Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 108

Văn bản gốc(Tây Tạng)

Trang 3 / 21 (50.000 ký tự/trang)
ན་ལམ་གྱི་སངས་རྒྱས་ཏེ། སྨོན་ལམ་གྱི་སྒོ་ནས་དགེ་བའི་རྩ་བའི་ས་བོན་ཡོངས་སུ་མ་སྨིན་པ་རྣམས། ཡོངས་སུ་སྨིན་པར་མཛད་པའི་ཕྱིར་རོ། །ལས་ཀྱི་འབྲས་ཡོད་རྟོགས་མཛད་ཕྱིར། །ཡང་དག་སྦྱོར་བ་གྲུབ་པ་ཡིས། །མ་སྨིན་པ་རྣམས་
སྨིན་མཛད་ཕྱིར། །ལས་ཀྱི་རྣམ་པར་སྨིན་པའི་སངས་རྒྱས་ཏེ། ལས་བྱས་ཤིང་བསྩགས་པ་འདིའི་རྣམ་པར་སྨིན་པ་ནི་མཚན་ཕུན་སུམ་ཚོགས་པ་འདི་ཡིན་ནོ། །ལས་འདིའི་རྣམ་པར་སྨིན་པ་ནི་དཔེ་བྱད་བཟང་པོ་ཐོབ་པ་དང་ལྡན་པ་འདི་ཡིན་ནོ་ཞེས་སེམས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་
མཛད་པའི་ཕྱིར་རོ། །དེ་ལྟར་ཡང་དག་པའི་སྦྱོར་བ་སྒྲུབ་པ་སྟོན་པ་སྨོན་ལམ་དང་ལས་ཀྱི་རྣམ་པར་སྨིན་པ་དེ་གཉིས་ཀྱིས་སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་མཛད་དོ། །བྱིན་གྱི་རླབས་ཀྱི་སངས་རྒྱས་ཀྱི་དབང་དུ་བྱས་ནས། གཉིས་པོ་དེ་ཡིས་ཕུན་སུམ་ཚོགས། །ཐམས་
ཅད་ཀྱི་ནི་གཞི་དངོས་ཡིན། །ཞེས་བྱ་བ་སྨོས་ཏེ། སྐུ་གཉིས་པོ་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་ཞེས་བྱ་བ་དེ་གཉིས་ཀྱིས་བདག་ཉིད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིའི་དངོས་པོ་ཡིན་པར་སྟོན་པའི་ཕྱིར་ཏེ། དེའི་བྱིན་གྱི་རླབས་ཀྱིས་འབྱོར་པ་དེ་ལྟ་བུ་ཀུན་དུ་སྟོན་པའི་ཕྱིར་བྱིན་གྱི་
རླབས་ཀྱི་སངས་རྒྱས་ཞེས་བྱའོ། །སྤྲུལ་པའི་སངས་རྒྱས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཆོས་ཀྱི་སྐུ་ཡི་དབང་གིས་ཏེ། ཞེས་བྱ་བ་སྨོས་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ལས་འཇིག་རྟེན་ལ་ཕན་པ་བསྐྱེད་པའི་ཕྱིར་སྤྲུལ་པའི་སྐུ་ཀུན་དུ་སྟོན་
པས་སྤྲུལ་པའི་སངས་རྒྱས་ཞེས་བྱའོ། །དེ་ནི་བདེན་པ་མ་ཡིན་པས། །ལོག་པར་སྣང་བར་ཞུགས་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་བདེན་པ་མ་ཡིན་ནོ། །དེ་ལྟར་བརྡ་ལས་བྱུང་བའི་སྐུ་དཔྱད་ནས། དོན་དམ་པའི་སྐུ་བསྟན་པ་དཔྱད་པའི་ཕྱིར། རྫོགས་སངས་རྒྱས་ཀྱི་ཆོས་

གནས་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་སྐུའི་སངས་རྒྱས་ཏེ། །འདི་ལྟར་དེ་ནི་ཆོས་ཀྱི་སྐུའི་གནས་སྐབས་དེ་ན་ཆོས་ཀྱི་ཚོགས་མཐའ་དག་གི་གནས་ཡིན་ནོ། །སེམས་མེད་པ་ཡི་རང་བཞིན་ཕྱིར། །སེམས་ཀྱི་སངས་རྒྱས་ཏེ། སེམས་མེད་པའི་ངོ་བོ་ཉིད་ཀྱིས་
མཚོན་པ་ཡེ་ཤེས་ཙམ་ལ་ཆོས་ཀྱི་སྐུ་ཞེས་གྲགས་པའི་ཕྱིར་རོ། །ཅིའི་ཕྱིར་ཏིང་ངེ་འཛིན་གྱི་སངས་རྒྱས་ཞེས་བྱ་ཞེ་ན། དེའི་ཕྱིར། ཡེ་ཤེས་དེ་བཞིན་ཉིད་དག་པས། །དེ་བཞིན་རོ་གཅིག་གྱུར་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་དང་། དེ་བཞིན་ཉིད་དེ་
དག་པའི་ཕྱིར་རོ། །གཅིག་པའི་ཚུལ་དུ་འཛིན་པས་ཏིང་ངེ་འཛིན་གྱི་སངས་རྒྱས་ཞེས་བྱའོ། །རང་བཞིན་གྱི་སངས་རྒྱས་བསྟན་པའི་ཕྱིར། །དམ་པའི་དོན་ནི་མྱོང་གྱུར་པ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱིས། །ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱི་སངས་རྒྱས་སོ། །རང་བཞིན་གྱི་སངས་རྒྱས་
དེ་ནི་ཀུན་རྫོབ་ཏུ་ནི་རིགས་ཉིད་ལ་སངས་རྒྱས་ཞེས་བརྗོད་དེ། དེའི་ཕྱིར། ཀུན་རྫོབ་དོན་གྱིས་ཞེས་བྱ་བ་སྨས་སོ། །བསམ་པ་ཇི་ལྟ་བ་བཞིན་གྱི་སངས་རྒྱས་ནི། དེའི་རྗེས་ལ། བརྙེས་པས་དེ་ནི་བརྙེས་ཕྱིར་རོ། །བརྙེས་པའི་ཕྱིར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་འཇིག་རྟེན་ལས་
འདས་པའི་རྗེས་ལ་བརྙེས་པའི་ཡེ་ཤེས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །དེ་ལྟར་འཇིག་རྟེན་ལས་འདས་པའི་ལེའུ་ལས་གསུངས་པའི་སངས་རྒྱས་བསྟན་པ། སྐུ་གསུམ་དུ་བསྡུ་བ་བསྟན་ནས། མདོ་གཞན་ལས་གསུངས་པའི་
སྐུ་བསྟན་པའི་དགོངས་པ་བསྟན་པ་བརྗོད་པའི་ཕྱིར། མདོར་བསྡུ་ན་ནི་མཚན་ཉིད་ནི། །རྣམ་པ་བརྒྱད་ཀྱི་དབང་མཛད་ནས། །དེ་བཞིན་གཤེགས་ཀྱི་གསང་བ་ལས། །ཐུབ་པའི་དབང་པོའི་སྐུ་བསྟན་འདོད། །ཅེས་བྱ་བ་སྨོས་སོ། །རབ་ཏུ་དབྱེ་བ་ནི་མཐའ་ཡས་པའི་མདོར་
བསྡུ་ན་ཞེས་བྱ་སྟེ། དེའི་ཕྱིར་མདོར་བསྡུ་ན། མཚན་ཉིད་རྣམ་པ་བརྒྱད་ཀྱི་དབང་དུ་མཛད་ནས་དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཐུབ་པའི་དབང་པོའི་སྐུ་བསྟན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བསྟན་པའི་ཕྱིར། རབ་ཏུ་དབྱེ་དང་ཚད་དང་ནི། །

མཐའ་དང་དེ་བཞིན་ཕྲིན་ལས་དང་། །ངོ་བོ་ཉིད་དང་འབྱུང་བ་དང་། །ཕན་འདོགས་པ་དང་འཇུག་པའོ། །ཞེས་བྱ་བ་སྨོས་སོ། །མདོ་དེ་ལས་འབྱུང་བའི་རིམ་པ་ནི་འདི་ཡིན་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་ནམ་མཁའི་སྐུ། འཇིག་རྟེན་གསུམ་
པོ་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་སྐུ། མི་མཉམ་པ་དང་མཉམ་པའི་སྐུ། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ལྡན་པའི་སྐུ་དཔེ་མེད་པ་འདྲ་བ་མེད་པ། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་སྐུ། རང་བཞིན་གྱིས་འོད་གསལ་བའི་སྐུ། རང་བཞིན་གྱིས་
མ་སྐྱེས་པའི་སྐུ། རང་བཞིན་གྱིས་མ་བྱུང་བའི་སྐུ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་མ་འབྲེལ་བའི་སྐུ། སྒྱུ་མ་དང་སྨིག་རྒྱུ་དང་། ཆུ་ཟླའི་ངོ་བོ་ཉིད་ཀྱི་སྐུ། སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། རྟོག་པ་མེད་པའི་སྐུ། ཕྱོགས་བཅུ་མ་ལུས་པའི་ནམ་མཁའ་ཁྱབ་པའི་སྐུ། སེམས་
ཅན་ཐམས་ཅད་དང་མཉམ་པའི་སྐུ། མཐའ་ཡས་མུ་མེད་པའི་སྐུ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་སྐུ། མི་གཡོ་ཞིང་རློམ་སེམས་མེད་པའི་སྐུ། གནས་པ་ལས་མི་གཡོ་བར་གྱུར་པའི་སྐུ། །གཟུགས་ཀྱི་རང་བཞིན་མ་ཡིན་པའི་སྐུ། ཚོར་བ་དང་། འདུ་ཤེས་དང་། འདུ་
བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་མ་ཡིན་པའི་སྐུ་སྟེ། སའི་ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ཆུའི་ཁམས་ཀྱིས་མ་ཡིན། མེའི་ཁམས་ཀྱིས་མ་ཡིན། རླུང་གི་ཁམས་ཀྱིས་ཀྱང་རབ་ཏུ་ཕྱེ་བ་མ་ཡིན་ཏེ། ཀུན་དུ་མ་བྱུང་བ་འབྱུང་བ་ཆེན་པོ་མ་ཡིན་པ། འབྱུང་བ་ཆེན་པོས་རབ་
ཏུ་ཕྱེ་བ་མ་ཡིན་པ་འབྱུང་བ་མ་ཡིན་པ། འབྱུང་བ་མ་ཡིན་པའི་ཆོས། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ། མིག་ལས་མ་བྱུང་བ། རྣ་བ་ལ་མི་གནས་པ། སྣས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ལྕེས་རབ་ཏུ་མ་ཕྱེ་བ། ལུས་དང་ལྡན་པ་མ་ཡིན་པ། ཡིད་ཀྱིས་ཉེ་བར་དཔྱད་
པ་མ་ཡིན་པ། སེམས་མི་འཇུག་པ་ཡིད་ཀྱི་རྣམ་པར་ཤེས་པ་མི་འཇུག་པ། འཇུག་པ་མ་ཡིན་པ། མི་ལྡོག་པ། ཕྱིས་ལྡོག་པ་མེད་པ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་དེ་འདྲའོ་ཞེས་བྱུང་བའོ། །རབ་ཏུ་དབྱེ་བའི་དབང་དུ་བྱས་ནས། དེ་ལ་རབ་དབྱེ་མཚན་ཉིད་ནི། །

སངས་རྒྱས་སྐུ་ནི་རྣམ་གསུམ་འདོད། །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་དང་རྒྱུ་མཐུན་སྤྲུལ་པ་སྟེ། །ཞེས་བྱ་བ་ལ་རྒྱུ་མཐུན་པ་ནི་ལོངས་སྤྱོད་རྫོགས་པ་ཡིན་པར་བལྟ་བར་བྱ་སྟེ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འཆད་པའི་
སྐུ་ནི་བཞི་པའོ། །དེ་ལྟར་ན་སྐུ་གསུམ་བསྟན་པ་དེ་དག་ནི་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་། བཤད་པའི་སྐུའི་བྱེ་བྲག་གིས་ཕུང་པོ་བཞིའོ། །དེ་དག་གི་ཚད་ཀྱི་རབ་ཏུ་དབྱེ་བ་ནི། རྣམ་པ་དགུ་ཡིས་ཆོས་ཀྱི་སྐུ། །ཞེས་སྨོས་པ་ཡིན་ཏེ། ཚད་ཀྱི་རབ་ཏུ་དབྱེ་བ་འདིས་
ནི་ཚད་གསུམ་སྨོས་པའི་ཕྱིར། སངས་རྒྱས་ཀྱི་སྐུ་ནི་རྣམ་པ་གསུམ་དུ་འདོད་པ་དེ་སྟོན་པར་བྱེད་དོ། །རྣམ་པ་དགུས་ནི་ཆོས་ཀྱི་སྐུ་དེ་སྟོན་ཏོ། །དེར་ཞེས་བྱ་བ་ནི་མདོ་དེར་རོ། །དགུ་པོ་དག་ནི་ནམ་མཁའི་སྐུ་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་སྐུ་དང་། མི་
མཉམ་པ་མཉམ་པའི་སྐུ་དང་། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ལྡན་པའི་སྐུ་དང་། དཔེ་མེད་པ་དང་། འདྲ་བ་མེད་པ་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་སྐུ་དང་། རང་བཞིན་གྱིས་འོད་གསལ་བའི་སྐུ་དང་། རང་བཞིན་གྱིས་མ་སྐྱེས་པའི་སྐུ་སྟེ། མདོའི་ཚིག་དགུ་པོ་འདི་
དག་གིས་ནི་ཆོས་ཀྱི་སྐུ་ཡོངས་སུ་བསྟན་ཏོ། །ཚིག་ལྔ་ལྔས་ནི་རྒྱུ་མཐུན་པ་དང་སྤྲུལ་པའི་སྐུ་རེ་རེ་སྟོན་ཏེ། དེ་དག་གིས་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་སྟོན་ཏོ། །དེ་གཉི་ག་གཅིག་ཏུ་བསྡུས་ནས་འཆད་པའི་སྐུ་ཞེས་བྱ་སྟེ། དེའི་ཕྱིར། འཆད་པའི་སྐུ་ནི་རྣམ་གཅིག་གོ། །ཞེས་བྱ་བ་སྨོས་སོ། །དེ་ལྟར་རབ་ཏུ་དབྱེ་བའི་མཚན་
ཉིད་བསྟན་ནས་མཚན་ཉིད་གཞན་བསྟན་པར་བྱ་བའི་ཕྱིར། མཚན་ཉིད་ལྷག་མ་ཞེས་བྱ་བ་སྨོས་སོ། །ཚད་ལ་སོགས་པ་ནི་ཚིག་གཅིག་དང་། གཉིས་དང་། གསུམ་དང་། དགུ་དང་། དྲུག་དང་། ལྔས་སྟོན་ཏེ། གོ་རིམས་བཞིན་དུ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །
ཚད་ཇི་ལྟར་ན་གཅིག་གིས་སྟོན་ཞེ་ན། ཕྱོགས་བཅུ་མ་ལུས་པ་ནམ་མཁའི་ཁམས་ཁྱབ་པའི་སྐུ་དེ་བསྟན་པར་ཁོང་དུ་ཆུད་པར་བྱ་སྟེ། སྐུ་བསྟན་པའི་སྐུ་ཐམས་ཅད་དེར་འདུས་པའི་ཕྱིར་རོ། སེམས་ཅན་ཐམས་ཅད་མཉམ་པའི་སྐུ་དང་། མཐའ་ཡས་མུ་མེད་པའི་སྟེ་དེ་གཉིས་ཀྱིས་ནི་མཐའ་

