Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 108

Văn bản gốc(Tây Tạng)

Trang 4 / 21 (50.000 ký tự/trang)
་པ་ལྟར། །དེ་བཞིན་དངོས་མེད་ཁྱད་མེད་ཕྱིར། །དེ་
ཡི་དེ་ཡང་རིགས་མ་ཡིན། །གང་གི་མཐུ་དང་ལྡན་པས་ཀྱང་། །མོ་གཤམ་བུ་ནི་ཐོབ་མེད་ཅིང་། །འབྱུང་བའང་ཡོད་མིན་དེ་ཡི་ཕྱིར། །དེ་དངོས་མེད་པ་ཉིད་ཀྱང་མེད། །དེ་ཀུན་ཡང་དག་གཟིགས་ནས་ནི། །དཔལ་ལྡན་ཀླུ་སྒྲུབ་ཅེས་བྱ་བ། །ས་ནི་དང་པོ་བསྐྲུན་བརྙེས་པ། །མཁས་པའི་
མཆོག་རབ་ཀྱིས་བཤད་པ། །མྱ་ངན་འདས་དངོས་མེད་མིན་ན། །དེ་དངོས་ཉིད་ལྟ་ག་ལ་ཡིན། །དངོས་དང་དངོས་མེད་འཛིན་ཟད་པ། །མྱ་ངན་འདས་པ་ཞེས་བརྗོད་དོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གཉི་གའི་ཕྱོགས་བཤད་ཉེས་ཕྱིར་འདི། །གཉི་གའི་བདག་ཉིད་ཀྱང་མ་ཡིན། །
ཕན་ཚུན་མེད་པའི་ངོ་བོར་རྣམས། །གཅིག་མེད་རྣམ་པར་བཅད་པ་ཡིས། །ཅིག་ཤོས་ཡོད་པར་ཐལ་ཕྱིར་ཏེ། །གཉི་ག་མིན་བདག་ཀྱང་མིན་པས། །དེ་རྣམས་ཀུན་དུ་ནམ་མཁའ་ཡི། །མེ་ཏོག་བཞིན་དུ་སྲིད་པ་མེད། །གང་ཚེ་རབ་ཏུ་སྤྱད་ན་ཚད་མའི་སྟོབས་ཀྱི་དངོས། །དུས་གསུམ་
གང་དུའང་འགའ་ཡང་མི་གནས་རབ་གསལ་ན། །དེ་ལ་རག་ལུས་འགྲུབ་པས་དངོས་པོའི་ཟླར་གྱུར་པས། །ཇི་ལྟར་དེ་ཡི་བདག་ཉིད་དག་ཏུ་ཡོད་པར་འགྱུར། །གལ་ཏེ་དངོས་པོ་རྣམ་པར་བརྟགས་ནས་དེ་འགོག་ན། །དེ་ལྟར་བློས་བྱེད་དེ་བརྟགས་ཁོ་ནར་མི་འགྱུར་རམ། །གང་ཕྱིར་
གཉི་གའང་རིགས་པའི་སྟོབས་ཀྱིས་མི་འགྲུབ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་དེར་འཛིན་ཐག་བསྲིངས་འོར། །དེ་བས་བློ་ལྡན་ལེགས་བྱེད་པ། །སྙིང་རྗེ་དཔག་ཏུ་མེད་སེམས་ལྡན། །ཡེ་ཤེས་སྙིང་པོ་མཁས་པ་ཡིས། །གདུལ་བློ་རྒྱས་བྱའི་ཕྱིར་བཤད་པ། །དགག་པར་བྱ་བ་མེད་
པའི་ཕྱིར། །ཡང་དག་ཏུ་ན་བཀག་མེད་གསལ། །ཡང་དག་ཆོས་ཀུན་མི་ལེན་པ། །དེ་ནི་དེ་ཉིད་རིག་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །བདག་ཉིད་ཆེན་པོ་ཐུགས་བརྩེ་བས། །སེམས་ཅན་རྣམས་ཀྱི་གཉིས་འཛིན་པ། །

བཟློག་པར་བྱ་བའི་ཕྱིར་གསུངས་པ། །མ་བྱུང་བ་ལས་གང་འབྱུང་ཞིང་། །བྱུང་ནས་ཀྱང་ནི་འཇིག་འགྱུར་བ། །རྐྱེན་གྱིས་ཡོད་དང་མེད་པ་དེས། །ང་ཡི་བསྟན་ལ་མི་གནས་སོ། །གང་ལ་ཅུང་ཟད་སྐྱེ་མེད་ཅིང་། །འགག་པ་ཅི་ཡང་ཡོད་མིན་པར། །འགྲོ་
བ་དབེན་པར་མཐོང་བ་ནི། །དེ་ལ་ཡོད་དང་མེད་ཉིད་མེད། །ཅེས་བྱ་བ་ལ་སོགས་པས་གཉིས་སུ་ལྟ་བ་དང་བྲལ་བ་ཉིད་གསལ་བར་རབ་ཏུ་བསྟན་ཏོ། །དེ་བཞིན་འདི་ལས་ཡང་གསུངས་པ། །ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་བས་མེད་པར་
བརྗོད་མི་བྱ། །ཡོད་པ་ཉིད་དུའང་མི་བརྟག་གོ། །ཞེས་བྱ་བ་ལ་སོགས་པས་དངོས་པོ་དང་དངོས་པོ་མེད་པའི་གདོན་གྱིས་འདེབས་པ་མེད་པ་ཁོ་ན་བཅོམ་ལྡན་འདས་ཉིད་ཀྱིས་གསལ་རབ་ཏུ་གཞུང་བཙུགས་པ་ཡིན་པས་མཇུག་བསྡུའོ། །བདག་ཉིད་དྲན་པར་བྱ་བའི་ཕྱིར། །མདོར་
བསྡུས་ཅུང་ཟད་བདག་གིས་བསྒྲགས། །འདི་ནི་མགོ་སྨོས་གོ་རྣམས་ལ། །དབུ་མའི་ལམ་གྱི་ཕྱོགས་ཡིན་ནོ། །སངས་རྒྱས་དངོས་དང་དངོས་མེད་བཤིག་པས་མཐོ་བའི་ཆེ་བས་དབང་ཕྱུག་རབ་བརྙེས་ཤིང་། །སྲིད་གསུམ་དོན་གྱི་དེ་ཉིད་མཁྱེན་ལ་ཐུགས་རྗེས་འཁོར་བ་ཇི་སྲིད་
བཞུགས་པའི་ལུགས། །ལུང་དང་རིགས་པས་རབ་ཏུ་གསལ་བྱས་བསོད་ནམས་གཞལ་ཡས་ཐོབ་པ་གང་ཡིན་དེས། །མཐའ་དག་དངོས་པོར་ལྟ་བའི་ལིང་ཏོག་མ་ལུས་སེལ་ཞིང་འདི་ལ་དགའ་བར་ཤོག །དབུ་མའི་ལུགས་ཀྱི་སྙིང་པོ་མདོར་བསྡུས་པའི་རབ་ཏུ་བྱེད་པ་སློབ་དཔོན་བིདྱཱ་ཀ་
ར་པྲ་བྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་བ་དང་། །ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ན་རཱ་ཀཱ་ར་བིཾ་ཤི་ཀཱ། བོད་སྐད་
དུ། རྣམ་པ་མེད་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་འོད་ཀྱི་དཀྱིལ་འཁོར་ཅན། །འཕགས་པ་འཇམ་དཔལ་དཔའ་བོ་ནི། །འཇིག་རྟེན་ཀུན་གྱི་བདེ་སྐྱེད་པའི། །མགོན་པོ་ལ་ནི་མགོས་ཕྱག་འཚལ། །རྣམ་པ་ཀུན་ལས་

རྣམ་གྲོལ་བའི། །ཤེས་པ་ནམ་མཁའ་དང་འདྲ་བ། །ཡང་དག་དོན་དམ་ཡིན་པ་རུ། །ལུང་རིགས་མཁས་པ་གཞན་དག་འདོད། །རྣམ་པ་ཟད་པ་བདེན་པ་སྟེ། །རྣམ་པ་ཡང་ནི་བརྫུན་པ་ཡིན། །ཇི་སྲིད་དུ་ནི་རྣམ་པ་སྣང་། །དེ་སྲིད་ཤེས་སྐྱེ་འཁྲུལ་པ་ཡིན། །ཟད་པ་མེད་པའི་འཁྲུལ་
རྒྱུད་ལ། །ཤེས་པ་རྣམ་པ་མེད་འཛིན་པ། །འཁྲུལ་པ་ཐམས་ཅད་ཀྱི་ནི་གཞི། །ཤེས་པ་རྣམ་མེད་བདག་ཉིད་ཡིན། །འོན་ཏེ་ཤེས་ཉིད་འཁྲུལ་ཡིན་ན། །ནམ་མཁའ་འང་འཁྲུལ་པ་མེད་མི་སྲིད། །འཁྲུལ་པ་རྒྱུ་མེད་ཡིན་ཞེ་ན། །རྟག་ཏུ་ཡོད་པར་ཐལ་བར་འགྱུར། །རྒྱུ་དང་
བཅས་ན་བརྫུན་མིན་ཏེ། །དེ་ནི་གཞན་དབང་ཡིན་པར་གསལ། །མངོན་སུམ་མམ་ནི་རྗེས་དཔག་གིས། །རྣམ་པ་མེད་པར་སྒྲུབ་པར་བྱེད། །རྣམ་པ་དེ་ལས་ལོག་པས་ན། །མངོན་སུམ་གྱིས་ནི་རྟོགས་མ་ཡིན། །བརྫུན་པར་སྣང་བའི་ཤེས་པ་ནི། །འཁྲུལ་ཉིད་ཕྱིར་ན་ཚད་མ་མིན། །
ཤེས་པ་ནམ་མཁའ་དང་འདྲ་བ། །ད་ལྟར་ཉམས་སུ་མྱོང་བ་མེད། །རང་བཞིན་འཁྲུལ་པ་འབྱུང་བའི་ཕྱིར། །དེ་ཕྱིར་མངོན་སུམ་ཚད་མ་མིན། །ཆོས་ཅན་མངོན་སུམ་མ་གྲུབ་ལ། །རྗེས་དཔག་ངེས་པར་འཇུག་པ་མེད། །བརྫུན་པའི་རྣམ་པ་རྟགས་ཡིན་ཕྱིར། །བསྒྲུབ་བྱ་སྒྲུབ་བྱེད་
གནས་པ་མེད། །མངོན་སུམ་འཁྲུལ་དང་འབྲེལ་པའི་ཕྱིར། །རྗེས་སུ་དཔག་པའང་བསླད་པ་ཡིན། །དེ་ཕྱིར་རྣམ་པ་མེད་སྒྲུབ་པའི། །ཚད་མ་ཉིད་ནི་ཡོད་མ་ཡིན། །རྣམ་པ་མེད་པར་ལུང་གིས་ཀྱང་། །སྒྲུབ་པར་བྱེད་པའི་གསུང་རབ་མེད། །རྨི་ལམ་སྒྱུ་མ་དང་མཚུངས་པར། །ཆོས་
ཀུན་སངས་རྒྱས་རྣམས་ཀྱིས་བསྟན། །ལུང་དང་རིགས་པ་གཉིས་ཀྱིས་གསལ་བར་རབ་གྲུབ་པ། །གཟུགས་བརྙན་དང་མཚུངས་ཤེས་པའི་རང་བཞིན་རྣམ་དག་པ། །གསལ་བར་སྣང་བ་མ་ལུས་གཞི་ནི་རྣམ་སྤངས་པ། །རྣམ་པ་མེད་པར་སྣང་བའི་གསལ་འགའ་ཡོད་མ་ཡིན། །
དུ་མ་ཞེའམ་གཅིག་ཉིད་ཡིན། །བརྟགས་པར་འགྱུར་ཕྱིར་དེ་ཉིད་མིན། །མ་ཁྱབ་ཅེ་ནའང་ཁྱབ་ཉིད་ཡིན། །མི་གསལ་བའམ་གསལ་བ་ཉིད། །མི་རྟག་པ་ལ་རྟག་ཅེས་པ། །བདག་ཏུ་སྨྲ་དང་མཚུངས་པར་འགྱུར། །མི་རྟག་སྐད་ཅིག་ཡིན་སྨྲ་ན། །དེ་དག་ཕན་ཚུན་ལྡན་པ་མེད། །

རྣམ་པའི་སྐབས་ན་ཤེས་ཡིན་ན། །ཇི་ལྟར་ཁྱབ་པ་ཞེས་བྱར་བརྗོད། །རྣམ་པ་བརྫུན་པ་ཡིན་པའི་ཕྱིར། །ཁྱབ་པའི་ནུས་པ་ཡོད་མི་སྲིད། །ཤེས་པ་ཁྱབ་པའི་ནུས་མེད་ལ། །འདོད་ན་འདིར་མཁས་ཇི་ལྟར་ཡིན། །ནམ་མཁའ་ཁྱབ་བྱ་ཡིན་ཞེ་ན། །ནམ་
མཁའ་ཡོད་པར་འདོད་དམ་ཅི། །ནམ་མཁའ་སུན་ནི་ཕྱུང་ཉིད་ཀྱིས། །ཤེས་པ་སུན་ནི་བྱུང་བ་འཐོབ། །གཅིག་དང་དུ་མ་དང་བྲལ་བས། །ཤེས་པའང་བརྫུན་པ་ཉིད་དུ་འགྱུར། །ཤེས་པ་རྣམ་མེད་མཐའ་ཡས་པ་རུ་སྣང་། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་གཉིས་ཀྱི། །གཞི་རུ་ངེས་པ་
ཚོགས་གཉིས་དང་ལྡན་ཉིད། །དེ་འདྲ་དཔལ་ལྡན་ཆོས་སྐུ་ཡིན་ཞེས་སྨྲ། །རྣམ་པ་མེད་པའི་ཤེས་པ་ནམ་མཁའ་དང་འདྲ་ཆོས་ཀྱི་སྐུ། །གང་ཚེ་རྣམ་པ་དེས་བསྐྱེད་དེ་ཡང་འཁྲུལ་ཚོགས་ཅིས་མ་ཡིན། །འོན་ཏེ་བརྫུན་པར་རྟོགས་ཕྱིར་དེ་འཁྲུལ་གྲུབ་པ་ཡོད་མིན་ན། །བརྫུན་འགྱུར་མི་རིགས་དེ་ནི་
གཞན་དབང་མ་ཡིན་ནམ། །རྣམ་པ་ཐམས་ཅད་མི་གསལ་ཞེ་ན་ཁྱེད་ཀྱི་རྣམ་མེད་ཅི་ཞིག་བྱ། །རྣམ་པ་ཐམས་ཅད་གསལ་ཡིན་ཞེ་ན་ཁྱོད་ཀྱི་རྣམ་མེད་ཅི་ཞིག་བྱ། །རྣམ་བསྲེགས་ཤེས་པའི་རྣམ་པ་ཇི་ལྟར་སྲིད་པར་འགྱུར། །སྲིད་ནའང་དེ་ཡི་རྣམ་པ་སྔོན་མེད་ཇི་ལྟར་འགྱུར། །ཆགས་བྲལ་
འདོད་ཆགས་ཕྱིར་ཡང་སྐྱེ་མེད་བཞིན། །གལ་ཏེ་སྐྱེ་ན་དེ་ཡི་ཆགས་ཉིད་ཐོགས་པ་མེད་པར་འགྱུར། །འོན་ཏེ་སྒྱུ་མ་ཉིད་དུ་རྟོགས་ཕྱིར་དེ་དག་འཁྲུལ་མེད་ན། །དེ་བཞིན་འོན་ཏེ་ཡོད་ན་རྣམ་མེད་འབྲས་བུ་ཅི་ཞིག་ཡོད། །རྣམ་པ་མེད་པའི་ཚིག་ལེའུར་བྱས་པ་བལ་ཡུལ་གྱི་པཎྜི་ཏ་དགའ་བའི་
དཔལ་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱ་ལོ་ཀ་མཱ་ལ་པྲ་ཀ་ར་ཎ་ནཱ་མ། བོད་སྐད་དུ། སྣང་བའི་ཕྲེང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། མི་ཤེས་གསུམ་ནི་སྤང་བའི་ཕྱིར། །རང་བཞིན་གསུམ་ནི་བསྒོམས་པ་ཡིས། །གང་གིས་
སེམས་ཙམ་དུ་གསུངས་པ། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །སྲིད་གསུམ་མཐའ་རུ་བྱོན་པས་སྤྲོས་གསུངས་པ། །བསྡུས་ནས་སེམས་ཀྱི་རྣམ་པར་རྟོག་པ་ཙམ། །གལ་ཏེ་དེ་དག་སེམས་ལས་མ་ལུས་སྤངས། །ཡང་སྲིད་འཆིང་བའི་སྐྱེ་བ་ཡོད་མ་ཡིན། །སྲིད་དང་ཐར་པ་ཡོངས་

