Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 108

Văn bản gốc(Tây Tạng)

Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ཀཱ་ཡ་ཏྲ་ཡ་ཨ་བ་ཏཱ་ར་མུ་ཁནྣཱ་མ་ཤཱསྟྲ། བོད་སྐད་དུ། སྐུ་གསུམ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། འཇམ་དཔལ་གཞོན་ནུར་
གྱུར་པ་ལ་ཕྱག་འཚལ་ལོ། །སྤྲུལ་དང་ལོངས་སྤྱོད་རྫོགས་པ་དང་། །དེ་བཞིན་གཞན་ནི་ཆོས་སྐུ་སྟེ། །གསུམ་པོ་འདི་དག་ཐུབ་པའི་སྐུ། །དེ་ཡིས་དེ་ཡི་བྱང་ཆུབ་བསྡུས། །
སྦྱོར་བའི་ས་ལ་བརྟེན་རྣམས་དང་། །གཞན་དག་ལ་ཡང་ཅི་རིགས་པར། །སངས་རྒྱས་དབང་གིས་སེམས་ཅན་སྣང་། །རྣམ་རིག་འབྱུང་བ་དང་པོར་འདོད། །ཡང་དག་མཐོང་
བའི་བློ་ཅན་རྣམས། །དེ་བཞིན་བསམ་པའི་བྱེ་བྲག་གིས། །སངས་རྒྱས་སྣང་བ་ཅི་རིགས་པར། །རྣམ་རིག་འབྱུང་བ་གཞན་དུ་འདོད། །སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར། །དཀར་
པོའི་ཆོས་ཀུན་རབ་རྫོགས་པས། །དེ་བཞིན་ཉིད་ཙམ་ཡོད་པ་དང་། །དེ་ཤེས་པ་ནི་གཞན་དུ་འདོད། །དང་པོ་གཉིས་ནི་བཏགས་པའི་ཡོད། །གསུམ་པ་དོན་དམ་པ་ཡང་ཡིན། །དེ་

དག་ལས་ཀྱང་གསུམ་པ་ནི། །གཉིས་པའི་གནས་སུ་གྱུར་པར་འདོད། །དྲི་མེད་དེ་བཞིན་ཉིད་དང་ནི། །མི་རྟོག་ཡེ་ཤེས་མ་གཏོགས་པར། །སངས་རྒྱས་རྣམས་ཀྱི་ཆོས་གཞན་ནི། །གང་
ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་གཤེགས་རྣམས་ཡེ་ཤེས་དང་། །སྤངས་པ་ཕུན་སུམ་ཚོགས་པས་ཕྱེ། །རྟོག་མེད་ཡེ་ཤེས་དེ་བཞིན་ཉིད། །དག་པས་དེ་གཉིས་བསྡུས་པ་ཡིན། །བདེ་གཤེགས་རྣམས་
ནི་རང་གཞན་དོན། །ཕུན་ཚོགས་ཕ་རོལ་གཤེགས་པར་འདོད། །དེ་དག་རྣམས་ཀྱི་དེའི་དངོས་དེའང་། །དེ་ཉིད་དུ་ནི་བསྡུས་པ་ཡིན། །དེ་ཡི་དབང་གིས་གཞན་དག་ཏུ། །བྱ་བ་སྣ་ཚོགས་སྣང་བས་ན། །སངས་
རྒྱས་ཆོས་རྣམས་དུ་མ་དག །རྣམ་པར་གཞག་པར་འདོད་པ་ཡིན། །རྣམ་པར་རྟོག་པ་ཀུན་ཉོན་མོངས། །ཆོས་ཀུན་ཇི་ལྟར་གདགས་པ་ལྟར། །དེ་བཞིན་རྣམ་པར་མི་རྟོག་ལ། །སངས་རྒྱས་ཆོས་ཀུན་རྣམ་