བསྟན་པར་ཁོང་དུ་ཆུད་པར་བྱ་སྟེ། སེམས་ཅན་གྱི་ཁམས་ཇི་ཙམ་པར་བཞུགས་པས་སྐུ་མཐའ་ཡས་མུ་མེད་པའི་ཕྱིར་རོ། །ཚིག་གསུམ་གྱིས་ནི་ཕྲིན་ལས་བསྟན་པར་རིག་པར་བྱ་སྟེ། འགྱུར་བ་མེད་ཅིང་རྟག་པ་མེད་པའི་སྐུ་དང་། མི་གཡོ་ཞིང་རློམ་སེམས་མེད་པའི་སྐུ་དང་། གནས་པ་ལས་མི་གཡོ་
བར་གྱུར་པའི་སྐུ་སྟེ། ཚིག་དེ་དག་གིས་སྟོན་ཏོ། །ངོ་བོ་ཉིད་ནི་གཟུགས་ཀྱི་རང་བཞིན་མ་ཡིན་པའི་སྐུ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་མ་ཡིན་པའི་སྐུ་དང་། སའི་ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་དང་། ཆུའི་ཁམས་ཀྱིས་ཕྱེ་བ་མ་ཡིན་པ་
དང་། མེའི་ཁམས་ཀྱིས་ཕྱེ་བ་མ་ཡིན་པ་དང་། རླུང་གི་ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་སྟེ། སྐུ་དགུ་པོ་འདི་དག་གིས་བསྟན་པར་ཁོང་དུ་ཆུད་པར་བྱའོ། །འབྱུང་བ་ནི་ཚིག་དྲུག་གིས་བསྟན་ཏེ། ཀུན་ནས་མ་བྱུང་བ་དང་འབྱུང་བ་ཆེན་པོ་མ་ཡིན་པ་དང་། འབྱུང་བ་ཆེན་པོས་རབ་ཏུ་ཕྱེ་བ་མ་ཡིན་
པ་དང་། འབྱུང་བ་མ་ཡིན་པ་དང་འབྱུང་བ་མ་ཡིན་པའི་ཆོས་དང་། འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ་ཞེས་བྱ་བ་ལ་ཐུག་པ་དག་གིས་སྟོན་ཏོ། །ཕན་འདོགས་པ་འཛིན་པ་ནི། མིག་ལས་མ་བྱུང་བ་དང་། རྣ་བ་ལ་མི་གནས་པ་དང་། སྣས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་།
ལྕེས་རབ་ཏུ་ཕྱེ་བ་མ་ཡིན་པ་དང་། ལུས་དང་ལྡན་པ་མ་ཡིན་པ་དང་། ཡིད་ཀྱིས་ཉེ་བར་དཔྱད་པ་མ་ཡིན་པ་ཞེས་བྱ་བ་དྲུག་པོ་འདི་དག་གིས་སྟོན་ཏོ། །འཇུག་པ་ནི་ལྔས་བསྟན་པར་ཤེས་པར་བྱ་སྟེ། སེམས་དང་མི་འཇུག་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་མི་འཇུག་པ་དང་། འཇུག་པ་
མ་ཡིན་པ་དང་མི་ལྡོག་པ་དང་། ཕྱིས་ལྡོག་པ་མེད་པ་ཞེས་བྱ་བ་འདི་དག་གིས་སྟོན་ཏོ། །དེ་ལྟར་ཚིག་ཙམ་ཞིག་བསྟན་པས་མདོར་བསྡུ་སྟེ། མཚན་ཉིད་རྣམ་པ་བརྒྱད་ཀྱི་སྐབས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བསྟན་པ་བསྡུས་པར་རིག་པར་བྱའོ། །ཚིག་གི་དོན་ནི་གོ་རིམས་བཞིན། །
ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་སྨོས་པའི་ཚིག་རྣམས་ཀྱི་དོན་སྟོན་ཏོ། །གོ་རིམས་བཞིན་ཞེས་བྱ་བ་ནི་ནམ་མཁའི་སྐུ་ཞེས་བྱ་བ་ནས་བཟུང་སྟེ། ཕྱིས་ལྡོག་པ་མེད་པ་ཞེས་བྱ་བའི་བར་དུའོ། །འདི་ལ་སྒྲིབ་པ་མེད་པའི་རྒྱུ་ཡིན་པས་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་མྱ་ངན་

འདས་སྲིད་ལ། །གནས་པ་མེད་པའི་དངོས་པོའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ་ཐུག་པའི་བར་དུ་གོ་རིམས་བཞིན་དོན་བསྟན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ནམ་མཁའི་སྐུ་ཞེས་ཅིའི་ཕྱིར་བྱ་ཞེ་ན། དེའི་ཕྱིར། སྒྲིབ་པ་མེད་པའི་རྒྱུ་ཡིན་པས། །ཞེས་བྱ་བ་སྨོས་ཏེ། ཤེས་
བྱ་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མེད་པའོ། །དཔེར་ན་ནམ་མཁའ་ལ་གཟུགས་ཅན་ཐམས་ཅད་ཐོགས་པ་མེད་པར་འགྲོ་བ་དང་འདྲ་སྟེ། དེའི་ཕྱིར། དེའི་སྐུ་ནམ་མཁའ་དང་འདྲ་བས་ནམ་མཁའི་སྐུ་ཞེས་བྱའོ། །བླ་ན་མེད་ཕྱིར་ཞེས་བྱ་བ་ནི་དེ་ལས་ཁྱད་པར་དུ་འཕགས་པའི་ལུས་
གཞན་མེད་པའི་ཕྱིར་ཏེ། དེའི་ཕྱིར། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་སྐུ་ཞེས་བྱའོ་ཞེས་གསུངས་སོ། །ལུས་ཅན་ཀུན་དང་མི་མཚུངས་ཕྱིར། །མི་མཉམ་པ་དང་མཉམ་པའི་སྐུའོ། །མཉམ་པ་དང་ནི་མཚུངས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་
མཉམ་པ་མེད་པ་རྣམས་དང་མཉམ་པའི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་མི་མཉམ་པ་དང་མཉམ་པའི་སྐུ་ནི་མཚུངས་པ་མེད་པའི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ལྡན་པའི་སྐུ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར། སེམས་ཅན་ཀུན་དང་བདག་ཏུ་ནི། །
མཉམ་ཉིད་ལྡན་པ་གྲུབ་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཐམས་ཅད་དང་། བདག་མཉམ་པ་ཉིད་དང་ལྡན་པའི་ཕྱིར་རོ། །གྲུབ་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་གནས་གྱུར་པའི་མཚན་ཉིད་ཀྱི་སྐུ་བརྙེས་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་དཔེ་མེད་པ་ཞེས་བྱ་ཞེ་ན། དེའི་ཕྱིར།
དཔག་ཏུ་མེད་ཕྱིར་ཞེས་བྱ་བ་སྨོས་ཏེ། དཔེ་མེད་པ་ནི་དཔེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདྲ་བ་མེད་པ་ནི། གཉིས་དངོས་མེད་ཕྱིར་ཞེས་བྱ་བ་སྟེ། འདི་འམ་འདིའོ་ཞེས་གཉིས་ཀྱི་བློ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་
པའི་སྐུ་དང་། རང་བཞིན་གྱིས་འོད་གསལ་བའི་སྐུ་ཞེས་བྱ་བ་དེ་གཉིས་ཀྱི་དོན་བསྟན་པའི་ཕྱིར། གྱུར་པའི་ཕྱིར་དང་ལོག་པའི་ཕྱིར། ཞེས་བྱ་བ་སྨོས་ཏེ། ཆོས་ཐམས་ཅད་དཀར་པོར་གྱུར་པ་དང་། ཀུན་ནས་ཉོན་མོངས་པའི་ཆོས་མ་ལུས་པར་ལོག་པའི་ཕྱིར་ཏེ། རང་བཞིན་གྱིས་ཀུན་

ནས་ཉོན་མོངས་པ་མེད་པའི་སྐུ་ཡིན་ཏེ། དེ་ལྟ་བས་ན་གྱུར་པའི་ཕྱིར། །ཞེས་བྱ་བ་སྨོས་པའོ། །དེའི་གཞི་ཉོན་མོངས་མི་འཇུག་ཕྱིར། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་སྐུའོ། །དེའི་གཞི་ནི་ཀུན་ནས་ཉོན་མོངས་པ་གང་དག་ཡིན་པའོ། །དེ་ཞེས་བྱ་བ་ནི་གྱུར་པ་དང་ལོག་པ་དང་སྦྱར་རོ། །
ཀུན་ནས་ཉོན་མོངས་པ་རྣམས་ནི་དེའི་གཞིར་གྱུར་པ་སྟེ། རང་བཞིན་གྱིས་འོད་གསལ་བས་གྱུར་པ་དང་ལོག་པ་དེ་ལ་ངོ་བོ་ཉིད་ཁོ་ནས་མ་ཞུགས་ཏེ། རང་གི་འོད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར། རང་འོད་གསལ་ཕྱིར་ཞེས་བྱ་བ་སྨོས་སོ། །རང་བཞིན་གྱིས་མ་སྐྱེས་པའི་སྐུ་དང་།
རང་བཞིན་གྱིས་མ་བྱུང་བའི་སྐུ་ཞེས་བྱ་བ་འདི་གཉིས་དཔྱད་པའི་ཕྱིར། སྐྱེ་གནས་གསུམ། སྒོ་ང་ལས་སྐྱེ་སོགས་པ་དང་། །ཞེས་བྱ་བ་སྨོས་ཏེ། སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་ནི་སྐྱེ་བ་ཞེས་བརྗོད་དེ། དེར་སྐྱེ་བ་མེད་པའི་ཕྱིར་རང་བཞིན་གྱིས་མ་
སྐྱེས་པའི་སྐུ་ཞེས་བྱའོ། །བརྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ། །གཏོགས་པ་མ་ཡིན་དངོས་པོའི་ཕྱིར། དེའི་ཕྱིར་རང་བཞིན་གྱིས་མ་བྱུང་བའི་སྐུ་ཞེས་བྱའོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་མ་འབྲེལ་བའི་སྐུ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། རྣམ་སྨིན་དེ་ལས་བྱུང་སེམས་སོགས། །
རྣམ་པ་ཀུན་དུ་མ་བཟུང་ཕྱིར། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཀུན་གཞི་ཞེས་བྱའོ། །དེ་ལས་བྱུང་བ་ནི་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱའོ། །སོགས་པ་སྨོས་པས་ནི་ཉོན་མོངས་པ་ཅན་གྱི་ཡིད་བསྡུ་སྟེ། རྣམ་པ་ཀུན་དུ་མ་བཟུང་བས་དེའི་ཕྱིར་དེ་སྐད་ཅེས་བརྗོད་
དོ་ཞེས་བྱ་བར་བསམས་པའོ། །ཅིའི་ཕྱིར། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླའི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་ཞེ་ན། སྐལ་བ་མཐུན་ཕྱིར་དེ་ལྟ་བུ། །ཡོད་མ་ཡིན་པས་དེ་བཞིན་མིན། །ཞེས་བྱ་བས་སྟོན་ཏེ། སྐལ་བ་མཐུན་ཕྱིར་ཞེས་བྱ་བ་ནི། གདུལ་བའི་སེམས་ཅན་དང་མཐུན་
པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་མིན་ཞེས་བྱ་བ་ནི་ཇི་ལྟར་སྔོན་གྱི་ཤུགས་ཡོངས་སུ་བཟུང་བས་བདག་ཉིད་སྟོན་པ་དེ་བཞིན་དུ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། རྟོག་པ་མེད་པའི་སྐུ་དོན་གང་གིས་སྟོན་ཞེ་ན། དེའི་ཕྱིར།

དེ་བཞིན་རྣམ་ཐར་སྒོ་གསུམ་ལ། །རང་གི་ཀུན་ཤེས་འཇོག་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། རྣམ་པར་ཐར་པའི་སྒོ་གསུམ་པོ་ལ་རང་གི་ཀུན་ཤེས་པ་དགེ་སྦྱོང་གི་འབྲས་བུ་དེ་ལ་སེམས་ཅན་དགོད་པའི་ཕྱིར། དེ་སྐད་ཅེས་བསྟན་ཏོ་ཞེས་བྱ་བའི་དོན་གང་ཡིན་
པའོ། །རབ་ཏུ་དབྱེ་བའི་མཚན་ཉིད་ནི། །དོན་དུ་དེ་ལྟར་ཤེས་པར་བྱའོ་ཞེས་བྱ་བ་ནི། རབ་ཏུ་དབྱེ་དང་ཚད་དང་ནི། །ཞེས་སྔར་གང་བསྟན་པ་དེ་ལས་རབ་ཏུ་དབྱེ་བའི་དོན་ནི་དེ་ལྟར་ཁོང་དུ་ཆུད་པར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །ཚད་ཀྱི་མཚན་ཉིད་ཀྱི་དབང་དུ་བྱས་ནས། སངས་
རྒྱས་རྣམས་ཀྱི་སྐུ་ཀུན་ནི། །འཇིག་རྟེན་ཀུན་དུ་རྣམ་འཕྲོ་ཕྱིར། །ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ། དཔེར་ན། ནམ་མཁའ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས། གནས་པ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་དེ་དང་འདྲའོ། །དེ་བསྟན་པར་འགྱུར་ཏེ།
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུའི་ཚད་ནི་དེ་ལྟ་བུ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མཐའི་མཚན་ཉིད་ལས་བརྩམས་ཏེ། །སེམས་ཅན་ཇི་སྲིད་འབྱུང་འགྱུར་བ། །དེ་སྲིད་དུས་སུ་འཇུག་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཐམས་ཅད་དང་མཉམ་པའི་སྐུ་ཡིན་པར་
ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐུ་དེའི་མཐའ་ནི་འདི་ཡིན་ཏེ། འཁོར་བའི་རྒྱུན་འཇུག་པ་དུས་དེ་སྲིད་དུ་བཞུགས་པའི་ཕྱིར་རོ། །ཡང་མཐའ་དེ་གཉིས་ཀྱི་དབང་དུ་བྱས་ནས། བྱང་ཆུབ་མྱ་ངན་འདས་སྟོན་པའི། །རྒྱུན་ནི་རྒྱུན་ཆད་མི་འགྱུར་ཕྱིར། །ཞེས་བྱ་བ་སྨོས་ཏེ།
འདིས་ནི་མཐའ་ཡས་མུ་མེད་པའི་སྐུ་སྟོན་ཏོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་ཀུན་དུ་སྟོན་པའི་རྒྱུན་མི་འཆད་པས་མཐའ་ཡས་མུ་མེད་པའི་སྐུ་ཞེས་བྱའོ། །ཕྲིན་ལས་ཀྱི་མཚན་ཉིད་རྣམ་པ་གསུམ་ལས་བརྩམས་ནས།
སྤྱོད་པའི་དུས་དང་གནས་པ་དང་། །བསྟན་པའི་དུས་ཀྱི་ཚེ་ཉིད་དང་། །ཞེས་བྱ་བ་སྨོས་ཏེ། སྤྱོད་པའི་དུས་དང་། གནས་པའི་དུས་དང་། ཆོས་བསྟན་པའི་དུས་ནི་འགྱུར་བ་མེད་པའི་ཕྱིར་དང་། རྣམ་པར་མི་རྟོག་པའི་ཕྱིར། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་སྐུ་ཞེས་

བྱའོ། །རྩོལ་དང་རོ་མྱང་མེད་པའི་ཕྱིར། །མི་གཡོ་ཞིང་རློམ་སེམས་མེད་པའི་སྐུ་སྟེ། རྩོལ་བས་ནི་གཡོ་བར་འགྱུར། རོ་མྱང་བས་ནི་རློམ་སེམས་སུ་འགྱུར་བས་དེ་གཉི་ག་མེད་པའི་ཕྱིར། མི་གཡོ་ཞིང་རློམ་སེམས་མེད་པའི་སྐུ་ཞེས་བྱའོ། །མཚུངས་ལས་རྣམ་པར་གཡེང་མེད་ཕྱིར། །
གནས་པ་ལས་མི་གཡོ་བར་གྱུར་པའི་སྐུའོ། །དེ་ལྟར་གསུམ་གྱིས་ཕྲིན་ལས་བསྟན་ནས། ངོ་བོ་ཉིད་བརྗོད་པའི་ཕྱིར་ངོ་བོ་ཉིད་དེ་ཡང་སྐུའི་ཚིག་དགུས་སྟོན་ཏེ། དེའི་ཕྱིར། ཆོས་ཀྱི་སྐུ་ཡི་རང་བཞིན་ཕྱིར། །ཕུང་པོའི་ངོ་བོ་ཉིད་ལས་འདས། །ཞེས་བྱ་བ་སྨོས་ཏེ། གཟུགས་ཀྱི་རང་བཞིན་
མ་ཡིན་པའི་སྐུ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་མ་ཡིན་པའི་སྐུ་དང་། སའི་ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་དང་། ཆུའི་ཁམས་ཀྱིས་མ་ཡིན་པ་དང་། མེའི་ཁམས་ཀྱིས་མ་ཡིན་པ་དང་། རླུང་གི་ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་
པ་སྟེ། དེ་ལྟར་ཕུང་པོའི་ངོ་བོ་ཉིད་ལས་ཤིན་ཏུ་འདས་པའི་ཕྱིར་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཅེས་བྱའོ། །འབྱུང་བའི་མཚན་ཉིད་རབ་ཏུ་བསྟན་པའི་ཕྱིར། །མངལ་དུ་འཇུག་དང་མིང་དང་གཟུགས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྱུང་བ་ནི་སྐུ་བསྟན་པའི་ཚིག་དྲུག་གིས་བསྟན་པར་ཁོང་
དུ་ཆུད་པར་བྱ་སྟེ། དེའི་ཕྱིར་ཀུན་དུ་མ་བྱུང་བ་དང་། འབྱུང་བ་ཆེན་པོ་མ་ཡིན་པ་དང་། འབྱུང་བ་ཆེན་པོས་རབ་ཏུ་ཕྱེ་བ་མ་ཡིན་པ་དང་། འབྱུང་བ་མ་ཡིན་པ་དང་། འབྱུང་བ་མ་ཡིན་པའི་ཆོས་དང་། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་ཞེས་གསུངས་སོ། །ཀུན་དུ་མ་བྱུང་བ་ཞེས་བྱ་བ་ནི་
མངལ་དུ་འཇུག་པ་མེད་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་མ་ཡིན་པ་ནི་མིང་དང་གཟུགས་མ་ཡིན་པའི་ཕྱིར་རོ། །དེ་འོག་གནས་སྐབས་ནི། སྐྱེ་མཆེད་དྲུག་ལ་སོགས་པ་སྟེ། དེ་མེད་པའི་ཕྱིར་འབྱུང་བ་ཆེན་པོས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །དེའི་ཕྱིར། དེ་དང་མི་མཐུན་ཆོས་ཡིན་ཕྱིར། །ཞེས་བྱ་བ་
སྨོས་སོ། །འབྱུང་བ་མ་ཡིན་ཞེས་བྱ་བའི་དོན་ནི། དེ་བཞིན་སེམས་ཅན་མེད་པའི་ཕྱིར། །ཞེས་བྱ་བ་སྨོས་པ་ཡིན་ཏེ། སེམས་ཅན་ནི་འབྱུང་པོ་ཡིན་པའི་ཕྱིར་རོ། །རི་བོང་རྭ་སོགས་མི་མཐུན་ཕྱིར། །འབྱུང་བ་མ་ཡིན་པའི་ཆོས་འབྱུང་བ་མ་ཡིན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་