ཤེས་པས། །དེ་སྤངས་ཐོབ་པའི་འབྲས་བུ་འབྱུང་། །བློ་གྲོས་བཟང་པོ་ཐམས་ཅད་ནི། །ནང་སེམས་པ་ལ་བརྩོན་པ་ཡིན། །འདོད་ཆགས་ལ་སོགས་དྲིར་བཅས་སེམས། །འཁོར་ཡིན་དེ་ལས་དབེན་པ་ཉིད། །སྒྲིབ་པ་སྤངས་པའི་རྒྱལ་བ་ཡིས། །བསྡུས་ནས་ཐར་པ་ཡིན་པར་གསུངས། །
འདོད་ཆགས་ཞེ་སྡང་གཏི་མུག་ནི། །ལུས་ཅན་རང་སེམས་རྟོག་པ་ཡིན། །གང་ཞིག་ཆོས་ནི་གཞན་དག་ཀྱང་། །བྱིས་པས་བརྟག་པ་བརྫུན་བདག་ཉིད། །དམ་པའི་དོན་གྱི་རྟོག་པ་ལའང་། །མཁས་པ་དེ་ཡིས་གནས་མི་བྱ། །དགེ་བའམ་མི་དགེ་བ་ཡི་ཡང་། །རྟོག་ལ་བྱེ་བྲག་ཅི་ཞིག་ཡོད། །
བརྟེན་ཅིང་དབྱེ་བ་ལ་བརྟེན་པའི། །མེས་སྲེག་ཉིད་དུ་བྱེ་བྲག་མེད། །ཙན་དན་གྱི་ནི་མེ་འདིས་ཀྱང་། །རེག་པ་ཙམ་གྱིས་སྲེག་པ་ཉིད། །རྣམ་པར་རྟོག་པ་ཆུང་ངུ་ཡང་། །ཐམས་ཅད་ཉིད་དུ་སྤང་བར་བྱ། །འཁྲུལ་པའི་ངོ་བོ་རྣམ་རྟོག་གིས། །སེམས་ནི་མངོན་པར་བསླད་པ་ཡིན། །འཁྲུལ་པ་
ཡང་ནི་མ་དག་ཕྱིར། །མིག་འཕྲུལ་གྱི་ནི་རྣམ་འཕྲུལ་ཡིན། །མིག་འཕྲུལ་ཡང་ནི་ཤེས་བྱ་སྟེ། །སེམས་ཀྱི་ཡང་ནི་རྣམ་འཕྲུལ་ཡིན། །དེ་ཕྱིར་སེམས་ཀྱི་དེ་དང་དེ། །འཁྲུལ་པར་གཉིས་སུ་མེད་པ་བལྟ། །དབུ་མའི་ལམ་ནི་དེ་ཉིད་དེ། །དེ་ཉིད་ཆོས་ཀྱི་བདག་མེད་པ། །ཡང་དག་
མཐའ་ཡང་དེ་ཡིན་ཏེ། །དེ་ཉིད་དེ་བཞིན་ཉིད་སྟོང་ཉིད། །ཆོས་རྣམས་མཉམ་ཉིད་དེ་གྲོལ་ཉིད། །དེ་ཉིད་རྣམ་པར་རིག་ཙམ་ཉིད། །ཆོས་ཀུན་ནང་དུ་ཆུད་པའི་ཕྱིར། །རིང་བ་མ་ཡིན་ཉེ་བའང་མིན། །དེ་ཉིད་རྟོགས་པར་དཀའ་བས་ན། །འདི་ཡི་ངོ་བོ་དཔྱད་མི་ནུས། །རང་རིག་དེ་ཡང་ཕྲ་
བའི་ཕྱིར། །སངས་རྒྱས་རྣམས་ཀྱི་ཕྲ་བ་གཟིགས། །རང་ལ་གནས་ཀྱང་བདག་འདྲ་བས། །རྩིང་བའི་ཕྱིར་ནི་མཐོང་བ་མེད། །ནམ་ཡང་རྣལ་འབྱོར་རིག་པ་ཡིན། །ཐར་པ་རིང་སྙམ་མི་བསམ་སྟེ། །བརྟགས་པའི་ངོ་བོས་སྟོང་པ་ཉིད། །རང་དངོས་མཐོང་བས་མྱ་ངན་འདས། །ཉི་ཆུ་
རབ་རིབ་རྨི་ལམ་དང་། །དྲི་ཟའི་གྲོང་ཁྱེར་ལ་སོགས་པ། །འཁྲུལ་པ་ཡིས་ཀྱང་དགོས་བྱེད་དོ། །འཁྲུལ་པ་གཞན་དག་བཟློག་ཕྱིར་རོ། །ཡུལ་དུ་ཀུན་བརྟགས་དེ་དང་དེས། །སད་པ་འཁྲུལ་པའི་བདག་ཉིད་ཀྱི། །རྨི་ལམ་བལྟན་པ་འང་དེ་ཡི་ཤུགས། །མི་བཟད་པ་ཡི་བག་ཆགས་དུག །

ཨེ་མའོ་བརྫུན་པའི་རྣམ་རྟོག་གི །རྒྱུན་ནི་ཤིན་ཏུ་མཐུག་པ་སྟེ། །རྨི་ལམ་ལས་ཀྱང་རྨི་ལམ་གཞན། །ཆུ་བུར་སྟེང་དུ་ཆུ་བུར་བཞིན། །ཡང་དག་མ་ཡིན་དོན་སྣང་བས། །ཡང་དག་དོན་ནི་བསྒྲིབས་ནས་གནས། །མ་རིག་པ་ཡིས་བསྐྱེད་པ་ཉིད། །མིག་སེར་ནད་
ཀྱིས་བཏབ་པ་བཞིན། །ཐ་དད་མིན་པའང་ཐ་དད་དང་། །ཕྱི་རོལ་མིན་པའང་ཕྱི་རོལ་དུ། །ཡུལ་གྱི་རྣམ་པའི་རྙོག་པ་ཡིས། །སེམས་ནི་རྣམ་པ་དུ་མར་སྣང་། །ཉི་མ་ཟླ་བ་ནམ་མཁའ་དང་། །སྐར་མའི་ཚོགས་དང་ས་རྣམས་དང་། །ཆུ་བོའི་རྒྱ་མཚོ་ཕྱོགས་དང་ནི། །འདི་དག་སེམས་ཀྱི་སྤྲུལ་པའོ། །
སྲིད་པའི་རྩེ་མོས་ཡོངས་བཅད་པ། །ཁམས་གསུམ་པོ་ནི་འདི་དག་པར། །ཇི་ལྟར་སྣང་བ་འདི་ཐམས་ཅད། །རྣམ་ཤེས་དུག་གི་ཐིག་ལེ་ཡིན། །གལ་ཏེ་སྣང་ན་ཇི་ལྟར་མེད། །སྣང་བ་ཇི་ལྟར་མེད་དངོས་ཡིན། །སྣང་ཕྱིར་ཡོད་པ་སྣང་མ་ཡིན། །ཅི་ག་རྨི་ལམ་མི་སྣང་ངམ། །ལྷག་པའི་དྲི་
མ་སྐྱེས་པ་ཡིས། །རང་གི་ངོ་བོ་ངེས་རྟོགས་བསྒྲིབས། །གཞན་གྱི་ངོ་བོ་སྣང་བ་སྟེ། །བློ་རྣམས་ཤེལ་དང་འདྲ་བ་ཡིན། །རང་བཞིན་ཉིད་ནི་མི་སྣང་བའམ། །དུས་ཀྱི་བརྩེགས་པ་ཐོབ་པ་ཡིས། །འདུ་བྱེད་བག་ཆགས་ཀྱིས་བསྒོས་པས། །རྣམ་པར་རྟོག་པ་སྣང་བར་འགྱུར། །སེམས་
ནི་རྣམ་པར་བསླད་པའི་ཕྱིར། །གཅིག་ཉིད་གཉིས་སུ་སྣང་བ་ཡིན། །གཟུང་དང་འཛིན་པའི་དབྱེ་བ་ལ། །ཤིན་ཏུ་མཁས་པ་ཅིས་མ་ཡིན། །གཟུང་བའི་རྣམ་པ་མི་གཡོའི་ཕྱིར། །ཕྱི་རོལ་ལྟ་བུ་ཉིད་དུ་གནས། །འཛིན་པའང་སྲོག་དང་བཅས་པའི་ཕྱིར། །ནང་ནི་གཡོ་བ་ལྟ་བུ་ཉིད། །
འདིར་ནི་ཕྱི་ནང་ཅུང་ཟད་མེད། །ཕན་ཚུན་དག་ནི་གྲུབ་པའི་ཕྱིར། །བར་ན་མ་ཡིན་མེད་མིན་ཏེ། །སེམས་ཙམ་དུ་ནི་གནས་ཕྱིར་རོ། །དབང་པོའི་གྲོང་དུ་འདོད་ཆགས་མེད། །དོན་རྣམས་ལ་མིན་སེམས་ལ་མིན། །བདག་ལ་གནས་མིན་གཞན་གནས་མིན། །དེ་ནི་ཡོད་མིན་མེད་པའང་
མིན། །མ་བརྟགས་འབྲེལ་པའི་རྒྱུ་ཡིས་ནི། །སེམས་ནི་འཁྲུལ་པར་གྱུར་ལས་ཡིན། །ག་ལ་ཡིན་ཡང་སྤྲིན་ནང་ནས། །གནམ་ལྕགས་འབབ་པར་འགྱུར་བ་བཞིན། །དེ་བཞིན་ཞེ་སྡང་གཏི་མུག་དང་། །ཉོན་མོངས་རིགས་གཞན་གང་ཡིན་པའང་། །ཁམས་གསུམ་དུ་ནི་

ཁྱབ་བྱེད་པ། །རྟོག་པའི་དུག་ལས་ཀུན་ཏུ་བྱུང་། །རྟོག་པ་ཡང་ནི་གཞི་མེད་པ། །ཡང་དག་ཉིད་དུ་ཡོད་མ་ཡིན། །འགའ་ཡིས་མེ་ལྕེ་འབར་བ་ནི། །ནམ་མཁའ་ལ་མཆེད་མཐོང་ངམ་ཅི། །མི་སྡུག་ལ་སོགས་གཉེན་པོའི་ཕྱོགས། །ཐུབ་པའི་དབང་པོས་གསུངས་པ་ནི། །དུག་ཟིན་
དོགས་པ་ཞི་བའི་ཕྱིར། །མཁས་པས་བརྫུན་གྱི་བསྔགས་བཞིན་ནོ། །ཀུན་ད་ཟླ་བ་པད་སོགས་མེད། །བཤད་སོགས་མེད་ཅིང་དངོས་ཡོད་མིན། །སད་པའི་སྐབས་ཀྱི་བུད་མེད་ལུས། །རྨི་ལམ་གྱི་ནི་སྐབས་བཞིན་ནོ། །འདོད་ཆགས་དང་ནི་ཆགས་བྲལ་ཉིད། །དེ་ལྟར་ཤེས་ན་གཉི་ག་བརྫུན། །
འགའ་ཞིག་ཆད་པ་ཕྱེ་བ་ལ། །ཆགས་པ་མ་ཡིན་ཆགས་མེད་མིན། །གང་ཞིག་ཆགས་དང་བྲལ་བ་དེས། །སླར་ཡང་ཆགས་ཀྱེ་ཐེ་ཚོམ་མེད། །དེ་ཕྱིར་འདོད་སྤོང་དོན་གཉེར་བས། །ཆགས་བྲལ་ལ་ཡང་བརྟེན་མི་བྱ། །ཨེ་མའོ་འཇིག་རྟེན་ལས་འདས་པའི། །ལམ་འདི་རྣམ་པར་དབེན་པ་ཉིད། །
གང་ཞིག་གཞན་གྱི་ཚིག་བདེན་ན། །དེ་ཉིད་ཁོ་ནས་ཚིག་འདི་བརྫུན། །གནོད་པ་བྱེད་ལ་བདེན་པར་ཡང་། །གང་ཞིག་སྨྲ་བར་བརྫུན་པ་ཉིད། །བདེན་དང་བརྫུན་པར་ཅི་ཞིག་དངོས། །གང་ཞིག་གཞན་དོན་བྱེད་དེ་བདེན། །བདེན་ལ་བདེན་པའི་ཡེ་ཤེས་ནི། །མཁས་པས་བདེན་པར་གསུངས་པ་
ཡིན། །བདེན་པ་བརྫུན་པར་འཐོབ་པ་ཡིས། །བདེན་པ་ལ་ནི་གནས་མི་བྱ། །བྱིས་པའི་འཇིག་རྟེན་རྣམས་ཀྱི་ཚིག །བདེན་པ་ལས་ནི་བརྫུན་པ་མཆོག །ཐོས་བློ་དེ་ཉིད་མིན་པའི་ཕྱིར། །ཐམས་ཅད་མཐར་ནི་དེའི་བདག་ཉིད། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་དག་ཐམས་ཅད་
བརྫུན་པ་ཡིན། །དེ་བདེན་དེ་ནི་ཡང་དག་མཐའ། །གང་ཞིག་མ་བརྟགས་དེ་ཉིད་ཡིན། །ཨེ་མའོ་སྐྱེས་བུ་མ་དུལ་བ། །དེ་ཉིད་ཕྱིར་ནི་གནས་མེད་པས། །སྒྲུབ་པ་དང་ནི་སུན་འབྱིན་པས། །ཇི་ལྟར་མོས་པའི་དོན་དུ་འཇོག །ཐེག་པ་ཆེན་པོ་མི་ཤེས་པས། །བླུན་པ་འདི་ནི་ལེགས་
པ་ཡིན། །ལམ་ནོར་བ་ལས་འཕྱེ་བོ་ཉིད། །མགྱོགས་པ་མ་ཡིན་རིང་ཕྱིན་བརླག །གང་དག་ཐེག་པ་ཆེ་ལ་གུས། །དེ་ནི་བདེ་བར་གཤེགས་པ་པ། །རང་སྡེ་གཞན་དག་སྨན་ལ་གཞོལ། །ལམ་མིན་གཡང་སར་འཁོར་ཕྱིར་རོ། །སེམས་ནི་ཡང་དག་འཇུག་པ་ཡི། །རྣམ་པར་

དཔྱོད་ལ་མི་འཇུག་གི །འཁོར་བ་རབ་ཏུ་སྤང་བའི་ཕྱིར། །ཐམས་ཅད་བློ་ནི་མཚུངས་པ་ཡིན། །རྒྱུན་མི་འཆད་པར་འཇུག་པ་དེ། །ཐོག་མཐའ་མེད་པའི་བདག་ཉིད་ཅན། །འཁོར་བའི་རང་བཞིན་འདི་ཅི་ཞེས། །ཤེས་རབ་ཅན་གྱི་ཡོངས་སུ་ཚོལ། །སྣ་ཚོགས་འདི་
དག་གང་ལས་འབྱུང་། །གང་དུ་ཡང་ནི་འགག་པར་འགྱུར། །རང་གི་བག་ཆགས་ས་བོན་གྱི། །ཀུན་གཞི་རྣམ་པར་ཤེས་པ་ལས། །གཉིད་ལོག་བརྒྱལ་དང་མི་དྲན་དང་། །རྣམ་པར་ཤེས་པ་འགགས་པ་ལས། །སྙོམས་པར་འཇུག་ལས་ལྡང་བས་ན། །ས་བོན་ཐམས་ཅད་པ་ངེས་
གྲུབ། །དབང་དོན་ལས་བྱུང་ཐམས་ཅད་ནི། །འཇུག་པའི་རྣམ་པར་ཤེས་ཞེས་བྱ། །ཀུན་རྣམས་ཤེས་དང་ཐ་དད་མིན། །ཕྱིར་ཡང་དེ་རུ་འགག་པར་འགྱུར། །ཆུ་གཡོས་པ་ལས་དེ་དང་དེར། །རླབས་ནི་ཐ་དད་དངོས་འབྱུང་བཞིན། །སྐད་ཅིག་ལ་ནི་སྣང་བ་ཉིད། །ཕྱིར་ཡང་མི་
གཡོ་གཉིད་ལོག་བཞིན། །དེ་ནི་གཉིས་སྣང་གང་ཡིན་པ། །རིགས་པའི་སྤྱོད་ཡུལ་དེ་མ་ཡིན། །སྐད་ཅིག་ལ་ནི་བརྗོད་པ་ཡིན། །སྒྲ་དང་སྒྲ་བརྙན་ཇི་བཞིན་ནོ། །སྒྱུ་མ་མཁན་གྱིས་སྐད་ཅིག་ལ། །རྣམ་པ་སྣ་ཚོགས་སྟོན་པ་ན། །འགའ་ཞིག་གསང་བའི་གནས་ཤེས་ལ། །རང་
བཞིན་རྣམ་པར་གནས་པ་བཞིན། །བྱིས་པ་རྣམས་ལ་གཞན་དུ་སྣང་། །མཁས་ལ་དངོས་པོ་གཞན་ཡིན་ཏེ། །སྔོ་དང་དམར་པོར་ངེས་སྣང་བའི། །གཙང་སྦྲ་ཡི་ནི་བདག་ཉིད་བཞིན། །འདི་ཡི་རང་བཞིན་དྲི་མེད་འདོད། །རྣམ་པ་མེད་ཅིང་བརྗོད་དུ་མེད། །སངས་རྒྱས་མིན་པས་ནམ་ཡང་
ནི། །དེ་ཡི་ངོ་བོ་ཤེས་མི་ནུས། །ཐ་མལ་སྐྱེ་བོ་འདི་དག་བཞིན། །དེ་བཞིན་སངས་རྒྱས་ཀྱིས་མཁྱེན་མིན། །རབ་ཏུ་གྲགས་པ་དེ་ཉིད་དེ། །དེ་ཉིད་ཁོ་ན་དེས་མཁྱེན་ནོ། །ལུང་དང་བསྟན་བཅོས་ལ་དྲིས་ནས། །བདག་ཅག་སྨྲ་བ་འབའ་ཞིག་ཙམ། །མིག་དང་ལྡན་པའི་སྤྱོད་ཡུལ་གྱི། །
གཟུགས་ནི་དམུས་ལོང་རྣམས་ཀྱིས་བཞིན། །ཡེ་ཤེས་མིག་སྨན་ཁྱད་པར་གྱིས། །གནས་སྐབས་དེ་རུ་མ་འོངས་འགྱུར། །གང་ཕྱིར་ཐུབ་པའི་དབང་པོ་བཞིན། །བདག་ཅག་དེ་ཉིད་བདེན་མཐོང་འགྱུར། །བྱིས་པ་རྣམས་ཀྱིས་ཡང་དང་ཡང་། །འདིར་ནི་གང་དང་གང་བསྒོམས་པ། །དེ་