པར་གཞག །གང་ཕྱིར་རྫོགས་པའི་སངས་རྒྱས་ཆོས། །དེ་ལས་གཞན་ཡོད་མ་ཡིན་རྣམས། །དེ་ཡི་དབང་གིས་བྱ་བ་ཡིས། །ཐུབ་པ་ཆེ་ལ་རབ་ཏུ་གདགས། །དེ་ཕྱིར་ཁོ་ན་དེ་བཞག་པ། །བྱེ་བྲག་རྣམ་པ་

སྣ་ཚོགས་བསྟན། །ནམ་མཁར་སྣ་ཚོགས་འཇོག་པ་བཞིན། །རབ་ཏུ་ངོ་མཚར་ཆེ་ཞེས་བྱ། །ཐ་སྙད་གདགས་བྱ་ཡོད་ན་ནི། །ཕན་ཚུན་དག་གི་དབང་གིས་ན། །ད་ལྟར་ཇི་ལྟར་མི་རྣམས་ཀྱི། །ཐ་སྙད་རྣམས་འཇུག་བཞིན་དེ་ཚེ། །དབང་དུ་བྱ་བར་དེ་དག་གི། །བྱེ་བྲག་འདི་
ཉིད་འབའ་ཞིག་སྟེ། །གཅིག་ནི་རྣམ་རྟོག་བཅས་པར་འདོད། །དེ་བཞིན་ཅིག་ཤོས་རྣམ་རྟོག་མེད། །ཇི་ལྟར་མྱ་ངན་འདས་པ་ཡི། །སངས་རྒྱས་རྣམས་ཀྱི་བྱིན་རླབས་འདོད། །དེ་ལྟར་རྣམ་རྟོག་མེད་རྣམས་ཀྱི། །དབང་གི་བྱ་བ་རྣམས་ཀྱང་འདོད། །དེ་ལྟར་རྣམ་རྟོག་མེད་མོད་
ཀྱི། །སྔར་མངན་འདུས་བྱས་དབང་གིས་ན། །ཇི་ལྟར་འགོག་ལས་ལྡང་འགྱུར་བ། །དེ་ཡང་དེ་བཞིན་འགྱུར་བ་ཡིན། །དཔེར་ན་ཉི་མ་ལ་སོགས་པ། །རྣམ་རྟོག་མེད་པ་རྣམས་དབང་གིས། །ཆུ་དང་བཅས་པའི་སྣོད་རྣམས་སུ། །གཟུགས་བརྙན་འབྱུང་བར་འཇིག་རྟེན་སྣང་། །
དེ་བཞིན་མི་རྟོག་བདག་ཉིད་ཀྱི། །སངས་རྒྱས་རྣམས་ཀྱི་དབང་གིས་ན། །སྐལ་ལྡན་རྣམས་ལ་སྐུ་གཉིས་ཀྱི། །གཟུགས་བརྙན་རྟག་ཏུ་འབྱུང་བར་འགྱུར། །ཆུ་དང་སྣོད་ཀྱི་བྱེ་བྲག་གིས། །ནམ་མཁའ་ཡི་ནི་གཟུགས་བརྙན་ཡང་། །ཐ་དད་པར་ནི་སྣང་མོད་ཀྱི། །ནམ་མཁའ་
ལ་ནི་ཐ་དད་མེད། །དེ་བཞིན་གཟུགས་བརྙན་ཐ་དད་པ། །འདུལ་བའི་བསམ་པའི་བྱེ་བྲག་གིས། །ཆོས་ཀྱི་སྐུ་ལས་སྣང་མོད་ཀྱི། །དེ་ནི་ཐ་དད་འགྱུར་བ་མེད། །གལ་ཏེ་མི་རྟོག་དེ་ལྟ་མིན། །སངས་རྒྱས་གཞན་དོན་མཛད་མི་འགྱུར། །དེ་ལྟ་ན་ནི་ཀུན་མཁྱེན་ཉིད། །མ་གྲུབ་པས་
ན་གཞན་དོན་ཉམས། །སྟོན་པ་ཀུན་མཁྱེན་ཉིད་དུ་ནི། །ཅིག་ཅར་རམ་རིམ་གྱིས་བརྟག་གྲང་ན། །དོན་སྨྲ་རྣམས་ལ་རིགས་པས་ནི། །གཉི་ག་ལྟར་ཡང་དེ་མི་འགྲུབ། །ཡོད་མེད་ཡུལ་ལ་ཤེས་པ་ནི། །ཅིག་ཅར་འཇུག་པར་མི་ནུས་སོ། །ཇི་ལྟར་གཅིག་པུའི་མཚན་ཉིད་དེ། །སྣ་