གང་དག་ཡིན་པ་དེ་དག་ནི་དེའི་ཆོས་ཏེ། ནམ་མཁའི་མེ་ཏོག་ལ་སོགས་པ་དང་མི་འདྲ་བའི་ཕྱིར་རོ། །དེ་ལྟའི་དོན་ནི་མི་དམིགས་ཕྱིར། །འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ། །སྐུ་དེ་ལྟ་བུ་དེ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ། དེ་ལྟ་བུའི་དོན་མི་
དམིགས་པའི་ཕྱིར། དེ་ལྟར་ན་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ། །ཕན་འདོགས་པའི་མཚན་ཉིད་བསྟན་པའི་ཕྱིར། དབང་པོ་དྲུག་དོན་ལོངས་སྤྱོད་ལས། །ཤིན་ཏུ་འདས་པའི་བདེ་དངོས་ཕྱིར། །ཞེས་བྱ་བ་སྨོས་སོ། །ཕན་འདོགས་པ་ཡང་ཚིག་དྲུག་གིས་སྟོན་ཏེ།
མིག་ལས་མ་བྱུང་བ་དང་། རྣ་བ་ལ་མི་གནས་པ་དང་། སྣས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། ལྕེས་རབ་ཏུ་མ་ཕྱེ་བ་དང་། ལུས་དང་ལྡན་པ་མ་ཡིན་པ་དང་། ཡིད་ཀྱིས་ཉེ་བར་དཔྱད་པ་མ་ཡིན་པ་སྟེ། དབང་པོ་དྲུག་གི་དོན་ལ་ལོངས་སྤྱོད་པ་ལས་བདེ་བ་ཇི་ལྟ་བུ་འབྱུང་བ་དེ་
ལས་ཤིན་ཏུ་འདས་པའི་བདེ་བ་ལ་ཡོངས་སུ་སྤྱོད་པ་ཡོད་པས་མིག་ལ་སོགས་པས་རབ་ཏུ་ཕྱེ་བ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པའི་དབང་དུ་བྱས་ནས། ལས་དང་ཉོན་མོངས་འཕངས་པ་ཡི། །སེམས་ལ་སོགས་དབང་མི་འཇུག་ཕྱིར། །ཞེས་བྱ་བ་སྨོས་སོ། །དེ་ཡང་
ཚིག་ལྔས་ཤེས་པར་བྱེད་དེ། སེམས་དང་མི་འཇུག་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་མི་འཇུག་པ་དང་། འཇུག་པ་མ་ཡིན་པ་དང་། མི་ལྡོག་པ་དང་ཕྱིས་ལྡོག་པ་མེད་པའོ། །སེམས་དང་མི་འཇུག་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་ནི། ལས་དང་ཉོན་མོངས་
འཕངས་པ་ཡི། །སེམས་ལ་སོགས་དབང་མི་འཇུག་ཕྱིར། །ཞེས་བྱ་བ་སྨོས་ཏེ། དེའི་དབང་གིས་མི་འཇུག་ཅེས་བྱ་བའི་ཐ་ཚིག་གོ། །མི་ལྡོག་པ་དང་ཕྱིས་ལྡོག་པ་མེད་པ་ཞེས་བྱ་བ་འདི་གཉིས་ཀྱི་དོན་ནི། དེ་བཞིན་མྱ་ངན་འདས་སྲིད་ལ། །གནས་པ་མེད་པའི་དངོས་པོའི་ཕྱིར། །
ཞེས་བྱ་བ་སྨོས་ཏེ། མྱ་ངན་ལས་འདས་པ་ལ་མི་གནས་པས་མི་ལྡོག་གོ། །འཁོར་བ་ལ་མི་གནས་པས་ཕྱིས་ལྡོག་པ་མེད་དོ། །ཐུབ་པའི་དབང་པོའི་སྐུ་བསྟན་པ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པའི་གསང་བའི་རྒྱལ་པོའི་མདོ་ལས་རིག་པར་བྱའོ། །དེ་ལྟར་སྐབས་ཀྱི་དོན་རྫོགས་པར་

བྱས་ནས། ཕན་ཡོན་བསྟན་པའི་ཕྱིར། རང་བདེ་གཤེགས་དང་དགྲ་བཅོམ་པ། །གྲོལ་བའི་བདག་ཉིད་ཅན་རྣམས་ཀྱི། །ཡང་དག་སྤྱོད་ཡུལ་བློ་རྣམས་ཀྱིས། །ཞེས་བྱ་བ་སྨོས་ཏེ། གྲོལ་བའི་བདག་ཉིད་ཅན་རྣམས་ཞེས་བྱ་བ་ནི་བག་ལ་ཉལ་མ་ལུས་པར་སྤངས་པའི་བདག་ཉིད་
ཅན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་སྤྱོད་ཡུལ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་ཆུས་སྒྲིབ་པའི་དྲི་མ་མཐའ་དག་བཀྲུས་པས་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་གཏིང་ནི་མི་རྙེད་པ། །ཞེས་བྱ་བ་ནི་རང་རྒྱལ་བ་དང་འཕགས་པ་ཉན་ཐོས་དག་གི་བློ་རྣམས་ཀྱིས་ཡེ་ཤེས་གང་ལ་
གཏིང་སྟེ། གནས་མི་རྙེད་ཅེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རང་སངས་རྒྱས་ལ་སོགས་པའི་ཡུལ་མ་ཡིན་ན། འོ་ན་དེ་སུའི་ཡུལ་ཞེ་ན། དེའི་ཕྱིར། རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །ཆགས་མེད་ཡེ་ཤེས་སྤྱན་ལྡན་པ། །སངས་རྒྱས་རྣམས་ཀྱི་རང་རིག་པར། །འདོད་པ་འབའ་
ཞིག་གང་ཡིན་པ། །ཞེས་བྱ་བ་སྨོས་སོ། །རྣམ་པར་མི་རྟོག་པ་ནི་རྣམ་པར་རྟོག་པའི་གཞི་ཐམས་ཅད་སྤངས་པའི་ཕྱིར་རོ། །ལྷུན་གྱིས་གྲུབ་པ་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་འཇུག་པའི་ཕྱིར་རོ། །ཆགས་པ་མེད་པ་ནི་ཤེས་བྱ་གང་ལ་ཡང་ཐོགས་པ་མེད་པའི་ཕྱིར་རོ། །ཡེ་ཤེས་
ཉིད་སྤྱན་ཏེ་ཁྱད་པར་དུ་འཕགས་པ་དེ་ལྟ་བུ་སུ་དག་ལ་མངའ་བའི་སངས་རྒྱས་དེ་དག་གི་རང་གིས་རིག་པར་འདོད་པ་འབའ་ཞིག་སྟེ། གཞན་དག་ལ་བསྙད་པར་མི་ནུས་པའི་ཕྱིར་རོ། །འདིས་ནི་བྱང་ཆུབ་སེམས་དཔའ་ས་བཅུའི་མངའ་བདག་རྣམས་ཀྱི་ཡུལ་ཡང་མ་ཡིན་པར་སྟོན་ཏེ།
གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ནའི་ཡུལ་ཡིན་གྱི། རང་རྒྱལ་བ་དང་འཕགས་པ་ཉན་ཐོས་རྣམས་ཀྱི་ཡང་ཡུལ་མ་ཡིན་པ་དེའི་ཕྱིར། གང་དུ་བྱིས་པ་ཉོན་མོངས་པ་སོ་སོའི་སྐྱེ་བོ་ཀུན་འཁྲུལ་ཏེ། དེའི་རང་གི་ངོ་བོ་ལ་མོས་པ་མེད་པའི་ཕྱིར་དང་། དེ་ལ་མི་རེག་
པའི་ཕྱིར་རོ། །འཁོར་བའི་གནོད་པས་ཉེན་པས་ན། །ཕན་ཚུན་རྣམ་པར་འཁྱམ་བྱེད་པ། །ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བའི་འཁོར་ལོ་ལྟར་འཁོར་བའི་ཚུལ་གྱིས་འཁོར་བའི་རྒྱུན་མི་འཆད་པའི་ཕྱིར་རོ། །གང་ཕྱིར་ཞེས་བྱ་བ་ནི་གང་ཐོབ་པར་བྱ་བའི་

ཕྱིར་རོ། །ལུས་དང་སྲོག་ལ་ཡང་། འདོད་མེད་སྙིང་བརྩེའི་བདག་ཉིད་རྣམས། །དཀའ་བ་བརྒྱ་ཕྲག་དུ་མ་དག །ཅེས་བྱ་བ་ནི་སྟག་མོའི་སྐྱེས་པའི་རབས་ལ་སོགས་པར་རང་གི་སྐུ་ལུས་ལ་སོགས་པ་སྦྱིན་པར་མཛད་པའི་ཕྱིར་རོ། །བསྐལ་པ་དུ་མར་
ཞེས་བྱ་བ་ནི་དུས་ཀྱི་ཚད་བསྟན་པའོ། །དེ་ནི་མཆོག་ཏུ་གསང་བ་སྟེ། །ཞེས་བྱ་བ་ནི། གཞན་དག་ལ་བསྙད་པར་མི་ནུས་པའི་ཕྱིར་གསང་བ་ཞེས་བྱའི་མི་བསྟན་པའི་ཕྱིར་ནི་མ་ཡིན་ནོ། །དེ་ནི་གོ་འཕང་མཆོག་ཡིན་ནོ། །ཞེས་བྱ་བ་ལ་གོ་འཕང་ནི་གནས་ལ་བྱའོ། །མཆོག་ནི་འདི་
ལ་གནས་ནི་མི་གཡོ་བའི་ཕྱིར་རོ། །ཕྱོགས་འདི་དག་གི་ཡུལ་ཐམས་ཅད་ལས་འདས་པ་ཡིན་ཞེས་བྱ་བ་ནི་བརྗོད་པའི་ཚོགས་ཐམས་ཅད་ལས་འདས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ནི་འཇིགས་པ་མེད་ཅེས་བྱ་བ་ནི་འཇིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འདི་ལ་ཡང་དག་
མོས་པ་ཡང་། །ཞེས་བྱ་བ་ནི་མོས་པ་ཙམ་ཞིག་ཡོད་པ་ཡང་ངན་འགྲོ་དོག་པར་གནོད་པར་མི་འགྱུར་ན། སུ་ཞིག་འདི་ཕྱིར་བསྒྲིམས་བྱས་ན། །མངོན་པར་བརྩོན་པ་སྨོས་ཅི་དགོས། །འདི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་དེ་ཐོབ་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་འཚལ་
ཞེས་བྱ་བ་ནི་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་བློ་དང་ལྡན་པའི་ཕྱིར་རོ། །བསོད་ནམས་ཆུང་ཞེས་བྱ་བ་ནི་ཚེ་རབས་སྔ་མ་དག་ལ་དགེ་བའི་རྩ་བ་བསྐྱེད་པ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་རང་བཞིན་ཅན་གྱི་མི་ནི་དད་པ་ཙམ་ཡང་འདིར་མི་སྐྱེ་སྟེ་ཞེས་བྱ་བའི་བྱེ་བྲག་གཞན་ལྟ་ཞོག་གི་འདི་ནི་བདེན་ནོ་
ཞེས་ཡིད་ཆེས་པ་ཡང་མེད་པའི་ཕྱིར་འདིར་དད་པ་ཙམ་ཡང་མི་སྐྱེའོ། །འདི་ལ་སྦྱོར་བ་སུ་ཞེ་ན། དེའི་ཕྱིར། གང་ཞིག་དགེ་བ་བསྩགས་གྱུར་པ། ཞེས་བྱ་བ་སྨོས་ཏེ། དགེ་བའི་རྩ་བ་ཡོངས་སྨིན་པའི། །བློ་ལྡན་དེ་ནི་འདི་ལ་སྦྱོར། །དེ་དམ་པའི་ཆོས་མཉན་པས་བསྒོམ་པའི་སེམས་
ཀྱི་རྒྱུད་ཀྱིས་སྦྱོར་ཏེ། སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རབ་ཏུ་བྱེད་པ་རྫོགས་པར་བྱས་ནས་དེ་བྱེད་པའི་ངལ་བ་ལས་བྱུང་བའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཕྱིར། སྐུར་འཇུག་སྒོ་ཡི་བསྟན་བཅོས་འདི། །བདག་གིས་ཅི་ནུས་བྱས་པ་ཡི། །དགེ་བ་གང་ཡིན་དེ་ཡིས་ནི། །

འགྲོ་བས་སྐུ་གསུམ་ཐོབ་པར་ཤོག །ཅེས་བྱ་བ་སྨོས་སོ། །བློ་ཆེན་ཚུལ་ནི་མ་ལུས་མ་ནོར་བར། །བདག་འདྲས་ངང་ཉིད་བརྗོད་པར་མི་ནུས་ཀྱང་། །བླ་མའི་ལུང་གིས་ཇི་ལྟར་རྣམ་ཕྱེ་བ། །དེ་ཐོས་དེ་བཞིན་བདག་གིས་བཤད་པ་བྱས། །བསྟན་བཅོས་རྒྱ་མཚོ་རང་གཞུང་འཛིན་ཁྲི་མ་
རུངས་མི་བཟད་ལྡན་ཞིང་མཐའ་མེད་ཀློང་འཁྱིལ་ལས། །བློ་ཡི་གྲུ་ཡིས་རབ་ཏུ་བརྒལ་ཞིང་རིམ་གྱིས་ཏིང་ངེ་འཛིན་གྱི་སྟན་ལ་གང་འདུག་པ། །ཤཱཀྱའི་དགེ་སློང་སྡོམ་བརྩོན་བཟང་པོ་ཡེ་ཤེས་ཟླ་བ་སྙན་པ་རྒྱ་ཆེན་གྲགས་པ་དེས། །ཀླུ་ཡི་བཤེས་གཉེན་གྱིས་བྱས་སྐུ་གསུམ་འདི་དག་
འགྲེལ་པ་བརྩེ་བ་ལྟ་བུའི་ཚུལ་གྱིས་བྱས། །སྐུ་གསུམ་གྱི་འགྲེལ་པ་སློབ་དཔོན་ཡེ་ཤེས་ཟླ་བས་བགྱིས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཏེ་གཏན་ལ་ཕབ་པ།། །།འདི་ལ་ཤློ་ཀ་ནི་བདུན་བརྒྱ་དྲུག་
ཅུ་མཆིས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏ་ཏྭཱ་བ་ཏཱ་ར་བྲྀཏྟི། བོད་སྐད་དུ། དེ་ཁོ་ན་ལ་འཇུག་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་དམ་པའི་དོན་དུ་ན། །འགྲོ་ཀུན་རང་བཞིན་མེད་
གསུངས་པ། །ཀུན་མཁྱེན་དེ་ལ་ཕྱག་འཚལ་ཏེ། །དེ་ཉིད་ལ་ནི་འཇུག་པ་བཤད། །ཡང་དག་པའི་ལྟ་བ་སྔོན་དུ་བཏང་བ་ནི། ངེས་པར་ལེགས་པ་དང་མངོན་པར་མཐོ་བ་ཐོབ་པས་ན་དེ་མདོར་བསྡུས་ཏེ་རྣམ་པར་གཞག་གོ། །ཕྱི་རོལ་ནང་ན་གནས་འདི་ཀུན། །ཡང་དག་ཏུ་ནི་
རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་ཉིད། །བྲལ་བའི་ཕྱིར་ན་གཟུགས་བརྙན་བཞིན། །གང་ཞིག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དེ་ནི་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ། །ཕྱི་རོལ་དང་ནང་ན་གནས་པའི་དངོས་པོ་འདི་དག་
ཐམས་ཅད་ཀྱང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ན་རང་བཞིན་མེད་དོ། །མ་གྲུབ་པ་ནི་མ་ཡིན་ཏེ། འདི་ལྟར། བསྩགས་མི་རུང་ཕྱིར་རྡུལ་གཅིག་མིན། །རྡུལ་ཕྲ་རབ་ནི་གཅིག་པ་ཉིད་མ་ཡིན་ཏེ། རང་བཞིན་གཅིག་པུ་དེ་ལ་མངོན་པར་ཕྱོགས་པར་ཡུལ་གཅིག་ན་གནས་