དང་དེ་ལ་མདུན་ན་སྣང་། །བསྒོམས་པའི་སྟོབས་ལས་བྱུང་བ་ཡི། །གོས་རྣམས་བསྒོས་ཀྱང་མ་གོམས་པས། །ཡན་ལག་ལ་ནི་གནོད་པ་ཡིས། །ཤིན་ཏུ་གྲང་བའི་བ་མོས་ཀྱང་། །མིག་ལ་མ་ཡིན་ངོ་མཚར་ཆེ། །གོམས་པའི་སྟོབས་དང་འབྲེལ་པའི་ཕྱིར། །ལག་པས་ཀྱང་ནི་ཉིད་བྱེད་
པའི། །མཉེད་མཁན་ལ་ནི་ལྤགས་པ་ཡི། །དྲི་ངས་ཤིན་ཏུ་གནོད་པ་མེད། །ལུས་དང་ལྡན་པས་ཐོག་མ་རུ། །དུག་ཟོས་པས་ནི་འཆི་བ་ཉིད། །དེ་ཉིད་གོམས་པའི་སྦྱོར་བ་ཡིས། །མཐར་ནི་བཅུད་ཀྱིས་ལེན་དུ་འགྱུར། །འབྱུང་བ་རྣམས་ཀྱང་ག་ལས་བྱུང་། །ལས་ལས་སྐྱེས་ཞེས་
མི་རིགས་ཏེ། །འབྱུང་རྣམས་དེ་དང་འབྲེལ་མེད་དེ། །ལས་ཀྱི་བག་ཆགས་སེམས་གནས་ཕྱིར། །ལེགས་བྱས་རྒྱུ་ཡི་རྣམ་རིག་ནི། །དེ་ཕྱིར་ཞི་བའི་རྣམ་པ་ཡིན། །སྟག་དང་སེང་གེ་དོམ་དང་སྦྲུལ། །གསོད་ཅིང་ཤིན་ཏུ་འཇིགས་པ་ཡིན། །གལ་ཏེ་ཤེས་པའི་དངོས་ཉིད་ལ། །འབྱུང་བར་
བརྟག་པ་མ་ཡིན་ན། །རྐང་པ་ལག་པའི་གཡོབ་ལ་སོགས། །ཇི་ལྟར་གཞན་ལས་བྱས་པར་འགྱུར། །རླུང་ལས་ཤེ་ན་རླུང་གང་ལས། །འབད་པ་ཡིས་ན་དེ་གང་ལས། །གལ་ཏེ་འདོད་ཡིན་དེ་ཉིད་ནི། །ཁྱོད་ནི་ལམ་དུ་ངེས་པར་ཞུགས། །ཕ་མའི་ཁུ་བ་ཁྲག་དག་ལས། །མགོ་དང་རྐང་
སོགས་ངོ་བོ་དང་། །ཤིང་རྣམས་དངོས་པོ་ས་བོན་ལས། །ཇི་ལྟར་སྐྱེ་ཞིང་འཕེལ་བར་འགྱུར། །ཁ་ལས་སྒྲ་ནི་ཅི་ཕྱིར་དང་། །རྫ་རྔ་ལས་ནི་ཡང་འབྱུང་བ། །ཐ་དད་པ་ཡི་རྒྱུ་འདི་ལས། །དངོས་དང་དངོས་པོ་མེད་པར་སྣང་། །བྱ་རྣམས་ནམ་མཁའ་ལ་ལྡིང་ཞིང་། །མུན་པའི་ནང་དུ་དངོས་
མཐོང་དང་། །ཁུང་དུ་བྱི་བ་ལ་སོགས་དང་། །ཉ་རྣམས་ཀྱིས་ནི་ཆུ་ནང་དུ། །སྦྲུལ་རྣམས་ཀྱི་ནི་མིག་གཉིས་ཀྱིས། །ཐོས་པ་དང་ནི་མཐོང་བ་ཡིན། །འགལ་བ་གཞན་དང་གཞན་རྣམས་ནི། །དེ་བཞིན་དུ་མ་འཁོར་བ་བསྟེན། །གནས་དང་གནས་པ་མ་མཐོང་བའི། །གོམས་
པས་དགྲ་ལ་ཕོག་པ་ཡི། །ཤེས་པའི་རྟོག་པ་མ་རྟོགས་པར། །འབེན་ལ་མི་འཆོར་ཇི་ལྟར་ཕོག །ཆུ་ཡི་རྒྱུན་ནི་ཅི་བཞིན་དུ། །གལ་ཏེ་རྣམ་ཤེས་རྒྱུ་མིན་ན། །དང་པོ་བཟུང་བ་གོམས་མེད་ཤོར། །ཕྱི་ནས་བཟུང་འདི་དགོས་མ་ཡིན། །རི་བོ་རྣམས་ནི་མཐོ་གྱུར་དང་། །

རྒྱ་མཚོ་ཆེན་པོ་གཏིང་དཔག་དཀའ། །ཕྲ་རབ་རྣམས་ནི་འདུས་པ་ཡི། །བྱ་བ་མེད་ན་སུ་ཡིས་བྱ། །ནུས་དང་ལྡན་པས་བྱས་ན་ནི། །དེ་ཉིད་སྨྱོན་པ་བཞིན་དུ་ཡང་། །བདག་གིས་འབད་པ་ཞེས་བྱ་བས། །འཇིག་པའི་དུས་ལ་ཇི་ལྟར་འཇིག །ཁབ་ལོང་
གིས་ནི་རྡོ་སོགས་ཀྱི། །ལྕགས་ལ་སོགས་པ་འདྲེན་ཕྱིར་དང་། །སྨན་དང་སྔགས་ལ་སོགས་པ་ཡི། །ནུས་པ་སུ་ཞིག་གིས་ནི་སྤྲུལ། །དེ་ཕྱིར་མ་རིག་སྣ་ཚོགས་པས། །ཅོག་ཆུང་སྒྲ་སྙན་རྒྱ་ཆེན་བཞིན། །ཇི་ལྟར་སྣང་བ་འདི་ཐམས་ཅད། །དེ་དག་སེམས་ཀྱིས་ཉེ་བར་སྤྲུལ། ཟད་
པར་བསྒོམ་པའི་རྣལ་འབྱོར་པས། །ཅི་ལྟ་བུར་ནི་ཡང་དག་འགྲུབ། །བརྟན་པའི་རང་བཞིན་དངོས་པོ་རྣམས། །གཞན་དང་གཞན་དུ་ཇི་ལྟར་གཞག །དེས་ན་འཁྲུལ་པར་རིགས་པ་ཡིན། །རྣམ་པ་དུ་མའི་ཤེལ་བཞིན་དུ། །འདི་དག་སེམས་ཀྱིས་ཁྱབ་པ་སྟེ། །བག་ཆགས་ཆུ་ལ་ཏིལ་
མར་བཞིན། །འཇིག་རྟེན་པ་ཡི་ངོ་མཚར་རྣམས། །འགའ་ལའང་ངོ་མཚར་གྱུར་མ་ཡིན། །ས་བོན་ཐམས་ཅད་ས་ལ་ནི། །འདི་དག་མ་ལུས་ཡོད་ཅེས་བསམ། །ཇི་ལྟར་ཕྱི་རོལ་གནས་སྣང་བ། །རེ་ཞིག་དངོས་འདི་ཡོད་ཡིན་ན། །དེ་དག་ཡོད་པ་ཉིད་དུ་ཡང་། །ཁྱེད་ཀྱིས་ཅི་ལྟར་ངེས་
པར་བཟུང་། །ཨེ་མ་སེམས་ཡིན་ཞེ་ན་རིགས། །རྒྱུ་མེད་པར་ནི་ཅི་ཕྱིར་སྡང་། །གང་ཡིན་དེ་ནི་རྣམ་པ་ནི། །བག་ཆགས་འབྲས་བུ་མི་འདོད་དམ། །རྣམ་པར་ཤེས་པ་ཕྱིར་བྱུང་ནས། །ཕྱི་ཡི་ཡུལ་རྣམས་འཛིན་ནམ་ཅི། །ཐོག་ནས་དེ་ཅི་ཡོད་དམ་མེད། །གལ་ཏེ་ཡོད་ན་ཡུལ་ཅི་དགོས། །
ལུང་གི་དོན་ནི་ངེས་ཡིན་ན། །མངོན་སུམ་དོན་ལ་ལུང་ཅི་དགོས། །མི་སྣང་འཇིག་རྟེན་ཕ་རོལ་སོགས། །ལུང་ལས་གསུངས་པའི་རྗེས་འབྲང་རྟོགས། །དྲང་བའི་དོན་ཡིན་ཕྱིར་ཡང་སྟེ། །ལུང་གིས་ཡོད་པར་འགྲུབ་མ་ཡིན། །གཟུགས་ལ་སོགས་པའི་སྐྱེ་མཆེད་ཀྱང་། །བསྟན་པ་སེམས་
ཀྱི་སྤྱོད་ཡུལ་ལོ། །རང་གི་ས་བོན་ལས་སྐྱེ་བས། །དབང་པོ་རྣམས་ཀྱང་སེམས་ཉིད་ཡིན། །ཡུལ་གྱི་རྣམ་པ་སྐྱེ་བ་ལའང་། །དེ་ཉིད་ལ་ནི་ཡུལ་དུ་བརྗོད། །འདི་དག་བློ་ཡི་ཆ་ཡིན་པར། །མཁས་པ་ཡིས་ནི་ཡོངས་སུ་རྟོགས། །ཆ་ཤས་མེད་པའི་སེམས་འདི་ལ། །འཇིག་རྟེན་

ཀུན་རྫོབ་བདེན་པར་ཡོད། །འདི་ལ་མིག་མེད་གཟུགས་ཀྱང་མེད། །སྣང་བ་མེད་ཅིང་ཡིད་བྱེད་མེད། །རྨི་ལམ་ལྟ་བུའི་འཁྲུལ་པའི་སེམས། །ཐམས་ཅད་ཡོད་མིན་མེད་པའང་མིན། །བཟང་དང་ངན་པའི་གྲོགས་བསྟེན་ལས། །རྒྱུད་ནི་གང་ཡིན་ཁྱད་པར་འགྱུར། །གཞན་གྱི་སེམས་
ཀྱི་དབང་གིས་ནི། །དེ་ཡང་འབྱུང་པོས་བཟུང་སོགས་བཞིན། །ཉེ་བའི་རིམ་པས་གཞན་བསད་ན། །སྐད་ཅིག་མར་ཡང་འདོད་མ་ཡིན། །འོན་ཀྱང་ཚུལ་འདིས་གང་དུ་ཡང་། །གསད་བྱ་མེད་ཅིང་གསོད་བྱེད་མེད། །མི་འདོད་པ་ཡི་ལུས་ཀྱི་མཐུས། །དྲག་ཤུལ་སྤྱོད་པའི་རྣམ་རིག་ནི། །འཇིགས་
པའི་དོན་དུ་འདི་སྐྱེས་ཏེ། །དམྱལ་བ་རྣམས་ཀྱི་འབའ་ཞིག་བཞིན། །ཇི་ལྟར་སྣང་བ་དེ་བཞིན་དུ། །ཆོས་ཀྱི་རང་བཞིན་གལ་ཏེ་ཡིན། །ཡང་དག་དོན་ནི་མཐོང་བའི་ཕྱིར། །འགྲོ་བ་ཐམས་ཅད་ཅིས་མི་གྲོལ། །དེ་ཉིད་ཀྱི་ཕྱིར་འཁྲུལ་པ་ཡིན། །འགྲོ་བ་འདི་ལ་རང་བྱུང་རྣམས། །ཐུགས་རྗེས་འཁྲུལ་པ་
སྤང་ཕྱིར་ཡིན། །བདག་ཉིད་བདེ་ལ་དོན་མེད་འགྱུར། །གློག་དང་འབྲུག་དང་ཆར་དག་ནི། །སྤྲིན་དང་རླུང་དང་གནམ་ལྕགས་ནི། །སེམས་ཙམ་ཡིན་ལས་མ་གཏོགས་པར། །ནམ་མཁའི་དཀྱིལ་དུ་འགྲུབ་མ་ཡིན། །གལ་ཏེ་དངོས་པོ་ཡོད་ཡིན་ན། །འགའ་ཡང་བདག་ཉིད་ཀྱིས་གྲུབ་ན། །འདོད་
པའི་དབྱེ་བས་ངེས་ཕྱེ་བའི། །འདི་དག་དུ་མར་མཐོང་མི་འགྱུར། །འགའ་ཞིག་གཞོན་ནུ་ལ་ཆགས་ཤིང་། །གཞན་དག་བུད་མེད་བར་མ་ལ། །ཁ་ཅིག་ཚོ་ལ་གཞན་དག་ནི། །སྐེམ་དང་ཁ་ཅིག་སྔོ་བསངས་ལ། །གང་ཚེ་བུད་མེད་རྣམ་པ་ནི། །སེམས་ཉིད་ལས་སྐྱེས་དེ་ཡི་ཚེ། །ངོ་ཚ་དང་བཅས་
འདོད་ཆེན་གྱིས། །བདག་ཉིད་བདག་ལ་སུ་ཞིག་ཆགས། །འདི་དག་ཐམས་ཅད་བློ་ལྡན་གྱིས། །ཐམས་ཅད་དུ་ནི་རང་དངོས་ཡིན། །ཡུལ་གྱིས་ཏེ་བར་ལོངས་སྤྱོད་ཕྱིར། །བྱིས་པ་ལྟ་བུར་འཇུག་མི་རིགས། །རང་གི་རྨི་ལམ་གྱིས་འཁྲུལ་ཕྱིར། །ལག་པ་ཡིས་ནི་ལག་བཟུང་ནས། །
བདག་གིས་རྐུན་མ་འདི་ཟིན་ཅེས། །སྨྲ་བ་གཞན་གྱིས་སྤོང་བར་བྱེད། །དུད་འགྲོ་རྩྭ་སྐམ་བཟའ་བར་སེམས། །མི་རྣམས་བཟའ་བར་སེམས་མ་ཡིན། །རྣམ་རྟོག་འཇུག་པ་ངོ་མཚར་ཆེ། །རྣལ་འབྱོར་པས་ཀྱང་བསམ་མི་ཁྱབ། །རི་དྭགས་མེ་མདག་མི་ཟ་ཞིང་། །དུག་གི་བྱི་བ་དུག་

གིས་ནི། །སྲོག་ནི་མཐའ་རུ་བྱེད་པས་ཀྱང་། །དེ་ནི་འཆི་བར་འགྱུར་མ་ཡིན། །མས་དྲན་པ་ཡིས་རྒྱུད་དང་ནི། །རེག་དང་གཉིད་དང་རླུང་རྣམས་ཀྱིས། །ཉ་དང་བྱ་དང་ཁྱི་དང་སྦྲུལ། །སེམས་ཅན་གཞན་རྣམས་འཚོ་བ་ཡིན། །སྣ་ཚོགས་ལས་ཀྱིས་དབེན་པ་
ཡི། །སླཀྵ་མཐོང་ན་སྦྱིན་མོ་དང་། །གནོད་སྦྱིན་འཁོར་གྱི་སྐྱེ་ཚོགས་ཀྱིས། །རང་གི་ཁྱིམ་དང་འདྲ་བར་རོ། །ཡི་དྭགས་ཀྱིས་ཆུ་རྣག་འབྲུབ་ཅིང་། །བཤད་གཅི་རྙོག་པ་དང་ལྡན་སྣང་། །མི་ཡིས་ཆུ་བོ་དྲི་མེད་པར། །མཐོང་བ་དང་ནི་འཐུང་བའང་ཡིན། །དགེ་མིན་དགེ་བའི་
འབྲས་རྣམ་པ། །ལས་ཀྱི་བག་ཆགས་ཀྱིས་བསྒོས་པས། །རྣམ་རིག་དེ་དང་དེ་ཉིད་ནི། །སྟོང་པ་ཉིད་ཀྱི་དོན་ལ་འཇུག །ཨེ་མའོ་ཡུལ་ནི་སྣ་ཚོགས་པ། །དུས་གཅིག་ལ་ནི་དུ་མ་རུ། །རྟོག་པའི་རྗེས་སུ་འགྲོ་བ་ཡིས། །རོལ་མོའི་ཚོགས་ཀྱི་སྒྲ་བཞིན་ནོ། །གལ་ཏེ་དོན་ཡོད་དོན་
བྱེད་ཉིད། །མེད་ནའང་དེ་རུ་མི་འགྱུར་རོ། །གཞན་གྱིས་སྐྱུར་ལྡན་སེའུ་ཟོས་པས། །གཞན་གྱི་ཁ་ནས་ཆུ་འཛག་འགྱུར། །མཚན་མོ་འབྲས་བུ་ཟ་བ་ལས། །གཞན་འགའ་ཞིག་གིས་དྲིས་པ་ན། །གལ་ཏེ་སེའུ་ཟ་ཞེས་སྨྲས་ན། །ཐོས་པས་འགྱུར་བ་མིན་ནམ་ཅི། །རྨི་ལམ་
མཛེས་མ་དང་འཕྲད་པའི། །བདེ་བ་ཐོབ་ལ་རྒྱུ་ཡོད་མིན། །དོན་མེད་པ་ལས་ཁུ་བ་ནི། །ཤོར་ཞིང་འབྱུང་བ་མིན་ནམ་ཅི། །རྨི་ལམ་མཐོང་བ་འདི་ཡོད་ན། །གལ་ཏེ་གོམས་པའི་སྟོབས་ཀྱིས་འཛིན། །གཞོན་ནུ་མ་སྦྲུམ་བུ་སྐྱེས་པ། །མཐོང་བ་འདི་ནི་རིགས་ལྡན་མིན། །ཁང་
པའི་ནང་དུ་ཡུན་རིང་དང་། །ལམ་དང་རི་དང་ཡུལ་རྣམས་ནི། །རྣམ་པ་ཐ་དད་མཐོང་བའི་ཕྱིར། །རྨི་ལམ་མཐོང་ལ་དོན་མེད་དོ། །རྣམ་པར་རིག་པའང་རྣམ་རིག་གི །དོན་མིན་གལ་ཏེ་མི་འདོད་ན། །དེ་ཚེ་དེ་ཡི་གྲུབ་པའི་མཐའ། །ངེས་པར་རགས་པའི་གནས་ཐོབ་འགྱུར། །གཞན་
གྱི་སེམས་ལ་སོགས་པའི་ཡུལ། །རྣལ་འབྱོར་པ་ཡིས་གང་ཤེས་པའང་། །དེ་ཡང་ཤེས་པ་ཁོ་ན་མིན། །བདག་ཉིད་སེམས་ཀྱིས་མོས་པ་བཞིན། །ཀུན་རྫོབ་ལྡན་ཤེས་ཐམས་ཅད་ལ། །མཁས་པ་དང་ནི་གཞན་དག་གིས། །བཟུང་བ་དང་ནི་སྟོན་པ་ནི། །མཚུངས་པ་ཁོ་ནར་རབ་ཏུ་

