི་དབུས་སུ་བདག་ཉིད་ ཀྱིས་ནི་དེ་དང་དེ་ངོ་མཚར་རྣམ་པར་འཕྲུལ་པ་སྟོན་ཏེ། ངོ་མཚར་ཁྱད་པར་ཅན་སྟོན་ཞེས་བྱ་བའི་དོན་ཏོ། །རྣམ་པར་འཕྲུལ་པ་ཇི་ལྟ་བུ་ཞིག་ཅེ་ན། འབར་བ་ཞེས་བྱ་བ་སྨོས་ཏེ། དུས་ཤེས་པའི་བྱང་ཆུབ་སེམས་དཔའ་དུས་གཅིག་ལ་འབར་བ་དང་ནི་ཆར་འབབ་བྱེད་དེ་གདུང་བ་དང་འབབ་པ་སྟོན་པར་བྱེད་ དོ། །འབར་བ་དང་འབབ་པ་འབའ་ཞིག་མ་ཡིན་གྱི། ས་ལ་ཡང་ནི་ཆུ་བཞིན་དུ། བྱི་ཟུལ་དུ་ནི་བྱེད་པའང་ཡིན་ཏེ། རབ་ཏུ་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རི་ལ་སོགས་ཞེས་བྱ་བ་མི་འགུལ་བའི་རི་ཡང་འགུལ་བར་བྱེད་པའོ། །དེ་དག་ཉིད་ནི་འབྱེད་པ་དང་། དེ་བཞིན་དུ་ ལག་པས་སྡུད་པ་ཡང་སྟོན་པར་བྱེད་དོ། །གཞན་ཡང་བདག་ཉིད་ནམ་མཁའ་ལ་འགྲོ་སྟེ་ཆུ་ལ་དང་པའི་རྒྱལ་པོ་བཞིན་ནམ་མཁའ་ལ་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ། སྤྲུལ་པ་ཡིས་ཀྱང་ཞེས་བྱ་བ་སྨོས་ཏེ། སྤྲུལ་པ་ནི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་གཟུགས་ཀྱིས་ སེམས་ཅན་རྣམས་འདུལ་བའོ། །མཐོང་དང་ཐོས་བྱེད་ནི་ལྷའི་མིག་གིས་ཐག་རིང་པོ་ནས་དངོས་པོ་མཐོང་བ་དང་། ལྷའི་རྣ་བས་ཐག་རིང་པོ་ནས་སྒྲ་ཐོས་པའོ། །དེ་དག་ཐམས་ཅད་ནི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཡིན་ཏེ། ཐེག་ཆེན་ཚུལ་ལ་སྟེ་རྣམ་པར་རིག་པ་ཙམ་ལ་བསྙེན་པ་ལ་རིགས་པ་ ཡིན་གྱི། ཕྱིའི་དོན་ལ་བརྟེན་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རྣམ་པར་རིག་པ་ཙམ་ལ་མི་བརྟེན་པས་མངོན་པར་ཤེས་པ་ལ་སོགས་པ་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་ནི་སྔར་བསྟན་པའི་རྒྱུ་ལས་སོ། །གཞན་པའི་ཕྱི་རོལ་པ་ནི་ མུ་སྟེགས་ལ་སོགས་པ་དང་། གཞན་གྱི་སྒྲས་ནི་ཉན་ཐོས་ལ་སོགས་པ་ལ་གང་ཞིག་ཅུང་ཟད་མཐོང་བས་ནི་མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་མཐོང་བའོ། །དེ་ཉིད་ནི་དེ་རྣམས་སོ། །ལམ་འདི་ལས་ཡིན་གྱི་གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལམ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རང་གི་ རོ་ལས་འོངས་པ་སྟེ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡང་དེ་དག་གི་བསྟན་བཅོས་ལས་རྣམ་པར་རིག་པ་ཙམ་གྱི་ལམ་མ་བསྟན་པས་དེ་ལྟ་མོད་ཀྱི་རང་གི་རོ་ནི་བསྒོམ་པའི་སྟོབས་གོམས་པས་ལམ་དེ་ཉིད་ལས་འོངས་པ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་གྱི་དོན་ཁས་ལེན་པར་བྱེད་ན་མངོན་པར་ཤེས་པ་ལ་ སོགས་པ་མི་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དངོས་པོ་བསྟན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཆོས་ལ་བདག་མེད་པའི་ལམ་གྱིས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པར་བསྟན་པའི་ཕྱིར། ཅུང་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་སོགས་པ་ཐ་དད་པར་བརྟགས་པ་ངོ་བོ་གཅིག་ ཏུ་བརྟགས་པར་མི་ནུས་སོ། །ཐམས་ཅད་མཁྱེན་པས་ཐམས་ཅད་གཟིགས། །ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་ཐ་དད་པའི་ཀུན་བརྟགས་པ་ཐམས་ཅད་གཟིགས་སོ། །འདི་ལྟར་རྣམ་པ་ཐ་དད་པ་བརྟགས་པ་ནི་ཀུན་བརྟགས་པ་ཐམས་ཅད་དོ། །དེ་ཉིད་ཕྱིར་ན་དངོས་གཅིག་ཉིད། །ཆོས་ཐམས་ ཅད་བདག་མེད་པའི་ངོ་བོར་གཅིག་པ་ཡིན་ཏེ། ངོ་བོ་གཅིག་པ་དེ་ཉིད་ཀྱི་རྒྱུས་གཟིགས་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་དཔེས་བསྟན་པའི་ཕྱིར། སྟོང་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་ཉིད་དོན་གཅིག་ནི་བདག་མེད་པའི་དངོས་པོ་མཐོང་བའོ། །འགྲོ་ཀུན་དོན་ནི་གཅིག་ཏུ་ མཐོང་བ་དེའི་ངོ་བོ་ཉིད་དུ་མཐོང་བར་གྱུར་པ་ཡིན་ནོ། །ཇི་ལྟ་བུ་ཉིད་དུ་ཞེ་ན། ཕྱོགས་གཅིག་ཅེས་བྱ་བ་སྨོས་ཏེ། དཔེར་ན་ཕྱོགས་གཅིག་ནས་ཆུ་འཐུངས་པས་ཆུ་ཐིགས་ཀྱི་ངོ་བོ་ཉིད་ཀྱིས་རྒྱ་མཚོ་མ་ལུས་ཤེས་པར་འགྱུར་ཏེ། རྒྱ་མཚོའི་ཆུ་ཐམས་ཅད་ངོ་བོ་གཅིག་ཏུ་ཤེས་པར་འགྱུར་རོ། ། འདི་དེ་བཞིན་ཞེས་བྱ་བའི་དོན་ཏོ། །གང་ཞིག་སྟོང་པ་ཉིད་ཀྱི་ལམ་ལས་ཕྱི་རོལ་དུ་གྱུར་པས་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དུས་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་ནི་སྔོན་པོ་དང་སེར་བའི་ངོ་བོ་ཉིད་ཀྱིས་སོ། །ཡུལ་ལ་ སོགས་པ་ཐ་དད་པ་ལ་སྟེ། ཐ་དད་པའི་ཡུལ་དང་དུས་དང་ནུས་པ་ལ་སོགས་པའི་ཕྱིའི་དོན་དུ་བརྟགས་པ་རྣམས་སོ། །སྟོང་པར་མཐོང་བ་མ་གཏོགས་པར། །སྐྱོབ་པའི་ཡེ་ཤེས་འཁྲུངས་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ལྟར་འཁྲུང་ བར་འགྱུར། དེ་ཉིད་ཀྱི་ཕྱིར་ཆོས་ལ་བདག་མེད་པར་མ་མཁྱེན་ན་དེ་སྐྱོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྐུའི་ངོ་བོ་ཐུགས་སུ་ཆུད་པའི་སྐྱོབ་པས་འགྲོ་བ་གསུམ་པོ་མ་ལུས་པ་ཕྱི་རོལ་དུ་གྱུར་པ་ཇི་ལྟ་བུར་གཟིགས་ཤེ་ན། རང་ཞེས་བྱ་བ་སྨོས་ཏེ། རང་གི་སེམས་ཀྱིས་ནི་ཀུན་ བརྟགས་པ་ཉིད་བྲིས་པ་ནི་ཁ་དོག་ཏུ་བྲིས་པའོ། །ཕྱི་རོལ་གསལ་བའི་དབྱིབས་སུ་གནས་ཏེ། དབྱིབས་སྣ་ཚོགས་བཀོད་པས་མ་ལུས་པར་གསལ་བའོ། །གཞན་ཡང་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྐྱེ་བ་དུ་མ་གོམས་པས་གསལ། །ཞེས་བྱ་བའི་དོན་ཏོ། །སྐྱེ་བ་དུ་མར་གོམས་པའི་ཕྱིར་གསལ་ཏེ། གསལ་ བའི་ངོ་བོ་རུའོ། །འདི་ལྟར་ལན་ཅིག་མཐོང་བའི་དངོས་པོ་གང་ཡིན་པ་གསལ་བར་མི་སྣང་སྟེ། ཇི་སྲིད་ཡང་དང་ཡང་དུ་མ་བལྟས་ཀྱི་བར་དུའོ། །དེ་བས་ན་དེ་ཉིད་ཀྱི་ཕྱིར། སྲིད་གསུམ་རི་མོའི་བྱེ་བྲག་བཞིན། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་རི་མོའི་བྱེ་བྲག་ཁ་དོག་ཏུ་བྲིས་པས་གླང་པོ་དང་རྟ་ལ་སོགས་ པའི་དབྱིབས་བཀོད་པ་གསལ་བར་སྣང་བ་དེ་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ནི་ཁམས་གསུམ་པོ་བྲིས་ཞེས་བྱ་བའི་དོན་ཏོ། །ཐ་དད་པའི་ངོ་བོར་འགྲོ་བ་གསུམ་པོ་མཐོང་བ་འདིས་ཁྱབ་པ་མེད་པའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་མི་འགྲུབ་པོ། །ཆོས་ཀྱི་སྐུ་ཐུགས་སུ་ཆུད་པའི་སྐྱོབ་ པས་འགྲོ་བ་གསུམ་ཇི་ལྟར་གཟིགས་ཤེ་ན། ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྤྲོས་པ་ནི་འགྲོ་བ་གསུམ་པོ་དེ་དྲི་ཟའི་གྲོང་ཁྱེར་ལྟ་བུར་བརྫུན་པའི་ངོ་བོར་མཁྱེན་པས་ཞེས་བྱ་བའི་དོན་ཏོ། །གཟུང་བ་དང་འཛིན་པའི་དངོས་པོ་མེད་པའི་ཕྱིར་དངོས་པོ་མེད་དོ། །མཚན་མ་མི་དམིགས་པས་ན་མཚན་མ་ མེད་དོ། །སྐྱེ་བ་དང་འགག་པ་མེད་པས་ཟད་པ་མེད་དོ། །ཀུན་ཏུ་བརྟགས་པ་འབའ་ཞིག་གོ་སྟེ། ཀུན་རྫོབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་འགྲོ་བ་གསུམ་གཟིགས་པའི་ཕྱིར། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པར་གྲུབ་བོ། །དེ་ལྟ་བས་ན་སྟོང་པ་ཉིད་ཀྱི་ལམ་ གྱིས་ཐམས་ཅད་མཁྱེན་པ་ཡིན་ནོ། །ད་ནི་ཉེ་བར་བསྡུ་བའི་ཕྱིར། འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་འདི་ལྟར་གྱི་དོན་ནོ། །ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་འདོད་ཆགས་ཐུལ་བའོ། །རིམ་གྱིས་བདེ་སྤྱོད་འདོད་པ་མེད་པ་ནི་བརྟགས་པ་ལ་སོགས་པ་མེད་པའི་ཕྱིར་འདོད་ པ་མེད་ཅེས་བྱ་བའི་དོན་ཏོ། །གཞན་ཡང་ཐུབ་དབང་འདོད་པ་མ་སྤངས་པས་ནི་གང་ལ་མ་སྤངས་པ་ཡོད་པ་དེ་ནི་ཐུབ་དབང་འདོད་པ་མ་སྤངས་པ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་སུ་མེད་པ་བསྒོམས་པས་གནས་མཆོག་གཞན་གྱི་དོན་ལྡན་ཐོབ་སྟེ། གཞན་གྱི་དོན་བྱེད་ པ་དང་ལྡན་པའི་བྱང་ཆུབ་སེམས་དཔས་རིམ་གྱིས་སངས་རྒྱས་ཉིད་ཐོབ་ཅེས་བྱ་བའི་དོན་ཏོ། །ད་ནི་སློབ་དཔོན་གྱི་རབ་ཏུ་བྱེད་པ་འདིའི་དོན་དང་ལྡན་པའི་མཚན་བསྟན་པའི་ཕྱིར། བདེ་གཤེགས་ཀྱིས་གསུངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་གཤེགས་ཀྱིས་གསུངས་དབྱེ་བ་ནི་ཐེག་པ་གསུམ་བསྟན་ པའི་རང་བཞིན་ནོ། །དེས་གྲགས་པའི་ངང་ཚུལ་ཅན་ནོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་གྱི་སྙིང་པོར་གང་ཅུང་ཟད་གསུངས་པ་དེ་ཐམས་ཅད་འདི་ལ་ཡོད་དེ་འདི་ལྟར། དོན་ཆེན་རྣམ་གསལ་ཚིག་གིས་རབ་སྦྱར་བ། །ཞེས་བྱ་བ་ནི་རྒྱན་དང་བཅས་པའི་ ཕྱིར་དོན་ཆེན་ནོ། །དོན་རྟོགས་པར་བྱེད་པའི་ཕྱིར་ན་རྣམ་གསལ་ལོ། །ཚིག་གིས་རབ་སྦྱར་བ་ནི་ཚིག་བཀོད་པ་གང་ལ་ཡོད་པ་དེ་བཞིན་དུ་འགྱུར་རོ། །ལོག་པའི་ལམ་ཞུགས་པ་ནི་ལམ་ངན་པར་ཞུགས་པ་རྣམས་ཀྱི་མི་ཤེས་མུན་པ་སེལ་པ་སྟེ། ཡེ་ཤེས་ཀྱི་སྣང་བ་བསྐྱེད་པའི་ཕྱིར་རོ། །སྣང་བའི་ ཕྲེང་བ་འདི་ནི་བདག་གིས་སྦྱར་ཏེ། དེ་བདག་གིས་བྱས་ཞེས་པའི་དོན་ཏོ། །ད་ནི་དེའི་ཕན་ཡོན་བསྟན་པའི་ཕྱིར། དངོས་པོར་འཛིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་འཛིན་པ་ནི་གཟུང་བ་དང་འཛིན་པའི་དངོས་པོའོ། །དེ་སྤོང་བ་ནི་ཟློག་པར་བྱེད་པའོ། །དེ་བཞིན་དུ་ཀུན་བརྟགས་པའི་ དངོས་པོ་མེད་པའི་ཕྱིར་ཡུལ་གྱི་ཐོབ་པའི་ཞེན་པ་གཅོད་དེ། གཟུགས་ལ་སོགས་པའི་ཞེན་པ་གཅོད་པའོ། །སེམས་ལ་སྣང་བ་འཕེལ་བྱེད་ནི་བྱང་ཆུབ་སེམས་དཔའི་ཐུགས་ལ་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེར་སྐྱེད་པའོ། །ཇི་ལྟ་བུ་ཞེ་ན། ཆེན་པོར་ཏེ། དཔེར་ན་སྒྲོན་མེ་ ཆེན་པོ་སྦར་ན་སྣང་བ་བསྐྱེད་པ་དེ་བཞིན་དུ་སྣང་བའི་ཕྲེང་བས་ཡེ་ཤེས་ཀྱི་སྣང་བ་སྐྱེད་ཅེས་བྱ་བའི་དོན་ཏོ། །ཡེ་ཤེས་སྣང་བ་སྐྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་ལག་ན་གནས་པ་བཞིན་དུ་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱུད་གནས་ནི་སྣང་བའི་ ཕྲེང་བ་འདིས་དེའི་རང་བཞིན་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་མངོན་པར་འདོད་པའི་དངོས་པོ་སྟེར་བའི་ཕྱིར་ཀུན་དུ་ཡིད་བཞིན་ནོར་བུ་ཞེས་བྱ་བའི་དོན་ཏོ། །ཀུན་དུ་བརྟགས་པའི་རང་བཞིན་དགག་པ་ཉན་ཐོས་རྣམས་ལ་བཅོམ་ལྡན་འདས་ཅིའི་ཕྱིར་སྟོན་པར་མི་མཛད་ཅེ་ན། ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་ སྨོས་ཏེ། ཀུན་རྫོབ་ནི་དགོངས་པ་འགའ་ཞིག་བཅོམ་ལྡན་འདས་ཀྱིས་གཟིགས་པའི་སྐྱེ་མཆེད་བསྟན་པ་ནི་སྒྲོ་བཏགས་པ་སྟེ། དེ་ཙམ་གྱི་གསུང་ལས་ཕྱི་རོལ་པ་དེ་དག་ལ་དོན་དམ་པ་བསྟན་པ་ཅི་ཞིག་བྱ་ཉན་ཐོས་གང་ཡིན་པ་དེ་ཡང་བདེ་བར་གཤེགས་པ་ཉིད་དེ་ངེས་པའི་དོན་ནི་ཕྱིའི་དོན་ལ་དོན་དམ་པར་ཞེན་ པའོ། །དེའི་མདུན་དུ་བདེ་གཤེགས་ནི་བཅོམ་ལྡན་འདས་ཀྱིས་སློབ་དཔོན་གྱི་ཆད་པ་ཕྱེད་པར་མི་མཛད་དོ། །འདི་སྐད་བསྟན་པར་འགྱུར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་གསལ་བར་མི་མཛད་ཅེས་བྱ་བའི་དོན་ཏོ། །ཀོ་ཋ་བའི་ཟས་ཀྱིས་འདྲེས་ན་འབྲས་སཱ་ལུ་མཆོག་གི་དགོས་པ་མེད་དོ། །གལ་ཏེ་ཕྱིའི་ དོན་མེད་ན་དེ་ཇི་ལྟར་སྟོན་ཅེ་ན། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་འཇིགས་པ་མེད་པ་གང་གི་ཚེ་ཁྱོད་ཀྱིས་འཇིགས་པ་མེད་པའི་བྱང་ཆུབ་ཐོབ་ནས་ཡི་གེ་ཙམ་ཡང་གསུངས་པ་མི་མངའ་སྟེ། དེ་ཚེ་ཡུན་རིང་ནས་ཉམས་ལྕགས་ཀྱོ་མེད་པ་ཡིས། །ཞེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཉིད་ཀྱི་ལམ་ཡུན་རིང་ ནས་ཉམས་པ་དང་ངེས་པར་འབྱེད་པའི་སློབ་དཔོན་མེད་པའི་ཕྱིར་ལྕགས་ཀྱོ་མེད་པའི་ཉན་ཐོས་ཀྱིས། ཕྱིན་ཅི་ལོག་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད། ཅེས་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཕྱིའི་དོན་བསྟན་པར་མཛད་ཅེས་བརྫུན་དུ་སྨྲ་བ་ལ་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བའི་དོན་ཏོ། །ད་ནི་རང་ གི་གྲུབ་པའི་མཐའ་གཞན་ལས་སྟོབས་དང་ལྡན་པར་བསྟན་པའི་ཕྱིར། སངས་རྒྱས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་པ་དང་ནི་སངས་རྒྱས་པའི་གྲུབ་པའི་མཐའོ། །ཕྱི་རོལ་པ་རྣམས་ནི་མུ་སྟེགས་པ་རྣམས་ཀྱི་གྲུབ་པའི་མཐའོ། །རྣམ་པར་འབྱེད་པ་གལ་ཏེ་སྟོང་ཉིད་གཅིག་པུ་འདི་ནི་ མ་བསྟན་པར་ཏེ། རྣམ་པར་འབྱེད་པར་བྱེད་པ་མ་སྨྲས་ན་དེའི་ཚེ། ཞིབ་མོའི་བློ་ནི་དཔྱོད་པར་ནུས་པའི་བློ་གང་ལ་ཡོད་པ་དེ་ཞིབ་མོའི་བློའོ། །ཞིབ་མོའི་བློ་ཡིས་རྣམ་པར་དཔྱད་བྱས་ན། །གྲུབ་མཐའ་ཐམས་ཅད་མཚུངས་པར་འགྱུར་བ་ཡིན་ཏེ་འདྲ་བར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་དམིགས་པ་གཞན་ གྱིས་མི་རིགས་ཀྱི། སྟོང་པ་ཉིད་ལ་དམིགས་པ་ཁོ་ནས་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྟོང་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་བརྟགས་དང་མཉམ་པ་ཉིད་མ་ཡིན་ན་ནི་རྟགས་མ་ཡིན་ཏེ། དེའི་ཚེ་ཐ་དད་བདག་ཉིད་རྒྱུ་མཚན་སྐད་ཅིག་ཏུ་སྟེ། བརྟགས་ པའི་དངོས་པོ་ལ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། གང་གི་རྒྱུ་ཡིས་སྟོན་པར་འགྲུབ་པར་འགྱུར། །ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ཁོ་ན་ཉིད་སྟོང་པ་ཉིད་ལ་དམིགས་པས་ཐམས་ཅད་མཁྱེན་པ་ཡིན་ན་རྣལ་འབྱོར་པ་རྣམས་ཀྱིས་གཞན་ལ་སེམས་ལ་དམིགས་པའི་མངོན་པར་ ཤེས་པ་ཇི་ལྟར་སྐྱེ་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པའི་ཕ་རོལ་གྱི་སྤྱོད་ཡུལ་མངོན་པར་ཤེས་པ་གྲུབ་པའི་རྒྱུའི་ཁྱད་པར་ནི་ཤེས་པའི་ང་རྒྱལ་ཡིན་ཏེ། དེ་དག་མུན་པའི་དྲི་མ་ལྷག་པ་ཡིན་པར་འདོད། ཅེས་བྱ་བ་ནི་བྱིས་པའི་སྐྱེ་བོ་རྣམས་ལས་ཤིན་ཏུ་ལྷག་པའི་ཤེས་པའི་ དྲི་མ་ཡིན་ནོ། །འཆིང་བའི་བདག་ཉིད་ནི་འཁོར་བར་འཆིང་བའི་བདག་ཉིད་དུ་བདག་གིས་ཤེས་སོ། །གང་གི་ཕྱིར་བྱིས་པ་ལ་ཇི་ལྟར་གནས་པ་བཞིན་ནི་བདག་མེད་པའི་ལས་འཐོབ་པས་ཕྱིའི་དོན་དུ་མངོན་པར་ཞེན་པ་ལ་དེ་དག་ཐམས་ཅད་གནས་སོ། །ཇི་སྐད་བསྟན་པའི་དོན་དེ་ཉིད་དཔེས་ སྤྲོས་ནས་བསྟན་པའི་ཕྱིར། གང་ཞིག་ཀུན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཀུན་ནི་རྣམ་པ་ཐམས་ཅད་དུ་ལོང་བའོ། །དེ་བཞིན་དུ་གཞན་རབ་རིབ་ཅན་གཉིས་པོ་དག་ལས་སྔ་མ་མཆོག་ཡིན་ཏེ། ཤིན་ཏུ་མཆོག་ཡིན་ནོ། །གང་གི་ཕྱིར་བདག་ནི་ལོང་བ་ཡིན་ཞེས་བྱ་བ་ ནི་བདག་གི་ང་རྒྱལ་ལོ་ཞེས་བདག་གི་བའི་ང་རྒྱལ་ལོ། །ང་རྒྱལ་གྱིས་སྟོང་ནི་བདག་དང་བདག་གི་ང་རྒྱལ་གྱིས་སྟོང་པའོ། །ཡང་གང་འབྲས་བུ་མེད་པ་སྟེ། སྙིང་པོ་མེད་པའི་མིག་གོ། །རབ་རིབ་ཀྱིས་མཐོང་བ་དེ་ནི་བདག་དང་བདག་གི་ང་རྒྱལ་གྱིས་སྟོང་པ་མ་ ཡིན་ནོ། །དེ་བཞིན་དུ་ཆོས་ལ་བདག་མེད་པའི་རྣལ་འབྱོར་པ་དང་། ཕྱིའི་དོན་དུ་མངོན་པར་ཞེན་པའི་རྣལ་འབྱོར་པ་བལྟ་བར་བྱའོ། །སྐྱོན་དང་ཡོན་ཏན་མི་ཤེས་པར་དེ་ཁོ་ན་ཉིད་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་རང་ སྐྱོན་གྱི་ངོ་བོར་མི་ཤེས་པ་སྟེ། ཉེས་པའི་རང་བཞིན་ཕྱིའི་དོན་དུ་མངོན་པར་ཞེན་པ་སྐྱོན་དུ་མི་ཤེས་སོ། །དེ་བཞིན་དུ་ཡོན་ཏན་གཉིས་སུ་མེད་པའི་ཡེ་ཤེས་མི་ཤེས་པའི་ཕྱིར། དགེ་བའི་བཤེས་གཉེན་རྣམས་ལ་གུས་པར་བྱེད་མ་ཡིན། དེ་དག་གིས་དེ་ཁོ་ན་ཉིད་རོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ ཀྱི་རོ་ཇི་ལྟར་འཐུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་རྒྱ་ཆེ་བའི་བདག་མེད་པའི་ལམ་ལ་ཇི་ལྟར་འཇིག་རྟེན་མ་རྨོངས་པར་གྱུར་ཅེ་ན། ནམ་མཁའི་དཀྱིལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའི་དཀྱིལ་དུ་བྲིས་པ་ལྟ་བུའི་བརྟགས་པའི་དངོས་པོ་འབྱེད་པ་ལ་མཁས་པ་སྟེ། དེ་ལྟར་ཕུང་ པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་འབྱེད་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། གཞན་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། དངོས་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་རྣམས་ནི་དེ་བཞིན་ཉིད་ཀྱི་ངོ་བོ་སྤྱིའི་མཚན་ཉིད་སྤངས་ནས། སྔོན་པོ་ལ་སོགས་པའི་རྣམ་པ་ཕྱི་རོལ་གྱི་དངོས་པོའི་ཁྱད་པར་བྱེ་ བྲག་སྟོན་པའི་བརྩོན་འགྲུས་ཅན་ཞེས་བྱ་བའི་དོན་ཏོ། །ཀྱེ་མ་ཐོག་མར་སྤྲོས་པ་ཐོབ་པའི་འཆད་པ་པོས་ཏེ། དེ་ལྟར་འདས་པའི་འཆད་པ་པོས་ད་ལྟར་གྱི་འཆད་པ་པོ་སྤྲོས་པར་བྱེད་དོ། །དེའི་ཚེ་དེ་དག་བདག་མེད་པའི་ལམ་མི་མོས་སོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཀུན་བརྟགས་པ་དོན་དམ་པར་མེད་པར་ མི་འདོད་པ་དེ་དག་གིས་འདི་ཡང་མི་སྲིད་པ་ནི་མ་ཡིན་ཞེ་ན། ཆུ་ནང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུའི་ནང་སྦྲུལ་ཞུགས་པ་རྗེས་མཐོང་བ་དང་། དེ་བཞིན་དུ་ནམ་མཁའི་མེ་ཏོག་ཕྲེང་བས་རབ་ཏུ་རྒྱན་བྱེད་དང་། གཞན་ཡང་རྒྱུ་སྤུན་མེད་པའི་སྣམ་བུ་འཐག་པར་བྱེད་པ་ནི་བྱེད་པ་པོའི་དངོས་པོ་བྱེད་པ་ འཇིག་རྟེན་རྣམས་ལ་ཇི་ལྟར་ངོ་ཚ་མི་ཤེས་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པར་འགྱུར་ཏེ། འདི་ལྟར་དེ་ལྟར་དེ་དག་མི་ཤེས་བཞིན་དུ་ཀུན་བརྟགས་པའི་དངོས་པོ་མེད་པར་གྱུར་པ་ཡོད་པ་དངོས་པོར་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ད་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་མུ་སྟེགས་པའི་ གཞུང་ལས་ཡིད་འཕྲོག་པར་བསྟན་པའི་ཕྱིར། སུན་འབྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གང་ཞིག་ཐུབ་པའི་དབང་པོའི་གསུང་ལ་གུས་པ་སྤངས་ནས་སུན་འབྱིན་འདོད་པ་གང་ཞིག་འཛིན་བྱེད་པ་སྟེ། འཛིན་པར་ཞུགས་བྱ་བའི་དོན་ཏོ། །ཤིན་ཏུ་མངར་བ་མྱངས་ནས་ཁ་བའི་རོ་བཞིན་ནི། མུ་ སྟེགས་ཀྱིས་བསྟན་པའི་ཚིག་རྣམས་ལ་རྗེས་སུ་ཆགས་མ་ཡིན་ཏེ། རྗེས་སུ་མི་འབྲང་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་ཐེག་པ་གཞན་ལས་མཆོག་ཏུ་བསྟན་པའི་ཕྱིར། ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་འཕགས་པའི་བུད་མེད་ནི་གཟུགས་དང་ལྡན་པའི་གཞོན་ནུ་མའོ། ། འདོད་པ་ནི་དེ་འདོད་པའོ། །གསལ་བའི་རིགས་རྒྱུད་དབང་ཕྱུག་ནི་རིགས་རྒྱུད་དག་པ་ལས་བྱུང་བའི་རྒྱལ་པོ་ཁྱིམ་འདོད་པ་སྟེ། ཡུན་རིང་པོ་ནས་འདོད་པའོ། །གླང་པོའི་ཁྱུའི་གཙོ་བོ་ནི་གླང་པོའི་མཆོག་སྤངས་ནས་དམན་པའི་བཞོན་པ་སྟེ། བོང་བུའི་བཞོན་པས་སྐྱེས་བུ་སུ་ཞིག་འགྲོ་དེ་བཞིན་དུ་ཁྱད་ པར་དུ་འཕགས་པའི་བུད་མེད་ལྟ་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་ཐེག་པ་ཆེན་པོ་སྤངས་ནས་ཅི་ཉན་ཐོས་ཀྱི་ཐེག་པ་ལ་བརྟེན་པར་བྱ་བ་ཡིན་ནམ། སྔོན་གྱི་སློབ་དཔོན་དགེ་སློང་ནི། །དགའ་བ་སྦས་པས་མཛད་པ་ཡི། །རབ་ཏུ་བྱེད་པ་དཀའ་འགྲེལ་ གྱི། །རྟོགས་དཀའ་ཡིད་ནི་དགའ་བྱེད་མིན། །དེ་གཞུང་ཆུང་ཟད་བཟུང་ནས་ནི། །མཁས་པ་ཡིད་ནི་དགའ་སྐྱེད་པ། །དོན་གསལ་བ་ཡི་དཀའ་འགྲེལ་འདི། །བདག་གིས་ཡང་དག་སྦྱར་བ་ཡིན། །བདག་གིས་ཆུང་ཟད་འདི་བྱས་པའི། །བསོད་ནམས་བསགས་པ་གང་ཡོད་ པ། །དེ་ཡིས་མ་རིག་ལྡོངས་པའི་བློ། །ལུས་ཅན་ཡེ་ཤེས་སྣང་ཐོབ་ཤོག །སྣང་བའི་ཕྲེང་བ་ཞེས་བྱ་བའི་དཀའ་འགྲེལ་ཡིད་དགའ་བ་སྐྱེད་པ་ཞེས་བྱ་བ་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀཱ་ལ་ཤ་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར།། ༄༅༅། །རྒྱ་གར་སྐད་དུ། སཾ་སྐྲྀ་ཏ་ཨ་སཾ་སྐྲྀ་ཏ་བི་ནི་ཥྩ་ཡ་ནཱ་མ། བོད་སྐད་དུ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་རྣམས་སྤྲོས་དང་བཅས་པ་ནི། །དཔལ་ལྡན་རང་ཉིད་ཀུན་མཁྱེན་ནས། །དེ་ལྟར་སེམས་ཅན་ལ་ གསུང་གང་། །ཐམས་ཅད་རིག་པ་དེ་ལ་འདུད། །ཆོས་ནི་འདུས་བྱས་འདུས་མ་བྱས། །མདོར་བསྡུས་ནས་ནི་ཐུབ་པས་གསུངས། །དེ་དག་རྣམ་པར་ངེས་པ་ནི། །བདག་ཉིད་འབའ་ཞིག་དྲན་ཕྱིར་བཤད། །ཆོས་མདོར་བསྡུས་ན་རྣམ་པ་གཉིས་ཉིད་དེ། འདི་ལྟ་སྟེ། འདུས་བྱས་དང་འདུས་མ་བྱས་སོ། ། དེ་ལ་འདུས་བྱས་ནི་མི་རྟག་པ་ཉིད་དོ། །འདུས་མ་བྱས་ནི་རྟག་པ་ཉིད་དོ། །ཡང་འདུས་བྱས་ནི་ཀུན་རྫོབ་ཀྱི་བདེན་པའོ། །འདུས་མ་བྱས་ནི་དོན་དམ་པའི་བདེན་པའོ། །ཡང་འདུས་བྱས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །འདུས་མ་བྱས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའོ། །ཡང་འདུས་བྱས་ནི་ བླ་ན་ཡོད་པའོ། །འདུས་མ་བྱས་ནི་བླ་ན་མེད་པའོ། །ཡང་འདུས་བྱས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །འདུས་མ་བྱས་ནི་འཇིག་རྟེན་ལས་འདས་པ་ཁོ་ནའོ། །ཡང་འདུས་བྱས་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ། །འདུས་མ་བྱས་ནི་གཟུགས་ཅན་མ་ཡིན་པ་ཁོ་ནའོ། །ཡང་ འདུས་བྱས་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །འདུས་མ་བྱས་ནི་ཟག་པ་མེད་པ་ཁོ་ནའོ། །ཡང་འདུས་བྱས་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ། །འདུས་མ་བྱས་ནི་ཉོན་མོངས་པ་ཅན་མ་ཡིན་པ་ཁོ་ནའོ། །ཡང་འདུས་བྱས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་པའོ། ། འདུས་མ་བྱས་ནི་རྣམ་པར་བྱང་བ་པ་ཁོ་ནའོ། །ཡང་འདུས་བྱས་ནི་སྤང་བྱ་དང་བླང་བྱའོ། །འདུས་མ་བྱས་ནི་བླང་བྱ་ཁོ་ནའོ། །ཡང་འདུས་བྱས་ནི་བརྟེན་པར་བྱ་བ་དང་བརྟེན་པར་བྱ་བ་མ་ཡིན་པའོ། །འདུས་མ་བྱས་ནི་བརྟེན་པར་བྱ་བ་མ་ཡིན་པ་ཁོ་ནའོ། །ཡང་འདུས་བྱས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་ བསྟན་པའོ། །འདུས་མ་བྱས་ནི་དགེ་བ་དང་ལུང་དུ་མ་བསྟན་པ་ཁོ་ནའོ། །དེ་ལ་དགེ་བ་ནི་གཅིག་སྟེ། འདི་ལྟར་སོ་སོར་བརྟག་པའི་འགོག་པའོ། །ལུང་དུ་མ་བསྟན་པ་ནི་རྣམ་པ་གཉིས་ཏེ། འདི་ལྟར་ནམ་མཁའ་དང་སོ་སོར་བརྟག་པ་མ་ཡིན་པའོ། །ཡང་འདུས་བྱས་ནི་འདོད་པའི་ཁམས་ཀྱི་རྣམ་གྲངས་ སུ་གཏོགས་པ་དང་གཟུགས་ཀྱི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ་དང་གཟུགས་མེད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པའོ། །འདུས་མ་བྱས་ནི་ཟག་པ་མེད་པའི་ཁམས་ཀྱི་རྣམ་གྲངས་སུ་གཏོགས་པ་ཁོ་ནའོ། །ཡང་འདུས་བྱས་ནི་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་དང་ལམ་གྱི་ བདེན་པའོ། །འདུས་མ་བྱས་ནི་འགོག་པའི་བདེན་པ་ཁོ་ནའོ། །ཡང་འདུས་བྱས་ནི་སྡུག་བསྔལ་གྱིས་ཐོབ་པ་དང་ཀུན་འབྱུང་གིས་ཐོབ་པ་དང་འགོག་པས་ཐོབ་པ་དང་ལམ་གྱིས་ཐོབ་པ་དང་བསྒོམ་པས་སྤང་བར་བྱའོ། །འདུས་མ་བྱས་ནི་སྤང་བྱ་མ་ཡིན་པ་ཁོ་ནའོ། །ཡང་འདུས་བྱས་ནི། གཟུགས་ཀྱི་ ཕུང་པོས་ཀུན་ཏུ་བསྡུས་པ་དང་། ཚོར་བའི་ཕུང་པོས་ཀུན་དུ་བསྡུས་པ་དང་། འདུ་ཤེས་ཀྱི་ཕུང་པོས་ཀུན་དུ་བསྡུས་པ་དང་། འདུ་བྱེད་ཀྱི་ཕུང་པོས་ཀུན་དུ་བསྡུས་པ་དང་། རྣམ་པར་ཤེས་པའི་ཕུང་པོས་ཀུན་དུ་བསྡུས་པའོ། །འདུས་མ་བྱས་ནི་ཕུང་པོས་བསྡུས་པ་མ་ཡིན་པ་ཁོ་ནའོ། །ཡང་འདུས་བྱས་ ནི། མིག་གི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། རྣ་བའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། སྣའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། ལྕེའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། ལུས་ཀྱི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། ཡིད་ཀྱི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། གཟུགས་ཀྱི་ སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། སྒྲའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། དྲིའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། རོའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། རེག་པའི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པ་དང་། ཆོས་ཀྱི་སྐྱེ་མཆེད་ཀྱིས་ཀུན་དུ་བསྡུས་པའོ། །འདུས་མ་བྱས་ནི་ཆོས་ཀྱི་སྐྱེ་མཆེད་ ཀྱིས་ཀུན་དུ་བསྡུས་པ་ཁོ་ནའོ། །ཡང་འདུས་བྱས་ནི། མིག་གི་ཁམས་ཀྱིས་ཀུན་དུ་བསྡུས་པ་ནས། ཡིད་ཀྱི་ཁམས་ཀྱི་བར་དུ་ཀུན་དུ་བསྡུས་པ་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་བསྡུས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཀུན་དུ་བསྡུས་པ་དང་། གཟུགས་ཀྱི་ཁམས་ ཀྱིས་བསྡུས་པ་ནས། ཆོས་ཀྱི་ཁམས་ཀྱི་བར་གྱིས་བསྡུས་པའོ། །འདུས་མ་བྱས་ནི་ཆོས་ཀྱི་ཁམས་ཀྱིས་ཀུན་དུ་བསྡུས་པ་ཁོ་ནའོ། །དེ་ལ་གཞུང་དུ་འཆད་པར་འགྱུར་བ་གང་འགོག་པའི་བདེན་པས་ཀུན་དུ་བསྡུས་པའི་ཆོས་རྣམས་དང་ནམ་མཁའ་ནི་འདུས་མ་བྱས་ཀྱི་ཆོས་སོ། །ཆོས་གཞན་ཐམས་ཅད་ ནི་འདུས་བྱས་སོ། །དེ་སྐད་དུ་ཡང་། ནམ་མཁའ་དང་ནི་འགོག་པ་གཉིས། །འདི་གསུམ་རྟག་ཅིང་འདུས་མ་བྱས། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །པཎྜི་ཏ་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་བསྡུས་པ་འདུས་བྱས་དང་ འདུས་མ་བྱས་རྣམ་པར་ངེས་པ་ལས་འདུས་བྱས་དང་འདུས་མ་བྱས་རྣམ་པར་དབྱེ་བ་ངེས་པ་ཞེས་བྱ་བ་ལེའུ་དང་པོའོ།། །།དེ་ལ་འདི་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་འདུས་བྱས་ཏེ། སྐྱེ་བ་དང་། གནས་པ་དང་། མི་རྟག་པའོ། །འདི་རྣམས་སུ་རྒས་པ་བསྡུས་པས་བཞི་ནི་འདུས་བྱས་ཀྱི་ མཚན་ཉིད་ཅེས་ཁ་ཅིག་གོ། །འདུས་བྱས་ནི་འདི་བསྐྱེད་པར་བྱ་བའི་ཕྱིར་རྒྱུ་ནི་དྲུག་སྟེ། བྱེད་པའི་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཐམས་ཅད་དུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུའོ། །རྒྱུ་དེ་རྣམས་ཀྱིས་ཁྱད་པར་མ་ཡིན་པའི་ འབྲས་བུ་ནི་གཅིག་སྟེ། འདི་ལྟ་སྟེ། འདུས་བྱས་ཐམས་ཅད་དོ། །ཁྱད་པར་ནི་འབྲས་བུ་བཞི་སྟེ། འདི་ལྟ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པའི་རྒྱུའིའོ། །བྱེད་པའི་རྒྱུའི་ནི་བདག་པོའི་འབྲས་བུའོ། །སྐལ་བ་མཉམ་པ་དང་ཐམས་ཅད་དུ་འགྲོ་བའི་རྒྱུ་དག་གི་ནི་རྒྱུ་མཐུན་གྱི་འབྲས་བུའོ། ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །རྐྱེན་བཞིའོ། །འདི་ལྟ་སྟེ། རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་རྣམས་སོ། །དེ་ལ་ཆོས་འདུས་བྱས་ཀྱི་བདག་ཉིད་རང་གི་ངོ་བོ་ལས་གཞན་ཆོས་ ཐམས་ཅད་ནི་བྱེད་པའི་རྒྱུ་སྟེ། སྐྱེ་བ་རྣམས་ལ་གེགས་མེད་པའི་ངོ་བོས་རྣམ་པར་གནས་པས་སོ། །གང་ཆོས་ཕན་ཚུན་འབྲས་བུར་གྱུར་པ་དེ་ནི་ཕན་ཚུན་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་སྟེ། འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞིའོ། །སྔོན་གོམས་པར་བྱས་པ་འདྲ་བའི་ཆོས་ཕྱི་མ་འདྲ་བ་རྒྱས་པའི་རྒྱུ་ མཚན་ཉིད་ཡིན་པར་སྐལ་བ་མཉམ་པའི་རྒྱུའོ། །འདི་ལྟ་སྟེ། དགེ་བའི་ཕུང་པོ་ལྔ་ལས་དགེ་བ་དང་། ཉོན་མོངས་པ་ཅན་ལས་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་ལས་ལུང་དུ་མ་བསྟན་པའོ། །གང་ཆོས་ངོ་བོ་ལྷན་ཅིག་ཏུ་དམིགས་པ་ཀུན་དུ་གྲུབ་པ་སྟེ། ཡང་གང་རུང་མ་ཚངས་ པས་ནི་མ་ཡིན་པ་དེ་ནི་མཚུངས་པར་ལྡན་པའི་རྒྱུ་སྟེ། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའོ། །རང་གིས་ལ་སྔོན་ཉེ་བར་སྐྱེས་པ་ཉིད་ཀུན་དུ་འགྲོ་བའི་ཆོས་རྣམས་ནི་ཉོན་མོངས་པ་ཅན་ཕྱི་མ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་སྟེ། ཉོན་མོངས་པ་ཅན་གྱི་ཆོས་སྤྱིའི་རྒྱུ་ཉིད་ཡིན་པས་འདི་ནི་སྐལ་ བ་མཉམ་པའི་རྒྱུ་ལས་ཐ་དད་དུ་རྣམ་པར་གཞག་གོ། །འདོད་ཆགས་ལ་སོགས་པ་གང་འགའ་ཞིག་གི་ཉོན་མོངས་པ་གོམས་པས་ཞེ་སྡང་ལ་སོགས་པ་ཐམས་ཅད་ཀྱི་རྒྱུན་རྒྱས་པར་བྱེད་པའོ། །བདག་ཉིད་དངོས་པོ་ཡོངས་སུ་བཟུང་བའི་ཕྱིར་མི་དགེ་བ་དང་དགེ་བ་ཟག་བཅས་ཀྱི་ཆོས་གང་དེ་ནི་རྣམ་པར་ སྨིན་པའི་རྒྱུའོ། །ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། ས་བོན་རུལ་བ་བཞིན་དུ་སྟོབས་ཞན་པའོ། །ཟག་པ་མེད་པ་ཡང་མ་ཡིན་ཏེ། སྲེད་པས་མངོན་པར་བརླན་པ་ཉིད་ཡིན་པས་མངོན་པར་བརླན་པ་མེད་པའི་སྙིང་པོ་ས་བོན་བཞིན་དུ་བདག་གི་ངོ་བོ་མངོན་པར་འགྲུབ་པའི་ནུས་པ་མེད་པའོ། ། དེ་ལ་ལུང་དུ་མ་བསྟན་པ་དང་ཟག་པ་དང་བཅས་པའི་དགེ་བ་དང་མི་དགེ་བས་མངོན་པར་གྲུབ་པ་སེམས་ཅན་དུ་བསྟན་པའི་ཆོས་ནི་རྣམ་པར་སྨིན་པའི་འབྲས་བུའོ། །སྔོན་སྐྱེས་པ་ལས་གཞན་འདུས་བྱས་པའི་ཆོས་ནི་འདུས་བྱས་ཐམས་ཅད་ཀྱི་བདག་པོའི་འབྲས་བུའོ། །ཆོས་གང་རང་གི་རྒྱུ་དང་འདྲ་ བ་དེ་ནི་རྒྱུ་མཐུན་པའི་འབྲས་བུའོ། །སྟོབས་གང་གིས་གང་ཉེ་བར་སྐྱེ་བ་དེ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། འདི་ལྟར་ས་འོག་མའི་སྦྱོར་བའི་སེམས་ནི་ས་གོང་མའི་ཏིང་ངེ་འཛིན་དང་། ཟག་པ་དང་བཅས་པས་ཟག་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བྱེད་པའི་རྒྱུ་མ་གཏོགས་པ་རྒྱུ་ ལྔ་ནི་རྒྱུའི་རྐྱེན་ནོ། །དགྲ་བཅོམ་པའི་ཐ་མའི་སེམས་དང་སེམས་ལས་བྱུང་བ་སྤངས་ཏེ། སེམས་དང་སེམས་ལས་བྱུང་བ་ཉེ་བར་སྐྱེ་བ་ཐམས་ཅད་ནི་དེ་མ་ཐག་པའི་རྐྱེན་ནོ། །མིག་གི་རྣམ་ཤེས་ལ་སོགས་པའི་གཟུགས་ལ་སོགས་པ་དང་། ཡིད་ཀྱི་རྣམ་ཤེས་ཀྱི་ཆོས་ཐམས་ཅད་ཅེས་པ་ལ་ སོགས་པ་ནི་དམིགས་པའི་རྐྱེན་ནོ། །གང་བྱེད་པའི་རྒྱུ་དེ་ནི་བདག་པོའི་རྐྱེན་ནོ། །དེ་ལ་འགོག་པ་ལ་མངོན་པར་ཕྱོགས་ཏེ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་གཉིས་བྱ་བ་བྱེད་དེ། ལྷན་ཅིག་ཉེ་བར་སྐྱེ་བའི་འབྲས་བུ་ལ་དེ་གཉིས་རྩོམ་པ་བྱེད་པས་སོ། །སྐལ་བ་མཉམ་པ་ཐམས་ཅད་དུ་འགྲོ་བ་རྣམ་ པར་སྨིན་པའི་རྒྱུ་རྣམས་ནི་སྐྱེ་བ་ལ་མངོན་པར་ཕྱོགས་ཏེ་མ་འོངས་པ་ལ་བྱེད་དོ། །དེ་མ་ཐག་པའི་རྐྱེན་ནི་སྐྱེ་བཞིན་པ་ལ་བྱ་བ་བྱེད་དེ་གོ་སྐབས་སྟེར་བས་སོ། །དམིགས་པའི་རྐྱེན་ནི་འགག་བཞིན་པ་ལ་བྱ་བ་བྱེད་དོ། །ད་ལྟར་བའི་སེམས་དང་སེམས་ལས་བྱུང་བ་འཛིན་པས་ སོ། །བདག་པོའི་རྐྱེན་ནིའང་གནས་སྐབས་ཐམས་ཅད་དུ་སྒྲིབ་པ་མེད་པའི་ངོ་བོས་རྣམ་པར་གནས་པའོ། །པཎྜི་ཏ་ཆེན་པོ་