པས་ན་བསྩགས་པ་མི་རུང་བའི་ཕྱིར་རོ། །རང་བཞིན་གཞན་གྱིས་མངོན་དུ་ཕྱོགས་པ་ཡང་མ་ཡིན་ཏེ། དུ་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་དུ་ཟད་མོད་ཅེ་ན། དེ་མེད་ཕྱིར་ན་གཞན་ཉིད་མིན། །དུ་མ་ཉིད་ཀྱང་མ་ཡིན་ཏེ། གཅིག་
མང་པོའི་ངོ་བོ་ཡིན་པས་དེ་མེད་ན་འདི་ཡང་མི་སྲིད་པའི་ཕྱིར་རོ། །འགལ་བའི་ཕྱིར་ནི་རྣམ་པ་གཞན། །ཡོད་པར་ཡང་ནི་མི་འཐད་དོ། །འགལ་བ་དག་ནི་གཅིག་ཉེ་བར་གཟུང་བ་ཅིག་ཤོས་ཡོངས་སུ་བཏང་བ་མེད་ན་མེད་པ་ཡིན་པའི་ཕྱིར་ཕུང་པོ་གཞན་མི་སྲིད་དོ། །དེ་ལྟར་རྩོམ་བྱེད་མེད་
པའི་ཕྱིར། །རྫས་ལ་སོགས་པ་ཐམས་ཅད་བསལ། །དེ་ལྟ་བུར་རྡུལ་ཕྲན་རང་བཞིན་མེད་པ་ཉིད་ཡིན་པས་ན་དེ་མངོན་སུམ་དང་། གཞན་དུ་བརྩམས་པ་ཡན་ལག་ཅན་གྱི་རྫས་དང་དེ་ལ་བརྟེན་པ་དང་། ཡོན་ཏན་དང་། ལས་དང་། སྤྱི་ལ་སོགས་པའང་རིང་དུ་སྤངས་པ་ཁོ་ནའོ། །རྡུལ་
ཕྲན་བསགས་པའི་རང་བཞིན་གྱིས། །གཟུགས་སོགས་མིག་ཀྱང་དེ་བཞིན་ནོ། །རྡུལ་ཕྲ་རབ་བསགས་པའི་ངོ་བོ་གཟུགས་ཀྱི་ཕུང་པོ་ཡང་རིགས་པ་མ་ཡིན་ཏེ། རྡུལ་ཕྲན་སོ་སོར་མེད་ན་བསགས་པའང་མི་རུང་བའི་ཕྱིར་རོ། །འདི་སྙམ་དུ་མ་རིག་པའི་བག་ཆགས་འཁྲུགས་
པའི་དབང་གིས་གཉིས་སུ་ཤེས་པར་འགྱུར་བའི་རྣམ་པར་ཤེས་པ་ཁོ་ན་ཀུན་དུ་སྣང་ངོ་སྙམ་དུ་སེམས་ན་དེ་ནི་མི་རུང་སྟེ། དེ་ཡང་གཅིག་དང་དུ་མའི་རང་བཞིན་ཉིད་ལས་མི་འདའ་བའི་ཕྱིར་རོ། །དེ་ལ། རྣམ་པ་ཐ་དད་མ་ཡིན་རྣམས། །སྣ་ཚོགས་ཕྱིར་ན་སེམས་གཅིག་
མིན། །ཤེས་པ་གཅིག་པུ་མ་ཡིན་ཏེ། །རྣམ་པ་དུ་མ་དང་ཐ་མི་དད་པའི་ཕྱིར་རོ། །གཞན་དུ་ན་ཆོས་འགལ་བར་གནས་པ་གཉིས་ཐ་དད་པར་འགྱུར་ཏེ། དེའི་ཕྱིར་ན་རྣམ་པར་རིག་པ་ཙམ་ལ་སྐུར་བ་ཡིན་ནོ། །གལ་ཏེ་འོ་ན་སེམས་ཀྱང་རྣམ་པའི་གྲངས་བཞིན་ནོ་ཞེ་ན། མ་
ཡིན་ཏེ། ཤེས་པ་དུ་མའི་ཕྱོགས་བསགས་པ། །མི་རུང་ཕྱིར་ན་འཐད་པར་དཀའ། །ཅིག་ཅར་དུ་ཤེས་པ་དུ་མ་ཁས་ལེན་ན། རྣམ་པ་རྣམས་རྡུལ་ཕྲན་བཞིན་དུ་བསགས་པར་མི་འགྱུར་ཏེ། ཇི་ལྟར་རྟག་ཏུ་བསྒྲུབས་པ་བཞིན་ནོ། །གལ་ཏེ་འདི་རྣམས་བདེན་པ་མ་ཡིན་པ་

ཉིད་ཁས་བླངས་ན་འདི་ཐམས་ཅད་ལེགས་པར་སྨྲས་པ་མ་ཡིན་ནམ་ཞེ་ན། རྣམ་རྣམས་མི་བདེན་ཉིད་ཡིན་ན། །ཧ་ཅང་ཐལ་འགྱུར་བ། གལ་ཏེ་ཉམས་སུ་མྱོང་ན་འདི་དག་ཀྱང་མི་བདེན་པ་ཉིད་ཡིན་ཏེ། རྟོགས་པའི་ངོ་བོ་ཡང་དེར་ཐལ་བར་འགྱུར་ཏེ། མཚན་ཉིད་དང་ལྡན་པ་ལ་
གནོད་སྲིད་ན། ཐམས་ཅད་ཡིད་བརྟན་དུ་མི་རུང་བའི་ཕྱིར་རོ། །མ་འབྲེལ་བའི་ཕྱིར། ཇི་ལྟ་བུར་ན་སྣང་འགྱུར། གཞན་ཡང་བརྫུན་པ་རྣམས་དང་ཤེས་པར་མ་འབྲེལ་བའི་ཕྱིར་སྣང་བ་ངེས་པ་དང་ལྡན་པར་མི་འགྱུར་རོ། །གལ་ཏེ་དོན་བདག་འདི་འདོད་ན། །དེ་ལ་ངས་ཅི་བྱ་སྙམ་
ན། །རྟོགས་པའི་རང་གི་ངོ་བོ་ཡང་། །སྨྲ་བ་ལ་ནི་སུ་ཞིག་འགོག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །དེ་ལྟ་མིན་ན་བདེན་པ་ཉིད། །ངེས་པར་སྣང་བའི་དབང་གིས་འབྲེལ་པར་ཁས་ལེན་ན་ནི་བདེན་པ་ཁོ་ནར་འགྱུར་ཏེ། གཞན་དུ་ན་དེའི་བདག་ཉིད་དང་དེ་
ལས་བྱུང་བ་མི་སྲིད་པའི་ཕྱིར་རོ། །གཟུགས་ནི་འབྲེལ་ཞེས་མི་འཐད་ན། །དེ་ལྟ་ཡིན་ན་རྣམ་པ་བདེན་པར་ཁས་བླང་བའི་ཕྱིར་ཤེས་པ་གཟུང་བ་དང་། འཛིན་པ་དང་བྲལ་མི་འཐད་དོ། །གནོད་པར་བྱེད་པ་མེད་པའི་ཕྱིར། །གཉིས་ཤེས་མ་འཁྲུལ་ཤེས་བྱར་གནས། །
གནོད་པ་བྱེད་པའི་རྒྱུ་ཡིན་པས། །གཉིས་མེད་ཤེས་པ་འཁྲུལ་པ་ཉིད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །འོན་ཏེ་བདེན་ན་གོ། །དེ་ནི་ཇི་ལྟར་ཤེས་པ་ཡིན། འོན་ཏེ་གཉིས་ལས་ངེས་པར་གྲོལ་བ་ཡིན་ན། དེ་ནི་ཇི་ལྟར་ན་ཤེས་པ་ཡིན། འོན་ཏེ་རིག་
པའི་ཕྱིར་རོ་ཞེ་ན། དེ་ལྟ་མ་ཡིན་ཏེ། གཉིས་སུ་མེད་པ་མི་རུང་བའི་ཕྱིར་རོ། །གལ་ཏེ་བརྟགས་ན་ཡང་དག་མིན། །རིག་བྱ་དང་རིག་པ་པོའི་དངོས་པོར་བརྟག་པ་ནི། དེ་ཁོ་ན་ཉིད་མ་ཡིན་པར་འགྱུར་རོ། །རིག་བྱ་མེད་ཕྱིར་གཞན་མི་རིག །གཉིས་སུ་མེད་ཕྱིར་བདག་ཉིད་མིན། །
བརྟགས་ན་ཡང་དག་ཉིད་མི་འགྱུར། །རྣམ་པ་གཞན་གང་ཡིན་པ་སྨྲོས། །གལ་ཏེ་གནས་སྐབས་དེ་བསྟན་པར། །བྱ་མིན་ཞེ་ན་རྐང་བརྐྱང་སྟེ། །གྲགས་པས་དད་པ་བསྐྱེད་པ་ཡི། །དད་ལྡན་རྣམས་ལ་མཛེས་པ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཡིན་ནོ། །སེམས་ནི་དེ་ལྟར་

མེད་པའི་ཕྱིར། །སེམས་ལས་བྱུང་བ་རྣམས་ཀྱང་བསལ། །དེ་ལྟར་ན་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར། སེམས་མེད་ན་སེམས་ལས་བྱུང་བ་རྣམས་ཀྱང་མེད་པར་ཁོང་དུ་ཆུད་པར་སླ་བ་ཉིད་དོ། །ཡང་དག་པར་ན་དངོས་མེད་པར། །སྐད་ཅིག་པ་ཉིད་ཅི་ལ་བརྟེན། །དེ་ལྟར་དངོས་
པོ་རྣམས་ཡང་དག་པར་མེད་པ་ཡིན་ན། སྐད་ཅིག་ལ་འཇིག་པ་ཉིད་གནས་པ་མེད་པ་ཁོ་ནའོ། །དངོས་ཡོད་ན་ནི་དེར་བསྟན་པའི། །ཆོས་དེ་དག་གི་དེ་བསམ་གྱི། །མོ་གཤམ་བུ་ལ་གཏོང་བ་ཡི། །ངང་ཚུལ་ཅན་དུ་འགས་མི་རྟོགས། །རིམ་དང་རིམ་མིན་འགལ་བའི་ཕྱིར། །རྟག་པ་དོན་བྱེད་རུང་མ་ཡིན། །
དུས་དང་ཕྱོགས་དང་བདག་དང་ནམ་མཁའ་ལ་སོགས་པ་གཡུང་དྲུང་གང་དག་ཡིན་པ་དེ་དག་ནི་དོན་བྱེད་པ་མི་རུང་བའི་ཕྱིར་མེད་པ་ཉིད་འཐོབ་པར་སླ་བ་ཁོ་ནའོ། །འདི་དག་ནི་རིམ་གྱིས་བྱེད་པ་མ་ཡིན་ཏེ། དེའི་ནུས་པ་དང་མ་བྲལ་བའི་ཕྱིར་རོ། །གལ་ཏེ་ཚོགས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་
ཏེ། ཚོགས་པ་དང་ཅིག་ཤོས་ཀྱི་གནས་སྐབས་གཉིས་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་ན་ནི་གཞན་བསྐྱེད་པའི་ཕྱིར་མི་བརྟན་པ་ཡིན་ནོ། །ཅིག་ཅར་ཡང་མ་ཡིན་ཏེ། དོན་བྱ་བ་བྱས་ཟིན་ཀྱང་རང་གི་ངོ་བོ་མ་ཉམས་པའི་ཕྱིར། ཡང་བྱེད་པ་ཐལ་བར་འགྱུར་བའི་ཕྱིར་རོ། །མི་བྱེད་
ན་ནི་དེའི་རང་བཞིན་མ་ཡིན་པས་རེ་ཞིག་གཞག་གོ། །དེ་ཡི་མཐུ་དང་མ་བྲལ་ཕྱིར། །འདི་དག་རིམ་གྱིས་དོན་མི་བྱེད། །ཚོགས་རྣམས་སྐྱེད་པར་བྱེད་པ་བཞིན། །ཁྱད་པར་མེད་ཕྱིར་མི་འཐད་དོ། །ཁྱད་པར་ཡོད་ན་གཞན་ཉིད་འགྱུར། །བསྟན་པ་ཉིད་ནི་ཉམས་པར་འགྱུར། །འདི་དག་རིམ་
མིན་བྱེད་ཡིན་ན། །དེ་ཡི་ངོ་བོ་ཡིན་ཕྱིར་ཏེ། །ཡང་བྱེད་འགྱུར་རོ་འོན་ཏེ་དེ། །སྔོན་བྱས་ཟིན་པས་མི་བྱེད་ན། །བྱེད་ཡིན་མི་བྱེད་ཡང་ཡིན་ཞེས། །བྱ་བའི་ཚིག་དེ་ཀྱེ་རེ་འབྲེལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །ཐ་དད་ཡུལ་རྣམས་དང་འབྲེལ་ཕྱིར། །གཅིག་
པུའི་ཁྱབ་པ་ཇི་ལྟ་བུ། །མང་པོ་དང་གཅིག་པུ་དང་ལྡན་ན་ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །ཡུལ་ཐ་དད་ན་ནི་འདི་ཡང་གཅིག་ཉིད་ཡིན་པས་གཅིག་པུས་ཁྱབ་པ་ཉིད་ག་ལ་ཡོད། །སྣ་ཚོགས་འདི་དག་ཅིག་ཤོས་གཏོང་། །གཅིག་དང་དུ་མ་ཉིད་སྤངས་ཤིང་། །ཁྱབ་པ་མ་ཡིན་

མ་ཁྱབ་པའང་། །མ་ཡིན་ཞེས་ནི་བྱ་བར་གནས། །མ་བརྟགས་གཅིག་པུ་ཉམས་དགའ་སྟེ། །དེ་འདྲ་ལས་བྱུང་དེ་བཞིན་ནོ། །དངོས་པོ་དེ་དག་དེ་ལྟ་བུའི། །དོན་བྱ་དེ་དང་དེ་བྱེད་དོ། །དེ་ལྟ་བས་ན་ཕྱི་རོལ་དང་ནང་ན་སྣང་བའི་དངོས་པོ་བརྟག་པའི་སྤུངས་མི་བཟོད་པ་རང་དང་མཐུན་པའི་
རྒྱུས་བསྐྱེད་པ་འདི་དག་ནི་གང་ལས་ཐ་སྙད་འདིར་འགྱུར་བ་དོན་བྱ་བ་མ་བརྟགས་ན་ཉམས་དགའ་བ་ཉིད་དེ་དང་དེར་ཉེ་བར་བྱེད་དོ། །དམ་པའི་དོན་དུ་གཅིག་པ་དང་། །དུ་མ་ལ་སོགས་དངོས་དང་བྲལ། །རྣམ་པར་རྟོག་པ་མ་བྱས་ན། །ཉམས་དགའ་བ་ཡི་ངོ་བོར་སྣང་། །ཕྱི་ནང་གནས་
པའི་དངོས་པོ་རྣམས། །འཇིག་རྟེན་སྤྱོད་པ་འདི་བྱེད་གང་། །དེ་ནི་ཇི་ལྟར་དེ་དག་རྣམས། །མོ་གཤམ་བུ་དང་མཚུངས་པ་ཉིད། །གལ་ཏེ་མེད་ན་ཇི་ལྟ་བུ། །སྣང་བ་འགྱུར་སྙམ་སེམས་ན་ནི། །གལ་ཏེ་སྣང་བ་འདི་འདོད་ན། །དེ་ལ་ཁོ་བོས་ཅི་བྱར་ཡོད། །ཡང་དག་ལྟ་བས་ཕྲ་རབ་ཀྱི། །ངོ་བོ་
ཡང་ནི་མི་ཤེས་སོ། །དེ་ཕྱིར་རང་བཞིན་མེད་སྨྲ་ཡི། །སྣང་བ་བསལ་ཕྱིར་མ་ཡིན་ནོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་ཡིན་ནོ། །རྒྱུ་དང་འབྲས་བུ་ཀུན་རྫོབ་པའི། །དངོས་པོ་རྣམ་པར་གནས་པའི་ཕྱིར། །འཇིག་རྟེན་ཕ་རོལ་རྣམ་གཞག་སོགས། །སྨོས་ཤིག་སུ་ཞིག་འགོག་
པར་བྱེད། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་འཁོར་ལོ་སྐྱེ་བ་དང་འཇིག་པ་མེད་པ་སྣང་བའི་ཕྲེང་བ་ལ་སེམས་ཕྱིན་ཅི་ལོག་པ་ཅན་རྣམས་ཀྱི་ཚེ་རབས་གཞན་དུ་ཉིང་མཚམས་སྦྱོར་བ་ལ་སོགས་པའི་སྒྲུབ་པ་འབད་མི་དགོས་པ་ཁོ་ནའོ། །དངོས་པོར་ཞེན་པའི་དབང་གིས་སྐྱེ། །དེ་ཡོད་ན་ནི་རྒ་ལ་སོགས། །
ལས་དང་དེ་ཡི་འབྲས་འབྲེལ་པ། །ཀུན་རྫོབ་པ་ནི་མ་བཀག་གོ། །དེ་ཕྱིར་སྡིག་ལ་དགའ་བྲལ་བྱ། །དགེ་བའི་ཆོས་ལ་འབད་པར་བྱ། །སྣང་བའི་ཕྲེང་བ་འདི་གནས་ཏེ། །རང་དང་མཐུན་པའི་འབྲས་རབ་སྐྱེ། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པ་དག་གོ། །འགའ་ཞིག་སྒོམ་པ་གོམས་པ་ཡི། །མཐུ་
ཡིས་ཆོས་ཀུན་ངོ་བོ་ཉིད། །མེད་པ་ཡི་ནི་བདག་ཉིད་དུ། །འགྱུར་ཏེ་དངོས་པོ་མཐོང་བ་བཞིན། །གང་ཞིག་ཇི་ལྟར་གོམས་པར་བྱེད་པ་དེ་ནི་སྒོམ་པ་འཕེལ་བ་ཁྱད་པར་འགྱུར་བའི་ཕྱིར། དེའི་བདག་ཉིད་དུ་འགྱུར་ཏེ། དཔེར་ན་དངོས་པོ་ལ་མངོན་པར་ཞེན་པ་ལྟ་བུའོ། །འགའ་ཞིག་ཀྱང་ཆོས་