ཚོགས་དོན་ལ་དམིགས་པར་འདོད། །དེ་ལྟ་མིན་ན་དུས་གཅིག་ན། །གདུལ་བ་མང་པོ་རྣམས་ཀྱི་དོན། །ཉམས་སུ་ལེན་གྱུར་སྟོན་པ་ཡི། །ཀུན་མཁྱེན་ཉིད་ནི་བཏགས་ཡིན་འགྱུར། །དུས་གསུམ་ཤེས་བྱ་ཐ་དད་ཀུན། །གང་ཕྱིར་གཉིས་མེད་མཚན་ཉིད་དུ། །དེ་མཁྱེན་

བཅོམ་ལྡན་དེ་ཡི་ཕྱིར། །ཅིག་ཅར་ཐམས་ཅད་མཁྱེན་པར་འདོད། །ལོག་པ་གཉིས་སུ་ལྟ་བ་ཡི། །བྱིས་པ་རྣམས་ནི་རྟོག་མེད་འདོད། །གཉིས་མེད་ཡང་དག་ཡོད་གཟིགས་པ། །སྟོབས་བཅུ་རྣམས་ནི་རྣམ་རྟོག་བཅས། །ཡང་དག་མ་ཡིན་ཀུན་རྟོག་གི། །
བྱ་བ་གང་ཚེ་སྣང་འགྱུར་ན། །དོན་བཞིན་ཡོངས་སུ་རྟོག་པ་ཡི། །དེ་ནི་ཅིའི་ཕྱིར་འབྱུང་མི་འགྱུར། །ཐ་སྙད་གདགས་པ་བྱ་བའི་རྒྱུ། །རྣམ་པར་རྟོག་པ་འཇུག་པ་ཡི། །རྟེན་ནི་རྩ་བའི་སེམས་ཡིན་ཏེ། །རྩ་བའི་ཡན་ལག་དེར་འདོད་ལྟར། །དུ་མའི་མཐུ་ལྡན་མི་རྟོག་པའི། །ཡེ་ཤེས་
འཇུག་པའི་གནས་ཡིན་པས། །དེ་ཡི་དབང་གིས་དེ་བཞིན་ཉིད། །དག་པ་རྩ་བའི་རྒྱུར་འདོད་དོ། །རྣམ་པ་དུ་མར་འཇུག་པས་ན། །རྣམ་རྟོག་ཀུན་དུ་སོང་བའི་ཕྱིར། །དེ་རྣམས་འཇིག་པས་ཡེ་ཤེས་ནི། །དེ་ལྟ་བུ་ཡི་འབྱོར་དང་ལྡན། །ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་
སྐུ་གཉིས་ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །མི་གནས་མྱ་ངན་འདས་པ་ཡི། །ཁྱད་པར་བརྙེས་པ་སྐྱོབ་རྣམས་ཀྱི། །སྐུ་གསུམ་འདི་དག་ཉིད་ཀྱིས་ནི། །བསྡུས་པ་ཡིན་པར་རིག་པར་བྱ། །སྐུ་གཉིས་ཀྱིས་ནི་སངས་རྒྱས་རྣམས། །
མྱ་ངན་འདའ་ལ་བཞུགས་མི་འདོད། །ཆོས་ཀྱི་སྐུ་ཡིས་དེ་དག་རྣམས། །འཁོར་བ་ལ་ཡང་བཞུགས་མི་འདོད། །སྐུ་གསུམ་པོ་ནི་དེ་དག་ཀྱང་། །ཡོད་མིན་མེད་པའང་མ་ཡིན་ལ། །དེ་དག་ཕན་ཚུན་གཅིག་པའམ། །ཐ་དད་མིན་པར་འདོད་པ་ཡིན། །ཆོས་སྐུ་བརྙེས་པར་གྱུར་པ་