འཇུག །སྟོང་ཉིད་མཐོང་བའི་དང་པོ་རུ། །སྣང་བ་ཁོ་ནར་འབྲས་ཆེན་ཡིན། །གང་ཕྱིར་འཇིགས་མེད་ཐོབ་པ་ནི། །འཇིག་རྟེན་གཞན་བཞིན་འཇིགས་པ་མེད། །འཆི་བ་དང་ནི་སྐྱེ་བ་ཉིད། །སྤྲུལ་པ་འདྲ་བ་ཉིད་དུ་བཞེད། །བདག་ཉིད་གང་ཡིན་དེ་ཡིས་ནི། །དེ་ལྟར་འཇིགས་པ་ཞེས་
བྱར་འགྱུར། །འདི་དག་ལས་ཀྱི་སྤྲུལ་ཉིད་དུ། །ས་ནི་གསུམ་པོ་ཤེས་པ་ཡང་། །གལ་ཏེ་ཕྱིར་ཡང་འཇིགས་འགྱུར་ན། །ཀྱེ་མ་བདག་འདྲའི་སྐྱེ་བོ་ཉམས། །ཡན་ལག་མཆོག་ནི་གཉིས་པ་དང་། །དེ་བཞིན་མིག་ནི་གསུམ་པ་སྟེ། །བཅད་དང་ཕྱུང་བར་དོགས་པ་ནི། །དེ་གཉིས་
མེད་ན་གང་ལས་འགྱུར། །དེ་ལྟས་བློ་དང་ལྡན་པས་ཡུལ་འདི་རྣམ་པར་ངེས། །ལྷག་པའི་དྲི་མ་དང་འདྲེས་རྣམ་པར་བསྒོམས་པས་ཀྱང་། །དག་པའི་ཕྱིར་ན་ནམ་ཡང་དྲི་མ་ལྡན་མ་ཡིན། །སྤྲིན་དུམ་མ་དག་པ་ཡིས་དྲི་མེད་ནམ་མཁའ་བཞིན། །འདིར་ནི་མང་སྨྲས་ཅི་ཞིག་བྱ། །གལ་ཏེ་འགའ་
ཞིག་གིས་བསྒོམས་ན། །ཁྱི་དང་རི་བོང་རྟ་མགོར་སྐྱེས། །རྭ་ཡང་མཐོང་བར་སྣང་བ་ཡིན། །སྦལ་པ་རལ་པའི་ཐོད་བཅིངས་ཤིང་། །ཁ་དོག་གསལ་བའི་ཐལ་བས་བྱུག །ཚངས་པའི་སྐུད་པ་དཀར་པོ་ཐོགས། །ཕྲག་པ་ལ་ནི་སྤྱི་བླུགས་བཞག །ཁང་པ་མུན་པ་དང་བཅས་ལ། །
འཇིགས་པ་དེ་དང་དེར་བརྟགས་པས། །རང་སེམས་ངེས་པར་སྣང་བ་ནི། །བྱིས་པས་གདོན་མཐོང་མིན་ནམ་ཅི། །ཤིན་ཏུ་འཇིགས་པའི་གནོད་སྦྱིན་གཟུགས། །རང་གིས་བྲིས་ནས་བལྟས་པ་ཡིན། །དབེན་པ་རུ་ནི་གཅིག་པུ་ཡང་། །རི་མོ་མཁན་འཇིགས་མིན་ནམ་ཅི། །སྡོང་
དུམ་ལ་ནི་རྐུན་མ་དང་། །ཐག་པ་ལ་ནི་སྦྲུལ་བརྟགས་པས། །སྐྱེ་བོ་དུ་མ་གློ་བུར་དུ། །འཇིགས་པ་ཐོབ་པ་མ་ཡིན་ནམ། །རང་གི་རྟོག་པས་བཟོ་བྱས་པ། །བདེན་ཉིད་མིན་པའི་ཡུལ་རྣམས་ཀྱིས། །བྱིས་པ་ཐམས་ཅད་རྣམ་བཅོམ་སྟེ། །བདག་ཉིད་ཀྱི་ནི་སྐྱོན་ལས་སོ། །ཉིན་
མཚན་མཚུངས་པའི་ལོང་བ་ལའང་། །ནམ་ལངས་ཞེས་བྱའི་སྒྲ་ཐོས་ནས། །སྔོན་གྱི་རྫས་རྣམས་མཐོང་བ་ནི། །སྣང་བར་བཅས་བཞིན་སྐྱེ་བར་འགྱུར། །ཡུལ་དུས་ལ་སོགས་དངོས་པོ་རྣམས། །རྨི་ལམ་འཁྲུལ་པའི་རྣམ་ཤེས་ལ། །ལམ་ནི་ཐུང་ངུ་དག་ལ་ཡང་། །རིང་པོར་

སྣང་བས་དུབ་པར་འགྱུར། །དེ་བཞིན་གང་ཕྱིར་འདོད་ལྡན་གྱི། །སྐྱེས་བུ་འདོད་མ་དང་བྲལ་ན། །ཆུ་ཚོད་གྲངས་མཚུངས་ཉིན་མོ་ཡང་། །ལོ་བརྒྱད་དག་དང་མཚུངས་པར་འགྱུར། །དེ་ཉིད་གཟིགས་པ་དེ་རྣམས་ཀྱི། །དེ་ལྟའི་ཚུལ་དུ་དེར་བརྟགས་ནས། །
ཐ་སྙད་དུ་ནི་མཛད་ན་ཡང་། །བདེན་ནོ་སྙམ་དུ་མི་སེམས་སོ། །དེ་ལྟར་བསྟན་པས་སྣ་ཚོགས་འདི། །རྟོག་པའི་མཚོན་གྱི་རྒྱུ་ལས་ནི། །ཐམས་ཅད་རི་མོ་འདྲར་མཐོང་སྟེ། །ངོ་བོ་ཉིད་ཀྱི་མཐོང་མ་ཡིན། །ཨེ་མའོ་བདེན་མིན་ཀུན་ཏུ་རྟོག་པས་ཐོག་མ་མེད་པའི་འཁོར་བ་རུ། །ས་གསུམ་
པོ་འདི་བསྡུས་པ་བཞིན་དུ་སེམས་ཀྱིས་ནམ་མཁའ་དག་ཁྱབ་པར། །བྲིས་པའི་མཉམ་དང་མི་མཉམ་མཐོ་དམན་འགྲོ་བ་ངོ་མཚར་ལས་ངོ་མཚར། །བདེན་ནོ་ལྟ་བུར་འཁྲུལ་པས་རིག་པར་ཡང་ནི་བློ་ཡིས་གཟུང་བར་བྱ། །གལ་ཏེ་དངོས་པོ་དངོས་གྱུར་ན། །སླར་ཡང་དངོས་མེད་འགྱུར་བ་
ཅི། །དེ་བཞིན་ཉིད་བསྟན་རང་བཞིན་ཕྱིར། །རྣམ་གཞན་ཉིད་དུ་མི་འཐད་དོ། །མིང་དང་རིགས་སོགས་ཡོན་ཏན་གྱིས། །གང་ཞིག་ཆོས་རྣམས་མཐོང་གྱུར་པ། །ཕྱིན་ཅི་ལོག་གིས་བཅོམ་པ་ཡིས། །མཁའ་ཁོངས་རི་མོ་དེ་བྱེད་དོ། །དེ་ཕྱིར་སེམས་ཀྱི་རང་བཞིན་གྱི། །
ཆོས་རྣམས་རང་བཞིན་མེད་པ་ཉིད། །གང་ཞིག་རྣམ་པ་གཞན་དུ་རིག །དེ་ནི་དོན་དམ་རིགས་པ་མིན། །གལ་ཏེ་རྟོག་པ་ཡོད་མིན་ལ། །གལ་ཏེ་སྟོང་ཉིད་ཡོད་ན་ཡང་། །གསལ་བ་དང་ནི་མི་གསལ་བ། །རང་ཉིད་འབད་པ་མེད་པར་འགྱུར། །མི་ཤེས་ན་ནི་རྟོག་མི་ཉམས། །
རྟོག་པ་ཉམས་པ་རྟོགས་པར་བྱེད། །སྒྲིབ་བྱེད་བརྟན་པའི་རང་བཞིན་ཅན། །སྟོང་པ་ཉིད་ནི་གསལ་མི་འགྱུར། །འདི་དག་དབྱེ་བ་ཅུང་ཟད་མེད། །རྟོག་པ་མེད་པར་འགྱུར་ཞེ་ན། །གཞན་དབང་ཉིད་ཀྱིས་སྟོང་པ་ཉིད། །ཡང་དག་པར་ནི་མཐོང་བར་འགྱུར། །ཇི་ལྟར་འདི་ལ་
ཡང་དག་ཞུགས། །ངོ་བོ་ཉིད་གསུམ་མཐོང་བའི་ཕྱིར། །དེ་མཐོང་བ་ལས་ཆོས་ཀུན་ལ། །རིལ་པོར་འཛིན་པ་ལྡོག་པར་འགྱུར། །གཅིག་པུ་མཐོང་མི་ཐ་དད་པ། །གསུམ་གྱི་ཚུལ་དུ་གསལ་བར་མཐོང་། །བག་ཆགས་ཀྱིས་བསྒྲིབས་ནུས་པ་ལས། །དེ་ལ་བརྟགས་

པ་བསལ་བར་འགྱུར། །ཀུན་བརྟགས་རིམ་གྱིས་དམན་པ་ལས། །གཞན་གྱི་དབང་ནི་རབ་ཏུ་གསལ། །དང་པོ་ལས་ནི་རབ་གཡོས་བཞིན། །རང་བཞིན་མ་མཐོང་ཚུལ་གྱིས་སོ། །རིམ་གྱིས་དེ་ཡི་སྣང་བ་དང་། །བྲལ་ན་སླར་ཡང་སྟོང་པ་ཉིད། །དེ་ཉིད་བསྟན་པར་
བྱེད་པ་བཞིན། །སྙིང་ལ་གསལ་སྣང་སྐྱེ་བར་འགྱུར། །དེ་ཡང་གློག་བཞིན་མི་བརྟན་པའི། །སྐད་ཅིག་ལ་ནི་འོང་ཞིང་འགྲོ། །རྣམ་ཀུན་ཐོག་མ་མེད་དུས་ཀྱི། །གཉིས་ཀྱིས་དེ་ཉིད་བསླད་ཕྱིར་རོ། །སླར་ཡང་ཇི་སྲིད་དེ་དབུས་སུ། །གཡོ་མེད་མ་གྱུར་དེ་སྲིད་དུ། །གཉིས་དང་
གཉིས་མིན་གོ་འཕང་དག །འཆར་ཞིང་ནུབ་པ་ཉིད་ཡིན་ནོ། །གཡོ་མེད་གྱུར་ནས་ཕྱིར་ཡང་ནི། །འོད་ཟེར་སྟོང་པར་ཤར་བ་བཞིན། །འགལ་ཕྱིར་མུན་པ་འཇུག་པ་ཡིས། །གནས་སྐབས་ཐོབ་པར་མི་འགྱུར་རོ། །གནས་སྐབས་དེ་ཡང་འདི་འདྲ་བར། །ཤེས་མིན་སྟོང་ཉིད་དུ་བརྗོད་
མོད། །འཇིག་རྟེན་ལ་གྲགས་མེད་པ་པའི། །དོན་གྱི་རྗེས་སུ་ལྟུང་བ་མིན། །མེད་པ་ཉིད་དང་གཟུགས་ཉིད་དོ། །འདི་ནི་ཐ་སྙད་དོན་དམ་དུ། །དངོས་པོ་མེད་པའི་ཆོས་རྣམས་ལ། །ཡོད་དམ་མེད་པ་སུ་ཡི་ཡིན། །ཁྱོད་ཀྱིས་དྲན་པར་མི་བྱ་ཞེས། །སྨྲས་ན་བཀག་པ་འདི་དྲན་པ། །ཇི་
ལྟར་དེ་ལྟར་ཡོད་མིན་པའི། །སྒྲ་ལས་གཞན་ནི་རྟོགས་པར་འགྱུར། །རྣམ་པར་རྟོག་ལས་དོན་རྣམས་ཤེས། །དོན་གྱི་བློ་ལས་རྣམ་རྟོག་ཀྱང་། །གཉི་ག་རྣམ་རྟོག་ཆོས་ཡིན་ཕྱིར། །ཡོད་པ་གང་ཡིན་མེད་གང་ཡིན། །རྟེན་ནི་གང་ཞིག་བསྒོམས་པ་ཡིས། །མེད་པ་ཡང་ནི་ཡོད་པར་
འགྱུར། །གལ་ཏེ་དེ་བཞིན་དུ་འདོད་པ། །དེ་བཞིན་ཡོད་པ་ཉིད་ཀྱང་ཐོབ། །དེ་བཞིན་ཡོད་དང་མེད་པ་དང་། །བདེ་སྡུག་ལ་སོགས་མེད་པར་བཞེད། །ལྟོས་པས་གྲུབ་པ་དེ་ཐམས་ཅད། །རིང་ཐུང་ལ་སོགས་བྱེ་བྲག་བཞིན། །སྐྱེས་བུའི་སྡུག་བསྔལ་ཞི་བ་ལ། །བདེ་བ་ཞེས་བྱར་རབ་ཏུ་
བརྟགས། །བདེ་བ་ཉམས་པ་སྡུག་བསྔལ་ཡིན། །གཉིས་པོ་འདི་ནི་ལྟོས་པས་ཡིན། །ལྟོས་པ་ཉིད་ལས་ཀུན་འབྱུང་བར། །འདི་དག་ཐམས་ཅད་ཤེས་པར་བྱ། །གཅིག་ཉིད་ལ་ནི་མ་ལྟོས་པར། །གཞན་དག་ཁོང་དུ་ཆུད་མ་ཡིན། །གཞན་སེལ་བ་ཡི་རྣམ་ཤེས་ནི། །སྤྱོད་ཡུལ་རྣམ་

པར་མ་དཔྱད་པར། །བསྟན་པ་ལ་སོགས་བསྒྲུབ་པ་ཡིས། །ཁ་ཅིག་འཁྲུལ་པ་ཡང་དག་བསྐྱེད། །ཡི་གེ་ཚིག་དང་ངག་དང་ནི། །རྟགས་རྣམས་དང་ནི་ཚིག་དང་ནི། །བྱ་བ་བྱེད་པའི་འབྲེལ་པ་དང་། །བརྫུན་ཕྱིར་རྗོད་པར་བྱེད་མ་ཡིན། །ཚིགས་བཅད་ཚིག་རྐང་ལྔ་པའམ། །གསུམ་པ་རུ་ནི་
ཅི་མི་འདོད། །རྗོད་བྱེད་བརྗོད་བྱ་ལ་ལྟོས་ནས། །མཁའ་འགྲོའི་དམ་ཚིག་བཞིན་དུ་འགྱུར། །ཆོས་རྣམས་གཟུང་བར་བྱ་བ་ཡིན། །སྔོན་གྱི་མཁས་པར་རང་འདོད་པས། །སྒྲ་རྣམས་སྦྱར་བས་ཉོན་མོངས་ལ། །འཇིག་རྟེན་པ་དག་ཅི་ཕྱིར་བཙུད། །འདི་ནི་སྣ་ཞེས་བརྗོད་པ་ན། །མགོ་
བོ་བསྐོར་བར་གྱུར་པ་ཡི། །ལག་ངར་བཀུག་པའི་ལག་པ་ཡིས། །དྲིས་ལ་སུ་ཞིག་སྟོན་པར་བྱེད། །སྒྲ་ཡི་བདག་ཉིད་འཇིག་རྟེན་པ། །བདག་ཉིད་གུས་པར་འགྱུར་མ་ཡིན། །སྒྲ་འདོན་པ་ཡི་སྦལ་ཚོགས་དང་། །བྲག་གི་དཀྱིལ་གྱི་གབ་ཚེ་བཞིན། །གཞན་གྱིས་གཞན་ནི་རིག་པ་
རུ། །འབྲེལ་པ་མེད་ཕྱིར་མི་རིགས་སོ། །རལ་གྲི་གཞན་ལ་བརྒྱབ་པ་ཡིས། །གཞན་དག་གཅོད་པར་བྱེད་དམ་ཅི། །མ་བྱས་པ་ཡི་དངོས་པོ་ནི། །འགའ་ཡིས་གང་ཡང་མཐོང་བ་མེད། །དངོས་པོ་མེད་པའི་ངོ་བོ་ཡིས། །དངོས་པོ་རབ་ཏུ་བསྐྱེད་པ་ཡིན། །དངོས་པོ་དངོས་པོའི་
རང་བཞིན་མིན། །དངོས་པོའི་དུས་ན་དངོས་མེད་ཕྱིར། །དེ་ཉིད་ཕྱིར་ན་འདས་པའི་དངོས། །འབྱུང་བ་ཞེས་ནི་བརྗོད་པ་ཡིན། །དེ་ཉིད་ཕྱིར་ན་སྐྱོབ་པ་ཡིས། །འབྱུང་བ་ཞེས་ནི་རབ་ཏུ་གསུངས། །འབྱུང་བ་ཀུན་གྱི་འབྱུང་མཆོག་ཕྱིར། །ངེས་པའི་ཚིག་ལ་མཁས་པ་ཡིན། །གཅིག་
ལ་བརྒྱ་ཡི་བློ་སྐྱེ་མིན། །དེ་བཞིན་བརྒྱ་ཡི་བར་ལའང་མེད། །དེ་བཞིན་དུ་ཡང་བརྒྱ་བརྗོད་པ། །སེམས་ནི་འཁྲུལ་པར་གྱུར་པ་ཡིན། །མཐོ་རིས་སོགས་པས་བུམ་པའམ། །མཐོང་བའམ་ནི་མ་མཐོང་བ། །དེ་ཡི་བདག་ཉིད་རྟོགས་འགྱུར་ན། །ཚིག་ཏུ་སྟོན་པས་ཅི་ཞིག་བྱ། །
གླང་པོ་དང་ནི་ས་སྲུང་གླང་། །བུད་མེད་དང་ནི་ལྷའི་བུད་མེད། །དེ་ལས་སྔ་ན་མེད་བློ་མེད། །མཐོང་བ་ལས་ནི་མཆོག་ཏུ་སྐྱེ། །མཐོང་བ་གཞན་མིན་སྨྲ་བའང་གཞན། །ཐོས་པ་གཞན་ཡིན་རྟོགས་པའང་གཞན། །དེ་ལྟར་འཇིག་རྟེན་སྨྱོན་པ་བཞིན། །བདག་ཉིད་ཁོང་དུ་ཆུད་མ་ཡིན། །བདག་