ཐམས་ཅད་རང་བཞིན་མེད་པ་ཉིད་གོ་བར་བྱེད་དོ་ཞེས་བྱ་བ་འདིས་ནི་ཐམས་ཅད་རིག་པ་སྲིད་པ་ཞེས་འཆད་དེ། འདི་ལྟར་དངོས་པོར་འཛིན་པ་དང་། །ཅིག་ཤོས་ཀྱང་འགལ་ལ། འགལ་བ་གཉིས་ཀྱང་གང་ཡང་རུང་བ་ཞིག་འཕེལ་ན་ཅིག་ཤོས་འགྲིབ་སྟེ། དེའི་ཕྱིར་ན་
འགལ་བ་དང་མ་ངེས་པ་དག་མ་ཡིན་ནོ། །སྣང་བའི་རང་གི་ངོ་བོ་ཉིད། །མངོན་དུ་རིག་པས་ཐམས་ཅད་རིག །བདེན་པར་འཛིན་པ་ལོག་ན་ནི། །དངོས་པོ་མ་སྐྱེས་སྟོན་པ་ཡིན། །མ་བརྟགས་ཉམས་དགའ་ཉིད་གནས་ན། །གང་ལ་གང་གིས་སེམས་ཅན་དོན། །ཇི་ལྟར་ཇི་ལྟ་བུ་ཞེས་བྱ། །བརྒལ་
བ་འདི་ནི་ཇི་ཞིག་ཡིན། །རང་དགས་འཇུག་པ་བསྐྱེད་པ་ཡིས། །སྣང་བ་རྣམས་ནི་ག་ལ་ཟད། །དེས་ན་སེམས་ཅན་དོན་བྱ་སྩོགས། །འདི་ཀུན་ལེགས་པར་གནས་པ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །བདེན་པ་འཛིན་པའི་དབང་གིས་སྐྱོན། །ཆགས་
དང་ཞེ་སྡང་ལ་སོགས་པ། །དགྲ་རྣམས་རབ་འབྱུང་དེ་ལྡོག་ན། །དེ་རྣམས་འབྱུང་བར་ག་ལ་འགྱུར། །ཉེས་པ་ཐམས་ཅད་འབྱུང་བ་ནི། །ཡང་དག་པར་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་དེ་དག་རབ་ཏུ་ཞི་ན་ཡང་། འདོད་ཆགས་ལ་སོགས་པ་སྐྱེ་བར་ག་ལ་འགྱུར། །
བདག་དང་བདག་གིར་འཛིན་པས་ཆགས། །དེར་གནོད་པ་ལ་ཞེ་སྡང་ངོ་། །དེ་ལས་ཉེས་ཚོགས་སྐྱེ་དེ་ལས། །སྐྱེ་བོ་ཀུན་ནས་ཉོན་མོངས་བསྟེན། །འཁྲུལ་པ་ཙམ་དུ་རྟོགས་པའི་ཕྱིར། །མ་འཁྲུལ་རིམས་ནད་མེད་པའི་ཐབས། །ཐོབ་པར་གྱུར་ནས་ཅི་ཡི་ཕྱིར། །ཉོན་མོངས་
གློ་བུར་ཉམ་ངར་ལྷུང་། །ཞེས་བྱ་བ་ནི་བསྡུས་པའི་ཚིགས་སུ་བཅད་པ་དག་གོ། །སེམས་ཅན་གྱི་ནི་དོན་མཛད་ཐབས། །རྣམ་རྟོག་ཡེ་ཤེས་མངའ་བ་ན། །དེ་ཡི་ཀུན་མཁྱེན་རྩོམ་པ་ནི། །དེ་དོན་ཡིན་ཕྱིར་ཉེས་པ་མེད། །དེ་ནི་བྱང་གྲོལ་ལ་སོགས་པ་ལུང་འབོགས་པའི་རྒྱུ་རྣམ་
པར་རྟོག་པའི་ཡེ་ཤེས་མངའ་བ་ནི། ཉེས་པ་ལ་བརྟེན་པར་འོས་པ་མ་ཡིན་ཏེ། དེའི་བདག་ཉིད་ཀྱི་ངོ་བོ་ནི་སེམས་ཅན་ལ་ཕན་གདགས་པའི་ཆེད་ཡིན་པའི་ཕྱིར་རོ། །དངོས་པོ་ཡོད་ན་ཀུན་མཁྱེན་ལ། །དོན་ནི་གསལ་བར་སྣང་བར་འགྱུར། །ནོར་པ་ཙམ་ལ་གཞི་མེད་

ཕྱིར། །གསལ་དང་མི་གསལ་སུ་ཞིག་སེམས། །རྣམ་རྟོག་རྗེས་སུ་འབྲེལ་པ་ལ། །དོན་སྣང་གསལ་བ་མ་ཡིན་ཞེས། །བྱ་བ་ཕྱི་རོལ་ལྟ་བས་གསུངས། །གང་ཡིན་དེ་འདིར་སྐབས་མེད་དོ། །དེ་བས་དོན་ཀུན་སྟོང་པ་ཉིད། །ཐུབ་པས་ཀུན་རྫོབ་བརྗོད་པ་ན། །རྟོག་བཞིན་དུ་
ཡང་སེམས་ཅན་དོན། །མཛད་དང་ལྡན་ན་ཅི་ཞིག་ཉེས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །ཕུང་པོ་ལ་སོགས་བསྟན་པ་ཀུན། །འདུལ་བར་བྱ་བ་དག་གི་ངོར། །དགོས་པའི་དབང་གིས་གསུངས་པ་སྟེ། །དཔེར་ན་བདག་ཅེས་བརྗོད་པ་བཞིན། །གདུལ་བའི་སྐྱེ་བོའི་
ངོར་ཕུང་པོ་ལ་སོགས་པ་བསྟན་ཏེ། བདག་ཞལ་གྱིས་བཞེས་པ་ཡིན་ནོ། །གདུལ་བའི་རྗེས་སུ་ཐུབ་པ་ཡི། །གང་ཟག་ཞལ་བཞེས་ཅི་འདྲ་བ། །དེ་འདྲ་སྐྱོབ་པས་ཕུང་པོ་དང་། །སྐྱེ་མཆེད་ཁམས་རྣམས་རབ་ཏུ་བཤད། །དེ་བཞིན་རྣམ་རིག་བསྟན་པ་ཡང་། །དངོས་འཛིན་ཐོག་མ་ཡོད་མིན་
པ། །ཡུན་རིང་གནས་པ་སྤང་དཀའ་བ། །རིམ་གྱིས་དྲང་ཕྱིར་མཛད་པ་ཡིན། །ཆོས་རྣམས་དག་ནི་ཐམས་ཅད་ཀྱི། །རང་བཞིན་མེད་ཉིད་བསྟན་གང་ཡིན། །དེ་ནི་ཆོས་ཀྱི་གཅེས་པ་ཡིན། །དེ་ནི་དབང་ཕྱུག་སེང་གེའི་སྒྲ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་
གོ། །སླུ་བ་མཐོང་ཕྱིར་མ་བརྟགས་ན། །ཉམས་དགའ་བ་ཡི་ཚད་མ་ཡིད། །དེ་ཡི་གཞལ་བྱ་རྣམ་གཞག་ན། །འཇིག་རྟེན་སྤྱོད་པ་སྐྱོབ་པར་འགྱུར། །མངོན་པར་འདོད་པའི་སྣང་བས་རྟོགས་པར་བྱ་བའི་ཚད་མས་གཞལ་བྱ་རྣམ་པར་གཞག་ན། ཐ་སྙད་འཇལ་བས་འདི་ལ་ཅིས་ཀྱང་
མི་འབྲེལ་ལོ། །ལུང་གིས་བསྐྱེད་པས་འདུས་བྱས་པའི། །རྟོགས་པས་བསྐྱེད་པའི་བདག་ཉིད་ཉིད། །རྣམ་པར་བསལ་ནས་སྣང་རྣམས་ལ། །ངོ་བོ་སྤྱོད་པར་བྱེད་པ་ཡིན། །གཞན་དུ་གཞི་རབ་མ་གྲུབ་ཕྱིར། །འདི་ནི་གཏན་ཚིགས་མ་གྲུབ་འགྱུར། །དམིགས་པ་པ་རྣམས་འགལ་བ་ཡི། །ཡོན་
ཏན་གྲུབ་པར་བྱེད་པ་ཡིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །ཐམས་ཅད་བསྡུས་ཕྱིར་གནོད་པ་ཡི། །རྐྱེན་ལ་བརྟེན་པའི་ཁྱབ་པ་གྲུབ། །དེ་ཡི་ཕྱིར་ན་གཏན་ཚིགས་ལ། །འགལ་བ་དང་ནི་འཁྲུལ་པ་མེད། །རྣམ་པ་གཞན་མེད་པ་ཡི་ཕྱིར། །གཏན་ཚིགས་

དངོས་ལ་ཁྱབ་བྱེད་པ། །རང་བཞིན་མེད་པ་ཉིད་ཡིན་པས། །འགལ་བ་དང་མ་ངེས་པ་ཉིད་དུ་ཐལ་བར་ག་ལ་འགྱུར། མ་གྲུབ་པ་ཉིད་ནི་རྟག་ཏུ་གསལ་བ་ཁོ་ནའོ། །དེ་ཉིད་ཕྱིར་ནི་གཟུགས་བརྙན་ལས། །སོགས་པའི་དཔེ་ནི་མ་གྲུབ་པོ། །རྩ་བའི་གཏན་ཚིགས་
འདི་ཉིད་ཀྱིས་གཟུགས་བརྙན་ལ་སོགས་པ་རང་བཞིན་མེད་པ་ཉིད་ཀྱང་གྲུབ་པ་ཡིན་ནོ། །འདི་ནི་བྱིས་པས་གོ་བྱའི་ཕྱིར། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད། །འདི་ནི་འབྲེལ་པ་བརྗེད་པ་དྲན་པ་ཉེ་བར་བསྐྱེད་པའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་བཀོད་དོ། །དེ་ལྟ་མ་ཡིན་ན་
ཅིར་ཡང་མི་དགོས་པའི་ཕྱིར་ཏེ། དཔེ་ལ་གཏན་ཚིགས་དངོས་པོ་དང་། །དེ་དངོས་དེ་མི་ཤེས་ལ་བསྟན། །མཁས་པ་ལ་ནི་གཏན་ཚིགས་ཉིད། །འབའ་ཞིག་བརྗོད་པར་བྱ་བ་ཡིན། །ཞེས་གང་བཤད་པ་ཡིན་ནོ། །གནོད་པའི་རྐྱེན་ཕྱིར་བསྒྲུབ་བྱ་ཡི། །མི་མཐུན་ཕྱོགས་ལས་
གཏན་ཚིགས་ལྡོག །དེ་ཡི་འཁྲུལ་པ་ཉིད་དང་ནི། །འགལ་བ་ཉིད་དག་གནས་མེད་དོ། །ཡང་དག་གཏན་ཚིགས་འདི་ཡིས་ནི། །གཉི་ག་ལ་བརྟེན་དཔེ་ཡང་གྲུབ། །དྲན་སྨོས་མཉམ་པར་གཞག་པའི་རྒྱུར། །སྔ་མ་རྣམས་ཀྱིས་བཤད་པ་ཡིན། །ཞེས་བྱ་བ་ནི་བསྡུས་པའི་
ཚིགས་སུ་བཅད་པ་དག་གོ། །གལ་ཏེ་དངོས་སུ་ན་བསྒྲུབ་པར་བྱ་བ་ལས་ཐ་མི་དད་པའི་ཕྱིར་གཏན་ཚིགས་དམ་བཅས་པའི་ཕྱོགས་གཅིག་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་བཞིན་མེད་པའི་ཐ་སྙད་དུ། །རུང་བ་ཉིད་དུ་སྒྲུབ་པར་བྱེད། །གཅིག་དང་དུ་མའི་རང་བཞིན་ཉིད། །བྲལ་བས་
རང་བཞིན་མེད་པ་ཉིད། །དངོས་པོར་མངོན་པར་ཞེན་པ་ལ་ཆོས་ཐམས་ཅད་བདག་མེད་པའི་ཐ་སྙད་དུ་རུང་བ་ཉིད་དུ་སྒྲུབ་ཀྱི་ཆོས་ཐམས་ཅད་བདག་མེད་པ་ཁོ་ན་ནི་མ་ཡིན་ཏེ། གཏན་ཚིགས་གྲུབ་པ་ཉིད་ཀྱིས་དེ་གྲུབ་པའི་ཕྱིར་རོ། །དེ་ལྟར་ཆོས་ཀུན་གཟོད་མ་ནས། །མ་སྐྱེས་ཞེས་ནི་བྱ་
བར་གནས། །ནང་དང་ཕྱི་རོལ་འདི་དག་ནི། །འཁྲུལ་པ་ཙམ་ཞིག་རབ་ཏུ་སྣང་། །དེ་བས་ན་དངོས་པོ་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་དང་། ནང་དང་ཕྱི་རོལ་གྱི་སྣང་བ་གང་ཡིན་པ་འདི་དག་ཐམས་ཅད་ནི་འཁྲུལ་པ་ཁོ་ནའོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །སྣ་ཚོགས་འདི་ནི་