ཡི། །སངས་རྒྱས་རྣམས་ནི་ཀུན་རྟོག་ཀུན། །རྣམ་པ་ཀུན་ཏུ་ཆད་པའི་ཕྱིར། །མཆོག་ཏུ་བདེ་བ་ཡིན་ཞེས་བརྗོད། །ལོག་ཡིན་དེ་ལྟར་སྣང་ཕྱིར་དང་། །ལོངས་སྤྱོད་རྫོགས་པ་གཉིས་མཛད་དང་། །སངས་རྒྱས་ཆོས་ཀྱི་རྟེན་ཡིན་ཕྱིར། །དེ་དག་ལ་ནི་གོ་རིམས་མཚན། །ངོ་བོ་ཉིད་ནི་
རྣམ་གསུམ་མོ། །ཡོངས་སུ་ཤེས་དང་སྤངས་དག་པས། །སྐུ་གསུམ་པོ་དག་འཐོབ་འགྱུར་ཏེ། །དེ་ཕྱིར་དེ་དག་དེ་ཡིས་བསྡུས། །རྩ་བའི་སེམས་ནི་གྱུར་པས་ན། །ཆོས་སྐུ་ཐོབ་པར་འདོད་པ་ཡིན། །འཇུག་པའི་རྣམ་ཤེས་གྱུར་པ་ལས། །ལོངས་སྤྱོད་རྫོགས་པ་ཐོབ་པར་

འགྱུར། །གང་ཕྱིར་ཀུན་ནས་ཉོན་མོངས་ཀུན། །འགྲུབ་ནུས་རྟེན་གྱི་བདག་ཉིད་ཅན། །རྩ་བའི་སེམས་ཡིན་དེ་ཡི་ཕྱིར། །དག་པས་དེ་ཡི་ཆོས་སྐུ་འཐོབ། །གང་ཕྱིར་འཇུག་པའི་རྣམ་པར་ཤེས། །ཐ་སྙད་གདགས་པ་རྣམ་པ་ཀུན། །འཇུག་པའི་རྒྱུ་ཡིན་དེ་ཕྱིར་ཏེ། །དག་པས་
ལོངས་སྤྱོད་རྫོགས་པ་འཐོབ། །ཇི་ལྟར་གཞན་དབང་ཟད་པ་ལྟར། །བརྟགས་ལ་ཟད་པ་ཡོད་མ་ཡིན། །དེ་བས་རང་གི་མཚན་ཉིད་ནི། །དེ་དང་ཐ་དད་ཉིད་དུ་བཞག །དེ་བཞིན་ལོངས་སྤྱོད་རྫོགས་ལས་ཀྱང་། །སྤྲུལ་པ་ཐ་དད་གཞག་པ་ཡིན། །དེ་རྒྱུར་ན་ནི་ལོངས་སྤྱོད་རྫོགས། །
ཐོབ་པར་གྱུར་ཏེ་ཅིག་ཤོས་མིན། །སངས་རྒྱས་ཀུན་གྱི་མཚུངས་ཉིད་དེ། །དང་པོ་ལ་ནི་ལས་ཀྱིས་འདོད། །གཉིས་པ་ལ་ནི་བསམ་པས་ཏེ། །གསུམ་པ་ལ་ནི་རྟེན་གྱིས་ཏེ། །གང་ཕྱིར་ལོངས་སྤྱོད་རྫོགས་པ་ལ། །ཕན་དང་བདེ་མཛད་མཐར་ཕྱིན་པ། །དེ་ཕྱིར་དེ་ནི་ཕན་པ་དང་། །
བདེ་བའི་བསམ་པས་རབ་ཏུ་ཕྱེ། །སྤྲུལ་པ་དུ་མར་ཤེས་བྱ་སྟེ། །རྣམ་པ་དུ་མར་འཇུག་ཕྱིར་རོ། །རྣམ་པ་གཅིག་པུར་ཞུགས་པའི་ཕྱིར། །ལོངས་སྤྱོད་རྫོགས་པ་གཅིག་པུར་འདོད། །དེ་ལ་སྤྲུལ་སྐུ་གཞན་གྱི་དོན། །ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ། །དེ་ལ་གཞན་དོན་བྱ་བ་ཡི། །
