Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 108

Văn bản gốc(Tây Tạng)

Trang 2 / 21 (50.000 ký tự/trang)
་པ་སྤངས་པས་ཐེག་པ་ཆེན་པོའི་ཆོས་བླ་ན་མེད་པ་ལ་ལོངས་སྤྱོད་རྫོགས་པ་དགྱེས་པ་བསྟར་བའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ལ་གློ་བུར་གྱི་དྲི་མ་ཡོངས་སུ་དག་པས་ཆོས་ཀྱི་དབྱིངས་
རྟོགས་པས་རབ་ཏུ་ཕྱེ་བའི་ཆོས་ཀྱི་སྐུ་འཐོབ་བོ། །དེ་ཉིད་ཀྱི་ཕྱིར་དེ་དག་ནི་དེ་དག་ཏུ་འདུས་ཏེ་དེའི་ཕྱིར། དེའི་ཕྱིར་དེ་དག་དེ་ཡིས་བསྡུས། །ཞེས་བྱ་བ་སྨོས་ཏེ། གོ་རིམས་བཞིན་དུ་ངོ་བོ་ཉིད་རྣམས་ཀྱིས་སྐུ་གསུམ་བསྡུས་པར་ཁོང་དུ་ཆུད་པར་བྱའོ། །སྐུ་རྣམས་ནི་གནས་གྱུར་པས་
རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་བྱ་བ་དེ་ལ་གང་གྱུར་པས་སྐུ་གང་ཐོབ་པར་འགྱུར་ཞེ་ན་དེའི་ཕྱིར། རྩ་བའི་སེམས་ནི་གྱུར་པས་ན། །ཆོས་སྐུ་ཐོབ་པར་འདོད་པ་ཡིན། །འཇུག་པའི་རྣམ་ཤེས་གྱུར་པ་ལས། །ལོངས་སྤྱོད་རྫོགས་པ་ཐོབ་པར་འགྱུར། །ཞེས་བྱ་བ་སྨྲས་ཏེ། རྩ་བའི་
སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེ་གྱུར་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཚུལ་གྱིས་ཐོག་མ་མེད་པའི་དུས་ནས་བསྩགས་པའི་ས་བོན་རྩ་ནས་བཏོན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་འཇུག་པའི་རྣམ་པར་ཤེས་པ་གྱུར་པས་འཐོབ་སྟེ།
འདི་ལྟར་དེ་དག་གཟུང་བ་དང་འཛིན་པའི་རྣམ་པར་ཡུལ་ལ་སྤྱོད་པར་ཞུགས་པ་དག་སྟེ། དེ་ལོག་ན་དེ་ཐོབ་བོ་ཞེས་བྱ་བར་བསམ་པའོ། །དེ་ཇི་ལྟར་ཤེས་པར་ནུས་ཤེ་ན། དེའི་ཕྱིར། གང་ཕྱིར་ཀུན་ནས་ཉོན་མོངས་ཀུན། །འགྲུབ་ནུས་རྟེན་གྱི་བདག་ཉིད་ཅན། །རྩ་བའི་སེམས་

ཡིན་དེ་ཡི་ཕྱིར། །དག་པས་དེ་ཡི་ཆོས་སྐུ་འཐོབ། །ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འགྲུབ་པར་ནུས་པ་དག་བླངས་ཏེ། འཇུག་པ་དེ་ཉིད་ཀྱི་ཕྱིར་གཞན་དུ་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བསྟན་ཏོ། །དེ་
བས་ན་དེ་ལྟར་གྱུར་པ་དེ་རྣམ་པར་དག་པས་གློ་བུར་གྱི་དྲི་མ་རྣམ་པར་དག་པའི་ཆོས་ཀྱི་སྐུ་འཐོབ་པོ་ཞེས་དེ་སྐད་སྟོན་ཏེ། དེ་ནི་བརྡ་ཕྲད་པར་ཟད་དོ། །འཇུག་པའི་རྣམ་པར་ཤེས་པ་གྱུར་པས་ལོངས་སྤྱོད་རྫོགས་པ་ཇི་ལྟར་འཐོབ་ཅེ་ན། དེའི་ཕྱིར། གང་ཕྱིར་འཇུག་པའི་རྣམ་པར་ཤེས། །
ཐ་སྙད་གདགས་པ་རྣམ་པ་ཀུན། །འཇུག་པའི་རྒྱུ་ཡིན་དེ་ཕྱིར་ཏེ། །དག་པས་ལོངས་སྤྱོད་རྫོགས་པ་འཐོབ། །ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་གཟུང་བ་དང་འཛིན་པའི་རྣམ་པ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་ཕན་ཚུན་དུ་བསམ་པ་རིག་པའི་མཚན་
ཉིད་ཐ་སྙད་གདགས་པ་ཐམས་ཅད་འཇུག་པའི་འབྱུང་བའི་རྒྱུར་གྱུར་པ་དེའི་ཕྱིར་དེ་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་བོ། །ངོ་བོ་ཉིད་ནི་རྣམ་གསུམ་པོ། །ཡོངས་སུ་ཤེས་དང་སྤངས་དག་པས། །ཞེས་སྨོས་པ་ཅིའི་ཕྱིར་གདགས་པ་ནི་ཡོངས་སུ་ཤེས་པ་ཙམ་དུ་ཟད་ཀྱི། ཟད་པར་ནི་རྣམ་
པར་མི་གཞག་ཅེ་ན། དེའི་ཕྱིར། ཇི་ལྟར་གཞན་དབང་ཟད་པ་ལྟར། །བརྟགས་ལ་ཟད་པ་ཡོད་མ་ཡིན། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་གཞན་གྱི་དབང་ཟད་པ་དེ་ལྟ་བུར་མེད་པའོ། །དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར། དེ་བས་རང་གི་མཚན་ཉིད་ནི། །དེ་དང་ཐ་དད་ཉིད་དུ་བཞག །ཅེས་
བྱ་བ་སྨོས་ཏེ། གལ་ཏེ་གཞན་གྱི་དབང་བཞིན་དུ་འདི་ཟད་པར་གྱུར་ན། གཞན་གྱི་དབང་ཉིད་དུ་འགྱུར་གྱི་དེ་དང་མཚན་ཉིད་ཐ་དད་པར་བརྟགས་པར་མི་འགྱུར་ཏེ། གང་གི་ཕྱིར་དེ་ལ་ཟད་པ་མེད་པ་དེའི་ཕྱིར་མཚན་ཉིད་ཐ་དད་དོ་ཞེས་དེ་སྐད་སྒྲུབ་པོ། །དེ་ལྟར་མཚན་ཉིད་ཐ་དད་པར་གྱུར་ན་
ཅི་འགྲུབ་ཅེ་ན། དེའི་ཕྱིར། སྤྲུལ་པ་ཐ་དད་གཞག་པ་ཡིན། །ཞེས་བྱ་བ་སྨོས་ཏེ། འདི་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུ་ཐ་དད་པར་རྣམ་པར་གཞག་གོ། །དེ་གྱུར་ན་ནི་ལོངས་སྤྱོད་རྫོགས་སྐུ་ཐོབ་པར་འགྱུར་ཏེ། ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་

པ་གྱུར་ན་ལོངས་སྤྱོད་རྫོགས་པ་ཉིད་འཐོབ་བོ། །ཅིག་ཤོས་མིན། ཞེས་བྱ་བ་ནི་སྤྲུལ་པའི་སྐུའོ། །འོ་ན་ཅི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱིས་མཚུངས་པ་ཞིག་ཡིན་ནམ། འོན་ཏེ་འགའ་ཞིག་གིས་ཐ་དད་པ་ཡང་
ཡིན་ཞེ་ན། དེའི་ཕྱིར། སངས་རྒྱས་ཀུན་ནི་མཚུངས་ཉིད་དེ། །ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ་སྐུ་གསུམ་པོ་དེ་དག་ནི་སྐུ་གསུམ་པོ་འདི་དག་དང་ཤས་འགའ་ཞིག་གིས་མཐུན་པའང་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར། དང་པོ་ལ་ནི་ལས་ཀྱིས་འདོད། །ཞེས་
བྱ་བ་ལ་སོགས་པ་སྨོས་སོ། །དང་པོ་སྤྲུལ་པའི་སྐུ་ལ་ནི་ཕྲིན་ལས་ཀྱིས་མཚུངས་པར་འདོད་དེ། སེམས་ཅན་གྱི་ཁམས་འདུལ་བའི་ཕྲིན་ལས་མཛད་པའི་ཕྱིར་ཏེ། ཐམས་ཅད་ཀྱི་མཛད་པ་ཡང་འདི་ཡིན་པར་ཐམས་ཅད་མཐུན་ནོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་
དགོངས་པས་ཕྲིན་ལས་དེ་མཚུངས་པ་ཉིད་དེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཆོས་བསྟན་པ་དང་བདག་ཉིད་ཀྱང་བདེ་བ་མྱོང་བར་མཛད་པར་དགོངས་པའི་ཕྱིར་ཏེ། དེས་ན་མཚུངས་སོ། །གསུམ་པ་ཆོས་ཀྱི་སྐུ་ལ་ནི་རྟེན་གྱི་ཕྲིན་ལས་དེ་མཚུངས་པ་ཉིད་ཡིན་པར་ཁོང་དུ་ཆུད་པར་
བྱ་སྟེ། སྐུ་གཉིས་ཀྱི་རྟེན་ཡིན་པའི་ཕྱིར་རམ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་རོ། །གཉིས་པ་ལ་བསམ་པས་ཕྲིན་ལས་དེ་མཚུངས་པ་ཉིད་དོ་ཞེས་བསྟན་པ་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར། གང་ཕྱིར་ལོངས་སྤྱོད་རྫོགས་པ་ལ། །ཕན་དང་བདེ་མཛད་མཐར་
ཕྱིན་པ། །ཞེས་བྱ་བ་སྨོས་སོ། །ཕན་པ་དང་བདེ་བ་མཛད་པ་རབ་ཀྱི་མཐར་ཕྱིན་ཏེ་ཐེག་པ་ཆེན་པོའི་ཆོས་བླ་ན་མེད་པ་ཐུན་མོང་དུ་སྤྱོད་པ་མཛད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པ་མཛད་པ་མཐར་ཕྱིན་ཏོ། །བདག་ཉིད་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་རབ་ཏུ་ཞི་
བའི་བདེ་བའི་རོ་བྲོ་བའི་དགྱེས་པ་དང་ལྡན་པས་བདེ་བ་མཛད་པའི་མཐར་ཕྱིན་ཏོ། །གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཕྱིར་དེ་ནི་ལྷག་པའི་བསམ་པས་རབ་ཏུ་ཕྱེ་བ་ཡིན་ཏེ་དེའི་ཕྱིར། དེའི་ཕྱིར་དེ་ནི་ཕན་པ་དང་། །བདེ་བའི་དགོངས་པས་རབ་ཏུ་ཕྱེ། །ཞེས་བྱ་བ་སྨོས་སོ། །ཅི་སྐུ་གསུམ་པོ་འདི་དག་རྣམ་

པ་གཅིག་པ་དག་གཅིག་གམ། འོན་ཏེ་རྣམ་པ་དུ་མ་དག་གཅིག་ཅེ་ན། དེའི་ཕྱིར། སྤྲུལ་པ་དུ་མར་ཤེས་བྱ་སྟེ། །ཞེས་བྱ་བ་སྨོས་ཏེ། རྣམ་པ་དུ་མའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་དུ་མ་འཇུག་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་གདུལ་བའི་
སྐྱེ་བོ་མ་ལུས་པ་ཡོངས་སུ་སྨིན་པར་མཛད་པར་ཞུགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཅིག་པུར་ཞུགས་པའི་ཕྱིར། །ལོངས་སྤྱོད་རྫོགས་པ་གཅིག་པུར་འདོད། །ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་བསྟན་པའི་ཕྱིར་རྣམ་པ་གཅིག་པུར་ཞུགས་པ་ཉིད་དོ། །དེས་རྣམ་པ་
གཉིས་ལོངས་སྤྱོད་རྫོགས་པར་མཛད་པའི་ཕྱིར་ཞེས་མ་བསྟན་ཏམ། དེ་ཇི་ལྟ་ན་རྣམ་པ་གཅིག་པུར་འཇུག་ཅེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། དེ་གཉིས་མ་གཏོགས་པར་དེ་ལ་རྣམ་པ་གཞན་མེད་པས་དེ་སྐད་བརྗོད་ཀྱི་རྣམ་པ་དེ་གཅིག་པུ་ནི་མ་ཡིན་ཏེ། གཞན་རྣམ་པར་གཅད་པའི་ཕྱིར་ཉེས་
པ་མེད་དོ། །ཆོས་ཀྱི་སྐུའི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་པ་མ་བསྟན་ཏོ་ཞེ་ན། འོག་ནས། དེའི་དོན་རྣམ་གཉིས་རྫོགས་མཛད་པས། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་སྟེ་དེས་སྟོན་ཏོ། །སྐུ་གསུམ་པོ་དེ་དག་ཅི་ཐམས་ཅད་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ཁོ་ནས་རྣམ་པར་ཕྱེ་
བ་ཡིན་ནམ་འོན་ཏེ་གཞན་དུ་ཡང་ཡིན་ཞེ་ན། དེའི་ཕྱིར། དེ་ལ་སྤྲུལ་སྐུ་གཞན་གྱི་དོན། །ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ། །ཞེས་བྱ་བ་སྨོས་སོ། །གཞན་གྱི་དོན་ཞེས་བྱ་བ་ནི་གཅིག་ཏུ་ངེས་པར་གཞན་གྱི་དོན་མཛད་པའི་ཕྱིར་ཏེ་ཤས་ཆེ་བའི་ཕྱིར་འདི་བརྗོད་དོ། །རང་གི་དོན་ཡང་
མེད་པ་ནི་མ་ཡིན་མོད་ཀྱི་གཏན་ཚིགས་ནི། དེ་ལ་གཞན་དོན་བྱ་བ་ཡི། །ཕུན་སུམ་འབའ་ཞིག་སྣང་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། །སྐུ་གཞན་ཅིས་རབ་ཏུ་ཕྱེ་བ་ཡིན་ཞེ་ན། དེའི་ཕྱིར། ལོངས་སྤྱོད་རྫོགས་སྐུ་རང་གི་དོན། །ཕུན་སུམ་ཚོགས་པས་ཕྱེ་རིག་བྱ། །ཞེས་བྱ་བ་
སྨོས་ཏེ། རང་གི་དོན་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ཇི་ལྟ་བུ་ཞེ་ན། དེ་ལ་རྣམ་ཀུན་རང་གི་དོན། །ཕུན་སུམ་འབའ་ཞིག་སྣང་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། །འདི་ལའང་གཞན་གྱི་དོན་ཡོད་དོ། །དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཟབ་པ་བླ་ན་མེད་པ་བསྟན་པས་

བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་སྒྲུབ་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་དེ་སྐད་ཅེས་བྱ་ཞེ་ན། དེ་བདེན་མོད་ཀྱི། རང་གི་དོན་མཐར་ཕྱིན་པའི་དབང་དུ་བྱས་ནས་དེ་སྐད་ཅེས་བརྗོད་དེ། འདི་ལྟར་དེ་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་དང་ཡེ་ཤེས་
ཀྱི་ཚོགས་བསྩགས་པས་འབྱོར་བའི་བདེ་བ་ཕུན་སུམ་ཚོགས་པ་མཆོག་དང་ལྡན་གྱི་གཞན་གྱི་དོན་ནི་དེ་ལྟ་མ་ཡིན་ཏེ། གོང་དུ་གཞན་གྱི་དོན་མཛད་པར་རབ་ཀྱི་མཐར་ཕྱིན་པར་འདོད་པའི་ཕྱིར་འདི་ཉེས་པ་མེད་དོ། །ཆོས་ཀྱི་སྐུ་ཇི་ལྟར་རྣམ་པར་དབྱེ་བར་བྱ་ཞེ་ན། དེའི་ཕྱིར། དོན་དེ་
རྣམ་གཉིས་གྲུབ་པ་ཡིས། ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེའི་དབང་གིས་སྔོན་གྱི་ཚེ་རབས་ན་ཡོངས་སུ་བཟུང་བའི་སྨོན་ལམ་གྱི་སྟོབས་ཀྱིས་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་འབྱུང་བ་དེའི་ཕྱིར། ཆོས་ཀྱི་སྐུ་དེ་དོན་རྣམ་གཉིས་གྲུབ་པ་དེས་རབ་ཏུ་ཕྱེ་བ་ཡིན་
ཏེ་དེའི་ཕྱིར། །གང་ཕྱིར་དེ་དག་སྣང་བྱེད་པའི། །མཐུ་ནི་དེ་ལ་ཡོད་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། །བརྟགས་པ་ལ་ཟད་པ་མེད་དོ་ཞེས་བསྟན་ན། དེ་ཇི་ལྟར་མི་སྣང་ཞེ་ན། དེའི་ཕྱིར། གཞན་དབང་ཟད་པས་དེར་བསྟན་པའི། །བརྟགས་པ་སྣང་བར་མི་འགྱུར་རོ། །གང་ཕྱིར་
གྲུབ་པ་རྟོགས་པའི་ཕྱིར། །གཞན་གྱི་དབང་དེར་ཟད་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གཞན་གྱི་དབང་ཟད་པ་ཉིད་ཀྱི་ཕྱིར། དེ་ལ་བརྟེན་པ་བརྟགས་པ་སྔོན་གྱི་ལྟར་མི་སྣང་ངོ་། །གཞན་གྱི་དབང་དེ་ཟད་པ་ཡང་གྲུབ་པ་རྟོགས་པས་ཐོབ་སྟེ། དེ་ནི་འདི་སྐད་དུ། གཞན་གྱི་དབང་ནི་རྣམ་
པ་གཉིས་ཏེ། མཚན་མའི་རང་བཞིན་དང་། གནས་ངན་ལེན་གྱི་རང་བཞིན་ཏེ། དེ་ལ་ཤེས་རབ་དང་ཏིང་ངེ་འཛིན་ཟུང་དུ་འབྲེལ་པར་འཇུག་པའི་ལམ་མངོན་དུ་གྱུར་ནས་བླ་ན་མེད་པའི་ཡེ་ཤེས་བྱུང་ན་དེའི་གགས་སུ་གྱུར་པའི་སྒྲིབ་པ་གཉིས་སྤོང་བར་འགྱུར་ཏེ། དེ་སྤངས་པས་སྒྲིབ་པའི་
ངོ་བོ་ཉིད་གཞན་གྱི་དབང་ཟད་པར་བརྗོད་དོ་ཞེས་དེ་སྐད་བསྟན་པར་འགྱུར་རོ། །དོན་དེ་རྣམ་གཉིས་གྲུབ་པ་ཡིས། །ཆོས་ཀྱི་སྐུ་ནི་རབ་ཏུ་ཕྱེ། །ཞེས་བྱ་བ་འདིས་ནི་དེ་ལས་སྐུ་གཉིས་འབྱུང་བ་ཉིད་དུ་བརྗོད་དོ། །སྐུ་རྣམ་གཉིས་ནི་ཆོས་སྐུ་ལ། །བརྟེན་པ་ཡིན་ཡང་དེ་ཡི་ཕྱིར། །གཉིས་ཀྱི་

དོན་གཉིས་ཕུན་སུམ་ཚོགས། །རྣམ་པ་ཀུན་དུ་གནས་ཞེས་བྱ། །ཞེས་བྱ་བ་ལ་བརྟེན་པ་ཡིན་ཡང་ཞེས་བྱ་བ་ནི་དེ་ལྟར་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་སྟེ། ཆོས་ཀྱི་སྐུ་ལས་བྱུང་དུ་ཟིན་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་དེ་ལྟ་ཡིན་དུ་ཟིན་ཀྱང་།
དེ་གཉིས་ཀྱི་འབྱོར་པ་རང་དང་གཞན་གྱི་དོན་གྱི་མཚན་ཉིད་ནི་རྣམ་པ་ཐམས་ཅད་དུ་གནས་པ་ཞེས་བྱའོ། །དེ་ནི་འདི་སྐད་དུ་སྤྲུལ་པའི་སྐུའི་འབྱོར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པ་སྟེ། དེའི་སྟོབས་ཀྱིས་དེ་འབྱུང་བའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་སྐུ་ལ་བརྟེན་ཏོ། །
དེ་ལས་བྱུང་བ་ལས་བྱུང་བས་ན་སྤྲུལ་པའི་སྐུ་ཡང་ཆོས་ཀྱི་སྐུ་དང་འབྲེལ་བར་བརྗོད་དོ། །ཞེས་དེ་སྐད་བསྟན་པར་འགྱུར་རོ། །གྲུབ་པ་རྟོགས་པའི་ཕྱིར་གཞན་གྱི་དབང་ཟད་པར་འགྱུར་བ་དང་། དེ་ཟད་པས་དེ་ལ་བརྟེན་པ་བརྟགས་པའི་ངོ་བོ་ཉིད་ཕྱིས་སྣང་བར་མི་འགྱུར་རོ། །ཞེས་བྱ་བ་དེ་
ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར། འཇུག་སེམས་ཀུན་ནས་ཉོན་མོངས་པ། །ཇི་ལྟར་ཀུན་གཞི་སེམས་ལས་ནི། །གཉིས་སུ་སྣང་བ་འབྱུང་འགྱུར་བ། །དེ་རྣམས་དག་པས་སྐུ་འཐོབ་པོ། །ཞེས་བྱ་བ་སྨོས་ཏེ། ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་བདག་
ཉིད་ཡིན་གྱི། དོན་འདི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ལ་ནི་མི་བྱའོ། །ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལས་འཇུག་པའི་རྣམ་པར་ཤེས་པ་དེ་གཟུང་བ་དང་འཛིན་པའི་རྣམ་པར་ཐ་སྙད་གདགས་པར་གྲུབ་པར་འབྱུང་བ་ནི་འདི་ལྟར་གཉིས་སུ་སྣང་བ་ཞེས་པ་སྨོས་པ་སྟེ།
སྤྲོས་པའི་གནས་སྐབས་ན་ཇི་ལྟར་དེ་ལས་འཇུག་པའི་རྣམ་པར་ཤེས་པ་རྣམས་འབྱུང་བ་དེ་བཞིན་དུ། ཀུན་གཞི་རྣམ་པར་ཤེས་པ་ཡོངས་སུ་དག་པས་ཆོས་ཀྱི་སྐུ་འཐོབ་ལ། དེ་རྣམ་པར་དག་པས་ཀྱང་གཞན་གྱི་དབང་གི་ངོ་བོ་ཉིད་འཇུག་པའི་རྣམ་པར་ཤེས་པ་རྣམ་པར་ཐར་པས་ལོངས་
སྤྱོད་རྫོགས་པའི་སྐུ་འཐོབ་སྟེ་དེའི་ཕྱིར། དེ་རྣམ་པར་དག་པས་སྐུ་འཐོབ་པོ་ཞེས་བྱ་བ་སྨོས་ཏེ། འདིས་ནི་སྤྲོས་ནས་བསྒྲུབས་པའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཕྱིར། །དེ་བཞིན་ལོངས་སྤྱོད་རྫོགས་པ་ཡང་། །ཆོས་ཀྱི་སྐུ་དང་འབྲེལ་བར་འདོད། །སྤྲུལ་པའང་ལོངས་

སྤྱོད་རྫོགས་པ་དང་། །རབ་ཏུ་འབྲེལ་པར་བརྗོད་པ་ཡིན། །ཞེས་བྱ་བ་སྨོས་སོ། །སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་ཞེས་བྱ་བ་འདི་གཉིས་གདུལ་བའི་དོན་སྒྲུབ་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པ་ཡིན་ནམ། འོན་ཏེ་འགའ་ཞིག་ལ་ལར་སྣང་
ལ་འགའ་ཞིག་ལ་མ་ཡིན་ཞེ་ན། དེའི་ཕྱིར། སྤྲུལ་གནས་གྱུར་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྲུལ་པའི་སྐུ་ནི་དེ་དང་འབྲེལ་པའི་ཕྱིར། སྤྲུལ་པའི་སྐུའི་གནས་གྱུར་པ། །ཞེས་བརྗོད་དོ། །དེ་བཞིན་དུ། རྣམ་གཅིག་དངོས་ཕྱིར། ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟུགས་སུ་སྣང་བར་
ཟད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་གང་གི་རྟེན་ཀྱང་མ་ཡིན་པ་དང་རྣམ་པ་དུ་མ་སྟེ། ཇི་ལྟར་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་དབང་གིས་དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། ཚངས་པ་དང་། དབང་པོ་ལ་སོགས་པའི་གཟུགས་སུ་སྣང་ངོ་། །བྱང་ཆུབ་སེམས་
དཔའ་རྣམས་དགེ་བའི་རྩ་བ་རབ་དང་། ཕུལ་དང་ལྡན་ཡང་རྟག་ཏུ་སངས་རྒྱས་ཀྱི་གཟུགས་དང་། སངས་རྒྱས་ཀྱི་ཞིང་གི་ཚད་ལ་སོགས་པ་ཐ་དད་པར་མཐོང་གི །རྣམ་པ་གཞན་དུ་ནི་མ་ཡིན་ནོ། །ཚོགས་ལ་སྩོགས། །ཐ་དད་ཕྱིར་ནི་ཁམས་ཀུན་དུ། །ལོངས་སྤྱོད་རྫོགས་གནས། །ཞེས་
བྱ་བ་ལ་ཐ་དད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཚོགས་ཐ་དད་པའི་ཕྱིར་རོ། །སྩོགས་པ་སྨོས་པས་ནི་སངས་རྒྱས་ཀྱི་ཞིང་བསྡུས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་སོ། །ཅིག་ཤོས་མིན། ཞེས་བྱ་བ་ནི་སྤྲུལ་པའི་སྐུ་ཞེས་བྱ་བའི་ཐ་ཚིག་སྟེ། ལ་
ལར་རེས་འགའ་དེ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུན་མི་འཆད་པའི་ཕྱིར་དང་། རང་གི་དོན་ཕུན་སུམ་ཚོགས་པའི་རྣམ་པ་ཐམས་ཅད་ལ་ཡོངས་སུ་སྤྱོད་པའི་ཕྱིར་ཆོས་ལ་ལོངས་སྤྱོད་པར་ཉེ་བར་གནས་པའི་མཚན་ཉིད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་དོ། །
འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་ཕྱིར་དང་། སྤྲུལ་པའི་རྟེན་ཡིན་པའི་ཕྱིར་དང་། རྣམ་པ་གཅིག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། ཚོགས་ལ་སོགས་པ་ཐ་དད་པའི་ཕྱིར། དེ་ཉིད་ཕྱིར་ནི་ཆོས་སྐུ་དང་། །ལོངས་སྤྱོད་རྫོགས་པ་འབྲེལ་པར་འདོད། །དེ་དེ་ལ་བརྟེན་ཞེས་བྱ་

བའི་ཐ་ཚིག་གོ། །སྤྲུལ་པའི་སྐུ་ནི་དེ་ལས་བཟློག་པའི་ཆོས་དང་ལྡན་པའི་ཕྱིར་ཆོས་ཀྱི་སྐུ་དང་འབྲེལ་པ་མ་ཡིན་ནོ། །ཡང་ན་དབང་གི་འབྲས་བུ་ཡི། །རྣམ་པ་ཀུན་དང་ལྡན་ཕྱིར་རོ། །ཞེས་བྱ་བ་སྟེ། དེ་ནི་འདི་སྐད་དུ། སྤྲུལ་པའི་སྐུ་ལ་ཡང་དེའི་དབང་གིས་དེ་ལྟར་སྣང་བ་ཡོད་པའི་
ཕྱིར་དབང་གི་འབྲས་བུ་དང་ལྡན་པ་ཡོད་མོད་ཀྱི། འོན་ཀྱང་དབང་གི་འབྲས་བུ་རྣམ་པ་ཐམས་ཅད་ནི་དེ་ལ་མེད་དོ། །ཐེག་པ་ཆེན་པོའི་ཆོས་བླ་ན་མེད་པ་ལ་ལོངས་སྤྱོད་པའི་ཕྱིར་དང་སངས་རྒྱས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐོབ་པའི་ཕྱིར་དང་། སངས་རྒྱས་ཀྱི་ཞིང་
ཡོངས་སུ་དག་པར་སྐྱེ་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ལ་ནི་དབང་གི་འབྲས་བུའི་རྣམ་པ་ཐམས་ཅད་དང་ལྡན་པ་ཡོད་དོ། །མདོ་ལས་དེ་བཞིན་གཤེགས་པ་རྣམས་ནི་རྟག་པའི་སྐུ། ཐེར་ཟུག་གི་སྐུའོ། །ཞེས་གསུངས་པ་དེ་ཅི། ཐམས་ཅད་རྟག་པ་ཉིད་ཡིན་ནམ། འོན་ཏེ་འགའ་
ཞིག་ཡིན། རྟག་པ་ཉིད་ཀྱི་དོན་ནི་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར། དེ་ལྟ་དེ་ལྟར་དེ་དང་དེར། །རྒྱུན་གྱིས་འཇུག་པ་ཡིན་པས་ན། །སྤྲུལ་པ་དེ་ནི་རྟག་པ་སྟེ། ཞེས་བྱ་བ་སྨོས་ཏེ། དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་ཇི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་ཚངས་པ་ལ་སོགས་པའི་གཟུགས་སུ་སྟོན་པའི་ཕྱིར་རོ། །
དེ་དག་དེར་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་རྣམས་སུའོ། །རྒྱུན་གྱིས་འཇུག་པ་ཞེས་བྱ་བ་ནི་གདུལ་བའི་སྐྱེ་བོ་འདུལ་བ་རྒྱུན་མི་གཅོད་པའི་ཕྱིར་རོ། །དོན་འདིས་ན་རྟག་པ་ཞེས་བརྗོད་པར་བསྟན་པའི་ཕྱིར་དཔེ། རྟག་པར་ཟས་སྦྱིན་འདྲ་བར་འདོད། །ཅེས་བྱ་བ་སྨོས་སོ། །དོན་གང་གིས་
ལོངས་སྤྱོད་རྫོགས་པའི་སྐུ་རྟག་པ་ཞེས་བྱ་ཞེ་ན། དེའི་ཕྱིར། ཆོས་ལས་ལོངས་སྤྱོད་རྫོགས་འཇུག་པ། །འཁོར་བ་སྲིད་དུ་མི་འཆད་པས། །ཞེས་བྱ་བ་སྨོས་ཏེ། འཁོར་བའི་རྒྱུན་ཇི་སྲིད་པར་དེ་བཞུགས་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་རྣམས་རྒྱུན་མི་འཆད་པའི་ཕྱིར་
ཆོས་ལ་ལོངས་སྤྱོད་རྫོགས་པར་མཛད་པའི་རྒྱུན་མི་འཆད་དེ། དེ་བས་ན་དེ་རྟག་པ་སྟེ། དེའི་ཕྱིར། ལོངས་སྤྱོད་རྫོགས་པ་རྟག་པ་སྟེ། །ཞེས་བྱ་བ་སྨོས་སོ། །རྟག་ཏུ་བདེ་སྤྱོད་བཞིན་དུ་འདོད། །ཅེས་བྱ་བས་ནི། འཇིག་རྟེན་ན་ཡང་དེ་ལྟ་བུར་བརྗོད་པ་ཡོད་དོ་ཞེས་སྟོན་