ཉིད་སྨྱོན་པ་ཡིན་ཞེས་པ། །དེ་ནི་ཇི་ལྟར་སྨྱོན་ཡིན་འགྱུར། །ཡང་དག་རང་ཤེས་སྨྱོན་པ་མིན། །རྣམ་པར་འཁྲུལ་པ་སྨྱོན་པར་བརྗོད། །ཡུལ་སོགས་ངེས་པའི་རྣམ་པར་ནི། །འགྲོ་བ་གསུམ་པོ་གང་སྣང་བ། །དེ་ཕྱིར་དེ་ནི་འཁྲུལ་མ་ཡིན། །རྣམ་པར་རིག་ཡིན་དེ་ཡི་ཕྱིར། །གླང་པོའི་དོན་
དང་དེའི་རྣམ་པ། །དེ་ཉིད་དངོས་མེད་མཁས་པ་ཡིན། །ཀུན་བརྟགས་ལ་སོགས་རང་བཞིན་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །སྒྱུ་མ་མཁན་གྱི་སྤྲུལ་པ་ཡིས། །གླང་པོ་གཅིག་པུ་ཁོ་ན་ལ། །དོན་སྟོང་དོན་དུ་སྣང་བ་དང་། །གཟུང་བའི་དངོས་པོ་བརྫུན་དོན་ཡིན། །དེ་ལྟར་ཡང་དག་
མཐོང་བས་སྔར། །དོན་དུ་འཛིན་པ་ལྡོག་པར་འགྱུར། །གཞན་དབང་དེ་ཡི་རྣམ་པ་ནི། །དེ་ཡི་སེམས་ལས་བྱུང་བ་ཡིན། །རྣམ་པ་དེ་ཡི་རྙོག་པ་ཡང་། །དོན་གྱི་དངོས་པོ་མེད་མཐོང་བས། །བག་ཆགས་སྤངས་པའི་ཕྱི་ནས་ནི། །ས་བརྒྱད་པ་ལ་ལྡོག་པར་འགྱུར། །སེམས་ཀྱི་འཁོར་ལོ་
ངེས་ལོག་ན། །ཕྱིར་ཡང་འཁོར་བས་འཁོར་མི་འགྱུར། །ཡོངས་སུ་གྲུབ་པའི་ཆོས་ཡིན་ཕྱིར། །འོན་ཀྱང་ཡང་དག་སྐྱེ་བ་འབྱུང་། །རི་མོར་བྲིས་བཞིན་གཡོ་བ་མེད། །རྟོག་པ་མེད་ཅིང་འདོད་པ་མེད། །དེ་ནི་གཉིས་མེད་སྤྱོད་ཡུལ་ཕྱིར། །ལེན་དང་འདོད་པ་ཅུང་ཟད་མེད། །སྨོན་ལམ་
རྣམས་ཀྱི་མཐུ་ཡིས་ནི། །ཐོག་མཐའ་མེད་པའི་སྲིད་གསུམ་དུ། །རྟོག་པ་མེད་པར་འཇིག་རྟེན་གྱི། །མུན་པ་སེལ་བྱེད་ཉི་མ་བཞིན། །དེ་ཕྱིར་བྱེད་པ་པོ་རྣམས་དང་། །སྐྱེས་བུའི་ལས་འབྲས་གང་ཡིན་པ། །དེ་ཡི་དགེ་དང་མི་དགེ་བ། །སྐྱོབ་པས་རྟོག་པའི་ངོ་བོར་གསུངས། །ཆོས་དང་
ཆོས་མིན་དཀའ་ཐུབ་གཏོང་། །བསྡམས་དང་དེས་བསྡམས་དུལ་བ་དང་། །དུད་འགྲོ་དམྱལ་བ་ཡི་དྭགས་དང་། །ལྷ་དང་བཅས་པའི་མི་རྣམས་དང་། །འབྱུང་དང་འབྱུང་འགྱུར་ཕུང་པོ་དང་། །ཁམས་དང་ཐུབ་པའི་བསྟན་པ་དང་། །སྟོན་པ་དང་ནི་ཉན་ཐོས་ཏེ། །ཐམས་ཅད་ཀུན་
རྫོབ་ཡིན་པར་བསྟན། །དང་པོའི་ལས་ཅན་འཇིག་རྟེན་པ། །དམ་པའི་དོན་ལ་གཞུག་པའི་ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་ཐེམ་པ་ལྟ་བུར་གསུངས། །དེ་ལྟར་བྱིས་པས་བརྗོད་པ་རྣམས། །མཐར་ནི་ཐམས་ཅད་འཇིག་པ་ཡིན། །བརྗོད་པར་བྱ་མིན་

དཔྱད་དུ་མེད། །ཅུང་ཟད་གཞན་ཡང་གསལ་བ་ཡིན། །དེ་ལ་ནམ་མཁའ་གསལ་བ་འདིས། །སྟོང་པ་ཉིད་ནི་གསལ་བར་བྱེད། །བདག་ཉིད་དང་ནི་སྟོང་པ་ཉིད། །ཅུང་ཟད་གནས་པའི་གནས་པ་མེད། །ཇི་སྐད་སྟོན་པའི་ལམ་འདི་ནི། །ཅུང་ཟད་ཀྱང་ནི་
མཐོང་བ་མེད། །ཉམས་ཤིང་ཞི་བ་སྤངས་པ་ཡི། །འཇིག་རྟེན་མ་ལུས་བཞད་གད་བཞིན། །བདག་ཉིད་ཀྱིས་ནི་སྔོན་གྱི་རབས། །དེ་བཟུང་བ་ཡི་རོ་གཅིག་དངོས། །གང་ཞིག་སེམས་པར་བྱེད་ན་ཡང་། །གདོན་མི་ཟ་བར་ངོ་མཚར་འགྱུར། །གལ་ཏེ་འདི་ཀུན་སྟོང་ཉིད་ཡིན། །དགེ་
བའི་རྩོམ་པ་དོན་མེད་འགྱུར། །གང་གི་སྟོང་ཉིད་དོན་བྱས་པ། །བདེན་ཏེ་དོན་ལ་དོན་མེད་ཡིན། །དེ་ཚེ་སྡིག་པའི་རྩོམ་པ་ཡང་། །དེ་ཡིས་ཤིན་ཏུ་མི་རིགས་སོ། །གང་ཚེ་སྟོང་མཐོང་རྣལ་འབྱོར་པས། །ཆད་པ་སྟོང་བཞིན་འཆིང་བ་མེད། །རྟོག་པའི་ནང་དུ་ལྷུང་བ་ལ། །དེ་དག་ཐམས་ཅད་
གཞན་ཉིད་འགྱུར། །རྒྱུ་དང་འབྲས་བུའི་དངོས་པོ་ཡི། །འཁོར་བའི་འབྲས་དེས་ཐོབ་ཕྱིར་རོ། །རྨི་ལམ་ན་བྱས་ལས་རྣམས་ལ། །དགེ་དང་མི་དགེ་ཅི་ཞིག་ཡོད། །མ་སད་པར་ཡང་འབྲས་མི་མྱོང་། །མ་ལུས་རྨི་ལམ་ཉིད་ན་ཡང་། །སད་ན་མེད་པར་ཤེས་པའི་ཕྱིར། །རྨི་ལམ་འཇུག་པའི་
འབྲས་བུ་མེད། །དེ་ཕྱིར་ཡེ་ཤེས་སྐྱེས་པས་ན། །ཐམས་ཅད་ཀྱི་འབྲས་མཐའ་རུ་བརྫུན། །རྨི་ལམ་མགལ་མེ་མིག་འཕྲུལ་ནི། །སྐྱེ་དང་འགག་པ་ཐ་དད་མེད། །རྒྱུ་དང་འབྲས་བུའི་དངོས་པོ་ནི། །གང་གིས་ཐམས་ཅད་ཡང་དག་མཐོང་། །ཉི་མ་གཞན་ལ་ཡུལ་མྱོང་དང་། །གང་ཞིག་རྨི་
ལམ་ངེས་སད་དང་། །རང་བཞིན་ཉམས་སུ་མྱོང་བ་ནི། །དེ་དག་བྱེ་བྲག་གང་ཡིན་སྨོས། །གང་དང་གང་ནི་རྟེན་ཅིང་འབྱུང་། །དེ་དང་དེ་ཡི་རང་བཞིན་ཞི། །སྒྱུ་མའི་ཡན་ལག་ཚོགས་པ་ཡིས། །སྒྱུ་མ་མཁན་གྱིས་སྟོན་པ་བཞིན། །རྣམ་པ་དུ་མ་ཐ་དད་པ། །གོས་འདྲ་བ་ཡི་དངོས་པོ་རྣམས། །
སྟོང་ཉིད་མེ་ཡིས་བསྲེགས་པ་ན། །ཐལ་བར་བྱེ་བྲག་འགའ་ཡང་མེད། །སྣོད་དང་སེམས་ཅན་ཞེས་བྱ་བའི། །འཇིག་རྟེན་གཉིས་ཀ་བསྲེགས་ནས་ནི། །བདག་ཉིད་དེ་ཡང་དེ་ཉིད་དུ། །མེ་ལྕེ་བཞིན་དུ་བསྲེགས་པ་ཡིན། །སྟོང་ཉིད་མེ་ཡིས་ངེས་བསྲེགས་པར། །དེ་ལྟར་འགྲོ་བ་གསུམ་མཐོང་

བས། །འཁོར་བ་རུ་ནི་གནས་པ་ན། །འགའ་ལའང་ཆགས་མིན་རྣལ་འབྱོར་པ། །གང་ཚེ་སྟོང་ཉིད་ལ་གནས་པས། །རབ་ཏུ་སྤྱོད་མིན་སྤྱོད་པའང་མིན། །སྤྱོད་པ་མ་ཡིན་སྤྱོད་ཡུལ་མིན། །དེ་ཚེ་དེ་ལ་ཕྲ་མོར་འབྱུང་། །སྟོང་ཉིད་ལ་གནས་ཕྱིན་ཆད་ནི། །བུད་ཤིང་བཞིན་དུ་ཐམས་ཅད་སྤོང་། །
མེ་བཞིན་ཡོངས་སུ་མྱ་ངན་འདས། །དེ་ནི་ལྷག་མ་མེད་པར་འགྱུར། །དེ་ལྟར་གྱུར་པ་ཐོགས་པ་མེད། །གོས་མེད་ཆགས་པ་ཡོད་མ་ཡིན། །ཕྱིར་ཡང་དུ་བ་འབྱུང་བ་མེད། །རྣལ་འབྱོར་རིག་པས་ཡང་འབར་མེད། །འབར་བ་མེད་པ་ཞི་བ་ཐོབ། །ཞི་བས་ཀྱང་ནི་ཉེར་ཞི་ཉིད། །ཉེ་བར་ཞི་
བས་རབ་ཞི་ཉིད། །རབ་ཏུ་ཞི་བས་ཡང་བསིལ་ཉིད། །བསིལ་བར་གྱུར་པས་གདུང་མེད་ཉིད། །གདུང་བ་མེད་པས་རིམས་མེད་བརྗོད། །རིམས་མེད་པ་ཡིས་རྡུལ་མེད་དག །གཉིས་མེད་གནོད་པ་མེད་པ་ཡིན། །བདག་གི་མེད་པས་རང་འཛིན་མེད། །སྲིད་པའི་རྒྱ་མཚོ་ཡང་དག་བརྒལ། །
ཕྱིར་ཡང་སྐྱེ་བ་ལེན་མི་བྱེད། །སྐྱེ་མེད་དེ་ལ་འཆི་བའང་མེད། །སྐྱེ་དང་འཆི་བ་སྤངས་པ་ཡིས། །བདུད་རྩིའི་གོ་འཕང་ཉམས་སུ་མྱོང་། །ཚུལ་དེ་ཐོབ་ནས་ཕྱིར་ཡང་ནི། །ཐོབ་པར་བྱ་བ་དམིགས་པ་མེད། །འཁོར་བར་སྐྱེ་བའི་སྡུག་བསྔལ་དང་། །སྡུག་བསྔལ་གྱིས་རྒྱུ་བདེ་བས་ཀྱང་། །
འདོད་ཆགས་ཞེ་སྡང་འཆང་མ་ཡིན། །ཐམས་ཅད་དུ་ནི་བཏང་སྙོམས་སྤྱོད། །ལྟོས་དང་བཅས་པ་ཐམས་ཅད་འཇིག །ལྟོས་མེད་རྟག་ཏུ་འཇིག་པ་མེད། །འཇིག་པ་མེད་པས་མི་འགྱུར་ཐོབ། །འཇིག་མེད་འགྱུར་བ་མེད་པར་བཞུགས། །འཇིག་པ་མེད་པའི་གནས་ཐོབ་པ། །
གང་ལའང་གནས་པ་མ་ཡིན་ནོ། །མྱ་ངན་འདས་པའམ་འཁོར་བ་ལ། །དབང་ཐོབ་ཁྱབ་བདག་དབང་བསྒྱུར་ཕྱིར། །དེ་དབང་དེ་ཐུབ་དེ་སྟོན་ཡིན། །བྱ་བ་བྱས་ཏེ་དེ་བཞིན་གཤེགས། །བདེ་བར་གཤེགས་ཏེའང་གང་ཡིན་པ། །ཡེ་ཤེས་དབང་ཕྱུག་རྣམ་འཕྲུལ་བའོ། །ཡུལ་
ལ་ཤིན་ཏུ་ཆགས་པ་ནི། །བྱིས་པའི་སེམས་ནི་མ་སྦྱངས་པས། །སྟོང་ཉིད་བསྟན་པ་ཐོས་པ་ཡིས། །སྙིང་ནི་གཉིས་སུ་འགས་པར་འགྱུར། །རྒྱ་ཆེ་བ་ཡི་ཆོས་ཐོས་དང་། །བཤེས་གཉེན་བཟང་པོ་བསྟེན་པ་དང་། །རིགས་ལྡན་འབར་བར་བྱེད་པ་ནི། །འདི་ལ་འཇུག་པར་

འགྱུར་བ་ཡིན། །རྟག་ཏུ་བརྩོན་དང་སྦྱོར་ལྡན་པ། །ལམ་འདི་ལ་ནི་རྗེས་ཞུགས་པས། །རིང་པོར་མི་ཐོགས་ཆོས་རྣམས་ཀུན། །བདག་མེད་པ་ནི་རྟོགས་པར་འགྱུར། །ཆོས་འདི་ཡོངས་སུ་མ་བསྒོམས་པས། །ཆོས་ཉིད་ཐོབ་པར་མི་འགྱུར་ཏེ། །ཆུ་ནི་ཐོས་
དང་མཐོང་བ་ཡིས། །མ་འཐུངས་སྐོམ་པ་ཇི་ལྟར་བཟློག །ཚུལ་གནས་ཐོས་དང་ཤེས་རབ་ལྡན། །བསོད་ནམས་ཚོགས་ནི་ཡང་དག་བསགས། །ཡུལ་རྣམས་ལ་ནི་དུག་བཞིན་བལྟ། །ལུས་དང་སྲོག་ལ་ཆགས་པ་མེད། །ཁྱིམ་མམ་ཡང་ན་ནགས་སུ་ནི། །བྱང་ཆུབ་སེམས་དཔའ་
མཉམ་གཞག་སྟེ། །དང་པོར་བདག་མེད་ལམ་གྱིས་ནི། །སངས་རྒྱས་གོ་འཕང་ལ་འཇུག་པས། །འཇིག་རྟེན་དོན་ནི་གཙོ་བོར་བྱས། །རང་དོན་ཞར་མཛད་ཐུགས་རྗེའི་བདག །འཇིག་རྟེན་ཉིད་དང་ཆོས་རྣམས་ནི། །རང་བཞིན་གསུམ་གྱི་ངོ་བོ་ཉིད། །སྐད་ཅིག་ཙམ་ཡང་སྐབས་ལྡན་ན། །
ཁྱིམ་པར་གྱུར་པ་ཡིན་ཡང་བསྒོམ། །སྐྱིལ་མོ་ཀྲུང་ནི་བཅས་ནས་སུ། །སྣ་རྩེར་གཡོ་བའི་ཡིད་བསྡུས་ལ། །ལོངས་སྤྱོད་ཉིད་ནི་ཉེར་གནས་པ། །བརྫུན་དང་སླུ་བར་བྱེད་པ་ཡིན། །ཇི་ལྟར་སྣང་བའི་རང་གི་སེམས། །དམིགས་པ་མདུན་དུ་བྱས་ནས་ནི། །འདོད་ཆགས་གནས་ལ་ཆགས་མི་
བྱ། །ཉེས་དང་ལྡན་ལ་སྡང་མི་བྱ། །གཏི་མུག་བཅས་པས་རྨོངས་མི་བྱ། །མཁས་པས་དམིགས་པར་མི་བྱའོ། །ཆགས་པའི་གནས་ལ་ཆགས་བྱེད་དང་། །ཞེ་སྡང་ཅན་ལ་སྡང་བས་གནོད། །ཉོན་མོངས་ཤིན་ཏུ་འཕེལ་བའི་ཕྱིར། །རྨོངས་པ་གཏི་མུག་གིས་ནི་ཉམས། །ཏིང་ངེ་
འཛིན་ནི་མི་བརྟན་ཕྱིར། །རྣམ་པར་རྟོག་པས་ཉམས་བྱས་ནས། །ཉམས་པའི་སྒོ་ནི་དེ་དང་དེས། །གཞན་དག་ཉིད་ནི་རབ་ཏུ་རྟོག །རྨོངས་པའང་འདུ་ཤེས་རྨོངས་པའི་ཕྱིར། །རྨོངས་པའི་དངོས་པོ་སེམས་དཔའ་ཡིན། །ཤིན་ཏུ་མུན་ནག་སྨག་ཏུ་ལྷུང་། །འཁྲུལ་པ་ཡིས་ནི་ལོང་
བ་བཞིན། །མཁས་པས་དམིགས་པའི་གནས་ལ་ནི། །བཟློག་པ་རུ་ནི་ཡིད་ལ་བྱ། །ཉོན་མོངས་ཅུང་ཟད་གོམས་པ་ཡིས། །མེ་ལ་སྣུམ་གྱིས་བཞིན་དུ་འཕེལ། །དེ་ནས་སྦྱོར་བ་བྱས་པ་ཡིས། །གཡུལ་ངོ་རུ་ནི་དཔའ་བོ་བཞིན། །འདོད་ཆགས་ལ་སོགས་པ་ཡི་གནས། །དཔའ་