ཕུན་སུམ་འབའ་ཞིག་སྣང་ཕྱིར་རོ། །ལོངས་སྤྱོད་རྫོགས་སྐུ་རང་གི་དོན། །ཕུན་སུམ་ཚོགས་པས་ཕྱེ་རིག་བྱ། །དེ་ལ་རྣམ་ཀུན་རང་གི་དོན། །ཕུན་སུམ་འབའ་ཞིག་སྣང་ཕྱིར་རོ། །དོན་དེ་རྣམ་གཉིས་གྲུབ་པ་ཡིས། །ཆོས་ཀྱི་སྐུ་ནི་རབ་ཏུ་ཕྱེ། །གང་ཕྱིར་དེ་དག་སྣང་བྱེད་པའི། །མཐུ་
ནི་དེ་ལ་ཡོད་ཕྱིར་རོ། །གཞན་དབང་ཟད་པས་དེར་བརྟེན་པའི། །བརྟགས་པ་སྣང་བར་མི་འགྱུར་རོ། །གང་ཕྱིར་གྲུབ་པ་རྟོགས་པའི་ཕྱིར། །གཞན་གྱི་དབང་ནི་ཟད་པར་འགྱུར། །སྐུ་རྣམ་གཉིས་ནི་ཆོས་སྐུ་ལ། །བརྟེན་པ་ཡིན་ཡང་དེ་ཡི་ཕྱིར། །གཉིས་ཀྱི་དོན་གཉིས་ཕུན་ཚོགས་པ། །
རྣམ་པ་ཀུན་དུ་གནས་ཤེས་བྱ། །འཇུག་སེམས་ཀུན་ནས་ཉོན་མོངས་པ། །ཇི་ལྟར་ཀུན་གཞི་སེམས་ལས་ནི། །གཉིས་སུ་སྣང་བར་འབྱུང་འགྱུར་བ། །དེ་རྣམས་དག་པས་སྐུ་འཐོབ་བོ། །དེ་བཞིན་ལོངས་སྤྱོད་རྫོགས་པ་ཡང་། །ཆོས་ཀྱི་སྐུ་དང་འབྲེལ་བར་འདོད། །སྤྲུལ་པའང་

ལོངས་སྤྱོད་རྫོགས་པ་དང་། །རབ་ཏུ་འབྲེལ་བར་བརྗོད་པ་ཡིན། །སྤྲུལ་གནས་གྱུར་ཕྱིར་དེ་བཞིན་དུ། །རྣམ་གཅིག་དངོས་ཕྱིར་ཚོགས་ལ་སོགས། །ཐ་དད་ཕྱིར་ནི་ཁམས་ཀུན་དུ། །ལོངས་སྤྱོད་རྫོགས་གནས་ཅིག་ཤོས་མིན། །དེ་ཉིད་ཕྱིར་ནི་
ཆོས་སྐུ་དང་། །ལོངས་སྤྱོད་རྫོགས་པ་འབྲེལ་བར་འདོད། །ཡང་ན་དབང་གི་འབྲས་བུ་ཡི། །རྣམ་པ་ཀུན་དང་ལྡན་ཕྱིར་རོ། །དེ་ལྟ་དེ་ལྟར་དེ་དང་དེར། །རྒྱུན་གྱི་འཇུག་པ་ཡིན་པས་ན། །སྤྲུལ་པ་དེ་ནི་རྟག་པ་སྟེ། །རྟག་པར་ཟས་སྦྱིན་འདྲ་བར་འདོད། །ཆོས་ལ་ལོངས་སྤྱོད་
རྫོགས་འཇུག་པ། །འཁོར་བ་སྲིད་དུ་མི་འཆད་པས། །ལོངས་སྤྱོད་རྫོགས་པ་རྟག་པ་སྟེ། །རྟག་ཏུ་བདེ་སྤྱོད་བཞིན་དུ་འདོད། །འདུས་མ་བྱས་པ་ཡིན་ཕྱིར་དང་། །གཞན་འགྱུར་མེད་ཕྱིར་རྣམ་ཀུན་དུ། །ཆོས་སྐུ་རང་བཞིན་ཉིད་ཀྱིས་རྟག །ནམ་མཁའ་བཞིན་དུ་འདོད་པ་
ཡིན། །སྤྲུལ་ཡོད་ལོངས་སྤྱོད་རྫོགས་པ་མེད། །ལོངས་སྤྱོད་རྫོགས་ཡོད་ཅིག་ཤོས་མེད། །ལོངས་སྤྱོད་རྫོགས་དང་ཅིག་ཤོས་ཡོད། །ལོངས་སྤྱོད་རྫོགས་མེད་ཅིག་ཤོས་མེད། །དེ་ལ་མོས་པས་བརྟེན་རྣམས་དང་། །མཚན་མ་མེད་པའི་ས་རྣམས་དང་། །མཚན་མ་བཅས་