ཏེ། དཔེར་ན་སྡུག་བསྔལ་ལ་སོགས་པས་བར་དུ་མ་ཆོད་ཅིང་བདེ་བ་རྒྱུན་མི་འཆད་པར་མྱོང་བའི་མི་ལ་འདི་ནི་བདེ་བ་དང་ལྡན་ནོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་སྐུ་ནི་རང་བཞིན་ཉིད་ཀྱིས་ངོ་བོ་ཉིད་ཁོ་ནས་རྟག་
པ་སྟེ། དེའི་ཕྱིར། འདུས་མ་བྱས་པ་ཡིན་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། འདུས་བྱས་ནི་མི་རྟག་པའོ། །གལ་ཏེ་དེ་ལས་བཟློག་པར་གྱུར་ན་དེ་རྟག་པ་ཉིད་དུ་གྲུབ་སྟེ། འདིས་ཐེར་ཟུག་ཏུ་གནས་པའི་རྟག་པ་ཉིད་བསྟན་ཏོ། །གཞན་དུ་འགྱུར་བ་མེད་པའི་ཕྱིར། །
ཞེས་བྱ་བ་འདིས་ནི་འགྱུར་བ་གཞན་དུ་འགྱུར་བ་མེད་དོ་ཞེས་བསྟན་ཏོ། །དེ་ལྟར་ཆོས་གཉིས་དང་ལྡན་པའི་ཆོས་ཀྱི་སྐུ་ནི་ནམ་མཁའ་ལྟར་རྟག་པ་སྟེ། དེའི་ཕྱིར། ནམ་མཁའ་བཞིན་དུ་འདོད་པ་ཡིན། །ཞེས་བྱ་བ་སྨོས་སོ། །གནས་སྐབས་གང་ན་སྐུ་གང་ཡོད་པར་བསྟན་པའི་
ཕྱིར། སྤྲུལ་ཡོད་ལོངས་སྤྱོད་རྫོགས་པ་མེད། །ལོངས་སྤྱོད་རྫོགས་ཡོད་ཅིག་ཤོས་མེད། །ལོངས་སྤྱོད་རྫོགས་དང་ཅིག་ཤོས་ཡོད། །ལོངས་སྤྱོད་རྫོགས་མེད་ཅིག་ཤོས་མེད། །ཅེས་བྱ་བ་སྨོས་ཏེ། ཚིག་ལེའུར་བྱས་པ་འདི་བཤད་པ་ནི་ཚིག་ལེའུར་བྱས་པ་འོག་མ་ཡིན་ཏེ་
འདི་ལྟར། དེ་ལ་མོས་པས་བརྟན་རྣམས་དང་། །མཚན་མ་མེད་པའི་ས་རྣམས་དང་། །མཚན་མ་བཅས་པས་གཞན་རྣམས་དང་། །སངས་རྒྱས་ཉིད་དང་གོ་རིམས་བཞིན། །ཞེས་བྱ་བ་སྨོས་ཏེ། སྤྲུལ་པའི་སྐུ་ནི་མོས་པས་སྤྱོད་པའི་ས་ལ་རྣམ་པར་གཞག་སྟེ། དེ་ཁོ་ན་
མཐོང་བ་མེད་པའི་ཕྱིར་དེ་ན་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བ་མེད་དོ། །མཚན་མ་མེད་པ་བརྒྱད་པ་ལ་སོགས་པ་རྣམས་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་རྫོགས་སྐུ་མཐོང་བ་ཁོ་ན་ཡིན་གྱི་སྤྲུལ་པའི་སྐུ་མཐོང་བ་མེད་དེ་དེ་ནི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་རྣམས་ཡོངས་
སུ་སྨིན་པར་བྱ་བའི་ཕྱིར་སོ་སོའི་སྐྱེ་བོ་རྣམས་ཀྱི་མདུན་ན་སྣང་བ་ནི་བརྫུན་པ་ཡིན་པའི་ཕྱིར་རོ། །མཚན་མ་དང་བཅས་པ་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ན་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པ་ཞེས་བྱ་བ་ཡང་སྣང་ངོ་། །སངས་རྒྱས་ཀྱི་ས་ལ་ནི་ཆོས་ཀྱི་སྐུ་གཅིག་པུར་ཟད་ཀྱི་གཉིས་པོ་མེད་

དེ། སྤྲོས་པའི་དངོས་པོའི་ཡུལ་ཡིན་པའི་ཕྱིར་དང་། ཆོས་ཀྱི་སྐུ་ནི་སྤྲོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་གོ་རིམས་བཞིན་ཞེས་བྱ་བ་སྨོས་སོ། །དམ་པ་རྣམས་ཀྱི་སེམས་རྒྱུ་བ། །མ་གྲུབ་པ་ལ་དབང་འདོད་ཀྱི། །ཇི་བཞིན་དོན་ཤེས་སེམས་རྒྱུ་བ། །གྲུབ་ལ་དེ་ཡོད་ག་ལ་འགྱུར། །ཞེས་བྱ་བ་
སྨོས་ཏེ། དེའི་དབང་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་རྒྱུ་བ་མ་གྲུབ་པའི་གནས་སྐབས་ན་རིགས་ཀྱི། ཤེས་པའི་རྒྱུ་བ་ཡོངས་སུ་གྲུབ་པ་ལ་དབང་གིས་ཅི་ཞིག་བྱ་ཞེས་སྟོན་ཏོ། །ཕན་ཚུན་གྱི་དབང་གིས་འབྲས་བུ་ཅི་ཡང་མི་དམིགས་སོ་ཞེས་བྱ་བར་བསམས་པའོ། །
ད་ནི་དེའི་ལན་དུ། དེས་བཤད་སྟོབས་ཀྱིས་དེ་དག་གི། །ཡེ་ཤེས་དེ་ལྟར་འཇུག་པའི་ཕྱིར། །གནས་ངན་ལེན་སྤངས་དེ་ཡི་ཚེ། །ལོངས་སྤྱོད་རྫོགས་པ་རྣམ་པར་གཞག །ཅེས་བྱ་བ་སྨོས་ཏེ། དེས་བཤད་པའི་དབང་གིས་ས་ཇི་ལྟ་བ་བཞིན་དུ་གནས་ངན་ལེན་སྤོང་ངོ་། །གལ་
ཏེ་གྲུབ་པ་དེར་དབང་མེད་པར་གྱུར་ན་གནས་ངན་ལེན་སྤང་བར་ཇི་ལྟར་འགྱུར་ཏེ། དེ་ནི་འདི་སྐད་དུ་བསྟན་པ་ཐོས་ནས་བསྒོམ་པའི་ལམ་གྱིས་ས་གོང་མར་རིགས་ཀྱིས་གོམས་པར་བྱས་ན་ཡེ་ཤེས་རྒྱུན་གྱིས་འཇུག་པ་འཐོབ་སྟེ། འདི་ལྟར་གནས་ངན་ལེན་མ་ལུས་པར་ཤིན་ཏུ་སྤོང་བའི་
བར་དུ་འགྱུར། དེ་ལྟ་བས་ན་གནས་སྐབས་དེར་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་གཞག་གོ་ཞེས་དེ་སྐད་བསྟན་པར་འགྱུར་རོ། །གལ་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པ་ཉིད་ཀྱི་གནས་ངན་ལེན་སྤངས་ན་ནི་སངས་རྒྱས་ཀྱི་ས་ལ་སྤང་བར་བྱ་བ་གཞན་ཅི་ཡོད་དེ། དེ་ཉིད་སངས་
རྒྱས་ཀྱི་ས་ཞེས་བརྗོད་ཀྱི། ལོངས་སྤྱོད་པའི་སྐུའི་གནས་སྐབས་ཞེས་མི་བྱ་སྟེ། དེའི་ཕྱིར། སངས་རྒྱས་ས་ལ་ནག་པོ་དང་། །དཀར་པོའི་ཆོས་རྣམས་ཐམས་ཅད་ནི། །དངོས་པོ་ཀུན་གྱིས་ལྡོག་པ་དང་། །ཡོངས་སུ་གྱུར་པར་འགྱུར་བ་ཡིན། །ཞེས་བྱ་བ་སྨོས་ཏེ། གནས་ངན་
ལེན་སྤངས་པ་ཡོད་པ་བདེན་མོད་ཀྱི། ཐམས་ཅད་ཀྱི་ཐམས་ཅད་དུ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ས་ལ་ནི་ནག་པོའི་ཆོས་ཐམས་ཅད་གཏན་ནས་ལྡོག་གོ། །དཀར་པོའི་རྣམ་པ་ཐམས་ཅད་དུ་ཟག་པ་མེད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་གནས་སྐབས་དེར་བཅོམ་ལྡན་འདས་ལ་སངས་རྒྱས་

ཞེས་བྱ་སྟེ། དཀར་པོའི་ཆོས་ཐམས་ཅད་དེ་བཞིན་ཉིད་ཁོ་ནར་གྱུར་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་རྣམས་ནི་དེ་བཞིན་ཉིད་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཞེས་བརྗོད་དོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར། དམ་པ་དང་ནི་དམ་
ཆོས་མིན། །བསྟེན་དང་སྤངས་པས་གང་གི་ཕྱིར། །དེ་བཞིན་ཉིད་དག་རབ་ཕྱེ་བ། །སངས་རྒྱས་དམ་པ་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་དཀར་པོའི་ཆོས་རྣམས་བསྟེན་པ་དང་། ནག་པོ་རྣམས་ཡོངས་སུ་སྤངས་པས་དེ་བཞིན་ཉིད་དག་པས་རབ་ཏུ་ཕྱེ་བའི་ཆོས་ཀྱི་སྐུ་
འཐོབ་པོ། །འདི་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་རང་གི་དོན་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་ལ་དཀར་པོ་དང་ནག་པོའི་ཆོས་དེ་དག་གི་འབྲས་བུའི་རྣམ་པ་ཐམས་ཅད་མ་ལུས་པར་དམིགས་ཏེ། ནག་པོ་རྣམས་གཏན་མི་སྣང་བའི་ཕྱིར་དང་། དཀར་པོ་རྣམས་ཟག་པ་མེད་པར་གྱུར་པར་སྣང་
བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་དང་། ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ། །རང་དོན་ཕུན་སུམ་ཚོགས་ཕྱེ་ལ། །དེ་དག་གི་ནི་འབྲས་བུ་དང་། །རྣམ་པ་ཀུན་དུ་སྣང་མི་སྣང་། །ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་མཚུངས་པར་སྤངས་པ་ཡིན། །ཞེས་བྱ་བས་ནི་ཇི་སྐད་བསྟན་པའི་དོན་གྱི་
མཇུག་སྡུད་པར་བྱེད་དོ། །ནག་པོ་དང་དཀར་པོའི་ཆོས་རྣམས་ནི་མཚུངས་པར་སྤང་བར་བྱ་བ་ཡིན་ཏེ། ཁ་ཅིག་ནི་གཏན་དུ་རྒྱུན་འཆད་ལ། །ཁ་ཅིག་གཞན་གྱི་དབང་གི་ངོ་བོ་ཉིད་རྣམས་ནི་གྱུར་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་དག་བརྟགས་པའི་རང་བཞིན་པས། །དེ་དག་ལྡོག་དང་གྱུར་པ་ནི། །
ཐུབ་ལ་རྣམ་པར་འཇོག་པར་བྱེད། །ཅེས་བྱ་བ་སྨོས་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་ས་ཉིད་ལ་ནི་ལྡོག་པ་དང་གྱུར་པ་སྟེ། ནག་པོ་དང་དཀར་པོ་ཐམས་ཅད་ལྡོག་པ་དང་གྱུར་པར་རྣམ་པར་གཞག་གོ།། །།བམ་པོ་གཉིས་པ། ངོ་བོ་ཉིད་གསུམ་པོ་དག་ཡོངས་སུ་ཤེས་པ་དང་
སྤངས་པ་དང་། དག་པས་སྐུ་གསུམ་པོ་དག་འཐོབ་བོ་ཞེས་བྱ་བ་བསྟན་ན་འབྲས་བུ་འདི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡིན་པར་ཇི་སྐད་དུ་བརྗོད་ཅེ་ན། དེའི་ཕྱིར། རྣམ་པར་མི་རྟོག་ཡེ་ཤེས་ཀྱིས། །ངོ་བོ་ཉིད་གསུམ་ཡོངས་མཁྱེན་དང་། །སྤོང་དང་མངོན་དུ་མཛད་དེའི་ཕྱིར། །ཞེས་བྱ་བ་

སྨོས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པས་ངོ་བོ་ཉིད་དེ་དག་ཅིག་ཅར་དུ་ཡོངས་སུ་མཁྱེན། རབ་ཏུ་སྤོང་། མངོན་སུམ་དུ་མཛད་དེ། དེ་ལྟ་བས་ན་སྐུ་གསུམ་པོ་དག་ནི་དེའི་འབྲས་བུ་ཉིད་དུ་བརྗོད་པས་དེའི་ཕྱིར། དེའི་འབྲས་བུ་སྐུ་འཐོབ་པོ། །ཞེས་བྱ་བ་
སྨོས་སོ། །ཅིའི་ཕྱིར་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་འབྲས་བུར་བརྗོད་ཀྱི། གཞན་གྱི་ནི་མ་ཡིན་ཞེ་ན། དེའི་ཕྱིར། རྣམ་པར་མི་རྟོག་ཡེ་ཤེས་ལས། །ཡེ་ཤེས་དམ་པ་གཞན་མེད་དོ། །ཤེས་བྱ་ཆོས་ཀྱི་དབྱིངས་ལས་ཀྱང་། །ཤེས་བྱ་དམ་པ་གཞན་མེད་དོ། །ཞེས་བྱ་བ་སྨོས་ཏེ།
འདི་ནི་འདི་སྐད་དུ་ཤེས་པ་གཞན་ནི་སྒྲོ་བཏགས་པའི་དངོས་པོ་ལ་གནས་པའི་ཕྱིར་དང་། ཤེས་བྱ་གཞན་ནི་ལོག་པའི་རྣམ་པར་ཞུགས་པའི་ཕྱིར་དེ་གཉིས་ལ་མ་གཏོགས་པའི་བདེན་པ་གཞན་མེད་དོ་ཞེས་བསྟན་པར་འགྱུར་རོ། །ཆོས་ཀྱི་སྐུ་ནི་གནས་གྱུར་པས་རབ་ཏུ་ཕྱེ་བའོ་ཞེས་བརྗོད་པ་དེ་ཇི་
ལྟ་བུ་ཞེ་ན། དེའི་ཕྱིར། གཉིས་ནི་གཉིས་སུ་མེད་གྱུར་ལ། །ཞེས་བྱ་བ་སྨོས་ཏེ། གཉིས་པོ་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་ངོ་བོ་ཉིད་གཟུང་བ་དང་འཛིན་པའི་མཚན་ཉིད་གང་ཡིན་པ་དེ་གཉིས་སུ་མེད་པར་འགྱུར་ཏེ། དེ་རང་གི་ངོ་བོར་མི་སྣང་བའི་ཕྱིར་རོ། །རྣམ་རྟོག་རྣམ་པར་མི་
རྟོག་པ། །དེ་ལྟ་བུ་ནི་གནས་གྱུར་ཡིན། །ཞེས་བྱ་བ་དེ་ལ་གཞན་གྱི་དབང་ནི་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་ཏེ། དེ་གང་གི་ཚེ་གཉིས་ཀྱི་རྣམ་པར་མི་སྣང་བ་ན་གནས་གྱུར་པ་ཞེས་བསམས་པའོ། །གནས་གྱུར་པ་དེ་ཡང་རྣམ་པར་དཔྱད་ན་ཤེས་བྱ་དང་ཤེས་པའི་བྱེ་བྲག་ལས་ཡོངས་སུ་
བརྟགས་པ་ཡིན་ཏེ། དེའི་ཕྱིར། ཤེས་བྱ་ཡེ་ཤེས་བྱེ་བྲག་གིས། །ཞེས་བྱ་བ་སྨོས་སོ། །གཉིས་སུ་མེད་པ་ནི་ཇི་ལྟ་བུ། རྣམ་པར་མི་རྟོག་པ་ཡང་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར། དྲི་མེད་ཡེ་ཤེས་རྣམ་མི་རྟོག །བལྟ་བར་བྱ་སྟེ་རྣམ་རྟོག་བཞིན། །ཞེས་བྱ་བ་སྨོས་སོ། །རྣམ་
རྟོག་བཞིན་ཞེས་བྱ་བ་ནི་དཔེར་ན་རྣམ་པར་རྟོག་པ་བརྫུན་པ་ཡིན་ཡང་དེ་ལྟ་བུའི་བདག་ཉིད་སྟོན་པ་བཞིན་དུ། དེ་ལས་བཟློག་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །དེ་བཞིན་ཉིད་ཀྱི་བདག་ཉིད་ནི། །གཉིས་མེད་ཆོས་བལྟ་གཉིས་བཞིན་ནོ། །ཞེས་བྱ་བ་ནི་གཉིས་སུ་མེད་