འཁྲུལ་ཙམ་ན། །མ་འཁྲུལ་ཅི་ཞིག་ཡིན་པ་སྨྲོས། །འཁྲུལ་པ་ཙམ་ཞིག་ཡོད་ཤེས་པ། །མ་འཁྲུལ་ཡིན་པར་ངེས་པར་བཟུང་། །སྒྲོ་འདོགས་པ་དང་སྐུར་པའམ། །མཐའ་གཉིས་ཀྱི་ནི་རྣམ་སྤངས་པ། །འདི་ནི་དབུ་མའི་ལམ་ཡིན་པར། །སེང་གེའི་ང་རོས་
བསྟན་པ་ཡིན། །འགྲོ་བ་སྡུག་བསྔལ་བསྐྱབ་ཕྱིར་ཐུགས་རྗེས་གཞན་གྱི་དབང་གིས་སེམས་ཅན་ཕན་གདགས་ལ། །ཕྱོགས་པའི་བདེ་གཤེགས་རྣམས་ཀྱིས་ཚད་མ་དང་ལྡན་ཤེས་རབ་དེ་ཉིད་འདི་བསྟན་པ། །གང་ཡིན་དེ་ལ་སྲིད་པའི་རྒྱ་མཚོ་ཉོན་མོངས་ཆུ་བོ་སྟོང་འཁྲུག་
མཐར་བགྲོད་པར། །མངོན་སུམ་དག་ཏུ་བྱ་ཕྱིར་དེང་སང་མཁས་རྣམས་སེམས་མཉམ་གཞག་པར་གྱིས། །ཡང་དག་རྟོག་ལ་བརྩོན་པ་ཡི། །བློ་ལྡན་སྐྱེ་བོས་གང་བརྩམས་པའི། །བསྟན་བཅོས་ཟབ་མོའི་གཞུང་འདི་ལ། །དོན་བཞིན་མ་ནོར་རྟོགས་དཀའ་ཡང་། །
མཁས་པ་རྣམས་ཀྱི་རྗེས་སྙེགས་དང་། །བདག་པས་དམན་ཞིང་རྨོངས་རྣམས་ལ། །ཕན་འདོགས་སྙམ་པའི་རྣམ་རྟོག་གིས། །དེ་ཉིད་བརྗེད་བྱང་འདི་བརྩམས་སོ། །བདག་གི་ནུས་པ་ལ་ལྟོས་ནས། །དད་བྱས་གུས་པས་བརྩམས་པས་ན། །གཞུང་དང་མི་
མཐུན་འགལ་སྨྲས་རྣམས། །མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །དེ་ཁོ་ན་ལ་འཇུག་པའི་འགྲེལ་པ་སློབ་དཔོན་དཔལ་སྦས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་དྷྱ་མ་ཀ་ན་ཡ་
སཱ་ར་ས་མཱ་ས་པྲ་ཀར་ཎཾ། བོད་སྐད་དུ། དབུ་མའི་ལུགས་ཀྱི་སྙིང་པོ་མདོར་བསྡུས་པའི་རབ་ཏུ་བྱེད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཐུགས་བརྩེའི་ངང་གྱུར་པས། །སེམས་ཅན་རྣམས་ལ་དབུ་མའི་ལམ། །མཐའ་ཡས་པ་དག་སྟོན་མཛད་ཅིང་། །
ཐེ་ཚོམ་རི་བོ་མཐོན་པོའི་རྩེ། །མ་ལུས་རྣམ་པར་འཇོམས་པ་པོ། །ཚིག་དབང་གཞོན་ནུའི་གཟུགས་མངའ་བ། །ཀུན་ཏུ་བཟང་པོ་དེ་ལ་ནི། །ཕྱག་འཚལ་ནས་དེ་རྒྱས་པར་བྱ། །བདེ་གཤེགས་སྲས་པོ་སྨྲ་མཁས་རྣམས་ཀྱི་དམ་པ་གང་། །གསུང་

སྙན་གསལ་བས་འགྲོ་བ་མ་ལུས་ཚིམ་པར་མཛད། །གཞོན་ནུའི་གཟུགས་འཆང་ཕྱག་ན་ཨུཏྤལ་སྔོ་བསྣམས་པ། །ཐུབ་དབང་རྒྱལ་སྲས་བཅས་པས་གླེང་བསྟོད་རྒྱལ་བ་མཛད། །ཀླུས་བོད་དྲི་མ་མེད་བློས་བདེན་པ་གཉིས་ལ་བརྟེན་ནས་གུས་པར་ནི། །ཐུབ་དབང་
བཀའ་ལུང་རིགས་པ་དག་དང་མི་འགལ་གཏན་ལ་ཕབ་མོད་ཀྱི། །རྨོངས་དང་སྡིག་པའི་གྲོགས་ལ་བརྟེན་པའི་དབང་གིས་སྐྱོན་དག་རྗོད་བྱེད་དེ། །དེ་ཕྱིར་བློ་གྲོས་ལྡན་རྣམས་འདི་ལ་རྟག་ཏུ་རབ་གུས་བྱ་བའི་རིགས། །ཐུབ་པ་ཁྱུ་མཆོག་དམ་པ་ཐུགས་རྗེ་ལྡན་པས་མདོ་སྡེ་དེ་དང་དེ་ལས་སེམས་
ཅན་ལ། །སྲིད་འགྲོའི་སྒོ་བཟང་དང་དེ་ཞི་བའི་བགྲོད་པ་གཅིག་དང་རྣམ་གཉིས་བདག་ཉིད་ཆོས་འདི་བསྟན། །བཤད་པ་གོང་མ་ལ་ནི་མཁས་རྣམས་རྩོད་པའི་ལན་གྱིས་ཡུལ་རྣམས་མང་པོ་ཡོད་མིན་ན། །ངེས་པར་ལེགས་ལ་བློ་རྒྱ་ཆེན་པོ་རྣམས་ཀྱང་རྨོངས་ཏེ་དེ་ཕྱིར་འདི་ལ་འབད་པ་
བྱས། །དེ་ལྟར་བསམས་ནས་ཆེ་རྣམས་རང་དོན་འདོད་པས་འདི་ལ་ཞུགས། །དེས་ན་བདག་ཀྱང་བློ་གྲོས་ཆུང་བཞིན་དེ་ཡི་རྗེས་སུ་སློབ་པ་ཡིས། །ཞུགས་པ་ཡིན་པས་མཁས་པ་རྣམས་ཀྱིས་ཅིས་ཀྱང་མི་དཔྱད་དེ། །བྱིས་པ་ཕ་ཡི་ལམ་རྗེས་འབྲང་བ་སྨད་པར་བྱ་མ་ཡིན། །དངོས་
དང་དངོས་པོ་མེད་པ་ཡི། །གདོན་གྱིས་ཐེབས་པས་སྐྱེ་བོ་རྣམས། །ཁམས་གསུམ་འཁོར་བར་བསམས་ནས་ནི། །དེ་དག་མེད་པ་འདིར་བརྗོད་དོ། །དེ་ལ་སྒྲིབ་ལམ་མ་ལུས་པ། །དཀྲོལ་ཕྱིར་རྣལ་འབྱོར་ཅན་རྣམས་ལ། །ལུང་དང་རིགས་པ་དག་གིས་ནི། །ཕྱི་རོལ་དངོས་པོ་
དགག་པ་བརྗོད། །ནང་ཙམ་ཡོད་པ་ཉིད་བརྟེན་ནས། །ཕྱི་རོལ་ཡོད་པ་ཉིད་བཀག་ན། །འདི་ལྟར་ཕྱི་ནས་འདི་ཡང་ནི། །བདེ་བླག་ཁོ་ནར་ཁེགས་པར་འགྱུར། །ཕུང་པོ་ལ་སོགས་ཡོད་པ་དང་། །དེ་ནི་མེད་པ་བཟློག་ཡིན་པས། །དེ་ཕྱིར་དེ་ནི་གང་ཡིན་ཞེས། །མེད་པ་ཉིད་ནི་
གསལ་བརྗོད་དགོས། །རི་བོང་རྭ་སོགས་གང་ཡིན་པ། །དེ་མཁས་རྣམས་ལ་མེད་པར་གྲགས། །དེ་དག་བཀག་པས་ཕུང་སྩོགས་ལ། །ཡོད་པ་ཉིད་དུ་ཅིས་མི་འདོད། །དེ་ནི་རིགས་མིན་གང་གི་ཕྱིར། །ཡོད་དང་མེད་པར་སྨྲ་རྣམས་ཀྱི། །དེ་དག་གཉི་གའང་མ་གྲུབ་སྟེ། །

ཕན་ཚུན་ལྟོས་ནས་གནས་ཕྱིར་རོ། །བ་ལང་རྭ་ལས་ལྟོས་ཏེ་འདིར། །རི་བོང་རྭ་སྩོགས་འགོག་བྱེད་ན། །གང་ཚེ་དེ་གོ་ཡོད་མིན་ན། །ཇི་ལྟར་དེ་གོ་མེད་པར་འདོད། །རགས་པ་གཅིག་པུར་འགྱུར་བའམ། །རྡུལ་བསགས་བདག་ཉིད་འགྱུར་གྲང་ན། །རྣམ་པ་གཉི་ག་འང་རུང་མིན་ཏེ། །
དེ་དག་ཚད་མས་གནོད་ཕྱིར་རོ། །སྣང་མི་སྣང་སོགས་མི་རུང་ཕྱིར། །སྣང་བའི་སྤྱོད་ཡུལ་མིན་པའི་ཕྱིར། །དེ་བས་གཟུགས་ནི་གཉི་ག་ཡི། །བདག་ཉིད་དུ་ཡང་མི་སྲིད་དོ། །རྡུལ་ཕྲན་སོ་སོར་གསེ་བྱས་ན། །བ་ལང་རྭ་ནི་མི་དམིགས་ཏེ། །དེ་མ་གཏོགས་མེད་དེ་དག་ཀྱང་། །དེ་ཡི་རང་
གི་ངོ་བོ་མིན། །རྡུལ་ཕྲན་རྣམས་ཀྱང་ཡང་དག་པར། །གཅིག་པ་ཉིད་དུ་རུང་མིན་ཏེ། །ཕྱོགས་ཆ་དབྱེ་བས་ཐ་དད་པའི། །ཉེས་པ་ལ་སོགས་བཤད་ཕྱིར་རོ། །དེ་ལྟས་ཤེས་རབ་ཅན་རྣམས་ཀྱིས། །གང་ལ་ལྟོས་ནས་རི་བོང་གི། །རྭ་ལ་སོགས་པ་མེད་འདོད་པ། །དེ་མེད་ཉིད་དུ་
ངེས་རྟོགས་བྱ། །དངོས་པོ་འདི་ཀུན་དེ་ལྟ་བུའི། །ཆོས་ཅན་ཉིད་པས་མཁས་རྣམས་ཀྱིས། །ཕན་ཚུན་ལྟོས་ནས་འགྲུབ་མེད་པ། །ཤིན་ཏུ་ངེས་པར་ཤེས་པར་བྱ། །དེ་བས་ཕྱི་རོལ་གཟུང་བ་ནི། །རང་གི་ངོ་བོར་འགའ་མེད་ཀྱི། །རབ་རིབ་ཅན་ལ་ཇི་བཞིན་དུ། །ཤེས་པ་འཁྲུལ་
པ་འདི་ཉིད་སྣང་། །འདི་ཀུན་གཟིགས་ནས་བཅོམ་ལྡན་འདས། །ཀུན་མཁྱེན་མགོན་པོ་སྨྲ་རྣམས་ཀྱི། །དམ་པ་ཐུགས་རྗེའི་བདག་ཉིད་ཀྱིས། །འཕགས་པ་ལང་ཀར་གཤེགས་པ་ཞེས། །བྱ་བའི་མདོ་ལས་བློ་ཅན་གྱིས། །བློ་ཙམ་མཐོང་བར་བྱ་བའི་ཕྱིར། །རྒྱལ་སྲས་བློ་གྲོས་ཆེན་
པོ་ལ། །བོས་ནས་གསལ་བར་བཀའ་སྩལ་པ། །སྐྲ་ཤད་འཛིངས་དང་སྒྱུ་མ་དང་། །རྨི་ལམ་དྲི་ཟའི་གྲོང་ཁྱེར་དང་། །མགལ་མེ་སྨིག་རྒྱུ་སྣ་ཚོགས་དག །མེད་བཞིན་དུ་ནི་མི་ལ་སྣང་། །ཇི་ལྟར་མཁའ་ལ་སྨིག་རྒྱུ་དང་། །རྨི་ལམ་མོ་གཤམ་བུ་རྨི་བ། །དེ་བཞིན་དངོས་པོར་སྣང་བའི་
སེམས། །སྣ་ཚོགས་གཟུགས་སུ་སྣང་བ་ཡིན། །ཡང་དེ་ཉིད་ལས་གསུངས་པ། རྐྱེན་དང་ཁམས་དང་ཕུང་པོ་དང་། །ཆོས་ཀྱི་རང་གི་མཚན་ཉིད་དང་། །བཏགས་རང་གང་ཟག་སེམས་དང་ནི། །རྨི་ལམ་སྐྲ་ཤད་འཛིངས་པ་འདྲ། །ཞེས་འབྱུང་བ་ཡིན་ནོ། །ཡང་གསུངས་པ།

རྡུལ་ཕྲན་དུ་ནི་ངས་གཞིགས་ཤིང་། །གཟུགས་སུ་རྣམ་པར་མི་བརྟག་གོ། །སེམས་ཙམ་རྣམ་པར་གཞག་པ་ནི། །ལྟ་བ་ངན་པས་མི་དང་ངོ་། །ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་འདི་ལ་ཕྱི་རོལ་གྱི། །དོན་དུ་སྨྲ་བ་སོགས་བྱེད་དེ། །སེམས་ཙམ་རྣམ་པར་གཞག་པ་
ནི། །ཁོ་བོ་ཁས་ཡང་མི་ལེན་ན། །དེ་ཅི་ཁྱོད་ནི་ཁོ་བོ་ལ། །སེམས་ཙམ་རྣམ་པར་གཞག་པ་ནི། །ལྟ་བ་ངན་པས་མི་དང་ཞེས། །སྒྲོ་བཏགས་སྐྱོན་འདི་རྗོད་པར་བྱེད། །གང་དག་མི་ཤེས་དེ་སྐད་དུ། །རབ་ཏུ་སྨྲ་བ་དེ་ལ་འདིར། །འཕགས་པ་ལང་ཀར་གཤེགས་སོགས་ཀྱི། །མདོ་ལས་
རྒྱལ་བ་རྣམས་ཀྱིས་ནི། །ཁམས་གསུམ་པོ་དག་སེམས་ཙམ་དུ། །རྣམ་པ་མང་དུ་རབ་གསུངས་པ། །ལུང་ལྡན་རིགས་པ་བཟང་པོ་དེ། །བློ་ལྡན་མདུན་དུ་གསལ་བར་བརྗོད། །གལ་ཏེ་དེར་གསུངས་ཚད་མ་མིན། །ཅི་ཕྱིར་ཁྱོད་ལུང་ཚད་མ་ཡིན། །སངས་རྒྱས་གསུངས་ཕྱིར་གཉི་ག་མཚུངས། །
ཅི་ཕྱིར་འདི་ལ་ཆོས་མི་བྱེད། །གཞན་ཡང་། གལ་ཏེ་གཟུགས་རྫས་གུད་ན་ཡོད། །ལྷ་མི་ཤ་ཟ་ལ་སོགས་ཀྱི། །བློ་ནི་ཕན་ཚུན་འགལ་སྒོ་ནས། །ཐ་དད་པར་ཡང་ཇི་ལྟར་འགྱུར། །ཟད་པར་ཆུ་སོགས་བསམ་གཏན་པའི། །ས་ནི་ཇི་ལྟར་ཆུ་སོགས་འགྱུར། །ནམ་མཁའ་མཐའ་ཡས་ལྡན་
པ་ལ། །དེ་ནི་ཇི་ལྟར་མཁར་ཡང་འགྱུར། །གང་ཕྱིར་གཅིག་ལ་དེ་ལྟ་བུའི། །ངོ་བོ་ཡང་དག་མི་རིགས་པ། །དེ་ཕྱིར་ཚད་མ་དང་ལྡན་པའི། །ངོ་བོ་ཉིད་མེད་རྣམ་པར་མཛེས། །དེ་བས་གྲགས་པ་གཞལ་ཡས་པའི། །སློབ་དཔོན་ཆོས་ཀྱི་གྲགས་པ་ཡིས། །ཤེས་རྣམ་སྣ་ཚོགས་བསམས་
ནས་ནི། །ཉིད་ཀྱི་བསྟན་བཅོས་ལས་བཤད་པ། །གཞན་དུ་དངོས་པོ་གཅིག་ལ་ནི། །སྣ་ཚོགས་གཟུགས་སུ་སྣང་བ་ཡིས། །སྣང་བ་ཇི་ལྟར་བདེན་འགྱུར་ཏེ། །དེ་ཡིས་གཅིག་ཉིད་ཉམས་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གལ་ཏེ་ཇི་ལྟར་སྣང་བ་བཞིན། །གཟུགས་ནི་
དེ་བཞིན་ཡང་དག་གྱུར། །དེ་ཚེ་འབད་པ་མེད་པར་ཡང་། །སྐྱེ་བོ་རྣམས་ནི་གྲོལ་བར་འགྱུར། །གཞན་ཡང་། གལ་ཏེ་དངོས་རྣམས་ཡང་དག་ཏུ། །རང་གི་རྒྱུ་ལས་བྱུང་འདོད་ན། །རང་གི་ངོ་བོ་གནས་བྱའི་ཕྱིར། །དེ་ནི་ཇི་སྟེ་བློ་ལ་ལྟོས། །གསལ་སོགས་རང་གི་རྒྱུ་ལས་ནི། །