པ་གཞན་རྣམས་དང་། །སངས་རྒྱས་ཉིད་དང་གོ་རིམས་བཞིན། །དམ་པ་རྣམས་ཀྱི་སེམས་རྒྱུ་བ། །མ་གྲུབ་པ་ལ་དབང་འདོད་ཀྱི། །དེ་བཞིན་དོན་ཤེས་སེམས་རྒྱུ་བ། །གྲུབ་ལ་དེ་ཡོད་ག་ལ་འགྱུར། །དེས་བཤད་སྟོབས་ཀྱིས་དེ་དག་གི། །ཡེ་ཤེས་དེ་ལྟར་འཇུག་པའི་ཕྱིར། །
གནས་ངན་ལེན་སྤངས་དེ་ཡི་ཚེ། །ལོངས་སྤྱོད་རྫོགས་པ་རྣམ་པར་གཞག །སངས་རྒྱས་ས་ལ་ནག་པོ་དང་། །དཀར་པོའི་ཆོས་རྣམས་ཐམས་ཅད་ནི། །དངོས་པོ་ཀུན་གྱིས་ལྡོག་པ་དང་། །ཡོངས་སུ་གྱུར་པར་འགྱུར་བ་དང་། །དམ་པ་དང་ནི་དམ་ཆོས་མིན། །བསྟེན་དང་
སྤངས་པས་གང་གི་ཕྱིར། །དེ་བཞིན་ཉིད་དག་རབ་ཕྱེ་བས། །སངས་རྒྱས་དམ་པ་ཐོབ་པར་འགྱུར། །ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ། །རང་དོན་ཕུན་སུམ་ཚོགས་ཕྱེ་ལ། །དེ་དག་གི་ནི་འབྲས་བུ་དག །རྣམ་པ་ཀུན་དུ་སྣང་མི་སྣང་། །དེ་ཕྱིར་མཚུངས་པ་སྤངས་པ་

ཡིན། །དེ་དག་བརྟགས་པའི་རང་བཞིན་པས། །དེ་དག་ལྡོག་དང་གྱུར་པ་ནི། །ཐུབ་ལ་རྣམ་པར་འཇོག་པར་བྱེད། །རྣམ་པར་མི་རྟོག་ཡེ་ཤེས་ཀྱིས། །ངོ་བོ་ཉིད་གསུམ་ཡོངས་ཤེས་དང་། །སྤོང་དང་མངོན་དུ་མཛད་དེའི་ཕྱིར། །དེ་ཡི་འབྲས་བུ་སྐུ་ཐོབ་བོ། །
རྣམ་པར་མི་རྟོག་ཡེ་ཤེས་ལས། །ཡེ་ཤེས་དམ་པ་གཞན་མེད་དོ། །ཤེས་བྱ་ཆོས་ཀྱི་དབྱིངས་ལས་ཀྱང་། །ཤེས་བྱ་དམ་པ་གཞན་མེད་དོ། །ཤེས་བྱ་ཡེ་ཤེས་བྱེ་བྲག་གིས། །གཉིས་ནི་གཉིས་སུ་མེད་གྱུར་པ། །རྣམ་རྟོག་རྣམ་པར་མི་རྟོག་པ། །དེ་ལྟ་བུ་ནི་གནས་
གྱུར་ཡིན། །དྲི་མེད་ཡེ་ཤེས་རྣམ་མི་རྟོག །བལྟ་བར་བྱ་སྟེ་རྣམ་རྟོག་བཞིན། །དེ་བཞིན་ཉིད་ཀྱི་བདག་ཉིད་ནི། །གཉིས་མེད་ཆོས་ལྟ་གཉིས་བཞིན་ནོ། །ཇི་ལྟར་ཆོས་དབྱིངས་གཉིས་མེད་པས། །རབ་ཏུ་ཕྱེ་བར་འདོད་པ་ལྟར། །དེ་བཞིན་མི་རྟོག་ཡེ་ཤེས་ཀྱང་། །
གཉིས་མི་གཟིགས་པས་རབ་ཏུ་ཕྱེ། །འདུས་མ་བྱས་ཕྱིར་གཉིས་མེད་ཕྱིར། །གཉིས་པོ་མེད་པ་ཡོད་པའི་ཕྱིར། །སྔ་ན་མེད་པར་སྩོགས་པ་སྟོང་། །གཉིས་མེད་པ་ནི་གཞན་དུ་འདོད། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །གསལ་དང་མི་གསལ་གང་ཡིན་པ། །དེ་ནི་གསལ་