པའི་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་དག་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟ་བར་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དེ་ལས་བཟློག་པ་ཡིན་ནོ་ཞེས་བྱ་བ་དེ་ཡོད་པར་ཇི་ལྟར་ཤེས་པར་ནུས་ཤེ་ན། དེའི་ཕྱིར། ཇི་ལྟར་ཆོས་དབྱིངས་གཉིས་མེད་པས། །རབ་ཏུ་ཕྱེ་བ་འདོད་
པ་ལྟར། །དེ་བཞིན་མི་རྟོག་ཡེ་ཤེས་ཀྱང་། །གཉིས་མི་གཟིགས་པས་རབ་ཏུ་ཕྱེ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཆོས་ཀྱི་དབྱིངས་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་མེད་པས་རབ་ཏུ་ཕྱེ་བ་དེ་བཞིན་དུ། ཡེ་ཤེས་འདི་ཡང་གཟུང་བ་དང་འཛིན་པ་མེད་པ་གཟིགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །གལ་
ཏེ་གཉིས་མི་གཟིགས་པས་རབ་ཏུ་ཕྱེ་བ་ཡིན་ན། འོ་ན་ཅི་ཡང་མ་ཡིན་པས་མེད་པ་བཞི་པོ་ལས་གང་ཡང་རུང་བ་ཞིག་ཏུ་ཇི་ལྟར་མི་འགྱུར་ཞེ་ན། རྒོལ་བ་ངན་པ་བརྩལ་བའི་ཕྱིར། །འདུས་མ་བྱས་ཕྱིར། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔ་ན་མེད་པ་དང་ཞིག་ནས་མེད་པ་ནི་མ་ཡིན་ཏེ། འདུས་
བྱས་ལ་འབྱུང་བ་དང་འཇིག་པ་སྣང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །གཅིག་ལ་གཅིག་མེད་པ་ནི། དེ་ལ་མངོན་དུ་འགྱུར་བ་སྦྱིན་པར་སྤྲོ་བ་མེད་དེ། གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་ཆོས་མེད་པའི་ཕྱིར་རོ། །གཅིག་ལ་གཅིག་མེད་པ་དེའི་མཚན་ཉིད་ནི། བ་ལང་ལ་རྟ་མེད་དོ། །རྟ་ལ་བ་
ལང་མེད་དོ། །ཞེས་བྱ་བ་ཡིན་ན་དེ་ལ་ནི་གཉིས་མེད་པས་ཡོངས་སུ་བརྟག་པ་འདིའི་གནས་མེད་དོ། །གལ་ཏེ་དེ་ལ་གཉིས་མེད་ན་དེ་ལྟ་ན་ནི་གཏན་མེད་པའི་མཚན་ཉིད་ལས་མི་འདའོ་ཞེ་ན། དེའི་ཕྱིར། གཉིས་པོ་མེད་པ་ཡོད་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ་གལ་ཏེ་དངོས་པོ་
མེད་པ་ཉིད་དུ་གྱུར་ན་ནི་གཏན་མེད་པ་ཡིན་པར་ཡང་འགྱུར་ན་གང་གི་ཚེ་དེ་གཉིས་མེད་པར་རབ་ཏུ་ཕྱེ་བ་དེའི་ཕྱིར་སྐྱོན་འདིར་མི་འགྱུར་རོ་ཞེས་དེ་སྐད་བསྟན་པར་འགྱུར་རོ། །དེའི་ཕྱིར། སྔ་ན་མེད་ལ་སོགས་པ་སྟོང་། །ཞེས་བྱ་བ་སྨོས་སོ། །གཉིས་མེད་པ་ནི་གཞན་དུ་འདོད། །ཅེས་བྱ་བས་
ནི་དེ་གཉིས་མེད་པའི་ཡེ་ཤེས་དེ་ཁྱོད་ཀྱིས་ཡོངས་སུ་བརྟགས་པའི་དངོས་པོ་ལས་བཟློག་པ་ཡིན་ནོ་ཞེས་བསྟན་ཏོ། །ཤེས་པ་གསལ་ལོ། །ཤེས་པ་མི་གསལ་ལོ་ཞེས་བརྗོད་ན་དེ་ཅི་ཤེས་པ་མ་ལུས་པ་ལ་ཐོགས་པ་མེད་པ་ཞིག་གམ། འོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཀྱི་ཐུན་

མོང་མ་ཡིན་པའི་ཆོས་གཞན་ཞིག་གམ། །རྣམ་པར་རྟོག་པའི་ཆོས་འདིས་རྣམ་པར་མི་རྟོག་པ་དེ་ཇི་ལྟར་བརྗོད་ཅེ་ན། དེའི་ཕྱིར། རྣམ་པར་མི་རྟོག་ཡེ་ཤེས་ཀྱིས། །གསལ་དང་མི་གསལ་གང་ཡིན་པ། །དེ་ནི་གསལ་བའམ་མི་གསལ་བའི། །ཞེས་བྱ་བ་སྨོས་སོ། །སེམས་
རྣམས་ཀུན་ལ་ཡོད་མ་ཡིན། །ཞེས་བྱ་བ་འདིས་ནི་ཐུན་མོང་མ་ཡིན་པར་སྟོན་ཏོ། །རྣམ་པར་རྟོག་པའི་ཆོས་ཀྱིས་ཇི་ལྟར་སྟོན་ཞེས་བྱ་བ་དེའི་ལན་དུ། གཉིས་པོ་མེད་པའི་དོན་རྟོགས་པ། །དེ་ནི་གསལ་ཞེས་བརྗོད་པ་ཡིན། །གཉིས་ཀྱི་དོན་ནི་རྟོགས་གྱུར་པ། །གསལ་བ་མ་ཡིན་
ཤེས་པར་བྱ། །ཞེས་བྱ་བ་སྨོས་སོ། །ཡང་ན་གསལ་བ་དང་མི་གསལ་བ་གཉིས་དུས་གཅིག་ན་ལྡན་ནོ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། གཉིས་པོ་མེད་པའི་དོན་རྟོགས་པ། །ཞེས་བྱ་བ་སྨོས་ཏེ། ཆོས་འདི་གཉིས་གནས་སྐབས་གཅིག་ལ་སྒྲོ་བཏགས་པ་མ་ཡིན་གྱི། ཐ་དད་པ་
ལ་བཏགས་པའོ། །གཉིས་ཀྱི་དོན་ནི་རྟོགས་གྱུར་ན། །ཞེས་བྱ་བ་ནི་གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངོན་དུ་གྱུར་པ་སྟེ། ཐ་སྙད་འདོགས་པའི་དུས་ནའོ་ཞེས་བྱ་བའི་ཐ་ཚིག་སྟེ། དོན་གཉིས་པོ་གཟུང་བ་
དང་འཛིན་པ་ཞེས་བརྗོད་པ་རྟོགས་པའི་ཕྱིར་རོ། །དེ་བཞིན་རྒོད་དང་བྱིང་བ་དག །ཉེ་བར་ཞི་བས་གསལ་མི་གསལ། །ཞེས་བྱ་བ་ནི་ས་བོན་མ་ལུས་པར་སྟོན་པའི་ཕྱིར་རོ། །རྒོད་པ་དང་བྱིང་བ་ཉེ་བར་ཞི་བ་དེ་གཉིས་ཀྱིས། ཡེ་ཤེས་ཀྱི་གསལ་བ་དང་མི་གསལ་བ་བརྗོད་པས་དེའི་ཕྱིར།
རྒོད་པ་དང་བྱིང་བ་གཉིས་མེད་ན་སེམས་མཉམ་པར་འཇུག་པ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར། དེ་ཚེ་བློ་ལྡན་དེ་མཁྱེན་ཏེ། །མཉམ་དུ་འཇུག་པར་ཤེས་པར་བྱ། །ཞེས་བྱ་བ་སྨོས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ལས་གཞན་མེད་དོ་ཞེས་དེ་སྐད་སྨྲས་
པས། ཤེས་པ་དང་ཤེས་བྱ་གཉིས་སོ་སོར་བརྗོད་པའི་ཕྱིར་དེ་གཉིས་ཐ་དད་པར་གསལ་ལོ། །དེ་གལ་ཏེ་ཆོས་ཀྱི་དབྱིངས་ལ་དམིགས་པ་ཡིན་ནམ། ཆོས་ཀྱི་དབྱིངས་དམིགས་པ་ཡིན་ན་ནི་དེ་ཉིད་སྤྲོས་པའི་དངོས་པོར་སྒྲོ་བཏགས་པར་འགྱུར་ཏེ། ཇི་སྲིད་དུ་ཡོངས་སུ་རྟོག་པ་དེ་

སྲིད་དུ་སྤྲོས་པ་ཡིན་པའི་ཕྱིར་རོ། །ཇི་སྟེ་དེ་ལ་མི་དམིགས་སམ་དམིགས་པ་ཡང་མ་ཡིན་ན་ནི་ཤེས་པ་དང་ཤེས་བྱར་ཇི་ལྟར་རྣམ་པར་གཞག་ཅེ་ན། དེའི་ཕྱིར། དཔེར་ན་གཉིས་དང་རྣམ་པར་རྟོག །ཐ་དད་དབྱེ་བར་མི་ནུས་ལྟར། །དེ་བཞིན་ཉིད་དང་ཡེ་ཤེས་ཀྱང་། །
ཕན་ཚུན་ཐ་དད་མེད་པར་གནས། །ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ་དོན་དུ་གཉེར་བ་རྣམས་ལ་སྒྲོ་བཏགས་པའི་སྒོ་ནས་བྱེ་བྲག་ཏུ་དབྱེ་བའི་ཕྱིར་དེ་གཉིས་དེ་སྐད་དུ་ཐ་སྙད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ནི་དངོས་པོ་བཏགས་པའི་རྒྱུའི་ཐ་སྙད་འདི་མེད་དོ་ཞེས་དེ་སྐད་བསྟན་པར་འགྱུར་རོ། །
གལ་ཏེ་ཡང་དག་པའི་ཡེ་ཤེས་ཀྱིས་གྲོལ་བར་འགྱུར་བས་དེའི་ཕྱིར་དགྲ་བཅོམ་པ་རྣམས་ཀྱང་སངས་རྒྱས་ཉིད་དུ་ཐལ་བར་འགྱུར་ཏོ། དེ་དག་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་ཚོགས་རྩ་ནས་བཏོན་པས་གཏན་དུ་ཡོངས་སུ་མྱ་ངན་ལས་འདའོ་ཞེ་ན། དེའི་ཕྱིར།
དགྲ་བཅོམ་རྣམས་ཀྱི་ཤེས་ལྡོག་པ། །གཉིས་རྟོག་སྤངས་པ་མིན་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་དེ་དག་གྲོལ་བ་བདེན་མོད་ཀྱི། ཤེས་པ་ལྡོག་པ་ནི་གཉིས་སུ་རྟོག་པ་མ་སྤངས་པའི་ཕྱིར་ཤིན་ཏུ་ཁྱད་ཆེ་སྟེ། འདི་ལྟར་དེ་དག་ནི་གང་ཟག་ལ་
བདག་མེད་པར་རྟོགས་པའི་སྒོ་ནས་ཡང་དག་པའི་ཤེས་པ་བསྐྱེད་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གནས་པ་ཡིན་གྱི། ཆོས་ལ་བདག་མེད་པས་ནི་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་སྒོ་ནས་བག་
ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མ་ལུས་པ་དང་བྲལ་བའི་ཕྱིར་མཁྱེན་པ་ཆགས་པ་མི་མངའ་ཞིང་ཐོགས་པ་མི་མངའ་བར་ཤེས་བྱ་ཐམས་ཅད་ལ་འཇུག་པས་དེའི་ཕྱིར། སངས་རྒྱས་རྣམས་ཀྱི་དེ་འཇུག་པ། །གཏན་ནས་བཟློག་པར་འདོད་པ་ཡིན། །ཞེས་
བྱ་བ་སྨོས་སོ། །གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་པ་ལས་འདས་པ་ཡིན་ན། འོ་ན་དེས་ཆོས་ཇི་ལྟར་རྣམ་པར་གཞག །རྣམ་པར་མི་རྟོག་བཞིན་དུ་འཇུག་པར་བྱེད་པར་ཡང་འོས་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར། དཔེར་ན་མདའ་ནི་འཕངས་པ་ཡང་། །སྔར་བཀང་

དབང་གིས་འགྲོ་བ་སྟེ། །ཞེས་བྱ་བ་སྨོས་སོ། །དེ་བཞིན་མི་རྟོག་ཡེ་ཤེས་ཀྱང་། །སྔོན་གྱི་ཤུགས་ཀྱིས་འཇུག་པ་ཡིན། །ཞེས་བྱ་བ་ནི་དཔེར་ན་ལག་པའི་རྩོལ་བའི་དབང་གིས་ཇི་སྲིད་དུ་གཟས་པར་མདའ་འགྲོ་བ་དེ་བཞིན་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་སྔོན་གྱི་སྨོན་ལམ་གྱི་ཤུགས་
ཀྱི་དབང་གིས་འདུ་མཛད་པ་ཇི་སྲིད་པར་རྗེས་སུ་འཇུག་གོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་བརྗོད་པ་དེ་ཅི་རྟག་པ་ཞིག་ཡིན་ནམ། འོན་ཏེ་མི་རྟག་པ་ཞིག་ཡིན། གཅིག་ལ་ཆོས་གཉི་ག་ནི་མེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར། རྟག་ལ་དམིགས་པ་འཇུག་ཕྱིར་དང་། །ཞེས་བྱ་བ་སྨོས་སོ། །
གལ་ཏེ་དེ་ལྟ་ན་ནི་ཤེས་པ་ཐམས་ཅད་ཀྱང་རྟག་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་དག་ནི་མ་ཡིན་ཏེ་སྒྲོ་བཏགས་པས་འཇུག་པའི་ཕྱིར་རོ། །དེ་ནི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་ཆོས་ཀྱི་དབྱིངས་མ་ནོར་བར་མཐོང་བ་ཡིན་ནོ། །འགྱུར་མེད་པ་དང་ལྡན་པའི་ཕྱིར། །རྣམ་པར་མི་རྟོག་རྟག་པ་ཉིད། །
ཅེས་བྱ་བ་ནི་གཏན་ཚིགས་གཉིས་པ་སྟེ། གང་ལ་འགྱུར་བ་ཡོད་པ་དེ་ནི་མི་རྟག་པ་ཁོ་ན་ཡིན་གྱི། རྣམ་པར་མི་རྟོག་པ་ཉིད་ལ་འགྱུར་བ་མེད་དོ། །དེ་ལྟར་གཏན་ཚིགས་གཉི་ག་ཡུལ་ཡིན་པའི་ཕྱིར། རྣམ་པར་མི་རྟོག་པ་ནི་རྟག་པ་ཡིན་ནོ། །ཇི་ལྟར་ན་མི་རྟག་པ་ཉིད་ཀྱང་ཡིན་ཞེ་ན། དེའི་ཕྱིར།
འདུས་བྱས་ཡིན་པས་མི་རྟག་ཉིད། །ཅེས་བྱ་བ་སྨོས་ཏེ། འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དུ་སྣང་བའི་ཕྱིར་མི་རྟག་པ་ཉིད་ཅེས་བྱའོ། །དགེ་སློང་དག་ཆོས་གཟིངས་དང་འདྲ་བར་ཤེས་པ་ཁྱེད་ཀྱིས་ཆོས་རྣམས་ཉིད་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་
ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོད་ཅིང་དེ་བཞིན་ཉིད་ཅེས་བྱ་བ་ཡང་དངོས་པོར་ཡོད་ན་ཇི་ལྟར་འགལ་བར་མི་འགྱུར་ཞེ་ན། དེའི་ཕྱིར། དབང་འབྱོར་རྣམ་ཀུན་ཐོབ་བྱའི་ཕྱིར། །སྦྱིན་ལ་སོགས་པ་རྣམ་འཇིག་པས། །གཟིངས་འདྲར་བརྗོད་པ་མདོ་སྡེའི་དོན། །དགོངས་པ་སངས་རྒྱས་རྣམས་ལ་
བརྗོད། །ཅེས་བྱ་བ་སྨོས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དབང་འབྱོར་པ་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྦྱིན་པ་ལ་སོགས་པ་རྣམ་པར་གཞིག་པར་མཛད་ཀྱི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ནི་རྣམ་པར་གཞིག་པར་མཛད་དེ་དེ་བཞིན་གཤེགས་