བའི་དགྲ་ལ་བསྣུན་པར་བྱ། །མ་ལུས་པ་ནི་གཟིགས་པ་ཡིས། །ཉོན་མོངས་དེ་ཉིད་སྒྲིབ་པར་གསུངས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །དེ་དག་ཉིད་ནི་སྤང་བར་བྱ། །རྟགས་སོགས་བདག་ཉིད་མ་ལུས་པ། །དེ་དག་གསུམ་དུ་དམིགས་པར་བྱ། །དོན་འཛིན་དོན་དུ་ངེས་སྣང་དང་། །
དོན་རྣམས་སྟོང་པ་ཉིད་བསྟན་པ། །བསམས་པ་ཡིས་ནི་ཤེས་རབ་ཀྱིས། །དབྱེ་བ་ངེས་པར་ཡང་བསམ་བྱ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བསམ་གྱིས་མི་ཁྱབ་བསམ་པར་བྱ། །གང་སྣང་དེ་ནི་དེ་ཉིད་མིན། །གང་ཞིག་མ་མཐོང་དེ་དེ་བཞིན། །དངོས་པོར་རྟོག་པ་ཉིད་ཀྱིས་ལོང་། །
རབ་རིབ་ཀྱིས་ནི་འཁྲུལ་པ་བཞིན། །བདག་གིས་ཅུང་ཟད་མཐོང་བདེན་མིན། །ཀུན་ཏུ་བརྟགས་པ་འཁྲུལ་པ་ཙམ། །རྒྱུ་མཚན་མེད་པའི་མཚན་མར་ཡང་། །ཡུན་རིང་གནས་ནི་མཚན་མས་བཅོམ། །ཀྱེ་མ་འཇིག་རྟེན་པ་ཡི་མིག །བརྫུན་པའི་དབང་གིས་འཁྲུལ་པ་ཡིན། །རི་ཡི་རྩེ་
མོའི་སྐྲ་མཐོང་ཞིང་། །རགས་པའི་རི་བོ་མཐོང་མ་ཡིན། །སྐྲ་ཉག་མུ་ཏིག་ལ་ཕོག་པ། །འགྲོ་ན་འཕོང་རྐྱེན་གང་ཡིན་པ། །མཚན་མ་ལ་ཕོག་ཁྱད་འཕགས་པར། །རྐྱེན་ཏེ་གཉིས་པོ་རྐྱེན་མ་ཡིན། །དོན་དུ་ལྟ་ལ་ཐམས་ཅད་ཀུན་བརྟགས་ཁོ་ནའི་དོན་ནི་ཤིན་ཏུ་གསལ་བར་སྣང་། །རླུང་
གིས་བསྐྱོད་པས་གར་མཁན་ལྟ་བུའི་དཔའ་ཚོགས་འདྲ་བའི་རི་དགས་ཆུ་བཞིན་ནོ། །རྫིང་བུ་ལ་སོགས་ཆུ་ནི་ཉེ་བར་དེ་བཞིན་བདེན་པར་རིགས་མིན་སྙམ། །ཡང་དག་མ་ཡིན་བརྟགས་པར་ལྷུང་བཞིན་འབད་མེད་ཕལ་ཆེར་ཡང་དག་འཛིན་མ་ཡིན། །སེམས་ཀྱིས་མེད་པ་འདི་སེམས་པ། །རྒྱུ་མཚན་
རྨི་ལམ་འཇུག་པ་བཞིན། །ཀུན་བརྟགས་མེད་པས་གཞན་གྱི་དབང་། །དེ་ན་སེམས་ཀྱིས་ཐོབ་པ་ཡིན། །ཉོན་མོངས་མེད་པའི་རང་བཞིན་སྣང་། །ཡོངས་སུ་རྫོགས་པའི་ས་དང་ཉེ། །ཡོངས་སུ་རྫོགས་པ་གང་ཐོབ་པ། །རྣམ་པར་མི་རྟོག་པ་ལ་གནས། །ཡང་དེ་མཐོང་བའི་བློ་ལྡན་གྱིས། །
གཞན་གྱི་དངོས་ལ་འཇུག་མ་ཡིན། །ཀུན་བརྟགས་བདག་ཉིད་མེད་པའི་ཕྱིར། །དེ་ཉིད་ཤིན་ཏུ་བསྒོམ་མ་ཡིན། །བརྫུན་པར་བདག་ཉིད་མཐོང་བས་ཡང་། །གལ་ཏེ་འདི་དེ་དེ་དག་ཉིད། །བདག་ཉིད་མྱུར་དུ་མཐོང་ན་ནི། །དེ་ཚེ་རྨི་ལམ་བཞིན་དུ་བསམ། །རྨི་ལམ་ལྟ་བུར་ངེས་ཤེས་ན། །

ཕྱི་ནས་བརྫུན་པའི་བདག་ཉིད་ནི། །སྐད་ཅིག་གཅིག་ལ་སྣང་མ་ཡིན། །གཉེན་པོ་ཡིས་ནི་བཀག་ཕྱིར་རོ། །སྙིང་པོ་དེ་ལྟ་བུ་འཛིན་པ། །མེད་པའི་མཐའ་ལ་གལ་ཏེ་རེག །དེ་བཞིན་ཉིད་ལ་ཤིན་ཏུ་དམིགས། །གལ་ཏེ་དེ་ཉིད་དམིགས་གྱུར་ན། །དེ་ནི་སྤང་བའི་དོན་ཕྱིར་
ཡང་། །སྟོང་ཉིད་ཤིན་ཏུ་དམིགས་པར་བྱ། །སྣ་ཚོགས་ལྟ་ཀུན་སྤང་བའི་ཕྱིར། །སྤོང་བའི་སྟོང་ཉིད་བསྟན་པ་ཡིན། །རྡོ་རྗེ་སྦྱིན་གྱིས་བྱུགས་པ་ཡི། །ཁང་པའི་སྒོ་ལ་ལྷ་མིན་བཞིན། །རྣམ་རིག་ལ་འཇུག་རྣལ་འབྱོར་པས། །ཕྱོགས་གཉིས་ཡང་དག་རེག་མ་ཡིན། །དེ་གཉིས་དབུས་སུ་བག་
མེད་པས། །གཞན་འགའ་ཞིག་གིས་རེག་གྱུར་ན། །རྡོ་རྗེ་སྦྱིན་གྱིས་བཟུང་ནས་ནི། །དེ་ཡི་ལུས་ནི་བསྲེག་པར་འགྱུར། །སྣང་བ་ཐོབ་པའི་རྣལ་འབྱོར་པས། །དེ་ཡི་རྟགས་ཀྱང་ཤེས་བྱ་སྟེ། །དངོས་གྲུབ་མེད་ན་མི་འབྱུང་སྟེ། །དུ་བ་སོལ་བ་དངོས་པོ་བཞིན། །ཀུན་ཏུ་བརྟགས་པ་སྤང་བ་
དེས། །མི་གསལ་བ་ཡི་རི་མོ་བཞིན། །བསམ་གཏན་ལས་ནི་ལངས་པ་ཡིས། །འགྲོ་བ་ཐམས་ཅད་མི་གསལ་སྣང་། །ཟད་དང་རྙིང་པ་ལྟ་བུ་དང་། །ཀུན་ཏུ་ཞིབ་པ་ལྟ་བུ་དང་། །གྲོང་སྟོང་ལྟ་བུར་དབེན་པ་དང་། །དགའ་བ་མེད་ཅིང་རྟེན་མེད་པ། །ཤིན་ཏུ་སྐྱོ་སྐྱེ་འགྲོ་བ་ལ། །ཙི་རི་སྒྲ་འདོན་པ་
ལ་བཞིན། །བདག་དང་བདག་གི་མེད་པ་དང་། །མིང་ཙམ་འབའ་ཞིག་ཁོ་ནའོ། །གཞན་དབང་ཞེས་བྱ་མཐོང་བས་ཀྱང་། །རང་བཞིན་འདི་ལྟ་བུ་རུ་སྣང་། །རང་སེམས་ཤིང་རྟ་ལ་ཞོན་དང་། །བདག་གིས་སྣང་དུ་ཞུགས་ལྟ་བུར། །མིག་འཕྲུལ་འབྱུང་བ་ལྟ་བུ་སྟེ། །དེ་ཉིད་ཁོ་ན་འཁྲུལ་
པ་ཙམ། །མ་ལུས་མུན་པས་ཁྱབ་པ་བཞིན། །དེ་ལ་ཀུན་བརྟགས་སྟོང་མ་ཡིན། །བག་ཆགས་ལྷག་མའི་རི་མོ་ཡིས། །ཐམས་ཅད་བྲིས་པ་ལྟ་བུ་རུ། །ཉོན་མོངས་ཉིད་ཀྱིས་ཁྱབ་པ་དང་། །འཁོར་ལོ་ལྟ་བུར་འཁོར་བ་དང་། །རྨི་ལམ་གསལ་སད་ཤེས་པ་དང་། །མཚན་དང་མཚན་ཉིད་
མེད་པར་སྣང་། །མཐོང་ནས་མི་སྣང་དང་མཚུངས་པར། །ཅི་ཞིག་ལྟ་བུར་སྣང་བ་ཡིན། །ཡོངས་སུ་གྲུབ་པ་ཤེས་པ་ནི། །ཐམས་ཅད་རོ་གཅིག་བདག་ཉིད་དེ། །ཆ་ཤས་མེད་ཅིང་ཐོག་མཐའ་མེད། །རྣམ་པ་མེད་ཅིང་གཟུང་དུ་མེད། །སྐྱོ་མེད་འཚེ་བ་ཡོད་མ་ཡིན། །རིང་པོ་མ་ཡིན་ཟླུམ་

པོར་མིན། །ཉི་མས་མུན་པ་བསལ་བ་ཡི། །ནམ་མཁའ་ལྟ་བུར་དྲི་མ་མེད། །མཉམ་ཉིད་ཆོས་ནི་རྟོགས་པའི་ཕྱིར། །ཐམས་ཅད་མི་མཉམ་པ་དང་མཉམ། །ཀུན་རྫོབ་ཏུ་ནི་ཆོས་འདི་སྣང་། །དམ་པའི་དོན་དུ་སྣང་མ་ཡིན། །རྣམ་པར་རྟོག་པ་གཞན་གྱི་རྒྱུའི། །རྣམ་རྟོག་ཀུན་རྫོབ་ཅེས་བྱར་
བརྗོད། །རྣམ་པར་རྟོག་པ་བཟློག་པ་ནི། །དེ་ཉིད་ཁོ་ན་དམ་པའི་དོན། །ཇི་ལྟར་མིང་གིས་བསྟན་དེ་ཡང་། །ཀུན་རྫོབ་ཉིད་དུ་གནས་པ་ཡིན། །དམ་པའི་དོན་ནི་དེ་བཞིན་ཏེ། །དེ་བཞིན་ཚིག་གིས་དེ་ཡུལ་མིན། །རིག་ལ་གནས་པ་མ་ཡིན་པས། །དེ་ཕྱིར་དེ་འཇིགས་ཐུབ་པ་ཡིས། །སྟོང་ཉིད་བདག་
ཉིད་གསུངས་ཤིང་གསུངས། །ཐ་དད་པ་ཡི་ཆོས་རྣམས་བསྟན། །ཡུན་རིང་འཕེལ་བའི་རྣམ་རྟོག་ལ། །བྱིས་པ་རྣམས་ནི་དགའ་བ་ཉིད། །སྤྲོས་ལ་སེམས་ནི་ཆགས་པས་ན། །དེ་ལྟ་ན་ནི་འདི་འཕེལ་ལོ། །མཚན་མ་འགོད་པའི་དོན་ལ་ནི། །སེམས་འདི་ཡང་ནི་མཁས་པ་ཡིས། །རྣམ་རྟོག་
བྱེ་བྲག་ཞི་མ་ཡིན། །མི་འགྱུར་བ་ནི་གང་དུའང་མེད། །བདག་མེད་པ་ལ་སེམས་དམིགས་པ། །བཏང་སྙོམས་འདྲ་བ་ཐོབ་པ་དང་། །གཉིད་ལོག་ལྟ་བུར་འདོད་པ་མེད། །དུབ་པ་བརྟགས་པ་ལྟ་བུ་དང་། །སྟོང་ཉིད་སྟོང་པར་མཐོང་བ་ཡིས། །མིག་ནི་འཛུམ་པར་བྱེད་མ་ཡིན། །
མགོ་འཕང་མཐོན་པོ་མ་ཡིན་དང་། །སེམས་དང་སེམས་བྱུང་འགག་པར་འགྱུར། །རྟགས་ནི་འདི་དག་མཐོང་ནས་ཀྱང་། །བདག་གིས་དོན་བྱས་འདི་ཉིད་མཐོང་། །དཔའ་བོས་བསྒོམ་པ་འདོར་མ་ཡིན། །མཆོག་ལས་ཀྱང་ནི་མཆོག་ཡོད་ཕྱིར། །དེ་ཡང་འདི་ཞེས་འགའ་ཡིས་ཀྱང་། །
དེ་ཉིད་བསྟན་པར་ནུས་མ་ཡིན། །འདི་ནི་གོམས་བྱས་རྣལ་འབྱོར་པས། །བདག་ཉིད་ཀྱིས་ནི་རྟོགས་པར་འགྱུར། །རྣམ་པར་རིག་ཙམ་ཉིད་མཐོང་ན། །དེ་ནི་མཐའ་གཉིས་དབུས་ལ་གནས། །འགྲོ་བ་མ་ལུས་འདི་དག་ལ། །དེ་ཉིད་ཕུན་སུམ་ཚོགས་པ་སྟོན། །དེ་ཉིད་ཕུན་སུམ་
ཚོགས་གནས་ཕྱིར། །སྙིང་རྗེ་ལྡན་པ་བདེ་གཤེགས་སྲས། །སྲོག་གིས་ཀྱང་ནི་སེམས་ཅན་དོན། །བྱེད་ལ་བཏང་སྙོམས་འཇོག་མ་ཡིན། །ཡུལ་རྣམས་འགའ་ཡང་སེམས་པ་མེད། །རྨི་ལམ་འཇུག་པ་བཞིན་དུ་བརྟེན། །བུ་དང་བུ་མོ་ལ་སོགས་པའི། །གཞན་གྱི་ཉེ་བར་ལོངས་སྤྱོད་

ཀྱང་། །བག་མེད་གནས་ནི་རྒྱ་ཆེ་བས། །སེམས་ནི་རྣམ་པར་འགྱུར་མ་ཡིན། །འབྱོར་པ་དང་ནི་རྒུད་པ་ལ། །ཐམས་ཅད་དུ་ནི་སེམས་མཉམ་ཉིད། །དུས་མ་ཡིན་པའི་སྤྲིན་བཞིན་ཡང་། །ག་ལའི་མཁའ་ལས་སྤྲིན་ལྡང་བ། །བདག་ཉིད་ཀྱིས་ནི་དེ་དང་དེ། །ངོ་
མཚར་རྣམ་པར་འཕྲུལ་པ་སྟོན། །དུས་རྣམས་ཤེས་པར་དུས་གཅིག་ལ། །འབར་བ་དང་ནི་ཆར་འབབ་བྱེད། །ས་ལ་ཡང་ནི་ཆུ་བཞིན་དུ། །བྱི་ཟུལ་དུ་ནི་བྱེད་པའང་ཡིན། །རི་ལ་སོགས་པ་གཡོ་བ་དང་། །འབྱེད་དང་སྡུད་པ་དེ་བཞིན་ནོ། །བདག་ཉིད་ནམ་མཁའ་ལ་འགྲོ་ཞིང་། །ཆུ་ལ་
ངང་པའི་རྒྱལ་པོ་བཞིན། །སྤྲུལ་པ་ཡིས་ཀྱང་རིང་པོ་ནས། །མཐོང་དང་ཐོས་བྱེད་དེ་བཞིན་ནོ། །ཐེག་ཆེན་ཚུལ་ལ་ཐམས་ཅད་དུ། །རིགས་ཀྱི་འདི་ནི་གཞན་ལ་མིན། །དེ་ལས་གཞན་པའི་ཕྱི་རོལ་པ། །གང་ཞིག་ཅུང་ཟད་མཐོང་བ་ནི། །རང་གི་རོ་ལས་འོངས་པ་སྟེ། །དེ་ཉིད་ཀྱིས་ནི་ལམ་
འདི་ལ། །ཅུང་ཟད་ཅིག་ཀྱང་མཐོང་བ་མེད། །ཐམས་ཅད་མཁྱེན་པས་ཐམས་ཅད་གཟིགས། །རྣམ་པ་ཐ་དད་བརྟགས་པ་ཡང་། །དེ་ཉིད་ཕྱིར་ན་དངོས་གཅིག་ཉིད། །སྟོང་ཉིད་དོན་གཅིག་མཐོང་བ་ཡིས། །འགྲོ་ཀུན་དོན་ནི་གཅིག་ཏུ་མཐོང་། །ཕྱོགས་གཅིག་གི་ནི་ཆུ་འཐུངས་པས། །
རྒྱ་མཚོ་མ་ལུས་ཤེས་པར་འགྱུར། །དུས་གཅིག་ལ་ནི་ཐ་དད་པ། །ཡུལ་ལ་སོགས་པ་ཐ་དད་ལ། །སྟོང་པར་མཐོང་བ་མ་གཏོགས་པར། །སྐྱོབ་པའི་ཡེ་ཤེས་འཁྲུང་མ་ཡིན། །རང་སེམས་ཀྱིས་ནི་ཀུན་བརྟགས་བྲིས། །ཕྱི་རོལ་གསལ་བའི་དབྱིབས་སུ་གནས། །སྐྱེ་བ་དུ་མ་གོམས་
པས་གསལ། །སྲིད་གསུམ་རི་མོའི་བྱེ་བྲག་བཞིན། །ཀུན་བརྟགས་དེ་ཡི་སྤྲོས་མཁྱེན་པའི། །སྐྱོབ་པས་འདི་དག་ཐམས་ཅད་གཟིགས། །དངོས་མེད་མཚན་མེད་ཟད་པ་མེད། །ཀུན་ཏུ་བརྟགས་པ་འབའ་ཞིག་གོ། །འདི་བསྒོམས་ཚུལ་གྱིས་འདོད་ཆགས་ཐུལ། །རིམ་གྱིས་བདེ་
སྤྱོད་འདོད་པ་མེད། །ཐུབ་དབང་འདོད་པ་མ་སྤངས་པས། །གནས་མཆོག་གཞན་གྱི་དོན་ལྡན་ཐོབ། །བདེ་གཤེགས་ཀྱིས་གསུངས་དབྱེ་བ་རབ་གྲགས་པ། །དོན་ཆེན་རྣམ་གསལ་ཚིག་གིས་རབ་སྦྱར་བས། །ལོག་པའི་ལམ་ཞུགས་མི་ཤེས་མུན་སེལ་བྱ། །སྣང་བའི་ཕྲེང་བ་འདི་

