Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 108
Văn bản gốc(Tây Tạng)
Trang 6 / 21 (50.000 ký tự/trang)
་བྱ་བ་སྨོས་ཏེ། དཔེར་ན་འབྱུང་པོས་གཟུང་བ་རྣམས་སེམས་ཀྱི་དབང་གིས་སེམས་ཅན་རྣམས་ཀྱི་ཁྲག་ལ་སོགས་པ་འདྲེན་པར་འགྱུར་བ་དེ་བཞིན་དུ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཐམས་ཅད་རྣམ་པར་ རིག་པ་ཙམ་ཡིན་ན། ར་ལུག་ལ་སོགས་པ་ཤན་པས་གསོད་ཅེ་ན། ཉེ་བའི་རིམ་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ར་ལུག་རྣམས་གཞན་གྱི་ལུས་དང་ཉེ་བའི་རིམ་པས་གསད་པར་ནི་མི་འདོད་དེ། དེ་དག་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཕུང་པོ་རྣམས་སྐད་ཅིག་རེ་རེར་ གྱུར་པ་འཇིག་པ་ལ་རྒྱུ་མེད་པ་ཡིན་ནོ། །ཡང་གང་ཐོ་བ་ལ་སོགས་པས་བུམ་པ་ལ་སོགས་པ་འཇིག་པ་ཡིན་པར་རྟོག་ན། དེ་ནི་འཇིག་པ་མ་ཡིན་ཏེ། འོན་ཀྱང་མཚན་ཉིད་མི་མཐུན་པ་གྱོ་མོ་ལ་སོགས་པའི་འབྲས་བུ་བསྐྱེད་པ་ཉིད་དུ་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་ཚུལ་ འདིས་ཐེག་པ་ཆེན་པོ་ནི་ཆོས་བདག་མེད་པའི་ཕྱིར་རང་བཞིན་གྱིས་རྣམ་པར་བྱང་བའི་ཚུལ་གཉིས་སུ་མེད་པ་སེམས་ཙམ་ཉིད་དུ་གནས་ཏེ། གང་འདི་ནི་གསད་པར་བྱ་བ་དང་གསོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་གཞག་པའི་རྒྱུ་མཚན་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་། མི་འདོད་པ་ཡི་ལས་ ཀྱི་མཐུས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་མི་འདོད་པའི་ལས་ཀྱི་མཐུས་ཏེ། སྔར་བྱས་པའི་ལས་ཀྱི་འབྲས་བུའི་མཐུས་འབའ་ཞིག་ཏུ། དྲག་ཤུལ་སྤྱོད་པའི་རྣམ་རིག་ནི། །འཇིགས་པའི་དོན་དུ་འདི་སྐྱེས་ཏེ། ཤིན་ཏུ་འཇིགས་པ་སྐྱེད་པར་བྱེད་ཅིང་། གནོད་པར་བྱེད་པའི་ རྣམ་པར་རིག་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཉིད་ཅེ་ན། དམྱལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་དམྱལ་བར་དམྱལ་བ་པ་རྣམས་ཀྱི་འཇིགས་པ་བསྐྱེད་པའི་ཕྱིར་སེང་གེ་དང་སྟག་གི་རྣམ་པར་རིག་པ་སྐྱེའོ། །འདིར་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱིའི་དོན་ དུ་སྨྲ་བའི་ཞར་ལ་གཞན་བསྟན་པའི་ཕྱིར། ཇི་ལྟར་སྣང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོའི་ཆོས་སྣང་བ་ནི་སོ་སོར་སྣང་བའི་སྟེ། དེ་ཁོ་ནའི་གལ་ཏེ་རང་བཞིན་ཉིད་དོན་དམ་པའི་ངོ་བོ་ཡིན་གྱི་བརྟགས་པ་ནི་མ་ཡིན་ན། དེའི་ཚེ། ཡང་དག་དོན་ ནི་མཐོང་བའི་ཕྱིར། །འགྲོ་བ་ཐམས་ཅད་ཅིས་མི་གྲོལ། །ཞེས་བྱ་བ་ཡིན་ནོ། །ད་ནི་དེ་དག་བརྟགས་པ་ཡིན་པར་བསྟན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དོན་དམ་པར་དེས་ཆོས་རྣམས་ལ་བྱིས་པ་རྣམས་ཞེན་པ་བསྐྱེད་ན་རྒྱུ་དེ་ཉིད་ཀྱིས་རང་བྱུང་སྟེ། རང་གིས་ དངོས་པོ་ཐམས་ཅད་མཁྱེན་པར་གྱུར་པ་ནི་རང་བྱུང་ངོ་། །རང་བྱུང་སངས་རྒྱས་བཅོམ་ལྡན་འདས་དེས་ཐུགས་རྗེས་ཏེ། སྙིང་རྗེས་བྱིས་པ་དེ་དག་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ལ་འགྲོ་བ་འཁྲུལ་པ་དེ་སྤང་བའི་ཕྱིར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བདག་ཉིད་བདེ་བའི་འགྲོ་བ་ལ་ ཐུགས་རྗེ་དེ་མེད་པར་འགྲོ་བའི་ཕྱིར་རོ། །ནད་མེད་པ་ལ་སྨིན་པའི་ངག་གིས་ཅུང་ཟད་ཀྱང་བྱ་བ་མེད་པ་བཞིན་ནོ། །གཞན་ཡང་སེམས་ཙམ་ཉིད་དུ་ཁས་མི་ལེན་ན་ཉེས་པ་འབྱུང་བ་བསྟན་པའི་ཕྱིར། གློག་དང་འབྲུག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གློག་ལ་སོགས་པ་རང་གི་ཉེ་བར་ ལེན་པའི་རྒྱུ་མི་དམིགས་པས་སེམས་ཙམ་ལས་མ་གཏོགས་པར་དེ་དག་ནམ་མཁའི་དཀྱིལ་དུ་སྐྱེ་བ་འགྲུབ་པར་འགྱུར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ད་ནི་ཕྱིའི་དངོས་པོ་རྣམས་ངེས་པར་རང་བཞིན་མེད་པས་མི་འགྲུབ་པ་ནི། གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ ཏེའི་དོན་ནི་བརྒྱ་ལའི་དོན་ཏོ། །གལ་ཏེ་ཕྱིའི་དངོས་པོ་རྣམས་གཅིག་ཉིད་དང་རྟག་པར་འགའ་ཞིག་ལ་བདག་ཉིད་ཀྱི་རང་བཞིན་གྲགས་པ་བཞིན་དུ་ཡིན་ན། དེའི་ཚེ་འདོད་པའི་དབྱེ་བས་ཏེ། འདོད་པ་དང་མི་འདོད་པས་ངེས་པའི་དབྱེ་བ་དུ་མར་སྣང་བར་མི་འགྱུར་རོ། །དབྱེ་བ་མཐོང་ སྟེ་འདི་ལྟར་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བུད་མེད་དུ་གཅིག་པ་ལ་གཞོན་ནུ་དང་། བར་མ་དང་། ཚོ་བ་དང་། སྐེམ་པ་དང་། སྔོ་བསངས་ཞེས་བྱ་བ་དུ་མ་ཐ་དད་པའི་ཤེས་པ་སྐྱེའོ། །འདིས་ནི་ཆ་ཤས་ཅན་རགས་པའི་ཡུལ་གྱི་དངོས་ པོ་བཀག་པ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་ཡུལ་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ། །དེ་དག་ཀྱང་རང་བཞིན་མེད་པ་ཉིད་ཡིན་ཏེ། དྲུག་གིས་ཅིག་ཅར་སྦྱར་བ་ཡིས། །ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་། སྣ་ཚོགས་རང་བཞིན་ཉིད་གྲུབ་པས། །དེ་ཕྱིར་མིག་ དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །ཞེས་གསུངས་སོ། །དེ་ལྟ་བས་ན་རགས་པ་དང་ཕྲ་བའི་ཡུལ་གྱི་དངོས་པོ་མེད་པའི་ཕྱིར། སེམས་ཙམ་ཉིད་ཡིན་པས། སེམས་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་ མེད་མོད་ཀྱི་བག་ཆགས་ཀྱི་དབང་གིས་གང་གི་ཚེ་བུད་མེད་ཀྱི་རྣམ་པར་སེམས་ཉིད་སྐྱེས་པ་དེའི་ཚེ། ངོ་ཚ་དང་བཅས་འདོད་ཆེན་གྱིས་ཏེ། འདོད་པ་ལ་ཆགས་པའི་སེམས་དང་ལྡན་པས། བདག་ཉིད་བདག་ལ་སུ་ཞིག་ཆགས། །ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་ པ་སྨོས་ཏེ། དེས་ན་ནི་སྔར་བཤད་པའི་གཏན་ཚིགས་ཀྱིས་ཡུལ་ཐམས་ཅད་རང་གི་ངོ་བོ་ཡིན་པར་བློ་ལྡན་ཏེ། བློ་གྲོས་དང་ལྡན་པས་སོ། །ཐམས་ཅད་དུ་ནི་དུས་ཐམས་ཅད་དུ་སྟེ། ཡུལ་གྱི་ཉེ་བར་ལོངས་སྤྱོད་ཕྱིར། །བྱིས་པ་ལྟ་བུར་འཇུག་མི་རིགས། །ཞེས་བྱ་བའི་དོན་ཏོ། །ཡུལ་ ཡོད་པས་ཡུལ་གྱི་ཉེ་བར་ལོངས་སྤྱོད་ཇི་ལྟར་སྤང་བ་མ་ཡིན་ནམ་ཞེ་ན། རང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་ནི་མེད་པར་སྣང་བ་ཡིན་ཏེ། དཔེར་ན་འགའ་ཞིག་རང་གི་རྨི་ལམ་གྱིས་འཁྲུལ་པའི་ཕྱིར་ལག་པ་ནི་ལག་པ་སྟེ། ལག་པ་ཡིས་ནི་ལག་བཟུང་ནས། །བདག་ གིས་རྐུན་མ་འདི་ཟིན་ཞེས། །སྨྲས་པ་གཞན་གྱིས་སྤོང་བར་བྱེད། །ཅེས་བྱ་བ་ནི། དཔེར་ན་འདི་ནི་རྐུན་མ་མ་ཡིན་ཏེ། འོན་ཀྱང་རྨི་ལམ་གྱིས་འཁྲུལ་པ་ཁྱོད་ཀྱིས་མཐོང་བ་ཡིན་ནོ། །དེ་བཞིན་དུ་རྐུན་མ་ལྟ་བུའི་ཡུལ་འདི་དག་ལ་དེ་དག་ཇི་ལྟར་ཉེ་བར་ལོངས་སྤྱོད་པར་རིགས། ཕྱིའི་ དོན་ཡོད་ན་གཅིག་ཅིང་ཐ་མི་དད་པའི་མཚན་ཉིད་ལ་ཐ་དད་པའི་འདུ་ཤེས་བསྐྱེད་པར་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དུད་འགྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུད་འགྲོ་ནི་བ་ལང་ལ་སོགས་པའོ། །རྩྭ་སྐམ་པོའི་ཚོགས་ལ་ཟ་བའི་འདུ་ཤེས་དང་ལྡན་ན། མི་རྣམས་བཟའ་ བར་སེམས་མ་ཡིན། །དེ་བས་ན། རྣམ་རྟོག་འཇུག་པ་ངོ་མཚར་ཆེ་སྟེ། མི་རིགས་པའི་ཕྱིར་ངོ་མཚར་དུ་གྱུར་པའོ། །གང་། རྣལ་འབྱོར་པས་ཀྱང་བསམ་མི་ཁྱབ། །ཅེས་བྱའོ། །གཞན་ཡང་། རི་དགས་མེ་མདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ཁ་ཅིག་ན་རི་དགས་མེ་ མདག་ཅེས་བྱ་བ་མེས་དྲི་མ་མེད་པར་འགྱུར་ལ། གཞན་དག་ནི་སྲེག་གོ། །དེ་བཞིན་དུ་དེ་དག་མེ་ཟའི་གཞན་དག་ནི་མ་ཡིན་ནོ། །དེ་བཞིན་དུ་དུག་གི་བྱི་བས་སྲོག་ནི་མཐའ་རུ་བྱེད་པའི་དུག་ཟོས་པས་དེ་ནི་འཆི་བར་འགྱུར་བ་མ་ཡིན། གཞན་དག་ནི་འཆི་བར་འགྱུར་རོ། །དེ་བཞིན་དུ། མས་ དྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་གཞན་དག་ནི་དངོས་པོ་འདི་དག་གིས་འཚོ་བར་འགྱུར་རོ། །སེམས་ཅན་གང་དག་དངོས་པོ་གང་དག་གིས་ཤེ་ན། དེ་ལ་ཉ་དང་བྱ་དང་ཁྱི་དང་སྦྲུལ་རྣམས་ནི་སེམས་ཅན་དེ་རྣམས་སོ། །མས་དྲན་པས་ཉའི་རྒྱུད་འཚོ་བ་ཡིན་གྱི་གཞན་དག་ནི་ མ་ཡིན་ནོ། །འཚོ་བ་ཡིན་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ། །དེ་བཞིན་དུ་སྒོ་ངའི་གནས་སྐབས་ན་བྱ་རྣམས་ནི་རེག་པས་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །ཁྱི་རྣམས་གཉིད་ལོག་པས་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །སྦྲུལ་ནི་བྲང་འགྲོའོ། །ཡང་དག་འགྲོ་སྟེ་རླུང་གིས་ཡིན་གྱི་གཞན་ དག་ནི་མ་ཡིན་ནོ། །དེ་བཞིན་དུ། སྣ་ཚོགས་ལས་ཀྱིས་དབེན་པ་ཡི། །སླཀྵ་མཐོང་ན་གནོད་སྦྱིན་ནི། །སེམས་ཅན་གྱི་ཁྱད་པར་རོ། །ཅི་ལྟ་བུར་མཐོང་ཞེ་ན། འཁོར་གྱི་སྐྱེ་བོའི་ཚོགས་ཞེས་བྱ་བ་ནི་བྲན་གྱི་ཚོགས་དང་བཅས་པས་རང་གི་ཁྱིམ་དང་འདྲ་བར་སླཀྵ་མཐོང་ངོ་། །གནོད་སྦྱིན་ འབའ་ཞིག་གིས་མཐོང་བ་མ་ཡིན་གྱི་གནོད་སྦྱིན་མོས་ཀྱང་མཐོང་ཞེས་བྱ་བའི་བར་དུའོ། །ཡང་གཞན་དག་གིས་སླཀྵ་ཉིད་དུ་མཐོང་ངོ་། །དེ་བཞིན་དུ་ཡི་དགས་ཞེས་བྱ་བ་སྨོས་ཏེ། འདིར་ཡང་ལས་སྣ་ཚོགས་པས་ཆུ་བོ་གཅིག་ལ་ཡང་རྣག་ཏུ་འབྲུབ་ཅིང་དེ་བཞིན་དུ་བཤང་གཅི་རྙོག་པ་དང་ལྡན་ ན། ཕྱི་ས་དང་གཅིན་འདྲེས་པའི་རྙོག་པ་དང་ལྡན་པར་ཡི་དགས་ཀྱིས་མཐོང་ངོ་། །དེ་བཞིན་དུ་ཆུ་བོ་དེ་ཉིད་ལ་མི་ཡིས་ཆུ་བོ་དྲི་མ་མེད་པར་མཐོང་བ་དང་ནི་འཐུང་བ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་དག་ཐམས་ཅད་ཕྱིའི་དོན་ཡིན་ན་འགལ་བ་ཉིད་དོ། ། དེ་ལྟ་བས་ན། དགེ་མིན་དགེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་དགེ་བ་དང་དགེ་བའི་འབྲས་བུའི་རྣམ་པ་ལས་ཀྱི་བག་ཆགས་ཀྱིས་བསྒོས་པས་ནི་དེ་དང་དེའི་ལས་ཀྱིས་བསྒོས་པས་ཕྱིའི་དོན་སྟོང་པ་རྣམ་པར་ཤེས་པ་གལ་ཏེ་འདི་ཉིད་ལ་འཇུག་ན། དེའི་ཚེ་འདི་དག་ཐམས་ཅད་ལ་འགལ་བ་མེད་ པ་ཡིན་ནོ། །རྣམ་པར་ཤེས་པ་གཅིག་དུ་མར་ཅི་ལྟར་སྣང་ཞེ་ན། ཨེ་མའོ་ཡུལ་ནི་སྣ་ཚོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་ནི་ངོ་མཚར་རོ། །རྣམ་པར་ཤེས་པ་འདི་ཡུལ་གྱི་རྣམ་པ་ཉིད་སྣ་ཚོགས་རྣམས་ཏེ་ཐ་དད་པ་ཉིད་དོ། །དུས་གཅིག་ལ་ནི་དུ་མ་རུ་སྟེ། སྣ་ཚོགས་ པའི་རྣམ་པར་རྟོག་པའི་རྗེས་སུ་འགྲོ་བ་ཡིན་ནོ། །ཇི་ལྟར་ཞེ་ན། རོལ་མོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རོལ་མོའི་ཚོགས་ཀྱི་སྒྲ་བཞིན་ཏེ་རོལ་མོའི་ཚོགས་ཀྱི་སྒྲ་དལ་བ་དང་དྲག་པ་ལ་སོགས་པའི་དབྱེ་བས་སྣ་ཚོགས་པའི་རྟོག་པའི་རྗེས་སུ་འགྲོ་བ་དེ་བཞིན་དུ། རྣམ་པར་ཤེས་པ་ཞེས་ བྱ་བའི་དོན་ཏོ། །ད་ནི་དོན་མེད་པ་དོན་བྱེད་པར་མི་རིགས་པ་ནི་འདིར་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པ་ནི། གལ་ཏེ་དོན་ཡོད་དོན་བྱེད་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཕྱིའི་དོན་གྱིས་དོན་གྱི་བྱ་བ་བྱེད་པར་གྱུར་པ་དང་། དེ་མེད་ན་ཡང་དེ་རུ་མི་འགྱུར་ན། དེའི་ཚེ་ཁྱོད་ ཀྱི་རྩོད་པ་འཇུག་པར་རིགས་ན། གང་གི་ཕྱིར་ཕྱིའི་དོན་གྱི་སྟོང་པ་ལ་དོན་བྱེད་པར་སྣང་ངོ་། །གང་ཇི་ལྟ་བུ་ཞིག་ཅེ་ན། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་སྐྱེས་བུ་འགའ་ཞིག་གིས་སེའུ་ནི་བལ་པོ་སེའུ་ལ་སོགས་པ་ཟོས་པས་གཞན་གྱི་ཁ་ནས་ཆུ་འཛག་འགྱུར་ ཏེ། རླན་གྱིས་ཁྱབ་པར་གྱུར་པ་ཡིན་ནོ། །གལ་ཏེ་ཡང་དོན་གྱིས་དོན་བྱེད་པར་གྱུར་པ་ཡིན་ན། དེའི་ཚེ་གང་དག་བལ་པོ་སེའུ་ཟ་བ་དེ་ཉིད་ཀྱིས་རླན་འཛག་པའི་བྱ་བ་བྱེད་པར་རིགས་ཀྱི་ཡང་དོན་གཞན་གྱིས་གཞན་གྱི་བྱ་བ་བྱེད་པ་ནི་མི་རིགས་སོ། །དེ་ལྟ་བས་ན་དོན་བྱེད་ཡོད་པས་དོན་ བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་འགའ་ཞིག་གིས་གྲུས་ཟ་བ་ལ་གཞན་འགའ་ཞིག་གིས་དྲིས་པ་ན་སྟེ། ཁྱོད་ཅི་ཟ་ཞེས་དྲིས་པ་ན་དེ་ལ་གལ་ཏེ་སེའུ་ཟ་ཞེས་སྨྲས་ན་སྟེ། བལ་པོ་སེའུ་ཟའོ་ཞེས་སྨྲས་ན་དེའི་ཚེ་ ཐོས་པས་རླན་གྱིས་བྱ་བའི་འགྱུར་བ་ཅི་མི་བསྐྱེད་དམ། དེ་ལྟ་བས་ན་དོན་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་དུ་བདེ་བ་ཐོབ་པའི་རྒྱུ་མེད་ལས་ཏེ། འདོད་པའི་བུད་མེད་དང་ཕྲད་པ་མེད་པར་ཡང་ཁུ་བ་ཤོར་བ་འབྱུང་བ་མིན་ནམ་ཅི། དེ་བས་ ན་དོན་ཡོད་པས་དོན་བྱེད་པར་མ་གྲུབ་པ་ཡིན་ནོ། །གང་ཞིག་རྨི་ལམ་དུ་ཡོད་པའི་ང་རྒྱལ་དེ་བསྟན་པའི་ཕྱིར། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འགའ་ཞིག་རྨི་ལམ་དུ་མཐོང་བའི་དོན་ལ་ཡོད་པར་འཛིན་པ་ནི་གོམས་པའི་སྟོབས་ཀྱིས་ཏེ། སྔོན་གོམས་པའི་བག་ཆགས་ ཀྱི་ནུས་པས་ཡོད་པ་དེ་དག་དཔེ་འདིས་སེལ་ཏེ། དཔེར་ན་གཞོན་ནུ་མ་སྦྲུམ་མ་བུ་སྐྱེས་པ་ནི་འདི་ལྟར་རྨི་ལམ་དུ་མཐོང་བ་དེ་ནི་འདི་ལྟར་རིགས་ལྡན་མིན་ཏེ། རིགས་པས་འབྲེལ་པར་མི་འགྱུར་རོ། །དེ་བཞིན་དུ་རྨི་ལམ་གྱི་དོན་ཡོད་པ་ཉིད་ཅེས་བྱ་བའི་དོན་ཏོ། །གཞན་དུ་ན་གང་གཞོན་ནུ་མ་ ཉིད་དུ་མི་འགྱུར་ལ། བུ་ཡང་མཐོང་བར་འགྱུར་རོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར། ཁང་པའི་ནང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེ་འདིས་ཀྱང་རྨི་ལམ་དུ་མཐོང་བའི་དཔེའི་དོན་མེད་པར་སྟོན་ཏེ། དཔེར་ན་ཁང་པའི་ནང་དུ་ནི་ཁང་པའི་ནང་སྟེ། དུས་ཡུན་རིང་པོ་དང་ལམ་ དང་རི་དང་། དེ་བཞིན་དུ་ཡུལ་རྣམས་ཀྱང་ཅིག་ཅར་རྣམ་པ་ཐ་དད་དེ། སོ་སོའི་དངོས་པོ་རྣམས་ཀྱི་རྨི་ལམ་དུ་མཐོང་བ་བསྐྱེད་པ་དེའི་ཚེ་རྨི་ལམ་མཐོང་བ་ཡོད་མིན་ཞེས་བྱ་བའི་དོན་ཏོ། །འདི་ལྟར་གཟུགས་ལ་སོགས་པ་རྣམས་ཕྱི་རོལ་དུ་གྱུར་པ་བཀག་ནས་རྣམ་པར་རིག་པ་གཞན་ཡང་ཡུལ་གྱི་ དངོས་པོ་ཡིན་པ་དགག་པའི་ཕྱིར། རྣམ་པར་རིག་པའང་རྣམ་རིག་གིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རིག་པའང་རྣམ་པར་རིག་པར་གཞན་གྱི་དོན་མིན་ཏེ་ཡུལ་མ་ཡིན་ནོ། །གལ་ཏེ་ཡང་འགའ་ཞིག་ཡིན་པར་འདོད་ནས་དེའི་ཚེ་དེའི་གྲུབ་པའི་མཐའ་ནི་དུས་གཅིག་པ་ཉིད་དུ་ འགྱུར་རོ། །རྒྱུད་གཅིག་པ་ཉིད་དུ་འདོད་ན་ངེས་པར་རགས་པའི་གནས་ཐོབ་པར་འགྱུར་ཞེས་བྱ་བ་ལ། ངེས་པར་ནི་རྣམ་པར་རྟོག་པའོ། །རགས་པའི་དངོས་པོ་བཞིན་དུ་ཡུལ་དང་ཡུལ་ཅན་གྱི་ངོ་བོའི་གནས་ཐོབ་པར་འགྱུར་རོ། །དེ་གཉིས་ཡུལ་དང་ཡུལ་ཅན་དུ་མི་ རིགས་ཏེ། འདི་ལྟར་དམིགས་པའི་རྐྱེན་ཉིད་ཀྱི་ཡུལ་ནི་ངོ་བོ་ཡིན་གྱི། དེ་ཡང་འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་མི་རིགས་སོ། །འདས་མ་ཐག་པ་ནི་དེའི་དེ་མ་ཐག་པའི་རྐྱེན་ཡིན་པའི་ཕྱིར་དམིགས་པའི་རྐྱེན་ནི་མ་ཡིན་ཏེ། གཞན་དུ་ན་མིག་གི་དབང་པོ་ཡང་ཡིན་པར་འགྱུར་རོ། །སྐད་ཅིག་ གཉིས་པ་དེ་མེད་པའི་ཕྱིར་ཇི་ལྟར་ཡུལ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་རགས་པའི་གནས་ཐོབ་འགྱུར་ནི་བརྟག་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་མོད་ཀྱི་གཞན་སེམས་དུས་མཉམ་པ་འཛིན་པའི་ཕྱིར་དེའི་ཡུལ་ཉིད་དུ་འགྱུར་རོ། །གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་ལ་སོགས་པའི་ཡུལ་རྣལ་འབྱོར་པའི་ས་གང་ཤེས་པའང་དེ་ཡང་ཤེས་པ་ཁོ་ན་མིན་ཏེ་མ་ཡིན་པ་ཉིད་དོ། །ཇི་ལྟ་བུ་ཞིག་ཅེ་ན། རང་གི་སེམས་ཀྱིས་མོས་པ་བཞིན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རང་གི་བདག་ཉིད་དེ། རང་གི་བདག་ཉིད་ཀྱི་སེམས་ཀྱིས་འདས་པ་ཁོང་དུ་ཆུད་སྙམ་པ་ ནི་མངོན་པའི་ང་རྒྱལ་ཡིན་ནོ། །འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དུས་མཉམ་དུ་འཛིན་ཏོ་ཞེས་སྨྲས་པ་དེ་ལ་ཡང་སྐད་ཅིག་མ་ཡིན་པའི་ཇི་ལྟར་དུས་མཉམ་ཞེས་བྱ། གཞན་ཡང་གཞན་གྱི་སེམས་ཀྱང་གཉིས་སུ་མེད་པའི་ཕྱིར། དེ་ཇི་ལྟར་ཡུལ་གྱི་རང་བཞིན་ཉིད་ ཡིན། གཉིས་སུ་མེད་པའི་ཤེས་པ་ཕྱོགས་གཅིག་པ་ཉིད་མ་ཡིན་ཏེ། ཀུན་དུ་འགྲོ་བའི་ཕྱིར་རོ། །འདི་ལྟར་སེམས་ཙམ་ལ་གནས་པ་ཡིན་ནོ་ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་ཕྱིའི་དོན་མེད་ན་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་གཉིས་སུ་མེད་པའི་སེམས་ཉིད་གཟུང་བ་མེད་པར་བརྗོད་ པར་བྱ་བ་མ་ཡིན་པ་དོན་དམ་པའི་རང་བཞིན་གྲུབ་ཅེས་བྱ་བའི་དོན་ཏོ། །གལ་ཏེ་བརྗོད་པར་བྱ་བ་མ་ཡིན་ལ་གཟུང་བར་བྱ་བ་དོན་དམ་པར་ཡིན་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྟོན་པར་མཛད་ཅིང་། བྱང་ཆུབ་སེམས་དཔའ་རྣམས་འཛིན་པར་བྱེད་པ་མ་ཡིན་ནམ་ཞེ་ན། ཀུན་རྫོབ་བདེན་ཤེས་ཐམས་ ཅད་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཆུང་ཟད་ཀུན་རྫོབ་དང་ལྡན་པའི་ཤེས་པ་ཐམས་ཅད་ལ། མཁས་པ་དང་ནི་གཞན་དག་གིས། །གཟུང་བ་དང་ནི་སྟོན་པ་ལ། །མཚུངས་པ་ཁོ་ནར་འཇུག་པར་འགྱུར་ཏེ། མི་མཉམ་པ་མ་ཡིན་ནོ། །དོན་དམ་པའི་ཡེ་ཤེས་ནི་མ་ཡིན་ཏེ། དེ་ བརྗོད་དུ་མེད་པའི་ཕྱིར་རོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། ཀུན་རྫོབ་ཀྱིས་སྟོན་པར་བྱེད་པ་དང་། བསྟན་པར་བྱ་བའི་ཐ་སྙད་དུ་འཇུག་གི་དོན་དམ་པར་ནི་མ་ཡིན་ནོ། །ད་ནི་ཆོས་ལ་བདག་མེད་པ་མཐོང་བས་རྣལ་འབྱོར་པ་རྣམས་སྣང་བའི་འབྲས་བུ་བསྟན་པའི་ཕྱིར། སྟོང་ཉིད་ཅེས་བྱ་བ་ ལ་སོགས་པ་སྨོས་ཏེ། དང་པོ་རུ་ནི་སྔ་མ་རུའོ། །ཆོས་ཐམས་ཅད་ཕྱིའི་གཟུགས་ལ་སོགས་པས་སྟོང་ངོ་ཞེས་གང་གི་ཚེ་དེ་ཁོ་ན་ཉིད་མཐོང་བ་སྐྱེས་པ་དེའི་ཚེ། མི་སྣང་བའི་འབྲས་བུ་འབའ་ཞིག་མ་ཡིན་གྱི། གང་ཇི་སྲིད་སྣང་བ་ཁོ་ནའི་འབྲས་ཆེན་ཡིན་ཏེ། དེ་ལས་སྐྱེས་པ་མ་ཡིན་ ནོ། །གང་གི་ཕྱིར་ཆོས་ལ་བདག་མེད་པ་མཐོང་བའི་ཕྱིར་འཇིགས་པ་མེད་པ་ཐོབ་པ་འདི་རྣལ་འབྱོར་པ། འཇིག་རྟེན་གཞན་བཞིན་འཇིགས་པ་མེད་དེ་འཁོར་བ་པ་བཞིན་དུ་འཇིགས་པ་མེད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་སྟོང་པ་ཉིད་མཐོང་བ་དེས་འཆི་བའི་ཆོས་ལས་མ་འདས་པ་མ་ཡིན་ ནམ། དེ་ལྟ་བས་ན་ཡང་དེ་ཇི་ལྟར་འཇིགས་པ་མེད་པར་འགྱུར་ཞེ་ན། འཆི་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་བདག་ཉིད་ཀྱི་འཆི་བ་དང་ནི་སྐྱེ་བ་ཉིད། སྤྲུལ་པ་འདྲ་བ་ནི་སྤྲུལ་པའི་སྐྱེས་བུ་ལྟ་བུར་བཞེད་དེ། དེ་ལ་ཇི་ལྟར་ན་རྣམ་པ་གང་གིས་ཀྱང་འཆི་བའི་འཇིགས་པ་མེད་ཅེས་བྱ་བའི་དོན་ ཏོ། །ལམ་ཐོབ་པ་ལའང་འཇིགས་པ་ཡོད་ན་ལམ་ཚོལ་བ་ནི་ཉམས་པར་འགྱུར་རོ་ཞེ་ན། འདི་དག་ལས་ཀྱི་སྤྲུལ་ཉིད་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་མཐོང་བའི་ལམ་ལ་གནས་པའི་རྣལ་འབྱོར་པ་དེས་འདི་དག་ལས་ཀྱི་སྤྲུལ་པ་ཡིན་གྱི་རང་གི་ངོ་བོར་གྲུབ་པ་ནི་མ་ཡིན་ནོ་ཞེས་ས་ གསུམ་པོ་ཡང་ཤེས་པ་ཡིན། གལ་ཏེ་ཕྱིར་ཡང་འཇིགས་འགྱུར་ན་སྟེ། འཁོར་བ་པའི་སྡུག་བསྔལ་གྱི་འཇིགས་པ་དེ་ལྟར་ཡིན་ན། བདག་ཅག་འདྲ་བ་དེ་ཁོ་ན་ཉིད་མ་མཐོང་བས་ལམ་འདིས་སྤང་བར་འདོད་པ་ངལ་བ་འབྲས་བུ་མེད་པའི་ཕྱིར་ཉམས་ཞེས་བྱ་བའི་དོན་ཏོ། །མཐོང་ བའི་ལམ་ལ་གནས་པའི་རྣལ་འབྱོར་པས་བདག་ཉམས་པར་རྟོག་པ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡན་ལག་མཆོག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཡན་ལག་མཆོག་ནི་སྟེ། མགོ་བོ་གཉིས་པ་དང་། དེ་བཞིན་མིག་ནི་ གསུམ་པ་སྟེ། མེད་པའི་ཕྱིར་རོ། །གཉིས་པོ་དེ་དག་མེད་ན་སྐྱེས་བུ་སུ་ཞིག་བཅད་པ་དང་ཕྱུང་བར་དོགས་པར་འགྱུར། དེ་བཞིན་དུ་མཐོང་བའི་ལམ་ལ་གནས་པའི་རྣལ་འབྱོར་པས་ཀུན་དུ་བརྟགས་པའི་རང་བཞིན་གྱིས་མེད་པས་དེའི་སྡུག་བསྔལ་གྱིས་ཇི་ལྟར་གནོད་པར་དོགས་ཞེས་བྱ་བའི་དོན་ ཏོ། །འདི་ལྟར་མཐོང་བའི་ལམ་ལ་གནས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ཡིན་གྱི། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་མ་ཡིན་ཏེ། དེ་བསྟན་པའི་ཕྱིར། དེ་ལྟས་བློ་དང་ལྡན་པས་ཡུལ་འདི་རྣམ་པར་ངེས། །ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། དེ་ལྟས་ནི་སྔར་གསུངས་པའི་རིམ་པས་སོ། །ཡུལ་འདི་རྣམ་པར་ངེས་པ་ནི་ཕྱིའི་དོན་མེད་པར་རྣམ་པར་ངེས་པ་ཡིན་ནོ། །བློ་དང་ལྡན་པ་ནི་མཁས་པའོ། །གལ་ཏེ་ཡང་ལྷག་པའི་དྲི་མ་དང་འདྲེས་པ་རྣམ་པར་བསྒོམས་པས་ཀྱང་ནི་ལྷག་པའི་སྒྲ་ནི་འབྱུང་པོ་ལ་སོགས་པ་ལ་བརྗོད་དོ། །དེ་ཉིད་ནི་ དྲི་མ་སྟེ། ལྷག་པའི་དྲི་མ་རྣམས་སོ། །འདྲེས་པ་ནི་ཕན་ཚུན་འདྲེས་པའོ། །བསྒོམས་པས་ཀྱང་སྟེ་ཟིལ་གྱིས་གནོན་པའོ། །དེ་བཞིན་དུ་ཡང་ཤིན་ཏུ་དག་པའི་ཕྱིར་མཐོང་བའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པའི་དྲི་མས་ནམ་ཡང་དྲི་མ་ལྡན་པ་མ་ཡིན་ཏེ། མི་འགྲོའོ་ཞེས་བྱ་བའི་དོན་ ཏོ། །ཅི་ལྟ་བུར་ཞེ་ན། སྤྲིན་དུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ལྟར་ནམ་མཁའ་ནི་ནམ་མཁའོ། །སྤྲིན་གྱི་དུམ་བུ་ནི་སྤྲིན་གྱི་ཆས་མ་དག་པས་དྲི་མ་ཅན་ཉིད་དུ་དེ་མི་འགྱུར་རོ། །དེ་བཞིན་དུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པས་བློ་དང་ལྡན་པ་ལ་མ་ཡིན་ནོ་ཞེས་བྱ་བའི་དོན་ ཏོ། །གལ་ཏེ་གཟུགས་ལ་སོགས་པའི་ཡུལ་རྣམ་པ་ཐམས་ཅད་དུ་མེད་ན། འདི་དེ་ཡིན་ཞེས་དོན་ངེས་པའི་རྣམ་པ་ཅན་གྱི་ཤེས་པ་ཅི་ལྟར་སྐྱེ་ཞེ་ན། འདིར་ནི་མང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་སྟེ་ཕྱོགས་སྔ་མ་ལ་མང་དུ་སྨྲས་པས་ཅི་ཞིག་བྱ། གལ་ཏེ་ཁྱི་དང་རི་བོང་རྟ་ མགོར་སྐྱེས་པའི་རྭ་རྣམས་འགའ་ཞིག་གིས་བསྒོམས་ན་དེའི་ཚེ་བསྒོམས་པའི་སྟོབས་ཀྱིས་མེད་པའི་ངོ་བོ་ཡང་མཐོང་ཞེས་བྱ་བའི་དོན་ཏོ། །སྦལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦལ་པ་ནི་ཆུ་ན་གནས་པའི་སྲོག་ཆགས་ཀྱི་བྱེ་བྲག་གོ། །དེ་གལ་ཏེ་འགའ་ཞིག་གིས་འདི་ལྟ་བུའི་ཚུལ་ དུ་བསྒོམས་ན་དེའི་ཚེ་སྒོམ་པ་གོམས་པས་དེ་བཞིན་དུ་སྣང་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རལ་པའི་ཐོད་ཅེས་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་ཞེས་བྱ་བའི་དོན་ཏོ། །ཁང་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁང་པ་མུན་པ་དང་བཅས་པའི་ནང་དུ་དེ་དང་དེ་ བརྟགས་པས་ཏེ། མི་མ་ཡིན་པ་ལ་སོགས་པ་བརྟགས་པའོ། །འཇིགས་པ་ནི་འཇིགས་པས་ནོན་པའོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། རང་སེམས་ངེས་པར་སྣང་བ་ནི། ཞེས་སྨོས་པ་སྟེ། སྐྱེ་བོའི་འཇིགས་པའི་དོན་བྱེད་པ་དང་ལྡན་ཞེས་བྱ་བའི་དོན་ཏོ། །བྱིས་པ་ནི་བྱིས་པ་སྟེ། མཐོང་བ་མིན་ནམ་ཅི། དེ་བཞིན་དུ། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་འཇིགས་པའི་གནོད་སྦྱིན་གྱི་གཟུགས་རང་གིས་ཏེ། བདག་ཉིད་ཀྱིས་བྲིས་ནས་དབེན་པ་ནི་སྐྱེ་བོ་མེད་པའི་ཕྱོགས་སོ། །གཅིག་པུ་ནི་གྲོགས་མེད་པར་ངེས་ཡང་གནོད་སྦྱིན་འདིས་བདག་འཛིན་པར་ འགྱུར་རོ་ཞེས་སེམས་པས་རི་མོ་མཁན་འཇིགས་མིན་ནམ་ཅི་སྟེ། ཅི་འཇིགས་པ་ཐོབ་པར་མི་འགྱུར་རམ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། སྡོང་དུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་སྣང་བ་མི་གསལ་བའི་ཕྱོགས་སུ་རིང་པོ་ན་སྡོང་དུམ་དང་ཐག་པ་མཐོང་བ་ལ། སྡོང་དུམ་ལ་རྐུན་མ་དང་ཐག་པ་ལ་སྦྲུལ་ཡིན་ནོ་ཞེས་བརྟགས་པ་སྟེ། འགའ་ཞིག་ཏུ་སྐྱེ་བོ་དུ་མ་ལམ་ནས་འགྲོ་བ་ན་འདི་དང་འདི་ཡིན་ནོ་ཞེས་བརྟགས་པས་གློ་བུར་དུ་སྟེ། རྒྱུ་མེད་པར་འཇིགས་པ་ཐོབ་པ་མ་ཡིན་ནམ་སྟེ། ཅི་འཇིགས་པར་མི་འགྱུར་རམ་ཞེས་བྱ་བའི་དོན་ ཏོ། །དེ་བཞིན་དུ། ཡང་དག་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་མིན་ཉིད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཡུལ་རྣམས་ཇི་ལྟར་གྱུར་པ་ཞིག་ཅེ་ན། རང་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་རྟོག་པ་ཉིད་ནི་བཟོ་བོ་སྟེ། རི་མོ་མཁན་ དང་འདྲ་སྟེ། དེས་བྲིས་ཞེས་བྱ་བའི་དོན་ཏོ། །བྱིས་པ་ཐམས་ཅད་ནི་བླང་བ་དང་དོར་བ་མི་ཤེས་པས། ཅིའི་ཕྱིར་བྱིས་པའི་སྐྱེ་བོ་ཡུལ་རྣམས་ཀྱིས་བཅོམ་ཞེ་ན། རང་གི་ཉེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སེམས་ཡུལ་གྱི་རྣམ་ པའི་བག་ཆགས་ཡིན་པར་ཁོང་དུ་མ་ཆུད་པ་དེའི་ཚེ། རང་བདག་ཉིད་ཀྱི་ཉེས་པས་བཅོམ་ཞེས་བྱ་བའི་དོན་ཏོ། །སྒྲ་བརྗོད་པས་ཀྱང་ཡུལ་རྣམས་སྣང་བ་མིན་ནམ་ཞེ་ན། ཉིན་དང་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉིན་དང་མཚན་མོ་མཚུངས་པ་ནི་འདྲ་བའོ། ། ལོང་བས་སྔོན་མཐོང་བའི་དོན་ནམ་ནངས་ཞེས་བྱ་བའི་སྒྲ་ཐོས་ནས། སྣང་བ་དང་ནི་བཅས་པ་སྟེ། །ཞེས་བྱ་བ་ནི་ཇི་ལྟར་མཐོང་བ་དང་ལྡན་པའི་སྐྱེས་བུས་དོན་མཐོང་བ་དེ་བཞིན་དུ་ལོང་བས་ཞེས་བྱ་བའི་དོན་ཏོ། །ད་ནི་ཡུལ་དང་དུས་ལ་སོགས་པ་ཡང་གཞན་དུ་སྣང་བ་འཁྲུལ་པ་ ཉིད་དུ་བསྟན་པའི་ཕྱིར། ཡུལ་དུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྨི་ལམ་ན་ཡུལ་དང་དུས་ལ་སོགས་པའི་དངོས་པོ་གཞན་དུ་སྣང་བ་ཉིད་ཀྱི་ཕྱིར་འཁྲུལ་པའི་ཤེས་པ་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་སད་པའི་གནས་སྐབས་ལ་ཡང་སྐྱེས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དུབ་པ་ནི་ལམ་ རིང་པོས་སྐྱོ་བར་རོ། །ལམ་ཉེ་བ་ལ་རིང་བ་རུ་ནི་སེམས་པ་ཡིན་ཏེ། དེ་བཞིན་ཡིད་འོང་དང་བྲལ་བས། །ཞེས་བྱ་བ་སྨོས་ཏེ། དེ་བཞིན་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་འདོད་ལྡན་ནི་འདོད་པ་ལ་མངོན་པར་ཞེན་པའི་སྐྱེས་བུ་ཉིན་གཅིག་སྟེ། ཆུ་ཚོད་གྲངས་དང་མཉམ་པ་ལ་ནི་ཆུ་ཚོད་སུམ་ ཅུའི་ཚད་ནི་རང་བཞིན་ཡིན་ན་ཡང་ལོ་སྐོར་བརྒྱ་དང་འདྲ་བར་སེམས་ཏེ། ལོ་བརྒྱར་གྱུར་པར་རོ། །དུས་གང་ལ་ཞེ་ན། ཡིད་དུ་འོང་བ་དང་བྲལ་བའི་སྟེ། མངོན་པར་འདོད་པའི་དངོས་པོ་དང་བྲལ་བ་ཐོབ་པས་མ་འབྲེལ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཕྱི་རོལ་གྱི་དོན་མེད་ན་བྱང་ཆུབ་སེམས་དཔའ་ རྣམས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་དང་སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན། དེ་ཉིད་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཁོ་ན་ཉིད་དོན་དམ་པ་མཐོང་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་དང་དེ་འདྲ་བ་ནི་བརྟགས་པའི་དོན་གྱི་སྦྱིན་པ་ལ་སོགས་པ་ལ་ཀུན་རྫོབ་ཀྱི་ཐ་སྙད་དུ་འཇུག་གི་དེ་བཞིན་ དུ་ནི་དམིགས་པ་མ་ཡིན་ཏེ། དོན་དམ་པ་རྟོགས་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། སྣ་ཚོགས་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་ནི་སྔར་བསྟན་པའི་ཚུལ་གྱིས་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔས་སྣ་ཚོགས་འདི་དག་ཐམས་ཅད་རི་མོ་བཞིན་དུ་མཐོང་ སྟེ། དོན་དམ་པའི་རང་བཞིན་དུ་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པའི་སྣ་ཚོགས་པ་ཞེ་ན། རྣམ་རྟོག་ཚོན་གྱིས་བྲིས་པ་ནི་སྟེ་བྲིས་པའི་སྒྲས་ནི་རྒྱུ་མཚན་བཤད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ། འདི་ལྟར་ཚོན་གྱི་རྒྱུ་མཚན་གྱིས་རི་མོ་སྣང་ལ། དེ་བཞིན་དུ་རྟོག་པའི་ཚོན་གྱི་རྒྱུ་མཚན་གྱིས་སྣ་ཚོགས་པས་སྣང་ཞེས་ བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་མཐོང་བ་ལ་ཡང་འགྲོ་བ་འདི་དག་གིས་འཁྲུལ་པ་བསྐྱེད་དོ་ཞེ་ན། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨེ་མའོ་ནི་ངོ་མཚར་རོ། །སྣ་ཚོགས་ནི་ངོ་མཚར་ཏེ་གཞན་དུ་མ་མཐོང་བའོ། །སྣ་ཚོགས་པ་ནི་རྣམ་པ་དུ་མ་ཁམས་གསུམ་པོ་འདི་དག་གོ། །མཉམ་དང་མི་མཉམ་ མཐོ་དང་དམའ་དང་རྟོགས་ཏེ། རྣལ་འབྱོར་པའི་བློ་ལ་འཁྲུལ་བ་རྒྱས་པའོ། །འདི་དག་ཐོག་མ་མེད་པའི་འཁོར་བ་འདིར་བདག་ཅག་མཉམ་པ་སྟེ། མིའི་འགྲོ་བ་རུ་སྐྱེས་པའམ། མི་མཉམ་པ་སྟེ་དམྱལ་བའི་འགྲོ་བར་རོ། །ཡང་དམའ་བ་ནི་དུད་འགྲོ་དང་། ཡི་དགས་ལ་སོགས་པའོ། །མཐོ་བ་ ནི་ལྷ་ལ་སོགས་པའོ། །ཡང་དག་དོན་གྱི་སྒྲུབ་པ་ནི་དོན་དམ་པའི་ངོ་བོ་ལ་བརྟེན་ནས་ཀུན་བརྟགས་པའི་ངོ་བོ་ཤེས་ཀྱང་ནི་ཤེས་པས་ཀྱང་ངོ་། །ཇི་ལྟར་རྣལ་འབྱོར་པ་རྣམས་ཀྱི་བློ་འཁྲུལ་པར་བྱེད་ཅེ་ན། སེམས་ཀྱི་ནམ་མཁའི་དཀྱིལ་དུ་བྲིས་པ་ཡི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ནམ་མཁའ་ ལྟ་བུ་སྟེ། དེའི་དཀྱིལ་ནི་རྒྱ་ཆེ་བའོ། །དེ་ལ་བྲིས་པ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །བརྫུན་པའི་ཀུན་ཏུ་རྟོག་པས་ས་རྣམས་གསུམ་པོ་འདི་དག་བསྡུས་ལྟ་བུ་ཞེས་བྱ་བ་སྨོས་ཏེ། བརྫུན་པ་ནི་ཀུན་ནས་ཉོན་མོངས་པས་བསྡུས་ཞེས་བྱ་བའི་དོན་ཏོ། །ཀུན་བརྟགས་པ་དེ་བདེན་པ་མ་ཡིན་པར་བསྟན་པའི་རིགས་ པ་གཞན་བསྟན་པའི་ཕྱིར། གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་གལ་ཏེ་དངོས་པོ་དངོས་ཡིན་ན་དེའི་ཚེ་དོན་དམ་པའི་ངོ་བོ་ཡིན་པའི་ཕྱིར་གཞན་ཉིད་དུ་རྟོགས་པར་མི་འགྱུར་རོ། །དེ་ཇི་ལྟར་ཆོས་ལ་བདག་མེད་པ་རྟོགས་ནས་དངོས་པོ་དེ་ཉིད་ ཕྱིས་ནི་ཅིའི་ཕྱིར་དངོས་པོ་མེད་པར་འགྱུར། དོན་དམ་པ་ལ་ངོ་བོ་གཉིས་ནི་མེད་དོ། །འོ་ན་གང་ལ་དངོས་པོའི་ཐ་སྙད་དུ་བྱ་ཞེ་ན། དེ་བཞིན་ཞེས་བྱ་བ་སྨོས་ཏེ། གཉིས་མེད་པའི་སེམས་ལ་དེ་བཞིན་ཉིད་ཀྱི་སྒྲར་བརྗོད་དོ། །དེ་ཡང་བརྟན་ངོ་བོའི་ཕྱིར་གང་གི་ཚེ་ གཞན་པ་ཉིད་དུ་འགྱུར་བ་མ་ཡིན་པ་དེའི་ཚེ། དེའི་དངོས་པོའི་སྒྲའི་ཐ་སྙད་དུ་རིགས་ཀྱི་བརྟགས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཀུན་དུ་བརྟགས་པ་རྣམས་ཀྱི་མིང་ལ་སོགས་པའི་མིང་ཡང་དངོས་པོ་མེད་དོ་ཞེ་ན། ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདི་ཆོས་བརྟགས་པ་ བརྫུན་པའི་དངོས་པོ་མིང་དང་རིགས་སྩོགས་ཡོན་ཏན་ནི། ཡོན་ཏན་གྱི་ཁྱད་པར་དུ་མཐོང་བ་དེས་ནམ་མཁའ་ལ་རི་མོ་བྲིས་པ་ནི་ནམ་མཁའི་དཀྱིལ་དུ་རི་མོ་བྲི་བ་ལྟ་བུར་རོ། །དེ་ཡང་ཕྱིན་ཅི་ལོག་གིས་དུབ་པ་ཡིན་ནོ། །ཡོན་ཏན་དང་ལྡན་པ་ཡོན་ཏན་ལ་འཇུག་གི །གང་གི་ཚེ་ཡོན་ཏན་ཅན་མེད་ ན་དེའི་ཚེ་གང་གི་ཡོན་ཏན་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ནི་ཉེ་བར་སྡུད་པར་བྱེད་དེ། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ནི་སྔར་བསྟན་པའི་གཏན་ཚིགས་ཀྱིས་སོ། །སྣ་ཚོགས་རང་བཞིན་རྣམས་ནི་གཟུང་བ་དང་འཛིན་པའི་རང་བཞིན་གྱི་ཆོས་རྣམས་སོ། །རང་བཞིན་ངོ་བོ་མེད་པ་ ཡིན་ཏེ་དེ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཡང་གང་གིས་གཞན་དུ་སྟེ་གཟུང་བ་དང་འཛིན་པའི་དངོས་པོའི་རང་བཞིན་དུ་ཡོངས་སུ་རྟོགས་པར་བྱེད་པ་དེ་ནི་དམ་པའི་དོན་ལས་ལོག་སྟེ། དོན་དམ་པ་ཡོངས་སུ་ཤེས་པ་ལ་མཁས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ དོན་དམ་པའི་མཚན་ཉིད་རྣམ་པར་གཞག་ནས་འགའ་ཞིག་དེ་མངོན་སུམ་དུ་བྱ་བའི་ཕྱིར་འབད་པར་མི་བྱ་བ་སྟོན་པར་བྱེད་པས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དུ་སྟོང་པ་ཉིད་ཀྱི་སྒྲར་བསྟན་པ་དེར་གཉིས་སུ་མེད་པའི་སེམས་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་ཀུན་ བརྟགས་པའི་སྒྲར་བསྟན་པ་དེར་ནི་གཟུང་བ་དང་འཛིན་པའི་ངོ་བོ་ཡིན་ནོ། །དེ་ལ་གལ་ཏེ་ཀུན་བརྟགས་པ་ཐམས་ཅད་དུ་མེད་པ་ཁོ་ནར་གྱུར་ལ། སྟོང་པ་ཉིད་ཡང་གལ་ཏེ་ཡོད་པར་གྱུར་ན། དེའི་ཚེ་སྐྱེ་བ་དང་ནི་འཇིག་པ་དག་འབད་པ་མེད་པར་རང་ཉིད་ཐོབ་སྟེ། རྣལ་འབྱོར་པས་འབད་པ་ མེད་པར་རང་ཉིད་ཐོབ་པར་འགྱུར་རོ། །དེ་བས་ན་སྟོང་པ་ཉིད་ཡོད་ལ་ཀུན་བརྟགས་པ་མེད་པ་དེ་ལྟ་བུ་ཡིན་ན་འབད་པ་དང་བྲལ་བས་ལུས་ཅན་རྣམས་གྲོལ་བར་འགྱུར་རོ། །དེ་ལྟར་མ་ཡིན་ཏེ་གང་གི་ཕྱིར། མི་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྲིད་རྟོགས་པས་སྒྲོ་བཏགས་པ་གཟུང་བ་དང་ འཛིན་པའི་དངོས་པོ་བརྟགས་པ་དངོས་པོ་མེད་པ། རིགས་པ་དང་ལུང་སྔོན་དུ་འགྲོ་བའི་རྣལ་འབྱོར་པས་མི་ཤེས་པ་དེ་དེ་སྲིད་མེད་པ་ཙམ་གྱིས་དེ་ལྡོག་པར་ནི་རིགས་སོ། །གཉེན་པོས་སྒོམ་པ་མེད་པར་དེ་ལྡོག་པ་ནི་མེད་དོ། །དེ་ལྟ་བས་ན་ལྡོག་པ་མེད་ན་ནི་བསྟན་པའི་ངོ་བོ་ཡང་སྟོང་པ་ཉིད་དེས་བསྒྲིབས་པ་ཐོབ་པར་མི་ འགྱུར་ཏེ། གསལ་བ་མ་ཡིན་ན་དེ་བས་ན་ཅི་ལྟར་དོན་དམ་པར་འགྲུབ་པར་འགྱུར། །གཞན་ཡང་། འདི་དག་འགའ་ཡང་བྱེ་བྲག་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཀུན་བརྟགས་པ་འདི་ནི་སྟོང་པ་ཞེས་འདི་གཉིས་ཇི་སྲིད་འགའ་ཞིག་གིས་བྱེ་བྲག་མ་མཐོང་བ་དེ་སྲིད་ཀུན་ བརྟགས་པའི་རང་བཞིན་དུ་སྟོང་པ་ཉིད་མེད་པའི་བདག་ཉིད་འཐོབ་བོ་ཞེས་གཞན་དག་རྒོལ་བས་ལན་གདབ་པའི་ཕྱིར། གཞན་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དབང་ཉིད་ནི་གཞན་གྱི་དབང་གིས་སེམས་ལ་བརྟེན་པ་སྟེ། སྟོང་པ་ཉིད་དང་བརྟགས་པ་ཡང་དག་པ་དང་། ཡང་དག་ པ་མ་ཡིན་པ་མཐོང་བ་སྐྱེས་པ་དེའི་ཚེ་དེ་གཉིས་ཀྱི་དབྱེ་བ་ཤེས་པར་འགྱུར་རོ། །འདི་ལྟར་གཞན་གྱི་དབང་ལ་ངོ་བོ་གཉིས་ཏེ། ཀུན་བརྟགས་པ་དང་ཡོངས་སུ་གྲུབ་པའོ། །དེ་ལ་ཀུན་བརྟགས་པ་ནི་གཟུང་བ་དང་འཛིན་པའི་དངོས་པོར་སྒྲོ་བཏགས་པ་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་ཡང་ དེས་སྟོང་པ་ཞེས་བྱའོ། །དེ་ལ་གང་གི་ཚེ་རྣལ་འབྱོར་པས་ཀུན་བརྟགས་པ་བརྟག་ཏུ་མེད་པར་རིག་པས་དཔྱད་ཅིང་དེའི་གཉེན་པོར་འགྱུར་བ་ཡོངས་སུ་གྲུབ་པའི་ངོ་བོ་ཡང་བསྒོམས་པ་དེའི་ཚེ། ཡོངས་སུ་གྲུབ་པའི་ངོ་བོ་མཐོང་བས་སྟོང་པ་ཉིད་ཡང་དག་པ་མཐོང་བར་འགྱུར་རོ། །ཡོངས་སུ་གྲུབ་པའི་ ངོ་བོ་མ་གཏོགས་པར་གཞན་སྟོང་པ་ཉིད་ཅེས་བྱ་བ་འགའ་ཡང་མེད་དོ། །ཀུན་བརྟགས་པ་ནི་བརྫུན་པ་ཉིད་ཡིན་པའི་ཕྱིར། ཡང་དག་པར་མཐོང་བ་མ་ཡིན་ནོ་ཞེས་བྱ་བས་དོན་དམ་པ་གྲུབ་པ་ཡིན་ནོ། །དོན་དེ་ཉིད་ཚིགས་སུ་བཅད་པ་འདིས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་ ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་འདི་ལ་རྣལ་འབྱོར་པ་རྣམས་ཇི་ལྟར་འཇུག་ཅེས་དྲི་བ་ལ། རང་བཞིན་གསུམ་ནི་མཐོང་བས་སོ། །ཞེས་བྱ་བ་ནི་ལན་ཡིན་ནོ། །གང་གི་ཚེ་ཀུན་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་རང་བཞིན་གསུམ་གྱི་ངོ་བོའི་ སེམས་མཐོང་བར་གྱུར་ན། དེའི་ཚེ་རང་བཞིན་གསུམ་མཐོང་བའི་རྒྱུས་ཏེ། སྔར་བསྟན་པའི་རིམ་པས་སྟོང་པ་ཉིད་ལ་འཇུག་པར་འགྱུར་རོ། །སེམས་ཀྱི་ངོ་བོ་གསུམ་པོ་སྟོང་པ་ཉིད་འབའ་ཞིག་མཐོང་བར་གྱུར་པ་མ་ཡིན་གྱི། ཇི་སྲིད་དེ་མཐོང་བས་ནི་རང་བཞིན་གསུམ་གྱི་ངོ་བོ་གང་གི་ཚེ་སེམས་ མཐོང་བ་དེའི་ཚེ། དེ་མཐོང་བས་ནི་ཆོས་ཀུན་ལ། །རིལ་པོར་འཛིན་པ་ལྡོག་པར་འགྱུར། །གཅིག་ཏུ་མངོན་པར་ཞེན་པ་ལྡོག་པར་འགྱུར་རོ། །དེ་བས་ན། གཅིག་ལ་ཐ་དད་མཐོང་བ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་གཅིག་ལ་ཐ་དད་པ་མཐོང་བ་ནི་མེད་དོ། ། དེ་བས་ན་ཚུལ་གསུམ་དུ་གསལ་བར་སྣང་ངོ་། །འོན་ཀྱང་བག་ཆགས་འཇུག་པའི་ནུས་པ་ཡིས་ཏེ། བག་ཆགས་ཀྱི་ནུས་པའི་མཐུས་དེ་གཉིས་ལས་ཏེ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ལས་ཀུན་བརྟགས་པའི་ངོ་བོ་གསལ་བར་སྣང་ཞེས་བྱ་བའི་དོན་ཏོ། །དེའི་ཕྱི་མའི་གནས་སྐབས་ བསྟན་པའི་ཕྱིར། ཀུན་བརྟགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུང་བའི་དངོས་པོ་དགག་པའི་ཕྱིར། །ཀུན་བརྟགས་དོན་ནི་ནུབ་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། མི་གསལ་བར་གྱུར་པའི་ཕྱིར་རོ། །ཡོངས་སུ་གྲུབ་པའི་རང་བཞིན་ལས་དང་པོར་གཞན་གྱི་དབང་ནི་རབ་ཏུ་གསལ་བར་མཐོང་ཞེས་ བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞིག་གསལ་ཞེ་ན། རང་བཞིན་སྔ་ནས་མ་མཐོང་ཕྱིར། །ཞེས་བྱ་བ་སྨོས་ཏེ། སྔ་ནས་མ་མཐོང་བ་ནི་ཀུན་བརྟགས་པའི་གནས་སྐབས་སོ། །གང་གི་ངོ་བོ་མ་མཐོང་བ་དེའི་ངོ་བོས་གཡོ་བ་བཞིན་ཏེ། མི་བརྟན་པའི་ངོ་བོ་ལྟ་བུར་གསལ་ཞེས་བྱ་བའི་དོན་ཏོ། ། ད་ནི་མཐོང་བའི་ལམ་བསྟན་པའི་ཕྱིར། རིམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་པ་ནི་སྔར་བསྟན་པའི་རིམ་པས་སོ། །གཟུང་བ་མེད་པས་འཛིན་པ་མེད་པའི་རིགས་པས་སོ། །དེ་ཉིད་ཀྱི་སྟེ་གཞན་གྱི་དབང་འཛིན་པའི་རྣམ་པ་སྣང་བ་བཟློག་པ་སྟེ་སྤངས་པས་སོ། །གཉིས་དང་བྲལ་བ་ནི་སྟོང་ པ་ཉིད་དོ། །དེ་ཉིད་ནི་གཞན་དབང་སྟེ་བསྟན་པར་བྱ་བའི་ཕྱིར། སྙིང་ག་རུ་ནི་འོད་གསལ་སྐྱེས་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་གྱིས་གསལ་བའི་ངོ་བོ་བསྐྱེད་ཅེས་བྱ་བའི་དོན་ཏོ། །སྐད་ཅིག་ལ་དེ་མཐོང་བར་བསྟན་པ་ནི། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གང་གི་ཚེ་མངོན་ དུ་མ་བྱས་ན་གློག་བཞིན་དུ་མི་བརྟན་ཕྱིར། སྐད་ཅིག་ལ་ནི་འགྲོ་ཞིང་འོང་སྟེ། འགྲོ་བ་དང་འོང་ཞེས་བྱ་བའི་དོན་ཏོ། །འདིར་རྒྱུ་གང་ཡིན་ཞེ་ན། ཐམས་ཅད་ནི་དུས་ཐམས་ཅད་དུའོ། །ཐོག་མ་མེད་དུས་ཀྱི་གཉིས་པོ་གཟུང་བ་དང་འཛིན་པ་གཉིས་པ་གཉིས་པོའོ། །གང་གི་ཚེ་ཀུན་དུ་བསླང་པ་དེའི་ཚེ་ གཉིས་པོ་དེ་ཉིད་ཀྱིས་བསླད་ཕྱིར་ཏེ། སྐད་ཅིག་ལ་འོང་ཞིང་འགྲོ་ཞེས་བྱ་བའི་དོན་ཏོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། གཉིས་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་གནས་ནི་གཟུང་བ་དང་འཛིན་པ་གཉིས་སོ། །གཉིས་མེད་པ་ནི་སྟོང་པ་ཉིད་ཀྱི་གནས་སོ། །རྗེས་སུ་ འབྱུང་བ་ནི་རེས་འགའ་རྗེས་སུ་འགྲོ་བ་ཡིན་ནོ། །ཇི་སྲིད་ནི་སྟོང་པ་ཉིད་དེའི་དབུས་མ་ནི་གཟུང་བ་དང་འཛིན་པ་གཉིས་ཀྱི་དབུས་སོ། །བརྟན་པར་མ་བྱས་ནི་དངོས་པོ་བརྟན་པར་མ་བྱས་པ་དེ་སྲིད་ཡང་དང་ཡང་དུ་དེར་འགྲོ་ཞེས་བྱ་བའི་དོན་ཏོ། །ད་ནི་བརྟན་པ་ཉིད་ན། བརྟན་པར་གྱུར་པ་ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ། གང་གི་ཚེས་བརྒྱད་པར་སྟོང་པ་ཉིད་བརྟན་པར་གྱུར་པ་དེའི་ཚེ། མུན་པའི་འཇུག་པའི་གནས་སྐབས་ཉིད་ནི་ཡོད་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། འོད་ཟེར་སྟོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འོད་ཟེར་སྟོང་ལྡན་ནི་ཉི་མ་ཤར་བས་མུན་པའི་ འཇུག་པ་ལ་གནས་པའི་སྐབས་མེད་པ་དེ་བཞིན་དུ་སྟོང་པ་ཉིད་ཡིན་ཏེ་དེ་དང་འགལ་བའི་ཕྱིར་རོ། །ད་ནི་སྟོང་པ་ཉིད་རྣམ་པ་ཐམས་ཅད་དུ་དངོས་པོ་མེད་པ་ཉིད་དགག་པའི་ཕྱིར། གནས་སྐབས་དེ་ཡང་མི་ཤེས་པས་ཏེ། གནས་སྐབས་གསུམ་ཡོད་པ་དེའི་ཕྱིར་ཡང་སྒྲ་སྨོས་སོ། །དེ་ལྟ་བས་ན་གནས་སྐབས་ དེ་ཡང་གནས་སྐབས་གང་ཡིན་པ་ལ་སྟོང་པ་ཉིད་ཅེས་བྱ་སྟེ། བདག་ཅག་འདྲ་བས་མི་ཤེས་ཀྱི་སངས་རྒྱས་ཉིད་ཀྱིས་མཁྱེན་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྲགས་པ་ཉིད་བཞིན་དུ། །མེད་པའི་རྗེས་སུ་འབྲང་མི་བྱ། །འཇིག་རྟེན་རྒྱང་པན་པའི་བསྟན་པར་གྲགས་པ་ནི་དོན་ཅུང་ཟད་ཀྱང་མེད་ཅེས་ སྨྲ་སྟེ། དེ་སྟོང་པ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་གི་སྟོང་པ་ཉིད་ནི་ཆོས་ཀྱི་སྒྲས་བསྟན་ཏེ། ཆོས་ཅན་ལས་ཆོས་ཉིད་ནི་གཞན་མ་ཡིན་ནོ། །ད་ནི་མཐའ་མེད་པར་བསྟན་པའི་ཕྱིར། དེ་ཡི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོར་རྟོག་ པའི་མཐའི་གཡེང་བ་སྤང་བའི་ཕྱིར་དེའི་སྟོང་པ་ཉིད་དེ་དངོས་པོ་མེད་པར་ཁོང་དུ་ཆུད་པར་བྱའོ། །དངོས་པོ་མེད་པར་རྟོག་པའི་མཐའི་གཡེང་བ་སྤང་བའི་ཕྱིར། ཐ་སྙད་དོན་ཏེ། ཀུན་རྫོབ་ཏུ་ཡོད་པར་ཡང་ཤེས་པར་བྱའོ། །དོན་དམ་པ་རྟོགས་ན། རང་བཞིན་མེད་པའི་ཆོས་རྣམས་ལ། །གང་ ཞིག་ཡོད་དང་མེད་པ་ཡིན། །ཞེས་སྨོས་ཏེ། མཐའ་གཉིས་མེད་ཅེས་བྱ་བའི་དོན་ཏོ། །ཡོད་པ་དང་མེད་པའི་སྦྱོར་བ་མེད་ན་མི་འབྱུང་བའི་ཕྱིར། གཅིག་ཀྱང་གཟུགས་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། ཁྱོད་དྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འགའ་ཞིག་ལ། ཁྱོད་དྲན་ མ་བྱེད་ཅེས་བརྗོད་ན་སྟེ། ཁྱོད་དངོས་པོ་འདི་དྲན་པར་བྱེད་ཅེས་སྨྲ་བའོ། །དེའི་ཕྱིར་དགག་དབྱེ་ནི་དངོས་པོ་སྟེ་མེད་ན་མི་འབྱུང་བའི་ཕྱིར་བློས་མཆོག་ཏུ་དཔྱོད་པས་དྲན་པ་ཡིན་ནོ། །དེ་ལྟར་དེ་བཞིན་མེད་པའི་སྒྲས། མེད་ན་མི་འབྱུང་བའི་ཕྱིར་ཡོད་པར་ཁོང་དུ་ཆུད་པ་ཡིན་ནོ། །དེ་ལྟ་བས་ན་ ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་གཉིས་སྤངས་པ་ནི་དབུ་མའི་ལམ་དུ་ཤེས་པར་བྱའོ། །གལ་ཏེ་དགག་པར་བྱ་བ་མི་འབྱུང་བར་གྲུབ་པ་ཡིན་ན་ཡང་དེའི་ཕྱིར་དངོས་པོའི་སྟོབས་ཀྱིས་ཀུན་བརྟགས་པ་དེ་ཡོད་པར་གྲུབ་བོ་ཞེ་ན། རྣམ་པར་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པ་ནི་ སྒྲའི་རྣམ་པར་རྟོག་པ་ལས་བག་ཆགས་ཀྱི་དབང་གིས། རྣམ་པར་རྟོག་པ་ལས་དོན་རྣམས་ཤེས་པ་ནི་དྲན་པའི་ཤེས་པ་སྐྱེ་བ་ཡིན་ནོ། །དོན་གྱི་བློ་ལས་རྣམ་རྟོག་ཀྱང་སྟེ་དེ་ལས་བྱུང་བ་ཡིན་ནོ། །གཉི་ག་རྣམ་རྟོག་ཆོས་ཡིན་ཕྱིར་ཏེ། སྒྲ་དང་དོན་གྱི་རྣམ་པར་རྟོག་པ་དག་རྣམ་པར་རྟོག་པའི་ཆོས་ཡིན་ པའི་ཕྱིར། ཡོད་པ་གང་ཡིན་མེད་གང་ཡིན། །ཞེས་བྱ་བའི་དོན་ཏོ། །མེད་པའི་རྣམ་པར་རྟོག་པ་ལ་ཡང་བརྟག་པར་མི་བྱའོ་ཞེས་བསྟན་པའི་ཕྱིར། རྟེན་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་ནི་གང་ཞིག་ནི་ཀུན་བརྟགས་པ་ལ་སོགས་པ་སྟེ། མེད་པ་ཉིད་ཀྱང་བསྒོམས་ པས་མེད་ན་མི་འབྱུང་བའི་ཕྱིར་ཡོད་པར་འགྱུར་ཏེ་འགྲོ་བ་ཡིན་ནོ། །གལ་ཏེ་དེ་བཞིན་དུ་འདོད་པ་ན་དེའི་ཚེ་ཡང་དེ་བཞིན་ཡོད་པ་ཉིད་ཀྱང་འཐོབ་སྟེ། འདི་ལྟར་མེད་པ་ཉིད་བསྒོམས་པས་ཡོད་པར་འགྱུར་བ་དེ་བཞིན་དུ་ཡོད་པ་ཡང་བསྒོམས་པས་མེད་ན་མི་འབྱུང་བའི་ཕྱིར་མེད་པ་ཉིད་ཀྱང་ཐོབ་པ་ཡིན་ ནོ། །དེ་དག་ཐམས་ཅད་ཀུན་བརྟགས་པའི་དངོས་པོ་ལས་ལེན་པ་ལ་ཡོད་པར་འགྱུར་རོ། །གང་གི་ཚེ་ཀུན་དུ་བརྟགས་པ་རྟག་ཏུ་མེད་པའི་ཕྱིར་དེའི་ཚེ་རྟེན་མེད་པས་བརྟེན་པ་ཡོད་པ་མ་ཡིན་ནོ། །ད་ནི་ཉེ་བར་བསྡུ་བའི་ཕྱིར། དེ་བཞིན་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་ཡོད་པ་ དང་མེད་པ་དང་བདེ་སྡུག་ལ་སོགས་མེད་པར་བཞེད་དེ། དངོས་པོ་མེད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་གང་ཆུང་ཟད་ཡོད་པ་དེ་དག་ཐམས་ཅད་ལྟོས་པས་གྲུབ་པ་ཡིན་ཏེ་སྐྱེས་ཞེས་བྱ་བའི་དོན་ཏོ། །འདི་ཇི་ལྟ་བུ་ཞིག་ཅེ་ན། རིང་ཐུང་ལ་སོགས་བྱེ་བྲག་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཐུང་ངུ་མེད་ན་རིང་པོའི་བདག་ཉིད་ཡོད་པར་མི་འགྲུབ་ལ། རིང་པོ་མེད་ན་ཐུང་ངུ་ཡང་དེ་བཞིན་ནོ། །དེ་བཞིན་དུ། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྐྱེས་བུ་ནི་སྐྱེས་བུ་རྣམས་ཏེ། སྡུག་བསྔལ་ཞི་བ་ལ་བདེ་བ་ཞེས་བྱ་བ་རང་གི་རྟོག་པས་བརྟགས་པ་ཡིན་ནོ། །བདེ་བ་ཉམས་ པ་སྡུག་བསྔལ་ཡིན་ཏེ། དེའི་ཕྱིར་གཉིས་པོ་འདི་ནི་ལྟོས་པས་ཡིན་ནོ། །ལྟོས་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རིགས་པས་ཀུན་རགས་པ་དང་ཕྲ་བ་ལ་སོགས་པའི་བདག་ཉིད་ལྟོས་པ་ལས་ཀུན་དུ་བྱུང་བར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ ཏོ། །འདི་ལྟར། གཅིག་ཉིད་ལ་ནི་མ་ལྟོས་པར། །གཞན་དག་ཁོང་དུ་ཆུད་མ་ཡིན་ཏེ། གཉིས་པར་ཤེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། ལྟོས་པ་མེད་པར་དངོས་པོ་འགའ་ཞིག་འབའ་ཞིག་ཏུ་ཡོད་པ་ནི་མ་ཡིན་ནོ་ཞེས་བྱའོ། །གཞན་དུ་ན་ ཐམས་ཅད་རྟག་པ་ཁོ་ནར་འགྱུར་རོ། །འདི་ལྟར་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་གཡེང་བ་བཀག་པས་སེམས་གཉིས་སུ་མེད་པའི་ངོ་བོ་དབུ་མའི་ལམ་ཡིན་པར་བསྟན་ནས། འདི་ལྟར་མིང་དང་རྣམ་པར་རྟོག་པ་རྒྱ་ཆེར་དགག་པའི་ཕྱིར། གཞན་སེལ་བ་ཡི་ཞེས་བྱ་བ་ལ་ སོགས་པ་སྨོས་ཏེ། གཞན་སེལ་བ་ནི་རིགས་མི་མཐུན་པ་གཞན་སེལ་བའོ། །སྤྱོད་ཡུལ་རྣམ་པར་མ་དཔྱད་པར་ཏེ། རང་གི་མཚན་ཉིད་ཀྱི་ཡུལ་རྣམ་པར་མ་དཔྱད་པར་རོ། །བསྟན་པ་ལ་སོགས་སྒྲུབ་པ་ཡིས་ཏེ། སྒྲ་བརྗོད་པ་དང་། ཉན་པ་དང་དྲན་ པ་ལ་སོགས་པའི་རྒྱུས། ཁ་ཅིག་འཁྲུལ་པ་ཡང་དག་བསྐྱེད་དེ། དངོས་པོ་མེད་པ་སྤྱིའི་མཚན་ཉིད་འཁྲུལ་པའི་ཤེས་པས་དོན་མེད་པ་ལ་དོན་དུ་མངོན་པར་ཞེན་ཞེས་བྱ་བའི་དོན་ཏོ། །སྒྲའི་ཤེས་པ་ཚད་མར་གྱུར་པ་ལ་འཁྲུལ་པའི་ཤེས་པ་ཡིན་ཞེས་ཇི་ལྟར་བརྗོད་ཅེ་ན། ཡི་གེ་ཚིག་དང་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་ནི་ཨ་ལ་སོགས་པའོ། །ཚིག་ནི་ཡི་གེའི་སྦྱོར་བ་སྟེ་བུམ་པ་དང་སྣམ་བུ་དང་ཤིང་རྟ་ལ་སོགས་པའོ། །ངག་ནི་ལྷ་སྦྱིན་བ་ལང་དཀར་པོ་ལ་དབྱུག་པས་རྒྱོབ་ཅེས་བྱ་བ་ལ་སོགས་པའོ། །རྟགས་རྣམས་ཀྱི་སྐྱེས་པ་དང་བུད་མེད་དང་མ་ནིང་ངོ་། །ཚིག་ནི་ གཅིག་གི་ཚིག་དང་གཉིས་ཀྱི་ཚིག་དང་མང་པོའི་ཚིག་རྣམས་སོ། །བྱ་བ་ནི་འཆང་བ་ཉིད་ལ་སོགས་པའོ། །བྱེད་པ་ནི་ལས་ལ་སོགས་པའོ། །འབྲེལ་པ་ནི་བྱ་བ་དང་བྱེད་པའི་འབྲེལ་པ་ལ་སོགས་པའོ། །དེ་དག་ཐམས་ཅད་ནི། བརྫུན་ཕྱིར་རྗོད་པར་བྱེད་མ་ཡིན་ཏེ། རྗོད་པར་བྱེད་པ་ མ་ཡིན་པར་རྟོགས་པར་བྱའོ། །འདི་ལྟར་རིམ་གྱིས་བརྗོད་པ་ན་གང་གི་ཚེ་འཇིག་པ་དེའི་ཚེ། བརྗོད་པར་བྱ་བའི་དོན་མེད་པའི་ཕྱིར་རྗོད་པར་བྱེད་པ་མ་ཡིན་ནོ། །ཐ་མི་དད་པ་དང་འདུས་པའི་ངོ་བོར་མི་དམིགས་ཏེ། གང་གི་ཕྱིར་འདུས་པ་ནི་གཅིག་ཡིན་པའི་ཕྱིར་རིམ་གྱིས་བརྗོད་པ་འབྱུང་བར་ མི་འགྱུར་རོ། །དེའི་ཆ་ཤས་ཀྱི་རྡུལ་ཕྲ་རབ་དངོས་པོར་ཡོད་པ་ཡང་མ་ཡིན་ཏེ། དེ་དག་རྫས་སུ་མེད་པའི་ཕྱིར་རོ། །སྒྲ་ལས་ལོགས་ཤིག་པའི་ཡི་གེ་དམིགས་པ་ནི་མེད་དེ། དེ་དག་མཐའ་ཡས་པའི་ཕྱིར་འདི་ཙམ་ཞེས་ཡོངས་སུ་ཆད་པ་མེད་པས་ཐུབ་པ་མེད་པར་འགྱུར་རོ། །སྒྲ་ལས་ དོན་རྟོགས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དང་དོན་གྱི་ཐ་སྙད་ནི་ལག་པའི་ཐ་སྙད་དང་བརྡ་དང་དྲན་པ་ལ་སོགས་པ་བཞིན་དུ་འཇུག་པའི་ཕྱིར་རོ། །བརྫུན་པའི་ཡི་གེ་ལ་བརྟེན་པས་ཚིག་དང་ངག་དང་རྟགས་ལ་སོགས་པ་བདེན་པ་ཉིད་ཁོ་ན་བརྫུན་ཞེས་བྱ་བའི་དོན་ཏོ། །ད་ནི་ཞར་ལ་བྱུང་བའི་ སྒྲའི་བསྟན་བཅོས་མི་རིགས་པར་བསྟན་པའི་ཕྱིར། ཚིགས་བཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་རྐང་པ་ལྔ་འམ་གསུམ་གྱིས་དོན་རྟོགས་པར་གྱུར་ན། དེ་སྲིད་ཚིགས་སུ་བཅད་པ་ཅིའི་ཕྱིར་མི་འདོད། རྗོད་བྱེད་བརྗོད་བྱ་ལ་ལྟོས་ནས་ཏེ། དེ་གཙོ་བོ་ཡིན་པའི་ཕྱིར་རོ། །འོན་ཏེ་ མི་འདོད་ན་དེའི་ཚེ་རྐང་པ་བཞི་པར་ངེས་པ་ནི། མཁའ་འགྲོའི་དམ་ཚིག་བཞིན་དུ་འགྱུར་ཏེ། རང་གི་འདོད་པས་བརྟགས་པར་འགྱུར་རོ། །རྣལ་འབྱོར་པ་རྣམས་ཀྱི་བརྡ་སྒྲ་དང་དོན་ལ་མ་ལྟོས་པར་རང་གི་འདོད་པས་བརྟགས་པར་གྱུར་པ་ཡིན་ནོ། །དེ་བཞིན་དུ་ལྕི་བ་དང་ཡང་བ་ལ་སོགས་ པ་ཁོང་དུ་ཆུད་པར་བྱའོ། །བརྡ་སྤྲོད་པ་རབ་ཏུ་བརྟགས་པའི་སྒྲའི་སྦྱོར་བ་ཉོན་མོངས་ཤིང་དོན་མེད་པའང་བསྟན་པའི་ཕྱིར། ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་འགའ་ཞིག་ལག་པའི་ཐ་སྙད་དང་བརྡ་དང་དྲན་པའི་དབང་གིས་ཆོས་རྣམས་གཟུང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་སྔོན་གྱི་ཡུན་ རིང་པོར་བྱུང་བ་བྱ་ཀ་ར་ཎ་ལ་སོགས་པ་རྩོམས་པས། སྒྲ་རྣམས་སྦྱོར་བ་ཉོན་མོངས་ལ་སྟེ། སྒྲ་སྦྱོར་བ་དཀའ་བའི་གནས་ཡིན་ཏེ། འཇིག་རྟེན་པ་དག་ཅི་ཕྱིར་བཙུད། །འདི་ནི་སྣ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གང་མི་ཤེས་པ་འགའ་ཞིག་འདྲི་སྟེ། སྣ་གང་ཡིན་ཞེས་ཟེར་བ་ལ། དེས་ཀྱང་ སྣ་ནི་འདི་ཡིན་ནོ་ཞེས་གསལ་བར་བརྗོད་པ་དེ་ཙམ་གྱིས་དེ་ལ་དོན་གོ་བ་སྐྱེའོ། །མགོ་བོ་བསྐོར་བར་གྱུར་པ་ཡི། །ལག་ངར་བཀུག་པའི་ལག་པ་ཡིས། །སྣ་བཟུང་ནས་འདི་སྣ་ཡིན་ནོ་ཞེས། དྲིས་ལ་སུ་ཞིག་སྟོན་པར་བྱེད། འདི་ལྟར་ན་སའི་སྒྲ་བརྗོད་པས་དོན་རྟོགས་ན། ན་སི་ཀའི་སྒྲ་བརྗོད་པ་ལ་ དགོས་པ་ཅི་ཞིག་ཡོད། །དགོས་པ་མེད་པའི་སྒྲའི་བསྟན་བཅོས་ལ་མངོན་པར་ཞེན་པ་ནི་དཔྱོད་པ་མེད་པ་ལ་གུས་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྒྲ་ཡི་བདག་ཉིད་འཇིག་རྟེན་པ། །སྒྲ་དགོད་པའི་ཁྱད་པར་ཤེས་པས་བདག་ཉིད་དང་དེའི་རྗེས་སུ་འབྲང་བའི་འཇིག་རྟེན་པ། བདག་ཉིད་ གུས་པར་འགྱུར་མ་ཡིན། །དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། བྲག་གི་དཀྱིལ་གྱི་གབ་ཚེ་བཞིན། །བྲག་གི་དཀྱིལ་གྱི་གབ་ཚེ་ནི་གབ་ཚེའོ། །དེ་ཡང་གང་གི་ཚེ་གསེར་གྱིས་བཀང་བ་བདག་གིས་ཐོབ་སྙམ་དུ་འགའ་ཞིག་སེམས་ནས་དེའི་ཚེ་གུས་པས་སྤོས་དང་མེ་ཏོག་གིས་མཆོད་དེ། ཕྱིས་ ཕྱེ་བ་དང་ནང་ན་སྙིང་པོར་གྱུར་པའི་དངོས་པོ་ཆུང་ཟད་མེད་པར་ཤེས་ནས་གུས་པ་མ་ཡིན་པ་ཆེན་པོས་འདོར་བ་དེ་བཞིན་དུ་ཇི་སྲིད་བརྡའི་ཐ་སྙད་ཀྱི་དོན་ཡོངས་སུ་ཤེས་པ་མ་སྐྱེས་པ་དེ་སྲིད་དུ་སཾ་སྐྲྀ་ཏའི་སྐད་ལ་གུས་པར་བྱེད་ཀྱི། ཇི་སྲིད་ཡང་བརྡའི་དབང་གིས་དོན་རྟོགས་པ་ དེའི་ཚེ་གུས་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྔར་ནི་སྒྲ་བརྫུན་པའི་ཕྱིར། རྗོད་པར་བྱེད་པ་མ་ཡིན་པར་བསྟན་ནས། ད་ནི་བདེན་པ་ཡིན་དུ་ཆུག་ན་ཡང་རྗོད་པར་བྱེད་པ་མ་ཡིན་པར་བསྟན་པའི་ཕྱིར། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་རྒྱུ་མ་ཡིན་པ་དང་དེའི་བདག་ཉིད་མ་ཡིན་ པས་གཞན་ནི་འབྲས་བུར་གྱུར་པ་མ་ཡིན་པ་དང་། དེའི་བདག་ཉིད་མ་ཡིན་པ། འབྲེལ་པ་མེད་ཕྱིར་མི་རིགས་སོ། །གང་གི་ཕྱིར་འབྲེལ་པ་ནི་གཉིས་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བའོ། །དེ་ལ་དེའི་བདག་ཉིད་ནི་མ་ཡིན་ཏེ། ངོ་བོ་ཐ་དད་པའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ། དེ་མ་ཐག་ པའི་རྐྱེན་མེད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་འབྲེལ་པའི་ཕྱིར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མ་ཡིན་ནོ། །འདིར་དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། རལ་གྲི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རལ་གྲི་ནི་གཅོད་པ་སྟེ། གཞན་ལ་སྟེ་སྐྱེས་བུ་ལ་སོགས་པ་ལ་བརྒྱབ་པ་ཡིས། གཞན་དག་ཤིང་ལ་སོགས་པ་ གཅོད་པར་བྱེད་དམ་ཅི་ཞེས་བྱ་བའི་དོན་ཏོ། །ད་ནི་ཁ་ཅིག་སྒྲ་དང་དོན་ལ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་འབྲེལ་པའི་མཚན་ཉིད་ཡོད་དོ་སྙམ་པ་དེ་བསལ་བའི་ཕྱིར། མ་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕལ་ཆེར་འབྲས་བུའི་བྱ་བ་བྱེད་པའི་ནུས་པ་རྒྱུ་དང་འབྲས་བུར་བཅས་པར་ རྗེས་སུ་འགྲོ་བ་དང་ལྡོག་པ་མ་མཐོང་སྟེ། ས་བོན་དང་མྱུ་གུ་བཞིན་ནོ། །ཡང་གང་ཞིག་བྱ་བ་དང་བྲལ་བའི་དངོས་པོ་བྱ་བ་བྱེད་པའི་ནུས་པ་དང་བྲལ་བ་དང་སྒྲ་ཐ་མལ་པའི་དབྱེ་བས་དེས་ནི་གང་ཡང་ཐོབ་མེད་དེ། མི་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྟག་པའི་དངོས་པོ་ཡིན་པའི་ཕྱིར་རོ། ། འོན་ཏེ་དངོས་པོ་གང་གིས་དངོས་པོ་གང་ཞིག་སྐྱེད་ཅེ་ན། དངོས་པོ་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་ཞིག་འདིར་སྔར་མ་སྐྱེས་པ་ཕྱིས་རྒྱུ་དང་རྐྱེན་གྱི་དབང་གིས་སྐྱེ་བ་དེ་ལྟར་གྱུར་པའི་དངོས་པོས་ཡང་དངོས་པོ་རབ་ཏུ་བསྐྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དོན་མེད་ན་སྒྲ་ མི་འཇུག་པ་དེའི་ཕྱིར། སྒྲ་འཇུག་པ་ལས་རྒྱུ་མཚན་ཡོད་པའི་ཕྱིར་ཇི་ལྟར་འབྲེལ་པ་མེད་པ་ཡིན། དེ་ལྟར་ནི་མ་ཡིན་ཏེ། གང་གི་ཕྱིར་བརྗོད་པར་འདོད་པའི་དབང་གིས་སྒྲ་འཇུག་པར་མཐོང་བའི་ཕྱིར་རོ། །གལ་ཏེ་སྒྲ་རང་གི་རྒྱུ་ལས་སྐྱེ་མོད་ཀྱི། བརྡ་སྤྲོད་པས་འདོད་པའི་དོན་སྦྱོར་བར་བྱེད་པའི་ དོན་རྒྱུ་དེ་དང་ལྷན་ཅིག་སྦྱོར་བ་དང་སྦྱོར་བར་བྱེད་པའི་དངོས་པོའི་འབྲེལ་པའི་མཚན་ཉིད་དོ་ཞེ་ན། དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་ནི་བསྐྱེད་པའི་བྱ་བ་བྱེད་པ་རྫོགས་ན་དངོས་པོའི་རང་བཞིན་མིན་ཏེ། གཞན་སྐད་ཅིག་མའི་ངོ་བོ་ནི་སྦྱོར་བར་བྱེད་པ་མ་ཡིན་ནོ། །དངོས་པོའི་དུས་ན་ དངོས་མིང་ཕྱིར་ཏེ། བསྐྱེད་པར་བྱ་བ་ཡོད་པའི་དུས་ན་སྐྱེད་པར་བྱེད་པའི་རྒྱུ་ཉིད་དུ་མངོན་པར་འདོད་པ་འགག་པའི་ཕྱིར་རོ། །དེ་ཉིད་ཕྱིར་ན་འདས་པའི་དངོས་ནི་དེ་ཉིད་ཕྱིར་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །འབྱུང་བ་ཞེས་ནི་བརྗོད་པ་ཡིན་ཏེ། བརྗོད་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། ། གཞན་ཡང་བསྐྱེད་པར་བྱ་བ་དང་། བསྐྱེད་པར་བྱ་བའི་དངོས་པོ་བརྟགས་པ་ཡིན་ན་ནི། དེ་ཉིད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཕྱིར་ན་སྟེ་སྔར་བཤད་པའི་སྐྱེད་པར་བྱེད་པའི་ངོ་བོ་ལ་གཞག་ནས་སྐྱོབ་པ་ནི་སངས་རྒྱས་ཏེ་འབྱུང་བ་ཞེས་བྱ་བ་ནི་ས་ལ་སོགས་པའོ། །འབྱུང་བ་ ཀུན་ནི་གཟུགས་ལ་སོགས་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །ངེས་པའི་ཚིག་ལ་མཁས་པ་ཡིན། །སྒྲའི་དོན་རྣམ་པར་བཅད་པ་ནུས་པ་དང་ལྡན་པས་རབ་ཏུ་གསུངས་པ་ཡིན་ནོ། །ཁ་ཅིག་གཞན་སྐྱེད་པར་བྱེད་པར་འདོད་ཀྱི་འབྱུང་བ་ཆེན་པོ་ནི་མ་ཡིན་ནོ་ཞེས་ཟེར་བའི་ཕྱིར་རོ། །གཞན་ཡང་ སྒྲའི་རྣམ་པར་རྟོག་པའི་ཡུལ་བསྟན་པའི་ཕྱིར། གཅིག་ལ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། གཅིག་ནི་དང་པོ་ལའོ། །བརྒྱའི་བློ་སྐྱེ་མིན་ནོ། །དེ་བཞིན་དུ་གཉིས་པ་ནས་བརྩམས་ཏེ་བརྒྱ་རྫོགས་ཀྱི་བར་དེ་ལ་ཡང་རེ་རེ་ལ་ཡང་མེད་དེ། དེ་བཞིན་ཡང་བརྒྱའི་སྒྲ་ལས་འདུས་པའི་ངོ་བོ་ཐ་དད་པ་དངོས་པོ་ཡོད་པ་ བརྒྱའི་དོན་གྱི་རྣམ་པར་རྟོག་པ་ལ་འཁྲུལ་པའི་རང་བཞིན་གྱི་སེམས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲ་ཉམས་པས་ཀྱང་དོན་རྟོགས་པར་འགྱུར་མོད་ཀྱི། འདི་ལྟར་ཡང་རྟགས་ལ་སོགས་པ་དང་ལྡན་པའི་སཾསྐྲྀ་ཏའི་སྐད་དེས་དོན་ཁྱད་པར་ཅན་ཉིད་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། མཐོ་རིས་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོ་རིས་དང་ས་འོག་ལ་སོགས་པ་མ་མཐོང་བ་དང་། བུམ་པ་ལ་སོགས་པ་མཐོང་བ་ལ་རྣམ་པ་འགའ་ཞིག་གིས་ལག་པའི་ཐ་སྙད་དང་བརྡས་དེའི་བདག་ཉིད་རྟོགས་འགྱུར་ན། མཐོ་རིས་དང་བུམ་པ་ལ་སོགས་པའི་ཚིག་ཏུ་བརྗོད་པས་ ཅི་ཞིག་བྱ་སྟེ། དེ་ལ་དགོས་པ་ཅི་ཞིག་ཡོད་ཅེས་བྱ་བ་ཡིན་ནོ། །དོན་དེ་ཉིད་གསལ་བར་བྱ་བའི་ཕྱིར། གླང་པོ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་ལ་སོགས་པ་དང་ལྡན་པའི་སཾ་སྐྲྀ་ཏས་ས་སྲུང་གི་བུ་དང་ལྷའི་བུ་མོ་ཁྱད་པར་གྱི་ཁྱད་པར་ཅན་གླང་པོ་དང་བུད་མེད་ཡིན་ལ་སྒྲ་ཉམས་པས་དེ་ བཞིན་དུ་ཡང་གླང་པོ་ཉིད་དང་བུད་མེད་རྟོགས་ཏེ། དེ་ལས་སྔ་ན་མེད་བློ་མེད་དེ་སྐྱེ་བ་མེད་དོ། །མཐོ་བ་ལ་མངོན་པར་ཞེན་པ་འབའ་ཞིག་གིས་མཆོག་ཏུ་སྐྱེ་ཞེས་བྱ་བའི་དོན་ཏོ། །ད་ནི་ཉེ་བར་བསྡུ་བའི་ཕྱིར། མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་རང་གི་མཚན་ཉིད་མཐོང་ནས། སྤྱིའི་ མཚན་ཉིད་གཞན་རང་གི་རྣམ་པར་རྟོག་པ་སྨྲས་ཏེ། སྤྱིའི་མཚན་ཉིད་བསྟན་པ་ཐོས་པས་རང་གི་མཚན་ཉིད་རྟོགས་སོ། །དེ་ལྟར་སྨྱོན་པ་བཞིན་ཏེ་སྨྱོན་པ་ལྟ་བུའི་འཇིག་རྟེན་གྱིས་གཞན་བསྟན་པས་གཞན་མཐོང་ཞིང་གཞན་ཐོས་པས་གཞན་རྟོགས་ཏེ་བདག་ཉིད་ཁོང་དུ་ཆུད་མ་ཡིན་ཞེས་བྱ་བའི་དོན་ཏོ། ། ཤིན་ཏུ་སྨྱོན་པ་དང་ཆོས་མཐུན་པར་བསྟན་པའི་ཕྱིར། བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞེས་པའི་སྒྲའི་དོན་ནི་གལ་ཏེ་འགའ་ཞིག་སྨྱོན་པར་གྱུར་ནས་བདག་སྨྱོན་པ་ཡིན་ནོ་ཞེས་ཤེས་པའི་ཕྱིར་ཇི་ལྟར་སྨྱོན་པར་འགྱུར། འོན་ཀྱང་རང་རིག་པའི་ཡེ་ཤེས་ལ་གང་འཁྲུལ་པ་དེ་སྨྱོན་པ་ཞེས་བརྗོད་དོ། ། དེ་ལྟ་བུའི་སྨྱོན་ནད་ཀྱིས་སྨྱོན་པ་ལྟ་བུར་མཐོང་ཞེས་བྱ་བའི་དོན་ཏོ། །ཞར་ལ་བྱུང་བ་ཉེ་བར་བསྡུས་ནས། ད་ནི་རང་བཞིན་གསུམ་གྱི་རང་གི་ངོ་བོ་བསྟན་པའི་ཕྱིར། ཡུལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་སོགས་ངེས་པའི་རྣམ་པར་ནི། །སྩོགས་པ་སྨོས་པས་ནི་དུས་ངེས་པའི་རྣམ་པ་བཟུང་ངོ་། ། ཇི་ལྟར་འགྲོ་བ་གསུམ་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ཞེས་བྱ་བ་མ་རིག་པའི་བག་ཆགས་ཀྱི་མཐུས་རྣམ་པར་རིག་པ་སྣང་བ་ནི་གསལ་བར་རོ། །དེའི་ཚེ་འཁྲུལ་པའི་རང་བཞིན་གཞན་གྱི་དབང་རྣམ་པར་རིག་པར་གྱུར་པ་ཡིན་ནོ། །དེའི་ཕྱིར་ནི་རྒྱུ་དེ་ཉིད་ཀྱིས་ཀུན་བརྟགས་པའི་དྲི་མ་དང་ བྲལ་ན། དེ་ནི་རྣམ་པར་རིག་པ་འཁྲུལ་པར་མི་འགྱུར་རོ། །གལ་ཏེ་འདི་ལྟར་དུས་ཐམས་ཅད་དུ་མ་འཁྲུལ་པ་ཉིད་ཡིན་ན། ཅིའི་ཕྱིར་རྣམ་པར་རིག་པ་མཐོང་བར་མི་འགྱུར་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། ཐམས་ཅད་གྲོལ་བར་འགྱུར་བའི་ཕྱིར་རོ། །གཞན་ཉིད་དང་མ་བྲལ་ན་དེ་བཞིན་ཉིད་དུ་མི་འགྱུར་ རོ། །ད་ནི་རང་བཞིན་གསུམ་གྱི་རང་གི་ངོ་བོ་རྣམ་པར་དཔྱད་པའི་ཕྱིར། གླང་པོའི་དོན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། སྒྱུ་མ་མཁན་གྱིས་གླང་པོ་གཅིག་སྤྲུལ་པ་ལ། སྒྱུ་མའི་གླང་པོ་ལ་གྲངས་ཇི་ལྟ་བ་བཞིན་དུ་མཁས་པས་ཀུན་བཏགས་པའི་རང་བཞིན་ལ་སོགས་ པར་ཤེས་པར་བྱའོ། །འདི་ལྟར་དོན་དམ་པར་དོན་སྟོང་པའི་གླང་པོ་ལ་གླང་པོའི་དོན་དུ་སྣང་བ་སྐྱེ་བ་འདིས་ནི་ཀུན་བརྟགས་པའི་ངོ་བོ་ཤེས་པར་བྱའོ། །དེ་བཞིན་དུ་དོན་སྣང་བ་ནི་དེ་དོན་མ་ཡིན་ཏེ། འོན་ཀྱང་དོན་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེའོ། །དེས་ནི་གཞན་གྱི་དབང་གི་རང་བཞིན་ ཡིན་པར་ཤེས་པར་བྱའོ། །གཞན་ཡང་གཟུང་བའི་དངོས་པོ་བརྫུན་དོན་ཡིན་ཏེ། གཟུང་བ་དང་འཛིན་པའི་དངོས་པོ་དེའི་དངོས་པོ་ནི་གནས་སུ་གྱུར་པ་སྟེ་རྟེན་དུ་གྱུར་པའོ། །གཟུང་བ་དང་འཛིན་པ་དེ་ཡང་དངོས་པོ་མེད་པར་གྱུར་ན། མཁས་པ་ཤེས་རབ་དང་ལྡན་པས་ཡོངས་སུ་གྲུབ་པའི་རང་བཞིན་ དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ཉིད་ཀྱི་ཕྱིར། དེ་ལྟར་ཡང་དག་མཐོང་བས་སྔར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ནི་སྔར་གསུངས་པའི་རིམ་པས་སོ། །སྒྱུ་མའི་གླང་པོ་བཞིན་དུ་ཡང་དག་པར་མཐོང་བས་དང་པོར་དོན་དུ་འཛིན་པ་ལྡོག་པར་འགྱུར་རོ་ཞེས་བྱའོ། ། རྣལ་འབྱོར་པ་དེས་དེ་མ་ཐག་ཏུ་གཞན་དབང་དེའི་རྣམ་པ་ནི་བག་ཆགས་ཀྱི་དབང་གིས་དེའི་སེམས་ལས་བྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །དུས་ཇི་སྙེད་ཅིག་ཅེ་ན། རྣམ་པ་དེ་ཡི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ནི་གཞན་གྱི་དབང་གིས་སེམས་བདུན་པའི་བར་དུ་རྣམ་པ་དེའི་རྙོག་པ་ཡང་སྟེ་དྲི་ མ་དང་ལྡན་པར་འཇུག་གོ། །ཡང་ཕྱི་ནས་ས་བརྒྱད་པ་ལ་བག་ཆགས་ལྡོག་པས་རྒྱུ་ལོག་པས་འབྲས་བུ་ལྡོག་གོ་ཞེས་བྱ་བའི་རིགས་པ་འདི་སྟེ། དོན་གྱི་དངོས་པོ་མེད་མཐོང་བས་ཏེ་རྩ་བ་དང་བཅས་པར་འདོན་པའི་ཕྱིར་རོ། །དོན་གྱི་རྣམ་པ་གཞན་གྱི་དབང་གིས་སེམས་ལྡོག་པར་འགྱུར་རོ་ཞེས་ བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་སྲིད་པ་ཡོངས་སུ་འཛིན་པ་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བ་ལ་སོགས་པའི་འབྲེལ་པས་རྟག་ཏུ་འཁོར་བའི་ཆོས་དང་ལྡན་པའི་ཕྱིར། རྫ་མཁན་གྱི་འཁོར་ལོ་ལྟ་བུར་སེམས་མཐོང་ན་ཡིད་ལྡོག་པས་ཡོངས་སུ་གྲུབ་པའི་ཆོས་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ཕྱིར་ཡང་འཁོར་བར་འཁོར་བར་མི་འགྱུར་ཏེ། འཁོར་བ་མ་ཡིན་ནོ། །འོན་ཀྱང་སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པའི་དབང་གིས་ཡང་དག་པར་སྐྱེ་བ་འབྱུང་ཞེས་བྱ་བའི་དོན་ཏོ། །གཉིས་ སུ་མེད་པ་ལ་གནས་པའི་རྣལ་འབྱོར་པའི་མཚན་ཉིད་བསྟན་པའི་ཕྱིར། རི་མོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིས་སུ་མེད་པའི་ཡུལ་ལ་གནས་པའི་རྣལ་འབྱོར་པའི་མཚན་ཉིད་འདི་ཡིན་ཏེ། རི་མོར་བྲིས་པའི་སྐྱེས་བུ་བཞིན་དུ་གཡོ་བ་མེད་པ་ཡིན་ཏེ། དེ་ཁོ་ན་ཉིད་ལ་བྱ་བ་དམིགས་པའི་ཕྱིར་རོ། ། རྫས་ཀྱི་བདག་ཉིད་ཕུང་པོ་ལྔ་པོ་མི་དམིགས་པའི་ཕྱིར་རྟོག་པ་མེད་པའོ། །ཡུལ་འགའ་ལ་འདོད་པ་མེད་པས་ན་འདོད་པ་མེད་པའོ། །འཁོར་བ་ཀུན་བརྟགས་པའི་ངོ་བོ་ནི་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་དང་། དེ་དང་བྲལ་བའི་མཚན་ཉིད་མྱ་ངན་ལས་འདས་པ་མི་དམིགས་པའི་ཕྱིར་དེས་མྱ་ངན་ལས་འདས་ པ་མི་ལེན་ཅིང་འཁོར་བ་འདོར་བ་ཅུང་ཟད་ཀྱང་མེད་དོ། །གང་གི་ཕྱིར་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དོན་གཞན་རྫས་སུ་ཡོད་པར་མི་རིགས་ཏེ། གང་གི་ཕྱིར་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྡུག་བསྔལ་དང་། ཀུན་འབྱུང་དང་ལམ་གྱི་གནས་སྐབས་གསུམ་མ་ གཏོགས་པར་དོན་གཞན་དུ་གྱུར་པའི་མྱ་ངན་ལས་འདས་པ་ནི་མེད་དོ། །ལྷག་མ་མེད་པ་དེ་ཡང་དོན་གཞན་དུ་གྱུར་པ་ཉིད་ནི་མི་རིགས་ཏེ། འདི་ལྟར་ལྷག་མ་ནི་ཕུང་པོ་རྣམས་ཏེ། དེ་དང་བྲལ་བ་གང་ལ་ཡོད་པའི་མྱ་ངན་ལས་འདས་པ་དེ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཡང་དེ་བས་ ན་མྱ་ངན་ལས་འདས་པ་ཐོབ་པ་དང་། མྱ་ངན་ལས་འདས་པའི་རྟེན་ཡང་སླར་འབྱུང་བའི་ཕུང་པོའི་ཚོགས་མེད་པའི་ཕྱིར་གང་ཞིག་དངོས་པོར་གྱུར་པའི་མྱ་ངན་ལས་འདས་པ་ནི་འགའ་ཡང་མེད་དོ། །གཞན་ཡང་གལ་ཏེ་གཟུགས་ལ་སོགས་པ་བཞིན་དུ་མྱ་ངན་ལས་འདས་པ་ཐ་དད་པར་གྱུར་ན། དེའི་དེ་ རྣམ་པར་གཞན་པ་གང་གིས་རྟོགས་པར་འགྱུར་བ་ཡིན། ཤེས་པ་གཞན་གྱིས་རང་བཞིན་ངོ་བོ་ངེས་པར་གཟུང་ན་ནི་དེའི་ངོ་བོ་ཉིད་དུ་མི་འགྱུར་ཏེ། འོན་ཏེ་ངེས་པར་གཟུང་ན་ནི་དེའི་ཚེ་གཟུགས་ལ་སོགས་པ་བཞིན་དུ་འདུས་བྱས་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སྐད་ཅིག་མ་ཉིད་མ་ཡིན་ནོ། ། དེ་ལྟ་བས་ན་མྱ་ངན་ལས་འདས་པ་དངོས་པོ་དེ་ལེན་པར་རྣལ་འབྱོར་པ་སུ་ཞིག་བྱེད་ཅེས་བྱ་བའི་དོན་ཏོ། །དོན་དམ་པ་ལ་གནས་ན་དེ་ལ་སེམས་ཅན་གྱི་དོན་བྱ་བས་དགོས་པ་ཅི་ཞིག་ཡོད་ཅེ་ན། སྨོན་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་ལ་རྣམ་པར་མི་རྟོག་པའོ། ། འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་མཐུས་སྲིད་པ་གསུམ་གྱི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་འབྱུང་ངོ་། །ཅི་ལྟ་བུར་ཞེ་ན། ཉི་མ་བཞིན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཉི་མའི་དཀྱིལ་འཁོར་འཇིག་རྟེན་གྱི་མུན་ནག་སྨག་སེལ་བར་བྱེད་པའི་ཕྱིར་འབྱུང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་འཇིག་ རྟེན་གྱི་མི་ཤེས་པའི་མུན་པ་བསལ་བའི་ཕྱིར་བྱུང་ངོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྟན་པ་ལ་འཇུག་གོ་ཞེས་བསྟན་པའི་ཕྱིར། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གང་གི་ཕྱིར་གཉིས་སུ་མེད་པ་ཁོ་ན་དོན་དམ་པ་ཡིན་ པ་དེ་ཉིད་ཀྱི་ཕྱིར་དགེ་བ་དང་མི་དགེ་བའི་ལས་བྱེད་པ་པོའི་སྐྱེས་བུའི་ལས་ཀྱི་འབྲས་བུ་ནི་མཐོ་རིས་དང་དམྱལ་བ་ལ་སོགས་པ་སྐྱོབ་པས་གསུངས་པ་དེ་ཡང་རྟོག་པའི་ངོ་བོ་སྟེ། བརྟགས་པ་ཁོ་ནར་ཁོང་དུ་ཆུད་པར་བྱའོ། །ལས་འབྲས་བུ་འབའ་ཞིག་མ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་ཇི་སྙེད་ བསྟན་པ་དེ་སྙེད་ཀུན་རྫོབ་ཀྱི་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཆོས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཆོས་ནི་དགེ་བའི་བྱ་བ་རྣམས་ནི་མི་བརྗེད་པའོ། །ཆོས་མིན་དེ་ལས་བཟློག་པའོ། །དཀའ་ཐུབ་ནི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པའོ། །གཏོང་བ་ནི་དོན་དུ་གཉེར་བ་ལ་ལུས་ ལ་སོགས་པ་སྟེར་བའོ། །བསྡམས་པ་ནི་ལུས་དང་སེམས་མི་དགེ་བ་ལས་ལྡོག་པའོ། །དེས་བསྡམས་པ་ནི་གཉེན་པོས་དཀའ་བ་ལས་ལྡོག་པའོ། །དུལ་བ་ནི་སེམས་ཉེ་བར་ཞི་བའོ། །དུད་འགྲོ་ནི་བ་ལང་ལ་སོགས་པའོ། །དམྱལ་བ་ནི་མཚམས་མེད་པ་ན་གནས་པ་ལ་སོགས་པའོ། །སྦྱིན་ པ་ལ་སོགས་པ་ལ་གེགས་བྱེད་པའི་ལས་ཀྱིས་ཟས་སྐོམ་དང་བྲལ་བའི་ཡུལ་གནས་པ་ནི་ཡི་དགས་སོ། །ཕུང་པོ་ལྔས་བསྡུས་པ་ནི་མིའོ། །མཐོ་རིས་ན་གནས་པས་ན་ལྷའོ། །འབྱུང་བ་ནི་ས་ལ་སོགས་པའོ། །འབྱུང་བ་ལས་གྱུར་པ་ནི་གཟུགས་ལ་སོགས་པའོ། ། ཕུང་པོ་ནི་གཟུགས་དང་ཚོར་བ་ལ་སོགས་པའོ། །ཁམས་ནི་མིག་ལ་སོགས་པའོ། །ཐུབ་པས་སེམས་ཅན་ལ་རྗེས་སུ་བསྟན་པ་ནི་བསྟན་པའོ། །སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །ཉན་ཐོས་ནི་ཤཱ་རིའི་བུ་ལ་སོགས་པའོ། །དེ་དག་ནི་ཀུན་རྫོབ་ཏུ་བསྟན་པ་ཡིན་ཏེ། དེ་དག་ཐམས་ཅད་ ཀུན་རྫོབ་ཡིན་པར་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དོན་དམ་པ་ཁོ་ན་འབའ་ཞིག་ཅིའི་ཕྱིར་བསྟན་པར་མི་མཛད་པར་ཀུན་རྫོབ་ཏུ་དགོས་པ་ཅི་ཞིག་ཡོད་པ་མ་ཡིན་ནམ་ཞེ་ན། དང་པོའི་ལས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་བཅོམ་ལྡན་འདས་ ཀྱི་བསྟན་པ་ལ་དད་པ་དང་ལྡན་པ་ནི་དང་པོའི་ལས་ཅན་ནོ་ཞེས་བྱའོ། །དང་པོའི་ལས་ཅན་འཇིག་རྟེན་པ་དེ་དོན་དམ་པ་གཉིས་སུ་མེད་པའི་ཡེ་ཤེས་ལ་གཞུག་པའི་ཕྱིར་ཐབས་ནི་ཀུན་རྫོབ་སྟེ། འདི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐས་ལ་འཛེག་པའི་རིགས་པས་གསུངས་ཀྱི། ཡང་ ཀུན་རྫོབ་ཀྱི་རང་གི་ངོ་བོ་ཡོད་པར་གྲུབ་པ་ནི་མ་ཡིན་ནོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ནི་ཀུན་རྫོབ་པའི་དངོས་པོ་ཐམས་ཅད་བྱིས་པས་བརྗོད་པ་དང་འདྲ་བ་དེ་ཁོ་ན་ཉིད་ཀྱི་རང་བཞིན་མ་ཡིན་པ་མཐར་ནི་ཐམས་ཅད་འཇིག་པ་ཡིན་ཏེ། རྣམ་པར་དཔྱད་ མི་བཟོད་པའི་ཕྱིར་བློ་ལ་གནས་པ་མེད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བརྗོད་པར་བྱ་མིན་ཏེ་བརྗོད་པར་བྱ་བ་མིན་ཞེས་བསྟན་ཏོ། །གཟུང་བ་དང་འཛིན་པའི་ངོ་བོ་དཔྱད་མི་བཟོད་པའི་ཕྱིར་དཔྱད་དུ་མེད་ཅེས་བྱ་བའི་དོན་ཏོ། །ཅུང་ཟད་གཞན་ཡང་སྟེ་དོན་དམ་པ་གསལ་བ་ཞེས་བྱ་བའི་དོན་ཏོ། ། ད་ནི་དེ་ཁོ་ན་ཉིད་ལ་རབ་ཏུ་གནས་པ་བསྟན་པའི་ཕྱིར། དེ་ལ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བརྗོད་པར་བྱ་བ་མ་ཡིན་པ་དཔྱད་དུ་མེད་པ་ཅུང་ཟད་མེད་པའི་གོ་འཕང་ལ་གནས་པ། དེ་ནི་ནམ་མཁའ་གསལ་བའི་དངོས་པོ་བྱང་ཆུབ་སེམས་དཔས་བདག་ཉིད་ནི་གང་ཟག་གོ། ། སྟོང་པ་ཉིད་ནི་དེས་སྟོང་པ་ཉིད་དེ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །སྟོང་པ་ཉིད་ནི་གསལ་བར་བྱེད་པ་ནི་འཇིག་རྟེན་རྣམས་ལ་རང་བཞིན་མེད་པ་གསལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །གང་ཁམས་དང་སྐྱེ་མཆེད་བསྟན་པ་དེ་ནི་བདག་ཉིད་སྟོང་པ་ཉིད་དོ། །གང་གི་ཕྱིར་བདག་ཉིད་མཐོང་བ་པོ་ལ་སོགས་ པར་འགའ་ཞིག་འདོད་པས་ཡང་གང་གི་ཚེ། མིག་ལ་སོགས་པ་ཡུལ་ལ་སོ་སོར་ངེས་པ་ཉིད་ཁོང་དུ་ཆུད་པ་དེའི་ཚེ་བདག་གང་ཟག་གི་སྟོང་པ་ཉིད་གྲུབ་པའོ། །གལ་ཏེ་མིག་ལ་སོགས་པའི་དམིགས་པ་ཆོས་ལ་བདག་མེད་པར་མི་འགྱུར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། གང་ཞིག་མི་ལ་སོགས་ པའི་རང་བཞིན་གྱི་གང་ཟག་སྟོང་པ་ཉིད་དེས་སྟོང་པ་ཉིད་ནི་གཉིས་སུ་མེད་པ་སྟོང་པ་ཉིད་དོ། །འདི་ལྟར་སེམས་ཉིད་གང་གི་ཚེ་གཉིས་སུ་མེད་པའི་རང་བཞིན་དུ་མཐོང་བ་དེའི་ཚེ་གང་ཟག་དང་ཆོས་ལ་བདག་མེད་པར་གྲུབ་པར་གྱུར་པའི་ཕྱིར་འདི་ལ་རྩོད་པ་མེད་དོ། །རྣམ་པར་སྨིན་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ དེའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་ཉོན་མོངས་པ་མེད་པས་བདེ་བར་གནས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར། ཇི་སྐད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་ཀྱི་ལམ་གྱི་གང་ཟག་ལ་བདག་མེད་པར་རྟོགས་པས་ཉོན་མོངས་པ་སྤངས་པས་འདོད་ཆགས་ལ་སོགས་པའི་ཉེས་པ་མི་ དམིགས་སོ། །དེ་བཞིན་དུ་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་ལམ་འདི་ལ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པས་གཉི་ག་མི་དམིགས་སོ། །གཞན་གྱི་ལམ་ལ་བརྟེན་པའི་འགྲོ་བ་མ་ལུས་པ་འདོད་ཆགས་ལ་སོགས་པའི་ཁྱད་པར་གྱིས་ཉེ་བར་བཅོམ་པར་མཐོང་སྟེ། བཞད་ གད་བཞིན་ཏེ་ཁྲེལ་བགད་དང་འདྲ་བར་བྱང་ཆུབ་སེམས་དཔས་མཐོང་ཞེས་བྱའོ། །འགྲོ་བ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། ཞི་བ་སྤངས་པ་ཡིན་ཏེ། ཞི་བ་ནི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་དགྲ་ལས་རྒྱལ་བར་མ་བྱས་པས་ཞི་བ་སྤངས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བདག་ཉིད་ཀྱིས་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་གྱི་སྐྱེ་བ་ཉམས་སུ་མྱོང་བས་དེ་གཟུང་བའི་རོ་གཅིག་དངོས་ཏེ་ལམ་གཞན་བཟུང་བས་རོ་གཅིག་པའི་བདག་ཉིད་ཀྱིས་དྲན་ནས་གང་གིས་སེམས་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་སྟེ། གདོན་མི་ཟ་བར་ངོ་མཚར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ ལ་བདག་མེད་པ་ཡིན་ན་ཆོས་འགའ་ཡང་མི་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་སོགས་པའི་ཆོས་ཀྱི་རྩོམ་པ་དོན་མེད་པར་འགྱུར་བ་མ་ཡིན་ཞེ་ན། གལ་ཏེ་འདི་ཀུན་སྟོང་ཉིད་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཞེས་བྱ་བ་འདིའི་ཕྱིར་ལན་འདེབས་ སོ། །བྱང་ཆུབ་སེམས་དཔའ་གང་གི་ཕྱིར། །བྱ་བ་ལྷག་མ་མེད་པའི་ཕྱིར། །དོན་བྱས་པ་དགོས་པ་བྱས་པའི་ཕྱིར་འགྲོ་བ་སྟོང་པ་མཐོང་བ་ཡིན་པ་དེའི་ཆོས་ཀྱི་རྩོམ་པ་དོན་མེད་པ་བདེན་ཞེས་བྱ་བའི་ཐ་ཚིག་གོ། །འདི་མོས་པ་སྤྱོད་པའི་གནས་སྐབས་ན་བསོད་ནམས་ཀྱི་ཚོགས་བསགས་པའི་སྟོབས་ཀྱིས་ ས་བརྒྱད་པ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སྟོང་པ་ཉིད་ལ་གནས་པ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མོད་ཀྱི་སྡིག་པ་སྤོང་བར་མི་བྱེད་དམ་ཞེ་ན། དེ་ཚེ་སྡིག་པའི་རྩོམ་པ་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྣལ་འབྱོར་པ་སྟོང་པ་ཉིད་ལྟ་བ་ལ་གནས་པ་དེའི་ཚེ་སྡིག་པའི་རྩོམ་ པ་ནི་སྡིག་པ་བྱེད་པའི་རྩོམ་པའོ། །དེ་ཡིས་ཤིན་ཏུ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་བསྒྲིབས་པས་བསོད་ནམས་མ་ཡིན་པ་ལ་འཇུག་པར་འགྱུར་གྱི། ཡང་གང་ཞིག་ཆོས་ལ་བདག་མེད་པ་མཐོང་བ་དང་ལྡན་ པ་དེ་དག་མི་དགེ་བ་རྩོམ་པར་ཇི་ལྟར་འགྱུར། དེ་ཉིད་བསྟན་པའི་ཕྱིར། ཆང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྐྱེས་བུ་འགའ་ཞིག་ལག་པ་སྟོང་པའི་ཕྱིར་ཆང་པ་མི་འཆང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ལ་བདག་མེད་པ་རྟོགས་པའི་ཕྱིར་བྱ་བ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ། ། དེ་ཁོ་ན་ཉིད་མ་མཐོང་བས་བསོད་ནམས་དང་སྡིག་པ་ལས་འདའ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་རྟོག་པའི་ནང་དུ་ལྷུང་བ་ནི་རྟོག་པ་དང་བཅས་པའོ། །དེ་དག་ཐམས་ཅད་གཞན་ཉིད་འགྱུར་ཏེ། བསོད་ནམས་དང་སྡིག་པ་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ ཉིད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འཁོར་བ་འདིར་རྒྱུ་དང་འབྲས་བུའི་དངོས་པོས་དེ་དག་འབྲས་བུ་ཐོབ་པར་མཐོང་ངོ་། །འདི་ལྟར་བསོད་ནམས་མ་ཡིན་པའི་རྒྱུས་དམྱལ་བ་ལ་སོགས་པའི་འབྲས་བུ་འཐོབ་ལ། བསོད་ནམས་ཀྱི་རྒྱུས་མཐོ་རིས་ལ་སོགས་པའི་འབྲས་བུ་འཐོབ་ཅེས་བྱ་བའི་ དོན་ཏོ། །ད་ནི་འཁོར་བའི་ལས་དང་འབྲས་བུ་རྟོག་པའི་རང་བཞིན་ལ། རྣམ་པར་མི་རྟོག་པ་དཔེས་བསྟན་པའི་ཕྱིར། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྨི་ལམ་གྱི་ནང་ན་བྱས་པའི་དགེ་བ་དང་མི་དགེ་བའི་ལས་ཀྱིས་དགེ་བ་དང་མི་དགེ་བའི་མཐོ་རིས་དང་དམྱལ་བ་ལ་སོགས་པ་ཆུང་ཟད་ཀྱང་མི་ དམིགས་སོ། །དེ་བཞིན་དུ་འཁོར་བའི་ལས་དང་འབྲས་བུ་འབྲེལ་པ་ཡིན་པར་རྟོགས་པར་བྱའོ། །དངོས་པོའི་རང་བཞིན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་རྨི་ལམ་ཁོ་ནའི་ནང་དུ་སྐྱེས་བུ་འགའ་ཞིག་མ་སད་པར་འབྲས་བུ་ཉམས་སུ་མྱོང་བ་ནི་མེད་དོ། །དེ་བཞིན་དུ་འཇིག་རྟེན་ཐམས་ཅད་འཁོར་བའི་ལས་ དང་འབྲས་བུ་མ་སད་པར་བརྟགས་པ་ཉིད་དུ་མི་ཤེས་པའི་དོན་ཏོ། །སད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སད་པ་ན་རྨི་ལམ་དུ་མཐོང་བ་དོན་མེད་དོ་ཞེས་དེའི་ཤེས་པ་སྐྱེས་པ་དེའི་ཚེ། རྨི་ལམ་འཇུག་པའི་འབྲས་བུ་མེད་པར་འགྱུར་རོ། །དེ་བཞིན་དུ་མི་ཤེས་པ་ཉིད་མ་སད་པའི་འཇིག་རྟེན་པས་ ལས་དང་འབྲས་བུའི་འབྲེལ་པ་བརྟགས་པ་ཉིད་དུ་ཇི་སྲིད་མི་ཤེས་པ་དེ་སྲིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་སད་པར་མི་འགྱུར་རོ། །སད་པར་གྱུར་ན་རྨི་ལམ་གྱི་གནས་སྐབས་ཀྱི་ངོ་བོ་ལྟ་བུའི་ཡེ་ཤེས་སྐྱེས་ན་ལས་དང་འབྲས་བུ་ལ་སོགས་པ་ཐམས་ཅད་ཀྱི་འབྲས་བུ་མཐའ་རུ་བརྫུན་ཞེས་བྱ་བའི་དོན་ ཏོ། །རྨི་ལམ་གྱི་མཐོང་བ་བརྫུན་པའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོར་རིགས་པ་དང་མི་ལྡན་པ་ཡིན་མོད་ཀྱི། གཞན་ལ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོར་རིགས་པ་དང་ལྡན་པ་མ་ཡིན་ཞེ་ན། རྨི་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་མགལ་མེ་མིག་ འཕྲུལ་ནི་རྨི་ལམ་དང་མགལ་མེ་དང་མིག་འཕྲུལ་ལོ། །རྨི་ལམ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་སྐྱེ་བ་དང་འགག་པར་མཐོང་བ་དེའི་ཚེ་ཐ་དད་མེད་པ་ནི་གཞན་དག་དང་ཁྱད་པར་མེད་པར་རྟོགས་པར་བྱའོ། །གཞན་ཡང་གང་ཅུང་ཟད་ཅི་མཐོང་བ་དེ་དག་ཐམས་ཅད་མཚན་ ཉིད་མི་མཐུན་པར་སྣང་བ་མེད་དོ། །དེ་བས་ན་རྨི་ལམ་ལ་སོགས་པ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་ཡང་། བདག་ལས་མ་ཡིན་གཞན་ལས་མིན། །གཉི་ག་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་ཡང་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་ མ་ཡིན། །ཞེས་གཞན་དག་ལས་གསུངས་སོ། །དོན་དེ་ཉིད་དཔེས་བསྟན་པའི་ཕྱིར། ཉི་མ་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ནི་འདས་པའི་ཞག་དང་དེ་བཞིན་དུ་རྨི་ལམ་གྱི་གནས་སྐབས་དང་། དེས་སད་དེ། སད་པའི་གནས་སྐབས་སོ། །གང་གཟུགས་ ལ་སོགས་པའི་ཡུལ་ཉེ་བར་ལོངས་སྤྱོད་པ་དེ་དག་རང་བཞིན་ཉམས་སུ་མྱོང་བ་ན། ཇི་ལྟར་འགས་ཀྱང་བྱེ་བྲག་སྨྲ་བར་མི་ནུས་པ་དེ་བཞིན་དུ་རྨི་ལམ་དང་གཞན་ལ་སྐྱེ་བ་དང་འཇིག་པ་ལ་བྱེ་བྲག་འགའ་ཡང་མེད་དོ། །ཡང་ཁ་ཅིག་ལས་ནི་རང་བཞིན་ཉམས་སུ་མྱོང་བ་ནི་ཞེས་བརྗོད་དེ། དེར་ཡང་གནས་སྐབས་ གསུམ་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ལས་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །ད་ནི་རྟེན་ནས་སྐྱེས་པ་རང་བཞིན་མེད་པར་བསྟན་པའི་ཕྱིར། གང་དང་གང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དང་གང་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེས་པ་དེ་དེའི་རང་བཞིན་ཞི་ཞིང་སྐྱེ་བ་མེད་པ་ཉིད་དུ་རྟོགས་པར་བྱའོ། ། ཇི་ལྟ་བུར་ཞེ་ན། སྒྱུ་མའི་ཡན་ལག་ཅེས་བྱ་བ་སྨོས་ཏེ། དཔེར་ན། སྒྱུ་མ་མཁན་གྱིས་སྒྱུ་མའི་ཡན་ལག་