པ་རྣམས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གཟིངས་ལྟ་བུའོ་ཞེས་བྱ་བ་མདོ་ལས་འབྱུང་བའི་དགོངས་པ་ནི་སྦྱིན་པ་ལ་སོགས་པ་ཁོ་ནའི་དབང་དུ་མཛད་ནས་གསུངས་པ་ཡིན་པར་བདག་གིས་ཤེས་སོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་གནས་གང་ཡིན། ཅི་
སེམས་ཡིན་ནམ། འོན་ཏེ་གཞན་ཞིག་ཡིན། གལ་ཏེ་སེམས་ཡིན་ན་ནི་དེ་གང་ན་ཡོད་པ་དེར་ཆོས་གཞན་དག་ཀྱང་ཡོད་པར་འགྱུར་ཏེ་དེ་ཉིད་སྤྲོས་པར་འགྱུར་རོ། །ཇི་སྟེ་གཞན་ཞིག་ཡིན་ན་ནི་དེ་བསྟན་དགོས་སོ་ཞེ་ན། དེའི་ཕྱིར། གནས་པོ་གཞན་དུ་གྱུར་པ་ནི། །དེ་ཡི་གནས་སུ་འདོད་པ་
ཡིན། །ཞེས་བྱ་བ་སྨོས་ཏེ། གནས་གྱུར་པ་ནི་དེ་བཞིན་ཉིད་ལ་བྱ་སྟེ། ཡེ་ཤེས་དེའི་གནས་ཡིན་ནོ། །ཅིའི་ཕྱིར་སེམས་ལ་མི་བྱ་ཞེ་ན། དེའི་ཕྱིར། ཉེས་པ་གཉིས་སུ་འགྱུར་བས་ན། །སེམས་ནི་དེ་ཡི་གནས་མ་ཡིན། །ཞེས་བྱ་བ་སྨོས་སོ། །གལ་ཏེ་སེམས་གནས་ཡིན་པར་གྱུར་ན་ནི་ཉེས་
པ་རྣམ་པ་གཉིས་སུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཞེས་བྱ་བ་ནི་བསགས་པ་དང་། སྣ་ཚོགས་ཀྱི་རྣམ་པར་འཇུག་པར་འདོད་པའི་ཕྱིར་རོ། །གལ་ཏེ་དང་པོ་ཡིན་ན་ནི་དེ་མི་རུང་སྟེ། འཁོར་བ་པའི་ས་བོན་མ་ལུས་པར་བཏོན་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། འཇུག་པའི་རྣམ་པར་ཤེས་
པ་མེད་པའི་ཕྱིར་རོ། །ཡང་སེམས་ནི་སྤྱིའི་རྣམ་པའི་དངོས་པོ་ཡོངས་སུ་གཅོད་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་དེ་ལས་བཟློག་པ་ཡིན་ཏེ། དེ་ལྟར་ནི་ཡེ་ཤེས་ལ་བརྟེན་གྱི། རྣམ་པར་ཤེས་པ་ལ་མི་བརྟེན་ཏོ་ཞེས་བཀའ་སྩལ་ཏེ། དེ་ནི་དོན་ཇི་ལྟ་བ་
བཞིན་དུ་ཞུགས་པ་མ་ཡིན་པས་དེ་ལ་བརྟེན་པར་མི་བྱའོ། །ཡེ་ཤེས་ནི་དངོས་པོ་ཇི་ལྟར་གནས་པ་བཞིན་དུ་ཡོངས་སུ་གཅོད་པ་ཡིན་པས་དེ་ལ་བརྟེན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེ་ཞིག་མེད་ན་འདི་ཇི་ལྟར་ཤེས་པར་རུང་ཞེ་ན། དེའི་ཕྱིར། འགྲོ་བའི་བགེགས་བྱེད་མ་ཡིན་
པས། །སྐབས་ནི་རབ་ཏུ་འབྱེད་པས་ན། །ནམ་མཁའ་གཟུགས་སུ་སྣང་ཀུན་གྱི། །གནས་སུ་འདི་ནི་ཡོད་པ་ལྟར། །དེ་བཞིན་གནས་ནི་གྱུར་པ་ན། །དེ་ནི་རབ་ཏུ་འཇུག་པ་ཡིན། །སྐྱོན་དང་བཅས་པའི་གནས་ལ་མེད། །ཅེས་བྱ་བ་སྨོས་ཏེ། དཔེར་ན་ཆོས་གཟུགས་ཅན་རྣམས་

འགྲོ་བའི་རྒྱུན་ལ་བགེགས་མི་བྱེད་པའི་ཕྱིར་ནམ་མཁའ་སྐབས་རབ་ཏུ་འབྱེད་པས་ན་ནམ་མཁའ་ནི་གནས་ཞེས་བརྗོད་དེ། དེ་བཞིན་དུ་གནས་གྱུར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་གི །ཇི་སྲིད་དུ་གནས་སྐྱོན་དང་བཅས་པ་དེ་སྲིད་དུ་ཇི་ལྟར་ཡང་མི་འབྱུང་བར་སྟོན་ཏོ། །དེས་ན་དེ་ནི་དེ་ཡི་
གནས། །ཞེས་བྱ་བས་མཇུག་བསྡུས་སོ། །གལ་ཏེ་དེ་ལྟ་ཡིན་ན། དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་དེ་བཞིན་ཉིད་ནི་གནས་སོ། ཅིག་ཤོས་ནི་གནས་པའོ་ཞེས་བྱ་བར་འདི་དག་གསལ་བར་དམ་བཅས་པ་ཡིན་ནོ་ཞེ་ན། དེའི་ཕྱིར། ཡེ་ཤེས་དང་ནི་གནས་གྱུར་པ། །དེ་གཉིས་དེ་ཚེ་
ཕན་ཚུན་དུ། །གནས་ཀྱི་དངོས་པོར་འདོད་པ་སྟེ། །ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ། འདི་གཉི་ག་ཡང་ཕན་ཚུན་གྱི་སྟོབས་ཀྱིས་འགྱུར་ཏེ། དེའི་ཕྱིར་གཅིག་ཏུ་ངེས་པར་གཅིག་ཁོ་ན་གནས་སུ་གྱུར་པ་མ་ཡིན་གྱི། གཉི་ག་ལ་ཡང་གནས་དང་བརྟེན་པའི་དངོས་པོ་ཡོད་དོ་ཞེས་དེ་
སྐད་བསྟན་པར་འགྱུར་ཏེ། གནས་གྱུར་པ་མེད་པ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་འབྱུང་ལ། ཡེ་ཤེས་མེད་པར་ཡང་གནས་གྱུར་པ་མེད་དེ། དེ་ལྟ་བས་ན་གནས་སྐབས་དེ་ན་བརྗོད་པ་གཉི་ག་ལ་ཡང་ཅིག་ཅར་འཇུག་སྟེ། རྩ་བ་དང་ཡོངས་སུ་རྟོག་པ་བཞིན་ནོ། །ཇི་ལྟ་བུ་ཞེ་ན། དེའི་ཕྱིར།
རྩ་བའི་སེམས་ལས་རྣམ་རྟོག་བཞིན། །རྩ་བའི་སེམས་ལས་བརྟེན་ནས་སུ། །རྣམ་པར་རྟོག་པ་འབྱུང་བ་ལྟར། །དེ་བཞིན་འབྱུང་ཚེ་དེ་ཡང་ནི། །དེ་བལྟས་བྱེད་པར་འདོད་པ་ཡིན། །དེ་བཞིན་གནས་པོར་གྱུར་པ་ལ། །བརྟེན་ནས་དམ་པ་རྣམ་དག་གི །རྣམ་པར་མི་རྟོག་ཡེ་ཤེས་འབྱུང་། །ཞེས་བྱ་བ་
སྨོས་ཏེ། དཔེར་ན་ཀུན་གཞི་རྣམ་པར་ཤེས་པ་ལ་ས་བོན་རྣམ་པ་སྣ་ཚོགས་གནས་པ་ཡོངས་སུ་སྨིན་པའི་དུས་ན་ཕན་ཚུན་དུ་རྒྱུ་དང་འབྲས་བུའི་ཚུལ་གྱིས་རྣམ་པར་རྟོག་པ་འབྱུང་བ་ན་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ལ་ས་བོན་བསྐྱེད་ནས་བརྟས་པར་བྱེད་དོ། །དེ་ནས་ཡང་བརྟས་པའི་འབྲས་བུ་རྣམ་པར་
རྟོག་པ་འབྱུང་ངོ་། །འདི་ཡང་དེ་དང་འདྲ་སྟེ་གནས་གྱུར་པ་ལ་བརྟེན་པ་གཉིས་མེད་པའི་ཡེ་ཤེས་འབྱུང་བ་ན་གནས་གྱུར་པ་འགྲུབ་པར་བྱེད་པ་ཁོ་ན་ཡིན་པར་འདོད་དོ་ཞེས་དེ་སྐད་སྟོན་ཏེ་དེའི་ཕྱིར། དེ་ཡང་དེ་འགྲུབ་བྱེད་པ་ཡིན། །ཞེས་བྱ་བ་སྨོས་སོ། །སྤྲོས་པ་མ་ལུས་པར་ཡང་དག་པར་བཅོམ་པའི་

ཕྱིར་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་དོན་དམ་པར་ན་ཐེག་པ་ཆེན་པོ་ཡིན་ཏེ། དེ་ཇི་ལྟ་ཞེ་ན། དེའི་ཕྱིར། གཞི་དང་གནས་དང་དམིགས་པ་དང་། །འབྲས་བུ་དང་ནི་རྟེན་ཆེ་བས། །དེ་ཉིད་དམ་པའི་དོན་དུ་ན། །ཐེག་པ་ཆེན་པོ་ཞེས་བརྗོད་དོ། །ཞེས་བྱ་བ་
སྨོས་ཏེ། གཞི་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྒྲུབས་པའོ། །གནས་ནི་ཆོས་ཀྱི་དབྱིངས་སོ། །དམིགས་པ་ནི་མདོའི་ཆོས་མཐའ་དག་གོ། །འབྲས་བུ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །རྟེན་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་
ནི་ཉན་ཐོས་དང་རང་རྒྱལ་བ་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར་དང་། རྒྱ་ཆེ་བའི་ཕྱིར་ཆེན་པོ་སྟེ། དེ་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཆེན་པོ་ཞེས་བརྗོད་དེ། དེ་དག་གི་ཐེག་པ་ནི་ཆེན་པོ་ཡིན་ནོ། །ཡང་ན་ཐེག་པ་དེ་ཉིད་རྣམ་པ་ཆེན་པོ་དེ་དག་དང་ལྡན་པའི་ཕྱིར་ཐེག་པ་ཆེན་
པོ་ཞེས་བརྗོད་དོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་ནི་འདི་ནི་ཏིང་ངེ་འཛིན་ཏོ། །འདི་ནི་ཡེ་ཤེས་སོ། །ཏིང་ངེ་འཛིན་ལ་ལྟོས་ནས་ཡེ་ཤེས་འདི་སྐྱེས་སོ་ཞེས་བྱ་བ་འདི་རྣམ་པར་གཞག་པར་ཇི་ལྟར་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར།
དམིགས་བྱ་དམིགས་བྱེད་མཚུངས་མཉམ་པའི། །དངོས་ཅན་ཤེས་རབ་རྒྱུ་བ་ལ། །ཞེས་བྱ་བ་སྨོས་སོ། །ཤེས་རབ་རྒྱུ་བ་ཞེས་བྱ་བའི་རང་བཞིན་གང་ཡིན་ཞེ་ན། དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཚུངས་མཉམ་པའི་དངོས་པོ་ཅན་ཡིན་ཏེ། དེ་ལ་དམིགས་པར་བྱ་བ་
ཡང་མེད། དམིགས་པར་བྱེད་པ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་མཚུངས་མཉམ་ཞེས་བརྗོད་དོ། །དབྱེར་མེད་པའི་ཕྱིར། ཏིང་ངེ་འཛིན་དང་ཡེ་ཤེས་དང་། །གནས་དང་བརྟེན་པ་ཐ་དད་མེད། །དེ་དེའི་ཕྱིར་ཏིང་ངེ་འཛིན་དང་ཡེ་ཤེས་དབྱེར་མེད་དོ། །གང་གི་ཕྱིར་དབྱེར་མེད་
པ་དེའི་ཕྱིར་གནས་དང་བརྟེན་པའི་དངོས་པོ་ཡང་མེད་དོ་ཞེས་བསམས་པའོ། །དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་མཚུངས་མཉམ་ཞེས་བརྗོད་པ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར། གཟུང་དང་འཛིན་པ་མེད་ཉིད་དུ། །གཟུང་དང་འཛིན་པའི་དངོས་ཡིན་པས། །རྣམ་རྟོག་

མེད་ལ་དམིགས་བྱ་དང་། །དམིགས་པར་བྱེད་པ་མཚུངས་མཉམ་འདོད། །ཅེས་བྱ་བ་སྨོས་ཏེ། གཟུང་བ་དང་འཛིན་པའི་དངོས་པོ་གང་ཡིན་པ་དེ་ནི་དེ་ལས་བཟློག་ནས་དེར་འཇུག་སྟེ། དེའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ནི་དོན་དམ་པར་ན་དེ་སྐད་ཅེས་བརྗོད་དོ། །འདི་ནི་སེམས་
སོ། །འདི་དག་ནི་སེམས་ལས་བྱུང་བའོ་ཞེས་རྣམ་པར་གཞག་པ་དེ་གཉིས་སུ་རྟོག་པའི་སྐབས་ཀྱིས་འབྱུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་མན་ཆད་ལ་ཡང་ཐ་སྙད་འདོགས་པའི་ཚེ་འབྱུང་ན། ཡང་དག་པའི་ཡེ་
ཤེས་གཉིས་མེད་པའི་མཚན་ཉིད་དེ་བྱུང་བ་ན། སེམས་དང་སེམས་ལས་བྱུང་བ་དེ་དག་གི་རྣམ་པར་གཞག་པ་གང་ནས་འབྱུང་སྟེ། དེའི་ཕྱིར། དེ་མི་འཇུག་ན་ཞེས་བྱ་བ་སྨོས་ཏེ། གནས་སྐབས་དེ་ན་རྣམ་པར་རྟོག་པ་མི་འཇུག་ཅེས་བྱ་བར་བསམས་པའོ། །གཉིས་སུ་རྟོག་པའི་སྐབས་
ཀྱིས་ནི། །སེམས་དང་སེམས་བྱུང་རྣམ་གཞག་ན། །མི་འཇུག་དེ་ཚེ་བརྟན་རྣམས་ཀྱི། །རྣམ་པར་གཞག་སྟེ་ག་ལས་འབྱུང་། །ཞེས་བྱ་བ་སྨོས་པ་འདི་ནི་དྲི་བའི་ཚིག་ལེའུར་བྱ་བའོ། །ད་ནི་དྲི་བ་རྣམ་པ་གཉིས་པ་བསྟན་པའི་ཕྱིར། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་
པོའི་རང་གི་ངོ་བོར་སྣང་བའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་སྤྱིའི་རྣམ་པར་འཇུག་པའི་ཕྱིར་སེམས་ཞེས་བྱའོ། །དངོས་པོ་དེའི་བྱེ་བྲག་ཏུ་སྣང་བ་གང་ཡིན་པ་ཚོར་བ་ལ་སོགས་པ་ནི་བྱེ་བྲག་ཏུ་འཇུག་པས་དེ་ལ་སེམས་ལས་བྱུང་བར་རྣམ་པར་འཇོག་སྟེ། དེའི་ཕྱིར། དངོས་པོའི་ངོ་བོ་
ཉིད་སྣང་བའི། །རྣམ་པར་རྟོག་ལ་སེམས་ཞེས་བྱ། །དེ་ཡི་བྱེ་བྲག་གང་སྣང་བ། །དེ་ལ་སེམས་ལས་བྱུང་ཞེས་རྟོག །ཅེས་བྱ་བ་སྨོས་སོ། །ཁ་ཅིག་གིས་ནི་སེམས་དང་སེམས་ལས་བྱུང་བ་དག་ཐ་དད་པ་ཁོ་ནའོ་ཞེས་བརྗོད་པས་ངོ་བོ་ཉིད་དང་བྱེ་བྲག་ཅེས་བྱ་བ་འདི་ཇི་ལྟར་ཤེས་པར་
ནུས་ཤེ་ན། དེའི་ཕྱིར། དཔེར་ན་ངོ་བོ་ཉིད་བརྟེན་ནས། །བྱེ་བྲག་རྣམས་ནི་བཞག་པ་ལྟར། །དེ་བཞིན་སེམས་ལས་བརྟེན་ནས་སུ། །སེམས་ལས་བྱུང་རྣམས་རྣམ་པར་འཇོག །ཅེས་བྱ་བ་སྨོས་ཏེ། དཔེར་ན་གཟུགས་དང་། ཚོར་བ་དང་། འདུ་ཤེས་ཞེས་བྱ་བ་ནི་