ལམ་མི་གསལ་བའི། །སེམས་རྣམས་ཀུན་ལ་ཡོད་མ་ཡིན། །གཉིས་པོ་མེད་པའི་དོན་རྟོགས་པ། །དེ་ནི་གསལ་ཞེས་བརྗོད་པ་ཡིན། །གཉིས་ཀྱི་དོན་ནི་རྟོགས་འགྱུར་བ། །གསལ་བ་མ་ཡིན་ཤེས་པར་བྱ། །དེ་བཞིན་རྒོད་དང་བྱིང་བ་དག །ཉེ་བར་ཞི་བས་གསལ་མི་གསལ། །
དེ་ཚེ་བློ་ལྡན་དེ་མཁྱེན་ཏེ། །མཉམ་དུ་འཇུག་པར་ཤེས་པར་བྱ། །དཔེར་ན་གཉིས་དང་རྣམ་པར་རྟོག །ཐ་དད་དབྱེ་བར་མི་ནུས་ལྟར། །དེ་བཞིན་ཉིད་དང་ཡེ་ཤེས་ཀྱང་། །ཕན་ཚུན་ཐ་དད་མེད་པར་གནས། །དགྲ་བཅོམ་རྣམས་ནི་ཤེས་ལྡོག་པ། །གཉིས་རྟོག་སྤངས་
པ་མིན་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་དེ་འཇུག་པ། །གཏན་ནས་བཟློག་པར་འདོད་པ་ཡིན། །དཔེར་ན་མདའ་ནི་འཕངས་པ་ཡང་། །སྔར་བཀང་དབང་གིས་འགྲོ་བ་སྟེ། །དེ་བཞིན་མི་རྟོག་ཡེ་ཤེས་ཀྱང་། །སྔོན་གྱི་ཤུགས་ཀྱིས་འཇུག་པ་ཡིན། །རྟག་ལ་

དམིགས་པ་འཇུག་ཕྱིར་དང་། །འགྱུར་བ་མེད་དང་ལྡན་པའི་ཕྱིར། །རྣམ་པར་མི་རྟོག་རྟག་པ་ཉིད། །འདུས་བྱས་ཡིན་པས་མི་རྟག་ཉིད། །འབྱོར་པའི་རྣམ་ཀུན་ཐོབ་བྱའི་ཕྱིར། །སྦྱིན་ལ་སོགས་པ་རྣམ་འཇིག་པས། །གཟིངས་འདྲར་བརྗོད་པ་མདོ་
སྡེའི་དོན། །དགོངས་པ་སངས་རྒྱས་རྣམས་ལ་བརྗོད། །གནས་པོ་གཞན་དུ་གྱུར་པ་ནི། །དེ་ཡི་གནས་སུ་འདོད་པ་ཡིན། །ཉེས་པ་གཉིས་སུ་འགྱུར་བས་ན། །སེམས་ནི་དེ་ཡི་གནས་མ་ཡིན། །འགྲོ་བའི་བགེགས་བྱེད་མ་ཡིན་པས། །སྐབས་ནི་རབ་ཏུ་འབྱེད་པས་ན། །ནམ་མཁའ་
གཟུགས་སུ་སྣང་ཀུན་གྱི། །གནས་སུ་འདི་ནི་འདོད་པ་ལྟར། །དེ་བཞིན་གནས་ནི་གྱུར་པ་ན། །དེ་ནི་རབ་ཏུ་འཇུག་པ་ཡིན། །སྐྱོན་དང་བཅས་པའི་གནས་མེད་ལ། །དེས་ན་དེ་ནི་དེ་ཡི་གནས། །ཡེ་ཤེས་དང་ནི་གནས་གྱུར་པ། །དེ་གཉིས་དེ་ཚེ་ཕན་ཚུན་དུ། །གནས་ཀྱི་དངོས་པོར་