གསལ་སོགས་བདག་ཉིད་བྱུང་བ་རྣམས། །དེ་ཡི་བདག་ཉིད་འགྱུར་བྱའི་ཕྱིར། །གཞན་ལ་ནམ་ཡང་མི་ལྟོས་སོ། །རྫ་མཁན་སོགས་ལས་བྱུང་བ་ཡི། །བུམ་པ་ལ་སོགས་ཇི་ལྟར་ཡང་། །ཆུ་མི་འབོ་སོགས་རང་དོན་ལ། །འགའ་ཡང་ལྟོས་པར་མི་བྱེད་དོ། །གལ་ཏེ་ཕྱི་
རོལ་རང་རྒྱུད་ཡོད། །བློ་མེད་པར་ཡང་འཛིན་པར་འགྱུར། །དེ་ལྟ་བུ་ཡང་མི་སྣང་སྟེ། །ཇི་ལྟར་དེ་གཟུང་དེ་འཛིན་འདོད། །དེ་བས་བློ་གྲོས་ལྡན་པའི་མཆོག །གྲགས་པ་མཐའ་ཡས་ཟིལ་གནོན་པ། །སློབ་དཔོན་ཆོས་ཀྱི་གྲགས་པ་ཡིས། །རང་གི་བསྟན་བཅོས་ལས་བཤད་པ། །
ལྟ་བའི་ཁྱད་པར་དང་བྲལ་བ། །མི་འཛིན་ཕྱིར་དེ་གཟུང་འཛིན་ཕྱིར། །སྔོན་པོར་སྣང་བ་ལྟ་བུ་སྟེ། །འབའ་ཞིག་ཕྱི་རོལ་དོན་ཡོད་མིན། །ཞེས་བྱ་བ་ཡིན་ནོ། །གཞན་ཡང་། དངོས་རྣམས་གང་དུ་དཔྱད་པ་སྟེ། །ངོ་བོར་ཡང་དག་ཉིད་དུ་མེད། །འདི་ལྟར་དེ་དག་གཅིག་པ་དང་། །དུ་
མའི་ངོ་བོར་ཡོད་པ་མིན། །ཕུང་སོགས་ཁྱད་པར་མཚན་ཉིད་ནི། །བྱེད་པའི་ཁྱད་པར་ཉིད་ཡིན་ན། །དེ་ཡང་ཡང་དག་མ་ཡིན་པས། །དེས་ཀྱང་འདི་དག་མཚན་ཉིད་བྲལ། །ཞེས་བཤད་དོ། །དེ་བཞིན་དུ། དོན་གྱི་རྣམ་པ་ལྡན་པ་ཡི། །རྣམ་པར་ཤེས་པའང་ཅིག་ཤོས་ཀྱིས། །ཕྱི་རོལ་
ཡོངས་སུ་གཅོད་པ་ནི། །རིགས་པས་ཤིན་ཏུ་མི་འཐད་དེ། །རྨི་ལམ་ལ་སོགས་གཞན་སྣང་བས། །རྣམ་པ་ཚད་མ་མིན་ཕྱིར་རོ། །ཉེ་བ་དང་ནི་མི་ལྡན་ཕྱིར། །རྣམ་པ་མེད་པའི་སེམས་ཀྱིས་མིན། །གཞན་དུ་སྣང་བ་བསྟན་པ་ཡི། །ཤེས་པས་ཡོངས་སུ་གཅོད་ན་ཡང་། །ཁྱད་པར་མེད་
པས་ཐམས་ཅད་ཀྱིས། །ཐམས་ཅད་རིག་པར་ཐལ་བར་འགྱུར། །དེ་ལྟ་བུ་དག་ཀུན་བསམས་ནས། །མཁས་པ་རྣམས་ཀྱི་མཆོག་གྱུར་པ། །དག་པའི་ཆོས་ནི་སྐྱེད་པ་པོ། །གྲགས་པ་ཡིས་ནི་ཡང་བསྒྲགས་པ། །སྣང་བ་དེ་དོན་ངོ་བོ་ནི། །མ་གཏོགས་འོལ་ཕྱིར་དོན་འཛིན་ན། །ཇི་ལྟ་བུར་ན་
བདེན་པ་ཡིན། །དེ་འདྲ་བདག་ཀྱང་མི་ཤེས་སོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟ་བས་ན་བློ་ལྡན་གྱིས། །གཟུགས་ཀྱི་རྫས་སུ་རྣམ་མི་བརྟག །དེ་ཡོད་ཐོག་མ་མེད་དུས་ན། །དངོས་ཞེས་བྱ་བའི་ལྟས་ངན་གྱིས། །དཀྲུགས་པའི་སེམས་ལྡན་རྣམས་ཀྱི་སེམས། །གཟུང་འཛིན་རྣམ་

རྟོག་ཅེས་བྱ་བའི། །མི་བཟད་རླུང་གིས་བསྐྱོད་པ་གང་། །རབ་ཏུ་དང་བར་མི་གནས་སོ། །གལ་ཏེ་ཕྱི་རོལ་དོན་མེད་ན། །དེ་ཚེ་མངོན་པའི་ཆོས་ལས་ནི། །ཐུབ་པས་འབྱུང་བ་ཆེན་པོ་ཡི། །མཚན་ཉིད་གསུངས་པ་ཤིན་ཏུ་འགལ། །མཚན་གཞི་མེད་པར་མཚན་
ཉིད་ནི། །མཁས་པ་འགའ་ཡང་སྟོན་མི་བྱེད། །དེ་བས་འདི་ནི་ངོ་བོ་ཉིད། །བཅས་པར་ཤིན་ཏུ་གསལ་རྟོགས་བྱ། །མ་ལུས་མཁྱེན་པའི་སྐྱོབ་པ་པོ། །སྨན་པ་དེས་འདིར་གང་དུ་ཡང་། །མེད་པའི་མཚན་ཉིད་མ་གསུངས་ཏེ། །དཔེར་ན་བདག་གི་ལྟ་བུའོ་ཞེས། །མཁས་པ་ཁ་ཅིག་
དེ་སྐད་དུ། །འདི་ལ་ཕྱི་ནི་ཟློག་བྱེད་པ། །དེ་ནི་ཤིན་ཏུ་མི་རིགས་ཞེས། །བློ་བཟང་དབུ་མ་གནས་རྣམས་སྨྲ། །ཐམས་ཅད་གཟིགས་པས་མཚན་ཉིད་ནི། །དེ་དག་ཡོད་པ་ལས་མིན་གྱི། །དེར་སྣང་ཤེས་པ་ལ་བརྟེན་ནས། །ཐ་སྙད་དུ་ནི་གསུངས་པར་ཟད། །སྲ་བའི་བདག་ཉིད་ལ་སོགས་
ཀུན། །ཡེ་ཤེས་འབའ་ཞིག་ཁོ་ན་སྣང་། །སེམས་ལས་གཞན་པའི་སྣང་བ་ནི། །འགའ་ཡང་ནམ་ཡང་ཡོད་མ་ཡིན། །འཕགས་པ་ལང་ཀར་གཤེགས་པ་ལས། །གསུངས་ཕྱིར་དེ་ལྟར་ཁས་བླང་བྱ། །དེ་ལས་གཉིས་མེད་གསུངས་པ་ཡིས། །དེར་སྣང་ཤེས་པ་ཡིན་བཤད་
དེ། །ཇི་སྐད་དུ། དྲོད་གཤེར་གཡོ་བ་སྲ་བའི་ཆོས། །ཡང་དག་མིན་ལས་སྒྲོ་བཏགས་ནས། །བྱིས་པ་རྣམས་ཀྱིས་རྣམ་པར་བརྟགས། །མཚན་གཞི་མེད་ཅིང་མཚན་ཉིད་མེད། །ལུས་ཅན་སེམས་ནི་གཟུང་བ་དང་། །འཛིན་པའི་དངོས་པོར་འཇིག་འགྱུར་གྱི། །ཇི་ལྟར་བྱིས་པ་
རྣམས་བརྟགས་བཞིན། །སྣང་བའི་མཚན་ཉིད་ཡོད་མ་ཡིན། །ཇི་ལྟར་རི་མོ་མཐོ་དམན་དུ། །སྣང་ཡང་ཡོད་པ་མ་ཡིན་པ། །དེ་བཞིན་དངོས་ལ་དངོས་ཉིད་དུ། །སྣང་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟར་རབ་རིབ་ལྡན་པ་ཡི། །སྐྱེ་བོས་སྐྲ་ཤད་ལོག་བཟུང་བ། །དེ་བཞིན་དངོས་པོར་རྟོག་
པ་འདི། །བྱིས་པས་ལོག་པར་རྣམ་པར་བརྟགས། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ཕྱིར་དེ་བཞིན་གཤེགས་པའི་བཀའ། །ཇི་སྐད་གསུངས་པ་བཞིན་དུ་ནི། །ཤིན་ཏུ་རྗེས་སུ་སྒྲུབ་མཛད་ཅིང་། །བདེ་བ་ཅན་གྱི་བདེ་བཏང་བ། །བརྙེས་པར་གཞོལ་བའི་དགོངས་པ་ཅན། །

ཐམས་ཅད་མཁྱེན་པས་ལུང་བསྟན་པ། །ཀླུ་སྒྲུབ་ཅེས་བྱ་དང་པོ་ཡི། །དབང་ཕྱུག་གིས་ཀྱང་བཤད་པ་ནི། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། །ཞེས་བྱ་བ་ལ་སོགས་
པ་ཡིན་ནོ། །ཕྱི་རོལ་དོན་ཞིག་ཡོད་ན་ནི། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །མདོ་ལས་ཀུན་མཁྱེན་མངའ་བདག་གིས། །དེ་སྐད་གསུངས་པ་མི་རིགས་ལ། །དེ་ཡི་གཞུང་ལུགས་རྗེས་འགྲོ་བའི། །བློ་ཅན་སློབ་དཔོན་བརྩེར་ལྡན་པ། །དེ་ཉིད་མཁྱེན་པའང་དེ་སྐད་དུ། །འཆད་པ་
གཏན་དུ་རིགས་མ་ཡིན། །ཡང་འདིར་ཁ་ཅིག་ཕྱི་རོལ་གྱི། །དངོས་པོ་གྲུབ་པར་བྱ་བའི་ཕྱིར། །ཐེག་པ་ཆེན་པོའི་མདོ་ཉིད་དང་། །འགལ་བ་ཤིན་ཏུ་རྗོད་པར་བྱེད། །དེ་ལྟར་སྐྱོབ་པ་བཅོམ་ལྡན་འདས། །ཀུན་མཁྱེན་ཐུབ་པ་སྐྱེས་མཆོག་དང་། །དེའི་བཀའ་ཇི་སྐད་གསུངས་པ་འདིར། །
སྟོན་དེ་ཚད་མར་འཛིན་པ་ཡི། །མཁས་པ་ཀུན་ལའང་ཚད་མ་ཡིན། །གཞན་ནི་འགའ་ཡང་མ་ཡིན་ནོ། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་ལུང་། །དེ་དང་དེ་ལས་གསུངས་པས་ན། །གལ་ཏེ་ཁྱོད་ནི་ཕྱི་རོལ་གྱི། །དངོས་གཏན་མེད་པར་ཁས་ལེན་ན། །དེས་གསུངས་པ་ཡི་མདོ་དག་དང་། །འགལ་
བ་རྣམ་པ་མང་དུ་སྣང་། །དེ་ལྟས་སེམས་བཞིན་ཕྱི་རོལ་གྱི། །དོན་ཡང་རྫོགས་པའི་སངས་རྒྱས་ཀྱིས། །བཤད་པའི་ཕྱིར་དང་གསལ་བར་ནི། །སྣང་ཕྱིར་ཡང་དག་ཉིད་དུ་ཡོད། །ཕྱི་རོལ་དོན་ཞིག་གཏན་མེད་ན། །འགྲོ་བའི་རྩ་ལག་རྫོགས་སངས་རྒྱས། །ཐུགས་རྗེའི་དགོངས་པ་དྲི་མེད་ཀྱིས། །
ཐེག་ཆེན་སཱ་ལུ་ལྗང་པ་ཡི། །མདོ་ལས་རྟེན་ཅིང་འབྱུང་བ་ཡི། །ངོ་བོ་རྣམས་ཀྱི་ཁྱད་པར་དངོས། །གཉིས་སུ་བསྟན་པ་ཇི་ལྟར་ཡང་། །འཐད་པ་ཁོ་ན་མ་ཡིན་ནོ། །དེ་ལས་དངོས་པོ་ཐམས་ཅད་ནི། །ཕྱི་དང་ནང་གི་བྱེ་བྲག་གིས། །རྣམ་པ་གཉིས་སུ་གསལ་བར་བསྟན། །དེ་བས་ངོ་བོ་
ཉིད་མེད་མིན། །དགོས་པ་མེད་པ་ཉིད་དུ་ནི། །བཅོམ་ལྡན་ཐམས་ཅད་མཁྱེན་པ་ཡང་། །གཉིས་སུ་བཤད་པ་ཇི་ལྟར་ཡང་། །གསུང་བ་ཆེད་ཆེར་མི་མཛད་ལ། །ཀུན་གྱི་འཇུག་པ་གང་ཡིན་པ། །དེ་སྔོན་འགྲོ་བ་ཡིན་པས་ན། །བློ་རྣལ་འདུག་པའི་གདུལ་བ་ཡང་། །འགའ་ཡང་

དེ་ཉིད་གུས་མི་འོས། །སྟོན་པས་མཚུངས་པར་བསྟན་པ་ལ། །ཁྱོད་ཀྱིས་འགའ་ཞིག་ཁོ་ན་ལ། །ཡོངས་སུ་བླང་ཞིང་དོར་བ་ཡི། །ངེས་པ་འདི་ཀོ་ཅི་ཡི་རྒྱུས། །དེ་ལྟས་རྟེན་ཅིང་འབྲེལ་འབྱུང་བའི། །དངོས་པོའི་ཁྱད་པར་བསྟན་པའི་ཕྱིར། །མ་རིག་
ལ་སོགས་ཡན་ལག་བཞིན། །ཕྱི་རོལ་དངོས་པོའང་འཐད་པ་ཡིན། །དེ་ལྟ་བུ་ནི་མ་ཡིན་ན། །ཇི་ལྟར་རྟ་ཡི་རྭ་ལ་སོགས། །མེད་པ་ཉིད་དུ་ངེས་པ་ལ། །ཁྱད་པར་འགའ་ཡང་ཡོད་མིན་པ། །དེ་བཞིན་འདི་ལའང་མི་འགྱུར་རོ། །མི་མཁས་པ་དག་དེ་སྐད་དུ། །བཅོམ་ལྡན་དགོངས་
པ་མི་ཤེས་པར། །ཤིན་ཏུ་རྒོལ་བར་བྱེད་གྱུར་པ། །དེ་ལའང་འདིར་ནི་བརྗོད་པར་བྱ། །གཉིས་སུ་བཤད་པ་གང་ཡིན་པ། །དེ་ནི་སྐྱེ་བོ་རྣམས་དག་ལ། །གྲགས་པའི་ངོར་ཡིན་དེ་ཙམ་གྱིས། །སྐྱེ་བ་ཅན་རྣམས་གཉིས་མི་འགྱུར། །གཟུགས་ཀྱི་ཕུང་པོར་ཁྱད་མེད་ཀྱང་། །ཕྱི་དང་
ནང་གི་ངོ་བོར་ནི། །ཇི་ལྟར་གཉིས་སུ་བཤད་པ་ལྟར། །དེ་བཞིན་འདི་ལའང་ངེས་པར་གཟུང་། །དེ་ལྟར་མིག་ལ་སོགས་པ་ནི། །ནང་གི་ཡིན་པ་ཉིད་གནས་ལ། །གཟུགས་དང་སྒྲ་སོགས་ཕྱི་ཡི་ཡང་། །གཅིག་པ་ཉིད་དུའང་འགལ་བ་མེད། །གཉི་གའང་བློ་གྲོས་ངང་ཚུལ་ཅན། །
ཡང་དག་མཁྱེན་པས་ཡང་དག་ཏུ། །གཡོ་བ་མེད་སོགས་བསྒྲུབ་བྱ་གང་། །དེ་ནི་ཐ་དད་མེད་པར་བསྟན། །དེ་བས་གཅིག་ཉིད་ན་ཡང་འདིར། །བཤད་པ་ཐ་དད་འདི་མི་འགལ། །གདུལ་བའི་ངོར་ནི་མགོན་པོ་ཡིས། །བསྟན་པ་རྣམ་པ་སྣ་ཚོགས་སོ། །གཞན་ཡང་། གལ་ཏེ་མདོ་
ལས་བསྟན་ཞེས་ཏེ། །བདེ་གཤེགས་དགོངས་པ་མ་བརྟགས་པར། །ཐམས་ཅད་སྒྲ་བཞིན་བཟུང་ན་ནི། །དེ་ཡི་ཚེ་ན་བདག་ཀྱང་ནི། །ཅི་སྟེ་མི་བཟུང་དེ་ཡང་ནི། །འདི་ལྟར་དེ་ཡིས་དེ་ལས་གསུངས། །དེ་ལྟ་བས་ན་བརྟགས་ཏེ་བཟུང་། །གཞན་དུ་ཧ་ཅང་ཐལ་བར་འགྱུར། །དཔེར་
ན་བཅོམ་ལྡན་འདས་ཀྱིས་ནི། །གདུལ་བའི་དགོས་པ་ལ་གཟིགས་ནས། །བརྫུས་ཏེ་སྐྱེ་བ་བསྟན་པ་ལྟར། །དེ་བཞིན་ཕུང་པོ་ལ་སོགས་བསྟན། །དེ་ལྟ་བས་ན་ཐུབ་པ་ཡི། །དབུ་མའི་ལུགས་ནི་གསལ་མཛད་པ། །སློབ་དཔོན་བློ་ཆེན་མཁས་པ་ཡི། །རིགས་པ་དྲུག་ཅུ་ལས་བཤད་