ངོ་བོ་ཉིད་ཙམ་ཁོ་ན་བསྟན་པའོ། །དེ་ཉིད་ལ་བརྟེན་ནས་གཟུགས་སུ་རུང་བའི་ཕྱིར་གཟུགས་སོ་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་རྣམ་པར་འཇོག་སྟེ། ཐོགས་པ་དང་བཅས་པ་དང་བསྟན་དུ་ཡོད་པ་ལ་སོགས་པ་བྱེ་བྲག་དེ་དག་ནི་གཟུགས་ལ་སོགས་པ་ལས་གཞན་
པ་མ་ཡིན་ནོ། །སེམས་ལ་བརྟེན་ནས་སེམས་ལས་བྱུང་བ་རྣམ་པར་འཇོག་པ་འདི་ཡང་དེ་ལྟར་རྣམ་པར་བལྟ་བར་བྱའོ། །ཡང་ན་བྱེ་བྲག་གི་ཆོས་རྣམ་པར་གཞག་པ་ལྟ་ཞོག་སྟེ། སྤྱིའི་བར་དུ་རྣམ་པར་དཔྱད་ན་མི་དམིགས་སོ་ཞེས་བསྟན་པའི་ཕྱིར། གང་ཚེ་འདི་ན་དངོས་པོ་ཡི། །ངོ་བོ་
ཉིད་ནི་ཅི་ཡང་མེད། །དེ་ཚེ་གང་གི་བྱེ་བྲག་གཅིག །ཡོད་པར་འགྱུར་བ་ག་ལ་ཡོད། །ཅེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ། དངོས་པོ་ནི་རྣམ་པར་དཔྱད་ན། བཏགས་པའི་ཡོད་པ་དང་། དེའི་རྟེན་དང་གཉིས་སུ་རྣམ་པར་གནས་གྲང་ན་གཉིས་ཀར་ཡང་མི་རུང་སྟེ་འདུས་པ་ནི་དེ་དག་གིས་
བཏགས་པའི་ཡོད་པ་ཉིད་དུ་ཁས་བླངས་སོ། །དེའི་རྟེན་ཀྱང་རྡུལ་ཕྲ་རབ་ལ་སོགས་པ་ཕྱོགས་ཆ་ཐ་དད་པའི་ཕྱིར་ཅི་ཡང་མེད་དོ། །གལ་ཏེ་དེ་མེད་ན་བྱེ་བྲག་ལྟ་ཡོད་པར་ག་ལ་འགྱུར། གལ་ཏེ་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཡིན་ན་ཡོངས་སུ་སྣང་བ་དེ་ག་ལས་བྱུང་ཞེ་ན། དེའི་ཕྱིར། འདི་དག་
ཐམས་ཅད་འཁྲུལ་ཙམ་སྟེ། །འདི་ལ་སེམས་མེད་སེམས་བྱུང་མེད། །ཅེས་བྱ་བ་སྨོས་ཏེ། ཕྱིན་ཅི་ལོག་ཏུ་གྱུར་པ་མ་གཏོགས་པར་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟ་བས་ན་སེམས་ཞེས་བྱ་བའམ། སེམས་ལས་བྱུང་བ་
རྣམས་ཞེས་བྱ་བ་འདི་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་ཙམ་དུ་ཟད་དོ། །རྣམ་པར་རྟོག་པ་ནི་ཐོག་མ་མེད་པའི་དུས་ནས་ཞུགས་པའི་ཕྱིར། རྣམ་རྟོག་རྣམ་པ་ཐ་དད་པས། །དེ་དག་ཐ་དད་བརྗོད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། སེམས་དང་སེམས་ལས་བྱུང་བས་ན་ཐ་དད་པའོ། །དེ་བས་རྣམ་
རྟོག་མི་འཇུག་ན། །འཁྲུལ་པ་མེད་པའི་མཚན་ཉིད་ཀྱི། །ཡེ་ཤེས་འབའ་ཞིག་གཞག་པ་ཡིན། །ཞེས་བྱ་བ་སྨོས་ཏེ། དེ་བས་ཞེས་བྱ་བ་ནི་སྐབས་རྫོགས་པར་བྱེད་ཅིང་མཇུག་སྡུད་པ་སྟེ། ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་གཟུང་བ་དང་འཛིན་པའི་ངོ་བོར་མི་འཇུག་ན་བྱང་ཆུབ་

སེམས་དཔའ་དམ་པ་རྣམས་ཀྱི་ཡེ་ཤེས་འཁྲུལ་པ་མེད་པའི་ངོ་བོ་ཉིད་རྣམ་པར་མི་རྟོག་པ་འབའ་ཞིག་རྣམ་པར་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་དོན་མིན་སྤྱོད་ཡུལ་གཅིག །ཅེས་བྱ་བ་ནི་དེ་བཞིན་ཉིད་ཅེས་བྱ་བ་དོན་ཐ་དད་པ་ཡིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་
དེའི་སྤྱོད་ཡུལ་གཅིག་ཡིན་ནོ། །དེ་ལྟར་ཞར་ལ་བྱུང་བ་ཡོངས་སུ་རྫོགས་པར་བྱས་ནས། དཀྱུས་མ་ཉིད་དང་སྦྱར་བ་བསྟན་པའི་ཕྱིར། གཉིས་མེད་པ་ཡི་དོན་དམིགས་པས། །ཡེ་ཤེས་གཉིས་དོན་མི་དམིགས་པར། །ཤེས་རབ་རྣམ་པར་རྟོག་པ་ཅན། །དེ་ཉིད་ཏིང་ངེ་འཛིན་ཞེས་བརྗོད། །
ཅེས་བྱ་བ་སྨོས་ཏེ། ཤེས་རབ་ནི་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་དེ། དེ་ནི་གཉིས་སུ་མེད་པའི་དོན་དམིགས་པའོ། །གཉིས་སུ་མེད་པའི་དོན་མཐོང་བས་ཤེས་རབ་ཅེས་བྱ་བ་དེ་ལྟར་ཞུགས་པ་གང་ཡིན་པ་དེ་ཉིད་ཡེ་ཤེས་ཡིན་ཏེ། དོན་གཉིས་མི་མཐོང་བའི་ཕྱིར་རོ། །མཐོང་ན་
རྣམ་པར་གཡེངས་པའི་ཕྱིར་ཏིང་ངེ་འཛིན་དུ་ག་ལ་འགྱུར་ཏེ། ཏིང་ངེ་འཛིན་ནི་རྩེ་གཅིག་པའོ། །དེ་ལྟ་བས་ན་ཡེ་ཤེས་གང་ཡིན་པ་དེ་ཉིད་ཤེས་རབ་དང་ཏིང་ངེ་འཛིན་ཞེས་བརྗོད་དོ། །དེ་ལྟར་ཤེས་རབ་དང་ཏིང་ངེ་འཛིན་དཔྱད་ནས་ལམ་ནི་ཤེས་རབ་དང་ཞི་གནས་ཟུང་དུ་འབྲེལ་བར་
འཇུག་པ་ཡིན་པས་དེ་གཉིས་མེད་ན་ཐམས་ཅད་མི་འགྲུབ་པའི་ཕྱིར་དྲན་པ་ལ་སོགས་པའི་ཆོས་གཞན་དག་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གདགས་ཀྱི་གཞན་ལ་ནི་མ་ཡིན་ཏེ། དེའི་ཕྱིར། དེ་ལྟར་དྲན་སོགས་ཆོས་གཞན་ཡང་། །རང་གི་མི་མཐུན་ཕྱོགས་མི་འཇུག །དེ་ཡི་ཚེ་ན་
འདོགས་བྱེད་ཀྱི། །མཚན་ཉིད་ཐ་དད་སོ་སོར་མིན། །ཞེས་བྱ་བ་སྨོས་ཏེ། དྲན་པའི་མི་མཐུན་པའི་ཕྱོགས་བརྗེད་ངས་པ་དང་། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ལེ་ལོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གི་མི་མཐུན་པའི་ཕྱོགས་གང་ཡིན་པ་དེ་མི་འཇུག་པས་གདགས་ཀྱི། དེ་དག་གི་མཚན་ཉིད་སོ་
སོར་ཐ་དད་པ་ནི་མེད་དོ། །གཞན་ཡང་གཞན་གྱི་སྒྲོ་བཏགས་པའི་དོན་ལ་དམིགས་པའི་ཕྱིར་ཏིང་ངེ་འཛིན་ཞེས་བརྗོད་དུ་མི་རུང་སྟེ། དེ་ལྟར་ན་རྣམ་པར་གཡེངས་པ་ཉིད་ཡིན་གྱི། མཉམ་པར་གཞག་པ་མ་ཡིན་ནོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ནི་ཡང་དག་པའི་དངོས་པོ་ལ་གནས་

པའི་ཕྱིར་འཛིན་པ་གཉིས་ལོག་པས་མཉམ་པར་གཞག་པ་ཉིད་དུ་ཡོད་པར་བསྟན་པའི་ཕྱིར། མི་རྟོག་ཡེ་ཤེས་གཅིག་པུ་ཉིད། །ཏིང་ངེ་འཛིན་དུ་མཆོག་རྣམས་བཞེད། །ཅེས་བྱ་བ་སྨོས་ཏེ། དེ་མ་ཡིན་པ་དེ་ལས་གཞན་དག་ནི་དེ་ཁོ་ན་ལ་མི་གནས་པས། དེ་ལས་བཟློག་
པ་ཡིན་པར་གྲུབ་སྟེ། དེ་དག་ནི་དེ་ཁོ་ན་ལ་གནས་པ་མ་ཡིན་ནོ། །དེས་སྐྱོན་ཅིར་འགྱུར་ཞེ་ན། དེའི་ཕྱིར། དེ་མིན་ཏིང་འཛིན་གང་ཡིན་རྣམས། །ཡང་དག་མི་གནས་རྣམ་པར་གཡེང་། །ཞེས་བྱ་བ་སྨོས་ཏེ། དེ་མ་ཡིན་པ་དེ་ལས་གཞན་གྱི་ཏིང་ངེ་འཛིན་གང་ཡིན་པ་དེ་དག་ནི་རྣམ་པར་གཡེང་བའོ། །
ཏིང་ངེ་འཛིན་གྱི་སྒྲ་སྒྲུབ་པའི་སྒོ་ནས་ཀྱང་། གང་དུ་སེམས་ནི་མཉམ་འཇོག་པ། །ཞེས་བྱ་བ་སེམས་མཉམ་པར་འཛིན་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཉིད་ཏིང་ངེ་འཛིན་ཞེས་བྱ་བར་རིགས་སོ་ཞེས་སྟོན་ཏོ། །སེམས་མཉམ་པར་འཇོག་པ་དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར། ཡུལ་དེར་བློ་
གྲོས་འཇུག་བྱེད་པ། །ཞེས་བྱ་བ་སྨོས་ཏེ། བདེན་པར་ཏིང་འཛིན་གཞན་མིན་ཏེ། ཞེས་བྱ་བ་ནི་ཡེ་ཤེས་དེ་ཉིད་ཏིང་ངེ་འཛིན་ཞེས་བརྗོད་དེ། དོན་དམ་པར་ཏིང་ངེ་འཛིན་འདི་ཉིད་ཡིན་ནོ། །གཞན་དག་ལ་ཅིའི་ཕྱིར་མི་བྱ་ཞེ་ན། དེའི་ཕྱིར། མི་མཉམ་འཇོག་པ་ཡོད་ཕྱིར་རོ། །ཞེས་བྱ་བ་སྨོས་
ཏེ། རྣམ་པར་མི་རྟོག་པས་སྒྲོ་བཏགས་པའི་དངོས་པོ་ལ་རེག་པའི་ཕྱིར་རོ། །གསུང་རབ་ལས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་མང་ཞིག་འབྱུང་བ་མ་ཡིན་ནམ། གལ་ཏེ་དེ་དག་ཏིང་ངེ་འཛིན་མ་ཡིན་ན་ཏིང་ངེ་འཛིན་ཞེས་
བརྗོད་པ་དེ་ཇི་ལྟར་རུང་། དེ་དག་ཀྱང་ཏིང་ངེ་འཛིན་ཡིན་ན་ནི་ཏིང་ངེ་འཛིན་གཅིག་ཅེས་ཀྱང་ཇི་སྐད་དུ་བྱ་ཞེ་ན། དེའི་ཕྱིར། མི་རྟོག་ཡེ་ཤེས་མཚན་ཉིད་པ། །ཏིང་འཛིན་ཆེན་པོ་གཅིག་པུ་པ། །ཏིང་ངེ་འཛིན་ཡོད་ཐམས་ཅད་ནི། །ཞེས་བྱ་བ་སྨོས་སོ། །དེ་དག་ཀྱང་ཆ་འགའ་ཞིག་གིས་
ཏིང་ངེ་འཛིན་ཞེས་བྱ་སྟེ། བཟློག་པ་མེད་མོད་ཀྱི། ཡང་དག་པར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ལ་ཏིང་ངེ་འཛིན་ཞེས་བརྗོད་པ་འདི་རིགས་པས་དེ་སྐད་ཅེས་བརྗོད་ཅེས་བསྟན་པར་འགྱུར་རོ། །གཞན་ཡང་དེ་དག་ཀྱང་ཏིང་ངེ་འཛིན་ཡིན་ན་ཏིང་ངེ་འཛིན་གཅིག་ཅེས་ཇི་སྐད་དུ་བྱ་ཞེས་

བྱ་བ་དེ་ཡང་ཀླན་ཀར་མི་རུང་སྟེ། དེ་ཉིད་དུ་འདུས་པའི་ཕྱིར་རོ། །གང་གི་ཕྱིར་སེམས་ཅན་གྱི་དོན་བྱེད་ནུས་པའི་ཆ་ལྟར་སྣང་བ་དག་ཡོད་པ་འདི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་མཐུ་ཡིན་ཏེ། དེའི་ཕྱིར། ཁོངས་སུ་ཆུད་པར་བསྟན་པ་ཡིན། །ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་དེའི་
ཁོངས་སུ་ཆུད་པར་བསྟན་གྱི། དེ་ལས་གཞན་པ་དག་ཀྱང་ཐ་དད་པ་ཉིད་དུ་མ་བརྗོད་ཅེ་ན། དེའི་ཕྱིར། ཡིད་བཞིན་ནོར་བུ་གཅིག་གིས་ཀྱང་། །བསམ་པ་སྣ་ཚོགས་སྐོང་བྱེད་ལྟར། །དེ་བཞིན་མི་རྟོག་ཏིང་འཛིན་གཅིག །སེམས་ཅན་དོན་ནི་སྣ་ཚོགས་བྱེད། །ཅེས་བྱ་བ་སྨོས་སོ། །ཡང་ན་
རྣམ་པར་མི་རྟོག་པའི་ཡེ་ཤེས་ཁྱད་པར་མེད་པ་དེ་ལ་ཁྱད་པར་ཡོད་པའི་དངོས་པོ་གནས་པའི་ཐ་སྙད་ཇི་ལྟར་འགྲུབ་ཅེ་ན། དེའི་ཕྱིར། ཡིད་བཞིན་གྱི་ནོར་བུ་གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བསོད་ནམས་ཀྱི་ལས་རྣམས་ཀྱི་མཐུ་ཁྱད་པར་འཕགས་པ་ལས་ཡོ་བྱད་
རྣམ་པ་ཐ་དད་པ་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཆར་འབེབས་མཁས་པའི་ཡིད་བཞིན་ནོར་བུ་བསོད་ནམས་ཀྱི་ལས་ཀྱི་འབྲས་བུ་ལ་སྤྱོད་པ་མཐུ་ཆེ་བར་གྲགས་པ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་ཅིང་མདུན་ན་འདུག་པ་དེ་བཞིན་དུ་ཡེ་ཤེས་འདི་ཡང་རྣམ་པར་
མི་རྟོག་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་སེམས་ཅན་གྱི་དོན་སྣ་ཚོགས་མཛད་དོ། །དེ་ལྟ་བས་ན་ཡེ་ཤེས་གཅིག་ལ་ཐ་སྙད་སྣ་ཚོགས་མི་རུང་བ་མེད་དོ། །གལ་ཏེ་དེ་ལྟར་གཅིག་ཁོ་ནས་ཆོག་པའི་ཕྱིར་ཏིང་ངེ་འཛིན་གཞན་དོན་མེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར། དེ་དག་ལས་མང་ཐ་
དད་པས། །དེའི་ཕྱིར་ཡེ་ཤེས་དངོས་གཅིག་ལ། །ཏིང་ངེ་འཛིན་གྱི་བྱེ་བྲག་ནི། །མང་པོ་དག་ཀྱང་འདུས་པར་བྱེད། །ཅེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་གཞན་དག་ནི་བྱ་བས་རབ་ཏུ་ཕྱེ་བ་ཡིན་ནོ། །དེའི་ཕྱིར་ཏིང་ངེ་འཛིན་དེ་གཅིག་ཡིན་ཡང་ལས་དེས་དུ་མ་ལྟ་བུར་བསྟན་ཏོ། །ཇི་སྐད་དུ་བརྗོད་
པའི་ཡེ་ཤེས་དེ་ནི་རྟག་པ་དང་ཆད་པར་ལྟ་བ་རྣམས་ཀྱིས་ཐོབ་པར་མི་ནུས་ཏེ། འདི་ལྟར་གལ་ཏེ་ཡོད་པར་རྣམ་པར་རྟོག་ན་ནི་དེའི་ཕྱིར་རྟག་པ་ཉིད་འཛིན་པའི་མཐར་ལྟུང་བར་འགྱུར། ཇི་སྟེ་མེད་པར་རྣམ་པར་རྟོག་ན་ནི་དེ་ལྟ་ན་ཡང་ཆད་པར་ལྟ་བའི་མཐར་ལྟུང་བར་འགྱུར་ཏེ། དེ་བས་ན་འདི་