ནི་བདག་གིས་སྦྱར། །དངོས་པོར་འཛིན་པ་སྤོང་བྱེད་ཡུལ་གྱི་ཐོབ་པའི་ཞེན་པ་གཅོད། །སེམས་ལ་སྣང་བ་འཕེལ་བྱེད་སྒྲོན་མེ་ཆེན་པོ་གསལ་འབར་བཞིན། །ཡེ་ཤེས་སྣང་སྐྱེས་དེ་ཉིད་ཡང་ཐོབ་རང་གི་ལག་ན་གནས་པ་བཞིན། །ཤེས་རབ་ཕ་རོལ་ཕྱིན་འདི་རྒྱུད་གནས་ཀུན་ཏུ་ཡིད་
བཞིན་ནོར། །ཀུན་རྫོབ་སྒྲོ་བཏགས་གསུངས་ལ་ཕྱི་རོལ་པ། །ངེས་པའི་དོན་དུ་ཞེན་པས་བདེ་གཤེགས་ཉིད། །གང་ཞིག་ཕྱི་རོལ་དོན་འདོད་དེ་མདུན་དུ། །སློབ་དཔོན་ཆང་བ་བདེ་གཤེགས་ཕྱེད་མི་མཛད། །གང་ཚེ་འཇིགས་པ་མེད་པའི་བྱང་ཆུབ་མངོན་ཐོབ་པས། །ཁྱོད་ཀྱིས་ཀྱང་ནི་ཡི་གེས་
ཡི་གེ་གསུམ་མི་མངའ། །དེ་ཚེ་ཡུན་རིངས་ནས་ཉམས་ལྕགས་ཀྱུ་མེད་པ་ཡིས། །ཕྱིན་ཅི་ལོག་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད། །སངས་རྒྱས་པ་དང་ཕྱི་རོལ་རྣམ་པར་འབྱེད་བྱེད་པ། །གལ་ཏེ་སྟོང་ཉིད་གཅིག་པུ་འདི་ནི་མ་བསྟན་པར། །ཞིབ་མོའི་བློ་ཡིས་རྣམ་པར་དཔྱད་བྱས་ན། །
གྲུབ་མཐའ་ཐམས་ཅད་མཚུངས་པར་འགྱུར་བ་ཡིན། །གལ་ཏེ་སྟོང་མིན་རྟག་ཅིང་མཉམ་ཉིད་མ་ཡིན་ན། །ཐ་དད་བདག་ཉིད་རྒྱུ་མཚན་སྐད་ཅིག་མ་དག་ཏུ། །ཐམས་ཅད་མཁྱེན་པས་དངོས་པོ་ཡོངས་དཔྱད་པས། །གང་གི་རྒྱུ་ཡིས་སྟོན་པར་གྲུབ་
པར་གྱུར། །གང་ཞིག་རྣལ་འབྱོར་པ་ཡི་དངོས་གྲུབ་ཁྱད་འཕགས་རྒྱུ། །གཞན་སེམས་སྤྱོད་ཡུལ་ཤེས་པའི་ང་རྒྱལ་ཡིན། །དེ་དག་མུན་པའི་དྲི་མ་ལྷག་པ་ཡིན་པར་འདོད། །འཆིང་བའི་བདག་ཉིད་བྱིས་ལ་ཇི་ལྟར་གནས་པ་བཞིན། །གང་ཞིག་ཀུན་ཏུ་དམུས་ལོང་དང་ནི་རབ་རིབ་
ཅན། །གཉིས་པོ་དག་ལས་སྔ་མ་བཞིན་དུ་མཆོག་ཡིན་ཏེ། །བདག་ནི་ལོང་བ་ཡིན་ཞེས་ང་རྒྱལ་གྱིས་སྟོང་གི །རབ་རིབ་ཀྱིས་མཐོང་འབྲས་བུ་མེད་ལ་ང་རྒྱལ་མིན། །གང་ཞིག་རང་སྐྱོན་སྐྱོན་གྱི་ངོ་བོར་མི་ཤེས་པ། །དེ་བཞིན་ཡོན་ཏན་ཀུན་ལས་ཡོན་ཏན་དུ་མ་ཡིན། །དགེ་བའི་བཤེས་
གཉེན་རྣམས་ལ་གུས་པར་བྱེད་མ་ཡིན། །དེ་དག་དེ་ཉིད་རོ་ནི་ཇི་ལྟར་འཐུང་བར་འགྱུར། །ནམ་མཁའི་དཀྱིལ་ལ་རི་མོ་བྱེད་པ་ལ་མཁས་པ། །དངོས་པོའི་བྱེ་བྲག་སྟོན་པའི་བརྩོན་འགྲུས་ཅན། །ཀྱེ་མ་ཐོག་མར་སྤྲོས་པ་ཐོབ་པའི་འཆད་པ་པོས། །སྐྱེ་བོ་གཞན་ལ་སྣ་ཚོགས་བསྟན་པས་སྤྲོས་

པ་བསྐྱེད། །ཆུ་ནང་སྤྲུལ་ཞུགས་རྗེས་ནི་མཐོང་བ་དང་། །ནམ་མཁའི་མེ་ཏོག་ཕྲེང་བས་རབ་ཏུ་རྒྱན་བྱེད་དང་། །རྒྱུ་སྤུན་མེད་པའི་སྣམ་བུ་འཐག་པར་བྱེད་པ་ནི། །འཇིག་རྟེན་རྣམས་ལ་ཇི་ལྟར་ངོ་ཚ་མི་ཤེས་འགྱུར། །སུན་འབྱིན་འདོད་པས་ཀྱང་ནི་ངག་གཅིག་འཛིན་བྱེད་
པ། །ཐུབ་པའི་དབང་པོའི་གསུང་ལ་དེ་གུས་མིན་མོད་ཀྱི། །ཤིན་ཏུ་མངར་བ་མྱངས་ནས་ཁ་བའི་རོ་བཞིན་དུ། །གཞན་གྱིས་སྨྲས་པའི་ཚིག་ལ་རྗེས་སུ་ཆགས་མ་ཡིན། །ཁྱད་པར་འཕགས་པའི་བུད་མེད་འདོད་པ་དང་། །གསལ་བའི་རིགས་རྒྱུད་དབང་ཕྱུག་ཁྱིམ་འདོད་པས། །གླང་པོའི་ཁྱུ་ཡི་
གཙོ་བོ་སྤངས་ནས་ནི། །དམན་པའི་བཞོན་པ་བོང་བུས་སུ་ཞིག་འགྲོ། །སྣང་བའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཀམྤ་ལའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་
པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱ་ལོ་ཀ་མཱ་ལ་ཧྲྀ་དཱ་ནནྡ་ཛ་ན་ནཱི་ཊཱི་ཀ་ནཱ་མ། བོད་སྐད་དུ། སྣང་བའི་ཕྲེང་བའི་འགྲེལ་པ་ཡིད་དགའ་བ་བསྐྱེད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གསུང་གི་མཆོག་
ཏུ་སད་མཛད་པ། །གཟིགས་དབང་མགོན་ལ་ཕྱག་འཚལ་ནས། །སྣང་བའི་ཕྲེང་བ་གསལ་བ་ཡི། །དོན་ནི་རྣམ་པར་ངེས་པར་བྱ། །མི་ཤེས་གསུམ་ནི་སྤང་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་།
དགོས་པའི་དགོས་པ་རྣམས་བསྟན་ཏེ། གང་གི་ཕྱིར་འབྲེལ་པ་ལ་སོགས་པ་མ་བསྟན་ན་རྟོག་པ་སྔོན་དུ་གཏོང་བ་རྣམས་ཐོས་པ་ལ་སོགས་པ་ལ་མི་འཇུག་པའི་ཕྱིར་རོ། །འདིར་སེམས་ཙམ་ཉིད་དུ་རབ་ཏུ་བྱེད་པ་འདིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེ་ནི་བརྗོད་པར་བྱ་བ་ཡིན་ནོ། །མི་ཤེས་པ་
གསུམ་སྤངས་པ་ནི་དགོས་པ་ཡིན་ནོ། །མི་ཤེས་པ་གསུམ་སྤངས་ནས་གདུལ་བྱ་རྣམས་སངས་རྒྱས་ཉིད་ཐོབ་པ་ནི་དགོས་པའི་དགོས་པ་ཡིན་ནོ། །སེམས་ཙམ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ལ། རབ་ཏུ་བྱེད་པ་ནི་ཐབས་ཡིན་པའི་ཕྱིར་རབ་ཏུ་བྱེད་པ་དང་བརྗོད་པར་བྱ་བ་ཐབས་དང་ཐབས་

ལས་བྱུང་བའི་མཚན་ཉིད་ནི་འབྲེལ་བ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་དག་ནི་རེ་ཞིག་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གང་གིས་སེམས་ཙམ་དུ་གསུངས་པ། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཐུགས་སུ་ཆུད་པས་ན་ཐུབ་པ་སྟེ།
ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབང་པོ་ནི་ཐུབ་དབང་སྟེ། ཐུབ་པའི་མཆོག་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ཏོ། །སེམས་ཙམ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྨྲས་པ། རང་བཞིན་གསུམ་ནི་བསྒོམས་པ་ཡིས། །
ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའི་རང་བཞིན་ནི་རང་བཞིན་གསུམ་མོ། །རང་བཞིན་གསུམ་གྱི་ངོ་བོ་གང་བསྒོམས་པ་དེ་གསུམ་གྱི་རང་བཞིན་གྱི་ངོ་བོ་ནི་སེམས་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར། རང་བཞིན་གསུམ་གྱི་ངོ་བོ་སྒོམ་ཞེ་ན། །
མི་ཤེས་གསུམ་ནི་སྤང་བའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའི་ཡུལ་ལ་གང་མི་ཤེས་པ་བྱིས་པ་རྣམས་ལ་ཡོད་པ་དེ་སྤང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གང་དག་ཀུན་བརྟགས་པའི་རང་བཞིན་གཟུགས་ལ་སོགས་པ་རྣམས་ལ་
དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་དེ་དག་ནི་ཀུན་བརྟགས་པའི་ཡུལ་མི་ཤེས་པ་ཡིན་ནོ། །དེ་བཞིན་དུ་གང་དག་འདུ་བྱེད་ཀྱི་བག་ཆགས་ཀྱི་རྒྱུ་ལས་སྐྱེ་བའི་སེམས་ལ་ཡང་རྒྱུ་མེད་པ་ཉིད་དུ་འདོད་པ་དེ་དག་ནི་གཞན་གྱི་དབང་གི་ཡུལ་མི་ཤེས་པ་ཡིན་ནོ། །དེ་བཞིན་དུ་གཟུང་བ་དང་འཛིན་པའི་ངོ་བོ་
མེད་པ་ལ་གང་གཟུང་བ་དང་འཛིན་པའི་ངོ་བོར་སྒྲོ་འདོགས་པར་བྱེད་པ་དེ་དག་ནི་ཡོངས་སུ་གྲུབ་པའི་ཡུལ་མི་ཤེས་པ་ཡིན་ནོ། །མི་ཤེས་པ་གསུམ་པོ་དེ་ཡང་མདོ་གཞན་དག་ལས་བཅོམ་ལྡན་འདས་ཀྱིས་དགག་པ་མཛད་དོ། །དེ་ལྟར་ཡང་། བློ་ཡིས་རྣམ་པར་གཞིག་ན་ནི། །གཞན་དབང་
མེད་ཅིང་ཀུན་བརྟགས་མེད། །ཡོངས་སུ་གྲུབ་པའང་ཡོད་མིན་ནི། །ཇི་ལྟར་བློ་ཡིས་རྣམ་པར་བརྟག །ཅེས་གསུངས་སོ། །ཆོས་ཅན་བཀག་པ་ཉིད་ཀྱིས་ཆོས་རྣམས་བཀག་པ་ཡིན་ཏེ། དེ་ཡང་སློབ་དཔོན་གྱིས་ཡང་གཞུང་དེའི་རྗེས་སུ་འབྲང་ནས་དོན་དེ་ཉིད་རབ་ཏུ་བྱེད་པ་འདིས་

གཏན་ལ་ཕབ་སྟེ། འདི་ལྟར། མིང་དང་རིགས་སྩོགས་ཡོན་ཏན་ནོ། །ཆོས་རྣམས་བརྫུན་པ་གང་མཐོང་བ། །མཁའ་ལ་རི་མོ་འདྲི་བ་ལྟར། །ཕྱིན་ཅི་ལོག་གིས་དུབ་པ་ཡིན། །ཞེས་བྱ་བ་དེས་ནི་ཀུན་བརྟགས་པའི་ཡུལ་མི་ཤེས་པ་སྤོང་བ་ཡིན་ནོ། །འདི་
སྐད་དུ། ཁ་ལས་སྒྲ་ནི་ཅི་ཕྱིར་དང་། །རྫ་རྔ་ལས་ནི་ཡང་འབྱུང་བ། །ཐ་དད་པ་ཡི་རྒྱུ་འདི་ལས། །དངོས་པོ་དངོས་པོ་མེད་པར་སྣང་། །ཞེས་བྱ་བ་འདིས་ནི་གཞན་དབང་གི་ཡུལ་ལ་མི་ཤེས་པ་སྤོང་བ་ཡིན་ནོ། །འདི་ལྟར། འདིར་ནི་ཕྱི་ནང་ཅུང་ཟད་མེད། །ཕན་ཚུན་ལྟོས་པས་གྲུབ་པའི་
ཕྱིར། །བར་ན་མ་ཡིན་མེད་མིན་ཏེ། །སེམས་ཙམ་དུ་ནི་གནས་ཕྱིར་རོ། །ཞེས་བྱ་བ་འདིས་ཡོངས་སུ་གྲུབ་པའི་ཡུལ་མི་ཤེས་པ་སྤོང་བ་ཡིན་ནོ། །དེ་བས་ན་འདི་ལྟར་སེམས་ཙམ་དུ་གསུངས་པའི་བཅོམ་ལྡན་འདས་ཉི་མ་ལྟ་བུས་མུན་པའི་ཚོགས་ལྟ་བུའི་མི་ཤེས་པ་གསུམ་མ་ལུས་པ་རིང་དུ་སྤངས་
པས་འགྲོ་བ་རྣམས་ངེས་པར་ལེགས་པ་ཐོབ་པར་མཛད་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཙམ་ཉིད་གཅིག་པུ་ཡིན་ན་ཇི་ལྟར་རང་བཞིན་གསུམ་གྱི་ངོ་བོའི་ཐ་སྙད་དུ་མི་འགྱུར་བ་མ་ཡིན་ནམ་ཞེས་ཟེར་ན། དེ་ལྟར་ཡང་མ་ཡིན་ཏེ། གང་གི་ཕྱིར་བུམ་པ་གཅིག་རིམ་པ་བཞིན་ལྡོག་
པའི་དབྱེ་བས་ཡོད་པ་དང་། མི་རྟག་པ་དང་། བྱས་པ་ཞེས་བྱ་བར་བསྟན་ཏོ། །དེ་བཞིན་དུ་སེམས་ཙམ་ལ་ངོ་བོ་གསུམ་ཡིན་ཏེ། འདི་ལྟར་སེམས་གཉིས་སུ་མེད་པ་ལས་ལྡོག་པ་ཡང་འཁྲུལ་པའི་བག་ཆགས་རྗེས་སུ་འབྲེལ་བའི་ཀུན་བརྟགས་བུམ་པ་དང་སྣམ་བུ་ལ་སོགས་པ་ཕྱིའི་དོན་
ཉིད་དུ་སྣང་ངོ་། །གཞན་ཡང་མ་ཡིན་པའི་དོན་ལས་ལྡོག་པ་ལས་གཞན་དབང་གི་ངོ་བོ་ཉིད་དེ་བཞིན་ནོ། །གཟུང་བ་དང་འཛིན་པའི་ངོ་བོ་ཡོངས་སུ་མ་གྲུབ་པ་ལས་ལྡོག་པ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་ཤེས་པ་
གསུམ་སྤངས་པས་ཀུན་བརྟགས་ལ་སོགས་པ་མེད་པར་ཤེས་པ་ནི་མ་ཡིན་ཏེ། གོས་ཀྱི་དྲི་མ་བཀྲུས་པ་ནི་དྲི་མ་མེད་པས་གོས་མེད་པར་རྟོགས་པ་ཡིན་པ་མ་ཡིན་ནམ། དེའི་ཕྱིར་ཡང་ཀུན་བརྟགས་པའི་ངོ་བོ་ཡོད་པར་འགྱུར་རོ་ཞེ་ན། དེ་སྙམ་དུ་དགོངས་ནས་སློབ་དཔོན་གྱིས། སྲིད་གསུམ་མཐའ་

རུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཀུན་བརྟགས་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྤྲོས་པའོ། །སྲིད་གསུམ་མཐའ་རུ་བྱོན་ནི་འདོད་པ་དང་། །གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་པོ་དེ་དག་མཐར་མཛད་པས་ན་སྲིད་གསུམ་མཐའ་རུ་བྱོན་ནོ། །སྲིད་པ་གསུམ་
གྱི་མཐའ་རུ་བྱོན་པ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ཞེས་བརྗོད་དོ། །དེ་ལ་བསྡུས་ནས་ཏེ། རྣམ་པར་དཔྱད་པའི་རྗེས་སུ་འབྲངས་ན་སེམས་ཀྱི་རྣམ་པར་རྟོག་པ་ཙམ་ཉིད་དུ་རྟོགས་པའི་དངོས་པོའི་ངོ་བོ་ཉིད་དུ་ནི་མ་ཡིན་ནོ། །གལ་ཏེ་དེ་དག་སེམས་ལས་མ་ལུས་སྤངས། །ཞེས་བྱ་བ་ནི་གལ་
ཏེ་ནི་བརྒྱ་ལའོ། །དེ་དག་ནི་རྣམ་པར་རྟོག་པ་ཙམ་མཆོག་ཏུ་འཛིན་པའོ། །གལ་ཏེ་དེ་དག་སེམས་ལས་ནི་ཤེས་པ་ལས་སོ། །མ་ལུས་པ་ནི་ཐམས་ཅད་དེ་བག་ཆགས་དང་བཅས་པའོ། །སྤངས་པ་ནི་བསལ་བར་གྱུར་པ་སྟེ། དེའི་ཚེ་དེ། ཡང་སྲིད་འཆིང་བའི་སྐྱེ་བ་ཡོད་མ་ཡིན། །ཞེས་སྨོས་
ཏེ། སྐྱེ་བ་ལ་སོགས་པ་ཡོད་པ་མ་ཡིན་པའི་དངོས་པོ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར། ཡང་སྲིད་པར་འཆིང་བར་མི་འགྱུར་རོ། །དེ་ལྟར་ན་ཡང་། རྣམ་པར་རྟོག་པ་མ་གཏོགས་པར། །འཁོར་བ་ཞེས་བྱ་ཡོད་མ་ཡིན། །དེས་ན་རྣམ་པར་མི་རྟོག་པས། །རྟག་ཏུ་ཁྱོད་ནི་མྱ་ངན་འདས། །
ཞེས་གསུངས་པ་ཡིན་ནོ། །ད་ནི་སྲིད་པ་ཐར་པ་དག་ཇི་ལྟ་བ་བཞིན་དུ་ཡང་དག་པར་འབྱུང་བ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ་ནི། སྲིད་དང་ཐར་པ་ཡོངས་ཤེས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲིད་དང་ཐར་པ་ནི་སྲིད་པ་དང་ཐར་པའོ། །དེ་དག་ཡོངས་སུ་ཤེས་པ་ནི་སྲིད་པ་
དང་ཐར་པ་ཡོངས་སུ་ཤེས་པའོ། །དེའི་ཕྱིར་སྲིད་པ་དང་ཐར་པ་ཡོངས་སུ་ཤེས་པའི་རྒྱུ་ལས་འབྲས་བུ་འབྱུང་བར་འགྱུར་བ་ཡིན་ནོ། །འབྲས་བུ་ཇི་ལྟ་བུ་ཞིག་འབྱུང་བར་འགྱུར་ཞེ་ན། དེ་སྤངས་ཐོབ་པའི་འབྲས་བུ་འབྱུང་། །ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བས་ནི་སྲིད་པ་དང་ཐར་པ་བཟུང་
ངོ། །དེ་ལྟར་ན་དོན་ནི་འདི་ཡིན་ཏེ། སྲིད་པ་ནི་དོར་བར་བྱ་བ་ཉིད་ཡིན་པའི་ཕྱིར་སྤངས་པའི་མཚན་ཉིད་ཀྱི་འབྲས་བུ་འབྱུང་ལ། ཐར་པ་ནི་བླང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཐོབ་པའི་མཚན་ཉིད་ཀྱི་འབྲས་བུ་འབྱུང་བ་ཞེས་བྱའོ། །ཡོངས་སུ་ཤེས་པ་དེ་ཡང་ཇི་སྲིད་འབད་པ་མཆོག་གིས་

རིག་པ་རྟོགས་པར་བྱས་ན། དེ་སྲིད་སྲིད་པ་དང་ཐར་པ་ཡོངས་སུ་ཤེས་པ་མི་འབྱུང་ངོ་། །ཡོངས་སུ་ཤེས་པ་མེད་པས་དེ་སྤངས་པ་འཐོབ་པའི་འབྲས་བུ་འབྱུང་བར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། བློ་གྲོས་བཟང་པོ་ཐམས་ཅད་ནི། །ནང་སེམས་པ་ལ་བརྩོན་
པ་ཡིན། ཞེས་བྱ་བ་སྨོས་ཏེ། བློ་གྲོས་བཟང་པོ་གང་ལ་ཡོད་པ་དེ་ནི་བློ་གྲོས་བཟང་པོའོ། །བློ་གྲོས་བཟང་པོ་དེ་དག་ཐམས་ཅད་ནང་གི་བདག་ཉིད་སེམས་ལ་བརྩོན་པ་ཡིན་ནོ། །ནང་གི་སྒྲ་ནི་ནང་རིག་པ་ལ་བྱའོ། །དེ་ཐོས་པ་དང་བསམ་པ་དང་བསྒོམ་པ་ནི་སེམས་པའོ། །བརྩོན་པ་ནི་
དེའི་དོན་དུ་བརྩོན་པ་སྟེ། གང་གོམས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་སྲིད་པ་དང་ཐར་པ་ཡོངས་སུ་ཤེས་པ་ཕྱིན་ཅི་མ་ལོག་པར་དེ་དག་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་འཁོར་བ་དང་ཐར་པ་དག་ལུང་གི་རྗེས་སུ་འབྲངས་ཏེ་བསྡུས་ནས་མདོའི་གནས་ཀྱི་མཚན་ཉིད།
འདོད་ཆགས་ལ་སོགས་དྲིར་བཅས་སེམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་དང་པོར་གང་དག་ལ་ཡོད་པ་དེ་ནི་འདོད་ཆགས་སོ། །སྩོགས་པ་སྨོས་པས་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་བཟུང་ངོ་། །བག་ཆགས་ཀྱི་དབང་གིས་དེ་དང་དེ་དག་གི་འདོད་ཆགས་
ལ་སོགས་པའི་དྲི་མས་བསྒོས་པའི་སེམས་ལ་འཁོར་བ་ཞེས་བྱ་བར་བརྗོད་དོ། །སེམས་དེ་ཉིད་ལས་ལམ་བསྒོམས་པས་འདོད་ཆགས་ལ་སོགས་པས་དབེན་པ་ཉིད་དེ་དག་མདོར་བསྡུས་པ་ནི་རྒྱ་ཆེ་བ་མ་ཡིན་པར་ཐར་པ་ཡིན་པར་གསུངས་སོ། །གང་གིས་གསུངས་ཤེ་ན། སྒྲིབ་པ་སྤངས་པའི་
རྒྱལ་བ་ཡིས། །ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གང་དག་ལ་སྤངས་པ་མངའ་བ་དེ་དག་ནི་སྒྲིབ་པ་སྤངས་པའོ། །དེ་ལྟ་བུ་དེས་གསུངས་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་རྣམས་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་འབའ་ཞིག་ངེས་པར་འགྱུར་བས་དེ་ལྡོག་
པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཅན་ནི་ལུས་དང་ལྡན་པ་རྣམས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གང་ཡིན་པ་དེ་དག་ནི་སེམས་ཀྱི་ཀུན་ཏུ་རྟོག་པ་ཙམ་གྱི་ངོ་བོར་རྟོགས་པར་བྱའོ། །དེ་བས་ན་དེ་དག་དོན་དམ་པར་ཡོད་པ་ནི་མ་

ཡིན་ནོ། །གལ་ཏེ་གང་དག་འདོད་ཆགས་ལ་སོགས་པ་རྣམས་ཀྱི་ཡུལ་དུ་གྱུར་པ་གཟུགས་ལ་སོགས་པའི་ཆོས་དེ་དག་ཀྱང་ཐ་དད་པས་དོན་དམ་པར་ཡོད་པའི་ཕྱིར་སེམས་ཙམ་ཉིད་དུ་མི་འགྲུབ་བོ་ཞེ་ན། གང་གིས་ཆོས་ནི་གཞན་དག་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱང་གི་སྒྲ་ནི་
བསྡུ་བའོ། །འདོད་ཆགས་པ་འབའ་ཞིག་སེམས་ཀྱི་ཀུན་ཏུ་རྟོག་པ་ཙམ་གྱི་ངོ་བོ་མ་ཡིན་གྱི། གཟུགས་ལ་སོགས་པའི་ཆོས་གང་ཅི་སྲིད་པའོ། །བྱིས་པ་ནི་མི་མཁས་པའོ། །བརྫུན་བདག་ཉིད་ནི་ལོག་པར་ལྟ་བས་ཡོངས་སུ་བཟུང་བ་རྣམས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་
བརྟགས་པ་དེ་དག་ཀྱང་སེམས་ཀྱི་ཀུན་རྟོག་པ་ཙམ་གྱི་ངོ་བོར་བལྟ་བར་བྱའོ། །གང་གི་ཕྱིར་གཅིག་དང་དུ་མའི་རང་བཞིན་གྱིས་རྣམ་པར་དཔྱད་ན་དྲི་ཟའི་གྲོང་ཁྱེར་ལྟ་བུར་དོན་དམ་པའི་ངོ་བོར་མི་རུང་བའི་ཕྱིར། དེ་བཞིན་སོ་སོའི་བདག་ཉིད་ཡོད་པ་རྙེད་པར་མི་འགྱུར་ཏེ། དེ་བས་ན་ཀུན་བརྟགས་
པའི་རང་བཞིན་ཡིན་ནོ། །ཀུན་བརྟགས་པ་དེ་ཡང་རྟག་ཏུ་མེད་པའི་ཕྱིར་དེ་དག་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་དོན་དམ་པར་གང་ཞིག་ལས་འགྱུར། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་རྣམས་དང་། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་རྣམ་པར་རྟོག་པའི་ངོ་བོ་ཡིན་པར་རྣམ་པར་
དཔྱད་པའི་སྒོ་ནས་མེད་པར་བསྟན་ནས། དོན་དམ་པའི་བདེན་པ་རྣམ་པར་རྟོག་པ་ཐམས་ཅད་དང་འབྲེལ་བ་མེད་པས་གཅིག་ཏུ་རྣམ་པར་དག་པ་ཉིད་དུ་བསྟན་པའི་ཕྱིར། འདི་སྐད་དུ། དམ་པའི་དོན་གྱི་རྟོག་པ་ལའང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་འང་གི་སྒྲ་ནི་བསྡུས་
པ་ཡིན། འདོད་ཆགས་ལ་སོགས་པ་དང་གཟུགས་ལ་སོགས་པ་དོན་དམ་པར་མེད་པས་རྣམ་པར་རྟོག་པ་ཐམས་ཅད་སློབ་དཔོན་གྱིས་བཀག་གི་འབའ་ཞིག་ནི་མ་ཡིན་ནོ། །ཇི་སྲིད་དོན་དམ་པ་ལའང་ཐོབ་པ་དང་དཔྱོད་པ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཤིན་ཏུ་མེད་པའི་
ཕྱིར་དགག་པ་ཉིད་བརྗོད་པར་བཞེད་པ་ཡིན་ཏེ། དོན་དམ་པ་བདག་གིས་རྟོགས་ཟིན་ཏོ། །བདག་གིས་རྟོགས་སོ། །བདག་གིས་རྟོགས་པར་འགྱུར་རོ་ཞེས་བྱ་བ་སྟེ། འདི་ལྟར་རྟོགས་པར་བྱ་བ་དང་། རིག་པ་དང་། རིག་པར་བྱེད་པ་ལ་སོགས་པ་མཐའ་ཡས་པ་རྣམ་པར་རྟོག་པའི་ཞེན་པ་ནི་

དོན་དམ་པ་རིག་པའི་མཁས་པས་མཐའ་ཡས་པའི་ཆགས་པའི་རྒྱུ་ཡིན་པའི་ཕྱིར་འཁོར་བའི་རྒྱུར་ཡང་རྟོགས་སོ། །གང་གི་ཕྱིར་དེ་ལྟ་བས་ན་དོན་དམ་པ་རིག་པས་གནས་པར་མི་བྱ་ཆགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དགེ་བའི་དོན་ལ་ཡང་རྟོགས་
པའི་དོན་གྱིས་འཁོར་བའི་རྒྱུར་འགྱུར་ལ། མི་དགེ་བ་ཡང་རྣམ་པ་དེ་བཞིན་དུ་ཡིན་ནོ། །རྟོག་ལ་བྱེ་བྲག་ཅི་ཞིག་ཡོད། །ཅེས་བྱ་བ་ནི་དོན་དམ་པའི་ཡུལ་ལམ་དོན་དམ་པ་མ་ཡིན་པའི་ཡུལ་དུ་རྟོག་པ་དེ་ལའོ། །གཉི་ག་ལ་ཡང་ལམ་མཐུན་པ་ཡིན་ཏེ། བརྟགས་པ་ཉིད་ཡིན་པའི་
ཕྱིར་རོ། །ད་ནི་སྔར་གསུངས་པའི་དོན་དཔེས་བསྟན་པའི་ཕྱིར། རྟེན་གྱི་དབྱེ་བ་ལ་བརྟེན་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེའི་བསྲེག་པའི་མཚན་ཉིད་ནི་བུད་ཤིང་ཡིན་མོད་ཀྱི། རྩ་བ་དང་ལོ་མའི་དབྱེ་བས་དེའི་སྲེག་པ་ཉིད་དུ་ནི་བྱེ་བྲག་མེད་དོ། །བསིལ་བའི་ངོ་བོ་ཙན་དན་གྱི་མེ་
འདིས་ཀྱང་རེག་པ་ཙམ་གྱིས་ཏེ། རེག་པའི་སྤྱོད་ཡུལ་དུ་གྱུར་པས་སྲེག་པ་ཉིད་ཡིན་ནོ། །དེ་བཞིན་དུ་དོན་དམ་པའི་ཡུལ་གྱི་རྟོག་པ་ལ་ཡང་ཤེས་པར་བྱའོ། །ཡང་ཅིའི་ཕྱིར་དོན་དམ་པའི་རྣམ་པར་རྟོག་པ་ལ་ཡང་ཞེན་པར་མི་བྱ་ཞེ་ན། ཐམས་ཅད་ཉིད་དུ་སྤང་བར་བྱ། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། ཐམས་ཅད་ནི་མ་ལུས་པའོ། །འདི་ལྟར་འཁོར་བའི་རྣམ་པར་རྟོག་པ་རགས་པ་འབའ་ཞིག་ནི་མ་ཡིན་གྱི། དོན་དམ་པའི་ངོ་བོ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ཐོབ་པའམ། མི་འཐོབ་པའི་རྒྱུ་མཚན་ཕྲ་མོ་ཇི་སྙེད་པའང་སྤང་བར་བྱའོ་ཞེས་བྱ་བའི་
དོན་ཏོ། །རྟོག་པ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། འཁྲུལ་པའི་ངོ་བོ་ཞེས་བྱ་བ་སྟེ། སྒྱུ་མའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར། སེམས་ནི་མངོན་པར་བསླད་པ་ཡིན། །ཞེས་པ་ནི་དེ་ཁོ་ན་ཉིད་ལ་གེགས་བྱེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་འཁྲུལ་
པའི་ངོ་བོ་ཇི་ལྟ་བུ་ཡིན། གང་གི་ཕྱིར་དེ་རྟོག་པ་དང་མཚུངས་པ་དེའི་ཕྱིར་དགག་པའི་དཔེས་དེའི་ངོ་བོ་བསྟན་པའི་ཕྱིར། འཁྲུལ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །དེས་ན་འཁྲུལ་པ་མ་དག་པའི་ཕྱིར། མིག་འཕྲུལ་གྱི་ནི་རྣམ་འཕྲུལ་ཡིན། །ཞེས་བྱ་བ་ནི་མིག་

འཕྲུལ་གྱི་སྤྲོས་པ་ལྟ་བུར་སྣང་བ་ཡིན་ནོ། །རྣམ་འཕྲུལ་ནི་ཡང་དག་པར་བྱུང་བའོ། །ཇི་ལྟར་མིག་འཕྲུལ་མཁན་གྱིས་དེའི་ངོ་བོ་མ་ཡིན་པའི་ས་ལ་སོགས་པའི་དངོས་པོ་གླང་པོ་ལ་སོགས་པའི་དངོས་པོར་སྣང་བ་དེ་བཞིན་དུ་གཉིས་སུ་མེད་པའི་རང་བཞིན་གྱི་སེམས་ཀྱང་འཁྲུལ་པའི་དབང་གིས་གཉིས་ཀྱི་ངོ་བོར་སྣང་
བ་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ད་ནི་མིག་འཕྲུལ་གྱི་ངོ་བོ་དེ་ཤིན་ཏུ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། མིག་འཕྲུལ་ཡང་ཞེས་བྱ་བ་སྨོས་ཏེ། མིག་འཕྲུལ་ཡང་སེམས་འཁྲུལ་པ་ཙམ་དུ་ཤེས་པར་བྱ་སྟེ་ཁོང་དུ་ཆུད་པར་བྱའོ། །ཡང་མིག་འཕྲུལ་ཞེས་བྱ་བ་དངོས་པོ་ཆུང་ཟད་ཀྱང་མེད་དེ་གང་གི་ཕྱིར་དེའི་