པ། །དགོས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ངའི་ཞེས་གསུངས་པ་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་དེའི་སྟོབས་ཀྱིས། །དངོས་རྣམས་ངོ་བོ་ཉིད་བཅས་པ། །རྣམ་པ་ཀུན་དུ་
ཡོད་མིན་པར། །གཞུང་འཛིན་མཁས་པ་རྣམས་ཀྱིས་སོམས། །ཞར་ལ་འོངས་པའི་གཏམ་གྱིས་ཆོག །བློ་ཙམ་ཞེས་པ་འདི་ལ་ནི། །ཚད་མ་ཡང་ནི་གསལ་བར་ཡོད། །ཚད་མ་དང་བྲལ་ཚིག་དག་ནི། །མཁས་རྣམས་མགུ་བར་མི་འགྱུར་རོ། །བརྩད་པའི་སྤྱོད་ཡུལ་གྱུར་པའི་མི། །གཉིད་
མ་ལོག་པའི་མིག་སོགས་བློ། །ཡང་དག་ཕྱི་རོལ་སྣང་མིན་ཏེ། །བློ་ཕྱིར་རྨི་ལམ་བློ་བཞིན་ནོ། །དེ་ལ་སོགས་པའི་ཚད་མས་ཀྱང་། །སེམས་ཙམ་ཡིན་པའི་ཚུལ་དུ་ངེས། །བློ་ཙམ་གྲུབ་པའི་ལུང་ཡང་ནི། །བློ་ཅན་བློ་ནི་རྒྱས་བྱེད་པ། །ལང་ཀར་གཤེགས་པའི་མདོ་སྡེ་ཞེས། །བྱ་བ་གསལ་བ་
ཉིད་དམིགས་ཏེ། །ཇི་སྐད་དུ། ཇི་ལྟར་བྱིས་པ་རྣམ་བརྟགས་བཞིན། །ཕྱི་རོལ་དོན་ཡོད་མ་ཡིན་ཏེ། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་འབྱུང་བ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་ཡིན་ནོ། །ཕྱི་རོལ་གཟུང་བ་བཀག་ཀྱང་ནི། །ཁྱོད་ཀྱི་ལྟ་བུ་
སེམས་ཙམ་ལུགས། །འགྲུབ་པར་མི་འགྱུར་གང་གི་ཕྱིར། །སེམས་ནི་དེ་ལ་རག་ལུས་བརྗོད། །ཤེས་བྱ་མེད་ན་ཇི་ལྟ་བུར། །དེ་ལ་རག་ལུས་ཤེས་པ་འགྲུབ། །ཤེས་པ་གཉིས་སུ་སྣང་བ་ཡིས། །དབེན་ཞེས་བྱ་བའང་གཟུ་ལུམས་ཆེ། །དེ་ཉིད་དགོངས་ནས་སློབ་དཔོན་ཆེ། །བདེ་
གཤེགས་ཐུགས་རྗེའི་ནོར་ཅན་ལ། །བསྟོད་མཛད་ཀླུ་ཞེས་བོད་པ་ཡིན། །བསྟོད་པ་ལས་ཀྱང་གསུངས་པ་ནི། །མ་ཤེས་པར་ན་ཤེས་བྱ་མིན། །དེ་མེད་པར་ཡང་ཤེས་པ་མིན། །དེ་ཕྱིར་ཁྱོད་ཀྱིས་ཤེས་པ་དང་། །ཤེས་བྱ་ངོ་བོ་ཉིད་མེད་གསུངས། །ཞེས་བྱ་བ་ཡིན་ནོ། །དེ་འཛིན་
ཚད་མ་མེད་པའི་ཕྱིར། །དེ་ཡོད་རབ་ཏུ་མི་འགྲུབ་བོ། །དེ་ཡོད་འབད་པ་མེད་ཉིད་དུ། །ཁྱོད་ནི་ཡང་དག་མཐོང་བར་འགྱུར། །དེ་ལྟས་འདི་ཡང་ཕྱི་རོལ་བཞིན། །གཅིག་དང་དུ་མའི་བདག་ཉིད་དུ། །མི་རུང་གཟུགས་བརྙན་ལ་སོགས་བཞིན། །ངོ་བོ་མེད་པར་གསལ་ཤེས་ཀྱིས། །

ཐེག་ཆེན་རབ་ཏུ་སྟོན་པའི་ལུང་། །ཤེས་རབ་ཕ་རོལ་ཕྱིན་སོགས་ཤེས། །བྱ་བ་ལས་ཀྱང་བདག་མེད་པར། །ངེས་པར་ཁོང་དུ་ཆུད་བྱ་སྟེ། །གལ་ཏེ་གཉིས་མེད་ཤེས་པ་ཞིག །ཡང་དག་ཉིད་ཡོད་དེ་ཡི་ཚེ། །རྒྱལ་བས་དངོས་པོ་ཕྲ་རབ་ཀྱང་། །དགག་
པ་གསུང་བར་མི་འགྱུར་རོ། །ཤེས་རབ་ཅེས་བརྗོད་མདོ་ལས་ནི། །དངོས་པོ་སྐྲ་ཡི་རྩེ་མོའི་ཆ། །བཞག་པ་ཙམ་ཡང་བསལ་བའི་ཕྱིར། །དེ་མེད་རིགས་པ་ཁོ་ན་ཡིན། །སངས་རྒྱས་ཀུན་ཡུམ་རྡོ་རྗེ་ཞེས། །བྱ་བ་ལས་ཀྱང་སྐྱོབ་པ་ཡིས། །སེམས་ཀྱི་རྒྱུན་ནི་རྒྱུན་མེད་གསུངས། །
དེ་བས་སེམས་ནི་ཡང་དག་མིན། །འདས་པའི་སེམས་ཀྱང་སངས་རྒྱས་ཀྱིས། །ཇི་ལྟ་བུར་ཡང་མ་དམིགས་ལ། །མ་འོངས་ཡོད་པར་མ་ཡིན་ཏེ། །ད་ལྟར་གྱི་ཡང་མ་དམིགས་སོ། །ཡང་དག་ཉིད་དུ་སེམས་ཡོད་ན། །དཀོན་མཆོག་བརྩེགས་ལས་བདག་ཉིད་ཆེས། །འོད་
སྲུངས་ལས་ནི་གསུངས་པ་གང་། །དེ་ཡང་འཐད་པར་མི་འགྱུར་རོ། །ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང་། །ཡོད་དང་མེད་པ་ཉིད་དག་གི །དབུས་ལའང་གནས་པ་བཀག་པ་འདི། །ངོ་བོ་ཉིད་མེད་ཟུར་གྱིས་གསུངས། །འཕགས་པ་ལང་ཀར་ཞེས་བརྗོད་པའི། །མདོ་ལས་སངས་
རྒྱས་རྣམས་ཀྱིས་ཡང་། །ཚིགས་བཅད་དག་གིས་གསལ་གསུངས་ཏེ། །དེ་ལྟར་དངོས་མེད་རིགས་ལྡན་ཉིད། །ཇི་སྐད་གསུངས་ཤེ་ན། ཇི་ལྟར་གཟུགས་ནི་མེ་ལོང་ལ། །དེ་ཉིད་གཞན་ཉིད་རྣམ་སྤངས་པར། །སྣང་ཡང་དེ་ཡི་ངོ་བོར་མིན། །དེ་བཞིན་དངོས་ལ་དངོས་ཉིད་དོ། །བློ་ཡིས་
རྣམ་པར་གཞིགས་རྣམས་ཀྱི། །ངོ་བོ་ཉིད་ནི་ངེས་མི་ཟིན། །དེ་བས་དེ་དག་བརྗོད་མེད་དང་། །ངོ་བོ་ཉིད་ཀྱང་མེད་པར་བརྗོད། །ཅེས་འབྱུང་བ་ཡིན་ནོ། །གལ་ཏེ་དངོས་པོ་གང་དག་ཡོད། །འཇམ་པའི་དབྱངས་ཀྱིས་ཡང་དག་ཉིད། །དྲིས་ནས་འཕགས་པ་དྲི་མེད་གྲགས། །ཅི་ཕྱིར་དེ་ཚེ་
མི་གསུང་བཞུགས། །དེ་སྐད་གཞུང་ལུགས་མཐུན་པ་ལ། །གནས་པའི་སྐྱེས་བུ་འཁོད་པ་ནི། །དྲིས་ན་བློ་དང་ལྡན་པ་དག །མི་སྨྲར་རིགས་པ་མ་ཡིན་ནོ། །གཞན་ཡང་། མ་དྲོས་པ་ཞེས་བྱ་བ་ཡི། །མདོ་ལས་བཅོམ་ལྡན་གྱིས་གསུངས་གང་། །དེས་ཀྱང་རྐྱེན་ལ་རག་ལས་ཏེ། །སྐྱེ་བོ་

ངོ་བོ་ཉིད་མེད་ཉིད། །ཇི་སྐད་དུ་གསུངས་ཤེ་ན། རྐྱེན་ལས་གང་སྐྱེ་དེ་ནི་མ་སྐྱེས་པ། །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ། འཕགས་པ་ཀླུ་དབང་རྒྱ་མཚོ་ཡིས། །
ཞུས་པ་ལས་ཀྱང་བཅོམ་ལྡན་གྱིས། །དངོས་རྣམས་རྟེན་ཅིང་འབྲེལ་འབྱུང་ཕྱིར། །ངོ་བོ་ཉིད་ནི་མེད་གསུངས་ཏེ། །གང་དག་རྟེན་ཅིང་འབྲེལ་ཏེ་བྱུང་། །དེ་དག་ངོ་བོ་ཉིད་འགའ་འང་མེད། །གང་དག་ངོ་བོ་ཉིད་མེད་པ། །དེ་དག་གང་དུའང་འབྱུང་བ་མེད། །ཅེས་བྱ་བ་ཡིན་ནོ། །དེ་བཞིན་གླང་
པོའི་རྩལ་ལས་ཀྱང་། །བཅོམ་ལྡན་ཐུབ་པ་སྐྱེས་མཆོག་གིས། །དུས་གསུམ་རྟོགས་པའི་དངོས་པོ་རྣམས། །ངོ་བོ་ཉིད་མེད་རབ་གསལ་གསུངས། །གང་ལ་སྐྱེ་བ་སྲིད་པ་ཡི། །ཆོས་ནི་འགའ་ཡང་མེད་རྙེད་དེ། །སྐྱེ་བ་མེད་པའི་ཆོས་རྣམས་ལ། །བྱིས་པ་རྣམས་ནི་སྐྱེ་བར་འདོད། །ཅེས་
བྱ་བ་ཡིན་ནོ། །དཀོན་མཆོག་འབྱུང་གནས་ལས་ཀྱང་ནི། །ཐམས་ཅད་གཟིགས་པས་དངོས་རྣམས་ཀྱི། །སྐྱེད་པར་བྱེད་པ་ཉིད་གསལ་བས། །དངོས་ཀུན་བདག་མེད་ཉིད་དུ་གསུངས། །ཇི་སྐད་དུ་གསུངས་ཤེ་ན། གང་ལ་རང་བཞིན་ཡོད་པ་མ་ཡིན་པ། །རང་བཞིན་མེད་དེ་གཞན་
རྐྱེན་ཇི་ལྟར་འགྱུར། །རང་བཞིན་མེད་པས་གཞན་ཅི་སྐྱེད་འགྱུར་ཞེས། །རྒྱུ་འདི་བདེ་བར་གཤེགས་པས་བསྟན་པ་ཡིན། །ཞེས་བྱ་བ་ཡིན་ནོ། །དེ་བཞིན་ཀླུ་དབང་རྒྱ་མཚོ་ཡིས། །ཞུས་པ་ཆེ་ལས་ཐུབ་པ་ཡིས། །དུས་གསུམ་འདོད་པའི་དངོས་པོ་རྣམས། རང་བཞིན་མེད་པར་གསུངས་
ཉིད་དེ། །སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་སྟོང་ཞིང་། །སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང་། །འདི་ནི་དངོས་ཡོད་མ་ཡིན་དངོས་མེད་མིན། །ཆོས་ཀུན་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གཞན་ཡང་། དངོས་པོ་ཁས་ལེན་ཡོད་ན་ནི། །ས་
བཅུ་པ་ཡི་མདོ་ལས་གང་། །སྐྱེ་མཆེད་མཉམ་པ་ཉིད་གསུངས་ཏེ། །ཇི་ལྟར་རྩོད་པ་མེད་པར་འགྱུར། །ཇི་སྐད་དུ་གསུངས་ཤེ་ན། ས་ལྔ་པ་ལས་སའི་ལམ་ཡོངས་སུ་རྫོགས་པར་བྱས་པ་མཉམ་པ་ཉིད་བཅུས་བྱང་ཆུབ་སེམས་དཔའི་ས་དྲུག་པ་འཇུག་གོ། །བཅུ་གང་

ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་བསྟན་པ་སྟེ། དངོས་
པོ་ཐམས་ཅད་རང་བཞིན་མེད་པ་རྗོད་པར་བྱེད་པས་དུས་གསུམ་དུ་གནས་པའི་དངོས་པོའི་རིགས་ངོ་བོ་ཉིད་མེད་པ་ཉིད་དུ་གསལ་ལོ་ཞེས་བྱ་བར་ངེས་པར་ཟུང་ཤིག །དེ་བཞིན་དུ་འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས་ཀྱང་། དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཇི་ལྟ་བ་
བཞིན་དུ་བསྟན་པ་ཁོ་ན་སྟེ། དེ་བསྟན་པ། དེ་བཞིན་དངོས་ཞིག་སྲིད་ན་ནི། །མ་སྐྱེས་དགྲ་ཡི་འགྱོད་བསལ་ལས། །ཆོས་རྣམས་མྱ་ངན་འདས་པ་དང་། །མཉམ་ཉིད་གསུངས་པར་ཇི་ལྟར་རིགས། །ཇི་སྐད་དུ་གསུངས་ཤེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ཤིན་ཏུ་མ་སྐྱེས་པའི་ཕྱིར།
མྱ་ངན་ལས་འདས་པར་ཡང་དག་པར་འདུའོ། །རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། ཆོས་གང་མ་སྐྱེས་ཤིང་མ་བྱུང་བ་དེ་ཀུན་ནས་ཉོན་མོངས་པར་ནུས་སམ། སྨྲས་པ། འཇམ་དཔལ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། དེ་བརྩལ་བར་ནུས་སམ། སྨྲས་པ། འཇམ་
དཔལ་མ་ལགས་སོ། །སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཐམས་ཅད་མྱ་ངན་ལས་འདའ་བར་ཡང་དག་པར་འདུ་བར་མཁྱེན་ཏེ། དེས་ན་དེ་དག་གིས་ཁྱོད་ཀྱི་འགྱོད་པ་བསྩལ་བར་མི་སྤྱོད་དོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་ཚུལ་བཞིན་དུ་
རབ་ཏུ་སྦྱར་བར་བྱའོ་ཞེས་བྱ་བ་ལ་སོགས་པ་མྱ་ངན་ལས་འདས་པ་དང་མཉམ་པ་ཉིད་དུ་སྟོན་པར་མཛད་པས་ངོ་བོ་ཉིད་མེད་པ་ཉིད་དུ་གསལ་བར་བསྟན་པ་ཡིན་ནོ། །གང་ཕྱིར་མྱ་ངན་འདས་དངོས་མིན། །དངོས་པོ་མེད་པའང་རུང་མིན་ཉིད། །དེ་ཕྱིར་དངོས་རྣམས་དེ་དང་ནི། །མཉམ་
པར་ངོ་བོ་ཉིད་མེད་དོ། །མྱ་ངན་འདས་པ་དངོས་ཉིད་ན། །འདུས་བྱས་ཉིད་དུ་ཐལ་བར་འགྱུར། །དེ་ཕྱིར་དེ་ནི་འབད་མེད་པར། །འདུས་བྱས་མཚན་ཉིད་ལྡན་པར་འགྱུར། །འོན་ཏེ་འདུས་མ་བྱས་པར་འདོད། །དེ་ནི་མཁའ་དང་འདྲ་འགྱུར་བར། །དེ་དངོས་ཉིད་དུ་རྣམ་པ་ནི། །གཉི་

གར་ཡང་རུང་མིན་པར་མངོན། །གལ་ཏེ་མྱ་ངན་འདས་དངོས་མེད། །དེའི་ལམ་སྒོམ་པ་དོན་མེད་འགྱུར། །དེ་ནི་དེ་ཡི་སྟོབས་ཀྱིས་སུ། །འཐོབ་པར་ཡང་ནི་འཐད་མ་ཡིན། །ཇི་ལྟར་དེ་ཡི་སྟོབས་ཀྱིས་ནི། །མོ་གཤམ་བུ་འཐོབ་མིན