ནི་དབུ་མའི་ལམ་གྱིས་བྱུང་བའི་ངང་ཚུལ་ཅན་ཡིན་པས་ཡེ་ཤེས་འདི་ཉིད་དེ་ལྟ་བུར་ལྟ་བ་རྣམས་ཀྱིས་ཐོབ་པར་མི་ནུས་སོ། །དེ་བས་ན་དབུ་མའི་ལམ་ལ་བརྩོན་པར་བྱའོ་ཞེས་བསྟན་པའི་ཕྱིར། དབུ་མའི་ལམ་ལས་བྱུང་བ་ཡི། །ཡེ་ཤེས་རྣམ་པར་མི་རྟོག་དེ། །རྟག་དང་
ཆད་པར་ལྟ་རྣམས་ཀྱིས། །ཐོབ་པར་ནུས་པ་མ་ཡིན་ནོ། །ཞེས་བྱ་བ་སྨོས་སོ། །དབུ་མའི་ལམ་དེ་ཡང་རྣམ་པར་དཔྱད་ན་རྣམ་པར་རིག་པ་ཙམ་ཉིད་དེ་རྣམ་པར་རིག་པ་ཙམ་ཉིད་ནི། གཙོར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་མཚོན་པའོ། །གཞན་གྱི་དབང་འཁྲུལ་པ་ཙམ་ཡིན་པས་
གཟུང་བ་དང་འཛིན་པ་ཉིད་དུ་སྣང་བའི་ཕྱིར་གལ་ཏེ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་ན་ནི་རྟག་པའི་མཐར་འགྱུར་རོ། །ཇི་སྟེ་ཅི་ཡང་མེད་ན་ནི་དེ་ལྟ་ན་ཆད་པར་བརྗོད་པར་འགྱུར་ཏེ། དེ་ལྟ་བས་ན་གདགས་པའི་གཞི་ཡོད་པ་ཉིད་དུ་ཁས་བླང་བར་བྱ་དགོས་ཏེ་དེའི་ཕྱིར། དབུ་མའི་ལམ་ཞེས་བྱ་བ་ཡང་། །
རྣམ་རིས་ཙམ་ཉིད་མ་གཏོགས་པར། །རིགས་པས་བརྟགས་ན་འདིར་གཞན་ནི། །རྣམ་པ་ཀུན་དུ་མི་འཐད་དོ། །ཞེས་བྱ་བ་སྨོས་སོ། །འོ་ན་བདས་དང་རིགས་མཐུན་པའི་མདོ་ལས། ཀུན་དགའ་བོ་ཡོད་ཅེས་བྱས་ན་ནི་རྟག་པར་འགྱུར། མེད་ཅེས་བྱས་ན་ནི་ཆད་པར་འགྱུར་ཏེ། དེ་ལྟ་བས་
ན་དེ་བཞིན་གཤེགས་པ་དབུ་མའི་ལམ་གྱིས་ཆོས་སྟོན་ཏོ་ཞེས་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། །དེ་ནི་ཉེས་པ་མེད་དེ། གཙོ་བོར་གང་ཟག་དགག་པའི་ཕྱིར་གསུངས་ཀྱི། གཞན་གཙོ་བོར་མཛད་པ་ནི་མ་ཡིན་ཏེ། གཞན་གཙོ་བོར་མཛད་པ་མ་ཡིན་པ་དེ་ཡང་གང་ཟག་བསྩལ་བ་མཛད་པས་བཅོམ་
ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་རྣམ་པར་རིག་པ་ཙམ་ཉིད་དབུ་མའི་ལམ་དུ་བསྒྲུབས་ནས་དེ་ལ་གཟུང་བའི་ཕྱིར། རྫོགས་པའི་བྱང་ཆུབ་འདོད་རྣམས་ཀྱིས། །མི་རྟོག་ཡེ་ཤེས་བསྐྱེད་པའི་ཕྱིར། །དེ་བས་རྣམ་པར་རིག་ཙམ་དུ། །བསྒོམ་པ་རྟག་ཏུ་སྦྱར་བར་བྱ། །ཞེས་བྱ་བ་སྨོས་
ཏེ། །དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེ་དག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་བསྒྲུབ་པའི་ཕྱིར། འདི་ཐམས་ཅད་ནི་རྣམ་པར་རིག་པ་ཙམ་མོ་ཞེས་རྣམ་པར་རིག་པ་ཙམ་ཉིད་དུ་བསྒོམ་པ་ལ་རྟག་ཏུ་སྦྱར་

བར་བྱའོ། །དེ་ལྟར་རྣམ་པར་རིག་པ་སྣང་བ་མཐོང་བ་སྐྱེས་ཏེ། ཐམས་ཅད་ལ་དངོས་པོའི་ངོ་བོ་མི་མཐོང་ན་གཟུང་བ་མེད་པས་འཛིན་པ་ཡང་མེད་དོ་ཞེས་རྣམ་པར་རིག་པ་ཙམ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེའི་ཕྱིར་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་དང་བྲལ་བས་རྣམ་པར་མི་རྟོག་
པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར། སྒོམ་ལ་རྟག་ཏུ་སྦྱར་བར་བྱ། །ཞེས་བྱ་བ་སྨོས་ཏེ། འདི་ནི་ཕན་ཡོན་ཡིན་པས་དེའི་ཕྱིར་བསྒྲིམས་ཤིག་ཅེས་སྟོན་ཏོ། །དེ་ལྟར་དེ་སྒོམ་པ་ལ་མངོན་པར་བརྩོན་པའི་བློ་གྲོས་དང་ལྡན་པ་ནི་ས་བཅུ་རིམ་གྱིས་རྣམ་པར་རྟོག་པ་
རྣམ་པར་འཇིག་པས་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་མཐོང་སྟེ། གཟུང་བ་དང་འཛིན་པའི་བདག་ཉིད་གཉིས་པ་གང་ཡིན་པ་དེ་ཡང་གཉིས་མེད་པའི་ངོ་བོ་ཉིད་དུ་རྟོག་ཅིང་འདི་ན་བརྟག་པར་བྱ་བ་ཡང་མེད་ལ་རྟོག་པ་ཡང་མེད་དེ། འདི་ཐམས་ཅད་མེད་པ་ལ་སྒྲོ་བཏགས་པ་ཡིན་པས་འདི་ཀུན་ནི་རྨི་ལམ་དང་འདྲའོ་ཞེས་
ངེས་པར་བྱེད་དེ། དེའི་ཕྱིར། རྣམ་རྟོག་མི་རྟོག་བདག་ཉིད་ཡིན། །གཉིས་དང་གཉིས་མེད་བདག་ཉིད་དེ། །འདི་དག་ཐམས་ཅད་རྨི་ལམ་བཞིན། །འདི་ལ་བརྟག་བྱ་མེད་རྟོག་མེད། །ཅེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ་ཕྱིན་ཅི་ལོག་ཏུ་གྱུར་པ་མ་གཏོགས་པར་ཆོས་ཕྲ་རབ་ཙམ་ཡང་མེད་དེ། དེ་ལྟ་བས་ན་ཕྱིན་ཅི་ལོག་
སྤང་བ་ཙམ་ཞིག་བྱ་བར་ཟད་དོ་ཞེས་བསྟན་པར་འགྱུར་རོ། །དངོས་པོ་གང་ཡང་བསྣན་མེད་ཅིང་། །བསྩལ་བ་མེད་དེ་དེ་ཡི་ཕྱིར། །ཞེས་བྱ་བས་ནི་དེ་ཉིད་སྒྲུབ་པར་བྱེད་དེ། འདི་ལས་བསྩལ་བ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་
རྣམ་པར་གྲོལ། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར། ཆོས་ཀྱི་རང་གི་ངོ་བོ་ཉིད། །དེ་བཞིན་ཉིད་ཙམ་མཐོང་བས་གྲོལ། །ཞེས་བྱ་བ་སྨོས་ཏེ། དཔེ་རྙིང་ལས་གལ་ཏེ་ཕྱིན་ཅི་ལོག་དེ་དག་ཏིང་ངེ་འཛིན་རྣམས་མ་ཡིན་ན་ཇི་ལྟར་གནས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །སྐབས་ཀྱི་དོན་
དེ་ཉིད། གསེར་འདོད་པ་ཡིས་གསེར་ཡོད་པའི། །ས་ལ་ལེགས་པར་སྦྱོང་བ་ཡི། །རྣམ་པར་རབ་ཏུ་བརྩོན་བྱས་ན། །གསེར་ནི་རྙེད་པར་འགྱུར་བ་ལྟར། །དེ་བཞིན་སྟོང་པ་ཉིད་འདོད་པས། །སྟོང་པའི་བདག་ཉིད་ཆོས་རྣམས་ལ། །ལེགས་པར་རྣམ་འཇིག་རྣམ་པར་བརྩོན། །སྟོང་པ་

ཉིད་ལ་རེག་པར་འགྱུར། །ཞེས་བྱ་བའི་དཔེས་སྒྲུབ་པར་བྱེད་དེ་ཀུན་བརྟགས་པ་དང་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྣམས་དཔེས་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བ་དང་། མངོན་སུམ་དུ་བྱ་བ་རྣམས་ཀྱིས་སྟོན་ཏོ། །འོ་ན་ཅིའི་ཕྱིར་ཞེ་ན། ཇི་ལྟར་
ཉན་ཐོས་རྣམས་སྡུག་བསྔལ་ལ་སོགས་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པའི་རྣམ་པར་གཞིག་པས་གང་ཟག་ལ་བདག་མེད་པར་རྟོགས་པའི་སྒོ་ནས་རྣམ་པར་མི་རྟོག་པ་མཚན་མ་མེད་པའི་དབྱིངས་སུ་འཇུག་པ་དེ་བཞིན་དུ། བྱང་ཆུབ་སེམས་
དཔའ་རྣམས་ཀྱང་ཅིའི་ཕྱིར་མི་འདོད། གཉིས་སུ་རྣམ་པར་རྟོག་པ་རྣམ་པར་གཞིག་པ་འདིས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར། རྣམ་པར་འཇིག་པ་དེ་དང་དེས། །འདོད་པ་རྣམ་པར་བཤིག་བྱ་ན། །འདོད་ལས་འདོད་ཆགས་བྲལ་འཐོབ་ཀྱི། །འདོད་པ་མི་བསྟེན་པས་མིན་ལྟར། །དེ་བཞིན་རྣམ་
པར་མི་རྟོག་པའི། །ཡེ་ཤེས་བསྐྱེད་ཕྱིར་གཉིས་རྟོག་པ། །རྣམ་པར་འཇིག་པ་རྒྱུར་འདོད་དོ། །རྣམ་རྟོག་ཡིད་མི་བྱེད་པས་མིན། །ཞེས་བྱ་བ་སྨོས་ཏེ། འདིས་ནི་འདི་ལྟར་ཉན་ཐོས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པས་རབ་ཏུ་ཕྱེ་བའི་མཚན་མ་མེད་པ་ཙམ་ཐོབ་པར་བྱེད་ཅིང་།
སྡུག་བསྔལ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་དངོས་པོ་དེ་རྣམ་པར་འཇིག་པར་བྱེད་དོ། །དེ་དག་གིས་དགོས་པ་རྣམ་པ་ཐམས་ཅད་དུ་གང་ཟག་ལ་བདག་མེད་པར་འཇུག་པ་ཡིན་ཏེ། དེ་ཙམ་གྱིས་དེར་འཇུག་པ་རིགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་
དང་བྲལ་བས་རབ་ཏུ་ཕྱེ་བའི་ཡེ་ཤེས་འཐོབ་པ་མངོན་སུམ་དུ་འགྱུར་བའི་ཡུལ་ཆོས་ལ་བདག་མེད་པ་ལ་འཇུག་སྟེ། འཇུག་པ་དེ་ནི་གཉིས་སུ་རྣམ་པར་རྟོག་པ་རྣམ་པར་འཇིག་པ་མེད་པར་འཇུག་པར་མི་ནུས་སོ་ཞེས་དེ་སྐད་སྟོན་ཏོ། །རྣམ་པར་རྟོག་པ་ཡིད་ལ་མི་བྱེད་པའི་བྱ་བས་ཇི་ལྟར་མ་ཡིན་ཞེ་ན། ཐབས་
བསྟན་པར་འདོད་པའི་ཕྱིར། རྟག་ཏུ་དམིགས་པ་གང་ལ་ཡང་། །སེམས་ནི་གདགས་པར་མི་བྱའོ། །ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་བར་དུ་དམིགས་པ་གང་ལ་ཡང་སེམས་མི་འདོགས་པའོ། །དེ་ལྟར་མཚན་མ་ཡིད་ལ་བྱེད་པ་ཐམས་ཅད་མེད་པས་མཚན་མ་

མེད་པའི་དབྱིངས་སུ་འཇུག་སྟེ། དེའི་ཕྱིར་རྣལ་འབྱོར་པ་དེ་མི་གནས་པའི་ཡིད་ལ་བྱེད་པ་ཅན་ཞེས་བྱའོ། །ཡིད་ལ་བྱེད་པ་མེད་པ་དེ་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར། ཀུན་ལ་མངོན་ཞེན་རྣམ་ཀུན་དུ། །སྤང་བར་བྱ་བ་འབའ་ཞིག་གོ། །ཀུན་ལ་མངོན་པར་ཞེན་གྱུར་པ། །རྣམ་པ་ཀུན་དུ་ཡོངས་
སྤངས་པས། །རང་གི་ངང་གིས་མི་རྟོག་སྟེ། །གཉིས་མེད་མཚན་ཉིད་དེ་ལ་སྤྱོད། །འཕགས་པ་ཇི་ལྟ་ཇི་ལྟ་བུར། །གཉིས་ཤིག་གཉིས་པོ་མེད་ལ་སྤྱོད། །དེ་ལྟ་དེ་ལྟར་དེའི་སྒྲིབ་པ། །རྣམ་པ་ཐམས་ཅད་རབ་ཏུ་སྤོང་། །ཇི་ལྟ་ཇི་ལྟར་དེའི་སྒྲིབ་པ། །རྣམ་པ་ཐམས་ཅད་རབ་སྤངས་པ། །
དེ་ལྟ་དེ་ལྟར་དེ་བཞིན་ཉིད། །རྣམ་པར་མི་རྟོག་ཡེ་ཤེས་དག །ཅེས་བྱ་བ་སྨོས་ཏེ། དེ་ལྟར་ན་མངོན་པར་ཞེན་པ་ཡོངས་སུ་སྤངས་པའི་ཕྱིར་དང་། མཚན་མ་མངོན་དུ་འགྱུར་བ་མེད་པའི་ཕྱིར། རྣམ་པར་རྟོག་པ་ཡིད་ལ་བྱེད་པ་མི་འཇུག་གོ། །དེ་ལྟ་དེ་ལྟར་འབྱོར་པ་ནི། །རྣམ་པ་ཐམས་ཅད་
ཡོངས་སུ་འཛིན། །སྒྲིབ་པ་ཐམས་ཅད་སྤངས་པས་ན། །རྣམ་པ་ཀུན་དུ་དབང་འབྱོར་བརྙེས། །རྣམ་པ་ཐམས་ཅད་ཀུན་དག་པའི། །དེ་བཞིན་ཉིད་མཁྱེན་མཚན་ཉིད་ནི། །ཞེས་བྱ་བ་སྨོས་ཏེ། འབྱོར་པ་གང་གིས་ལྷུན་གྱིས་གྲུབ་པར་སྐུ་གཉིས་ཀུན་དུ་སྟོན་པས་འཁོར་བ་ཇི་སྲིད་པར་སེམས་
ཅན་གྱི་དོན་མ་ལུས་པ་སྒྲུབ་པར་མཛད་དོ་ཞེས་འོག་ཏུ་སྦྱོར་ཏེ། དེ་ལྟར་དབང་འབྱོར་བརྙེས་པས་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རྣམ་པ་ཐམས་ཅད་ཀུན་དུ་དག་པའི་དེ་བཞིན་ཉིད་ཀྱི་མཚན་ཉིད་ལ་སངས་རྒྱས་ཞེས་བརྗོད་དེ། དེའི་ཕྱིར། སངས་རྒྱས་ཡིན་ཏེ་སྐུ་གཉིས་ཀྱིས། །དབང་འབྱོར་
ལྷུན་གྲུབ་དེ་ཡི་ཕྱིར། །སེམས་ཅན་དོན་གྱི་རྣམ་ཀུན་ལ། །གཏན་དུ་རྗེས་སུ་ནན་ཏན་མཛད། །ཅེས་བྱ་བ་སྨོས་སོ། །དེ་ལྟར་སྐུ་གསུམ་བསྟན་པ་རྒྱ་ཆེར་རྣམ་པར་བཤད་དོ། །སངས་རྒྱས་རྣམས་ཀྱི་སྐུ་གཞག་པ། །གཞན་དག་གང་དུ་གང་མཛད་པ། །ཇི་སྙེད་ཡོད་པ་དེ་དག་ཀུན། །
སྐུ་གསུམ་དག་ཏུ་འདུས་པ་ཡིན། །ཞེས་བྱ་བས་ནི་མདོར་བསྡུ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྒྱུ་དང་འབྲས་བུར་བསྡུས་པར་རིག་པར་བྱའོ། །དེ་ལ་རྒྱུའི་དབང་དུ་བྱས་ནས། ངོ་བོ་ཉིད་གསུམ་ལེགས་རྟོགས་པ། །ཞེས་བྱ་བ་སྨོས་ཏེ། ངོ་བོ་ཉིད་གསུམ་ཡོངས་སུ་ཤེས་པ་དང་སྤངས་

པ་དང་། ཐོབ་པ་རྟོགས་པ་འདི་ནི་མདོར་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་རྫོགས་པ་ཡིན་ནོ། །འབྲས་བུ་ནི་སྐུ་གསུམ་བརྙེས་པ་ཡིན་ནོ། །ངོ་བོ་ཉིད་གསུམ་པོ་འདི་དག་ཡོངས་སུ་ཤེས་པ་དང་། སྤངས་པ་དང་། ཐོག་པ་དག་གིས་སྐུ་གསུམ་བརྙེས་ཀྱི། རྣམ་པ་གཞན་གྱིས་ནི་མ་ཡིན་ཏེ། དེའི་ཕྱིར། སྐུ་
གསུམ་བརྙེས་པ་ཉིད་ཡིན་ཏེ། །མདོར་ན་ཐམས་ཅད་མཁྱེན་ཉིད་ནི། །རྒྱུ་དང་འབྲས་བུར་བསྡུས་པ་ཡིན། །རྟོགས་པར་བྱ་དང་ཐོབ་བྱ་བ། །ཐམས་ཅད་མཐར་ཐུག་གྱུར་པར་བརྗོད། །འདི་ལས་རྟོགས་བྱ་གཞན་མེད་དེ། །འདི་ལས་གོང་ན་ཐོབ་བྱ་མེད། །ཅེས་བྱ་བ་སྨོས་སོ། །དེ་ལྟར་ན་
ཐམས་ཅད་མཁྱེན་པ་ཉིད་དེ་ནི་རྒྱུ་དང་འབྲས་བུར་བསྡུས་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་སྐུ་གང་བསྟན་པ་དེ་ཐམས་ཅད་ནི་སྐུ་གསུམ་པོ་དེ་དག་ཏུ་འདུས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ཇི་ལྟ་བུ་ཞེ་ན། སངས་རྒྱས་མཚན་ཉིད་ལས་བརྩམས་ནས། །འཇིག་རྟེན་འདས་ཞེས་བྱ་བ་ཡི། །མདོ་ལས་
སངས་རྒྱས་བསྟན་མཛད་པ། །ཞེས་བྱ་བས་ཅུང་ཟད་ཅིག་བསྟན་པ་ཙམ་བརྗོད་དོ། འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ས་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་
པའི་སངས་རྒྱས་དང་། སྨོན་ལམ་གྱི་སངས་རྒྱས་དང་། ལས་ཀྱི་རྣམ་པར་སྨིན་པའི་སངས་རྒྱས་དང་། བྱིན་གྱི་རླབས་ཀྱི་སངས་རྒྱས་དང་། སྤྲུལ་པའི་སངས་རྒྱས་དང་། ཆོས་ཀྱི་སྐུའི་སངས་རྒྱས་དང་། སེམས་ཀྱི་སངས་རྒྱས་དང་། ཏིང་ངེ་འཛིན་གྱི་སངས་རྒྱས་དང་། རང་བཞིན་གྱི་སངས་རྒྱས་དང་། བསམ་པ་ཇི་ལྟ་བ་བཞིན་
གྱི་སངས་རྒྱས་སོ་ཞེས་འབྱུང་བའི་བཤད་པ་ནི་ཀུན་རྫོབ་དང་དོན་དམ་པར་འདོད་ཅེས་བྱ་བ་འདི་ཡིན་ཏེ། དེའི་ཕྱིར། ཀུན་རྫོབ་དང་ནི་དོན་དམ་འདོད། །ཅེས་བྱ་བ་སྨོས་སོ། །ལྔ་ཚན་གཅིག་ནི་ཀུན་རྫོབ་ཏུའོ། །ལྔ་ཚན་ཅིག་ཤོས་ནི་དོན་དམ་པར་རོ། །ཚིག་ནི་ལྔ་དང་ལྔ་དག་གིས། །
གོ་རིམས་བཞིན་དུ་དེ་རིག་བྱ། །ཞེས་བྱ་བ་ནི་དེ་རིམ་པ་བཞིན་ནོ་ཞེས་སྟོན་ཏོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་དང་པོ་ལྔ་པོ་དག་གིས་ནི་ཀུན་རྫོབ་ཏུ་སྟོན་ཏོ། །ཆོས་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་གཞན་ཚིག་ལྔས་ནི་དོན་དམ་པར་སྟོན་ཏོ། །དེ་གཉིས་

ཀྱང་སྐུ་གསུམ་དུ་ཁོང་དུ་ཆུད་པར་བྱ་སྟེ། སྐུ་གཉིས་པོ་ནི་དང་པོས་བསྟན། །ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏོ། །ལྔ་ཚན་དང་པོས་ནི་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །ལོངས་སྤྱོད་རྫོགས་པ་ནི་ལས་ཀྱི་རྣམ་པར་སྨིན་པའི་སངས་རྒྱས་བསྟན་པ་གཅིག་མ་གཏོགས་
སོ། །སྤྲུལ་པ་ནི་ཐམས་ཅད་ཀྱིས་སྟོན་ཏོ། །གཉིས་པ་ཡིས་ནི་གསུམ་པ་བསྟན། །ཞེས་བྱ་བས་ནི་ལྔ་པ་གཉིས་པས་ཆོས་ཀྱི་སྐུ་བསྟན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ལ་སོགས་པ་མཚན་འདི་དག་གིས་བརྗོད་ཅེ་ན། མཚན་དེ་དག་
གདགས་པའི་རྒྱུ་བསྟན་པའི་ཕྱིར། རྫོགས་པའི་བྱང་ཆུབ་བསྟན་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྫོགས་པའི་བྱང་ཆུབ་སྟོན་པས། རྫོགས་པའི་བྱང་ཆུབ་པའི་སངས་རྒྱས་ཞེས་བྱའོ། །སྨོན་ལམ་བཏབ་པའི་གནས་ཀུན་དུ་སྟོན་པས་སྨོན་ལམ་
གྱི་སངས་རྒྱས་ཞེས་བྱ་སྟེ། དགའ་ལྡན་གྱི་གནས་ན་གནས་པ་ལ་སོགས་པའི་རིམ་གྱིས་བདག་བཞིན་དུ་སེམས་ཅན་རྣམས་ཀྱང་སྨོན་ལམ་འདེབས་སུ་འཇུག་པའི་ཕྱིར་རོ། །ལས་ཀྱི་རྣམ་པར་སྨིན་པའི་སངས་རྒྱས་ནི་ལས་ཀྱི་འབྲས་བུ་མངོན་པར་རྫོགས་པར་རྫོགས་པ་སྟེ། ཡིད་ཆེས་པ་བསྐྱེད་པའི་
ཕྱིར་སྐུ་ལུས་སྣ་ཚོགས་དང་མཚན་དང་དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་དང་། རིགས་ཀྱི་ཆེ་བ་ཉིད་བྲམ་ཟེའི་རིགས་ལ་སོགས་པར་སྐྱེ་བར་ཡོངས་སུ་འཛིན་པར་སྟོན་པའི་ཕྱིར་རོ། །སངས་རྒྱས་མཐུ་ནི་ཉེར་སྒྲུབ་ཕྱིར། །བྱིན་གྱི་རླབས་ཀྱི་སངས་རྒྱས་ཏེ། བྱིན་གྱི་རླབས་དེ་ལས་མཐུ་སྣ་ཚོགས་
འབྱུང་བའི་ཕྱིར་རོ། །བདག་ཉིད་གཅིག་མིན་བརྗོད་པའི་ཕྱིར། །སྤྲུལ་པའི་སངས་རྒྱས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པའི་སྐུ་ལུས་དུ་མ་སྟོན་པའི་ཕྱིར་རོ། །ལྔ་པ་འདི་ལ་དང་པོའི་གཉིས་པོ་རྣམ་པར་གཞག་གོ། །ཅིག་ཤོས་
ནི་ཆོས་ཀྱི་སྐུ་དོན་དམ་པ་པ་སྟེ། ཆོས་ཀྱི་སྐུའི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་སྟོན་ཏོ། །དེ་ཡང་། རང་གི་མཚན་ཉིད་གནས་པའི་ཕྱིར། །ཞེས་བྱ་བས་སྟོན་ཏེ། །རང་གི་མཚན་ཉིད་ཁོ་ནར་བཞུགས་པའི་ཕྱིར། ཆོས་ཀྱི་སྐུའི་སངས་རྒྱས་ཞེས་བྱའོ། །འབྱོར་

པ་སྣ་ཚོགས་བརྙེས་པའི་ཕྱིར། སེམས་ཀྱི་སངས་རྒྱས་ཏེ། ཀུན་ཏུ་སྟོན་པ་དང་མཐུའི་བདག་ཉིད་ཀྱི་སྐུ་གཉིས་པོ་འབྱོར་པ་སྣ་ཚོགས་བརྙེས་པ་ལས་གྱུར་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཅིའི་ཕྱིར་ཏིང་ངེ་འཛིན་གྱི་སངས་རྒྱས་ཞེས་བྱ་ཞེ་ན། དེའི་ཕྱིར།
རང་མཚན་ཉིད་དང་འབྱོར་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། དོན་དམ་པའི་སྐུ་བརྙེས་པས་སངས་རྒྱས་ཐམས་ཅད་མཉམ་པའི་བདག་ཉིད་འཛིན་པའི་ཕྱིར་རོ། །དེའི་ཕྱིར་རང་གི་མཚན་ཉིད་དང་དབང་འབྱོར་པས་ཞེས་བྱ་བས་དེ་ཁོང་དུ་ཆུད་
པར་བྱེད་དེ། རང་གི་མཚན་ཉིད་དང་དབང་འབྱོར་ཉིད་ཀྱིས་སངས་རྒྱས་ཐམས་ཅད་མཉམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གྱི་སངས་རྒྱས་བསྟན་པའི་ཕྱིར། རང་གི་རིགས་ལ་སྐྱེས་བུའི་མཐུས། །བསྐྱེད་པའི་ཕྱིར་དང་དེ་བརྙེས་ཕྱིར། །ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱིས་
སངས་རྒྱས་པས་ན་རང་བཞིན་གྱིས་སངས་རྒྱས་ཏེ། རང་བཞིན་ནི་རིགས་སོ། །དེ་ལ་སྐྱེས་བུའི་མཐུ་བསྐྱེད་པའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་ཐོབ་པོ། །གལ་ཏེ་རིགས་ཉིད་མེད་པར་གྱུར་ན་སངས་རྒྱས་ཉིད་མེད་པར་འགྱུར་ཏེ། དེ་ལྟ་བས་ན་རིགས་དེ་ལྟ་བུ་དེ་ནི་སྐྱེ་མཆེད་དྲུག་གི་བྱེ་
བྲག་ཁོ་ན་སྟེ། དེ་ནི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་ལ་རྒྱ་ཆེ་བ་སྣ་ཚོགས་ཀྱི་གནས་ཡིན་ནོ། །བསམ་པ་ཇི་ལྟ་བ་བཞིན་གྱི་སངས་རྒྱས་བསྟན་པའི་ཕྱིར། དེ་མིན་རིགས་ལ་མཉམ་ཉིད་ཀྱི། །ཡེ་ཤེས་བསྐྱེད་པ་ཉིད་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ།
བསམ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་གཟིགས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པར་མཛད་པའི་ཕྱིར་བསམ་པ་ཇི་ལྟ་བ་བཞིན་གྱི་སངས་རྒྱས་ཞེས་བྱའོ། །སངས་རྒྱས་རྣམ་པ་བཅུ་བསྟན་པ་དེ་ཉིད་ཡང་བསྟན་པའི་ཕྱིར། ཡང་དག་རྟོགས་པར་མཛད་པའི་ཕྱིར། །
ཡང་དག་གདམས་ངག་རབ་སྦྱིན་པས། །ཇི་ལྟར་སེམས་ཅན་རྣམས་ཀྱི་སེམས། །ཞེས་བྱ་བ་སྨོས་སོ། །རྫོགས་པའི་བྱང་ཆུབ་ཀྱི་སངས་རྒྱས་ནི་དེ་ཁོ་ན་རྟོགས་པར་མཛད་པའི་ཕྱིར་ཏེ། གང་གི་ཕྱིར་ཡང་དག་པའི་གདམས་ངག་དང་། རྗེས་སུ་བསྟན་པ་

སྦྱིན་པར་མཛད་པ་དེའི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་སངས་རྒྱས་ཞེས་བྱའོ། །དེ་ལྟར་གདམས་ངག་གི་རིམ་གྱིས་དགེ་བའི་རྩ་བ་ཇི་ལྟར་ཡོངས་སུ་སྨིན་པའི་སེམས་ཅན་རྣམས་ཡོངས་སུ་གྲོལ་བར་འགྱུར་ཏེ། དེའི་ཕྱིར། རབ་ཏུ་སྨིན་པ་ཡོངས་འགྲེལ་ཕྱིར། །ཞེས་བྱ་བ་སྨོས་སོ། །
སྨོན་ལམ་བཏབ་པ་སྒྲུབ་པའི་ཕྱིར། །སྨོ