འདོད་པ་སྟེ། །རྩ་བའི་སེམས་ལས་རྣམ་རྟོག་བཞིན། །རྩ་བའི་སེམས་ལ་བརྟེན་ནས་སུ། །རྣམ་པར་རྟོག་པ་འབྱུང་བ་ལྟར། །དེ་བཞིན་བྱུང་ཚེ་དེ་ཡང་ནི། །དེ་བརྟས་བྱེད་པར་འདོད་པ་ཡིན། །དེ་བཞིན་གནས་པོར་གྱུར་པ་ལ། །བརྟེན་ནས་དམ་པ་རྣམ་དག་གི །རྣམ་པར་
མི་རྟོག་ཡེ་ཤེས་འབྱུང་། །དེ་ཡང་དེ་འགྲུབ་བྱེད་པ་ཡིན། །གཞི་དང་གནས་དང་དམིགས་པ་དང་། །འབྲས་བུ་དང་ནི་རྟེན་ཆེ་བས། །དེ་ཉིད་དམ་པའི་དོན་དུ་ན། །ཐེག་པ་ཆེན་པོ་ཞེས་བརྗོད་དོ། །དམིགས་པར་བྱ་དང་དམིགས་བྱེད་པ། །མཚུངས་མཉམ་ཤེས་རབ་རྒྱུ་བ་
ལ། །ཏིང་འཛིན་ཡེ་ཤེས་ཐ་དད་མེད། །གནས་དང་བརྟེན་པའི་དངོས་པོར་མིན། །རྣམ་རྟོག་མེད་ལ་དམིགས་བྱ་དང་། །དམིགས་པར་བྱེད་པ་མཚུངས་མཉམ་འདོད། །གཟུང་དང་འཛིན་པ་མེད་ཉིད་དུ། །གཟུང་དང་འཛིན་པའི་དངོས་པོར་ཡིན། །གཉིས་སུ་རྟོག་པའི་
སྐབས་ཀྱིས་ན། །སེམས་དང་སེམས་བྱུང་རྣམ་པར་གཞག །དེ་མི་འཇུག་ན་བརྟན་རྣམས་ལ། །དེ་ཚེ་དེ་བཞག་གང་ནས་འབྱུང་། །དངོས་པོའི་ངོ་བོ་ཉིད་སྣང་བའི། །རྣམ་པར་རྟོག་ལ་སེམས་ཞེས་བྱ། །དེ་ཡི་བྱེ་བྲག་གང་སྣང་བ། །དེ་ལ་སེམས་ལས་བྱུང་ཞེས་རྟོག །དཔེར་ན་

ངོ་བོ་ཉིད་བསྟན་ནས། །བྱེ་བྲག་རྣམས་ནི་བཞག་པ་ལྟར། །དེ་བཞིན་སེམས་ལ་བརྟེན་ནས་སུ། །སེམས་ལས་བྱུང་རྣམས་རྣམ་པར་འཇོག །གང་ཚེ་འདི་ན་དངོས་པོ་ཡི། །ངོ་བོ་ཉིད་ནི་ཅི་ཡང་མེད། །དེ་ཚེ་གང་གི་བྱེ་བྲག་གིས། །ཡོད་པར་འགྱུར་བ་ག་ལ་ཡོད། །འདི་དག་
ཐམས་ཅད་འཁྲུལ་ཙམ་སྟེ། །འདི་ལ་སེམས་མེད་སེམས་བྱུང་མེད། །རྣམ་རྟོག་རྣམ་པ་ཐ་དད་པས། །དེ་དག་ཐ་དད་བརྗོད་པ་ཡིན། །དེ་བས་རྣམ་རྟོག་མི་འཇུག་ན། །ཐ་དད་དོན་མིན་སྤྱོད་ཡུལ་གཅིག །ཡེ་ཤེས་འབའ་ཞིག་འཁྲུལ་མེད་པའི། །མཚན་ཉིད་དུ་ནི་གཞག་པ་
ཡིན། །གཉིས་མེད་པ་ཡི་དོན་དམིགས་པས། །ཡེ་ཤེས་གཉིས་དོན་མི་དམིགས་པར། །ཤེས་རབ་རྣམ་པར་རྟོག་པ་ཅན། །དེ་ཉིད་ཏིང་ངེ་འཛིན་ཞེས་བརྗོད། །དེ་ལྟར་དྲན་སོགས་ཆོས་གཞན་ཡང་། །རང་གི་མི་མཐུན་ཕྱོགས་མི་འཇུག །དེ་ཡི་ཚེ་ན་འདོགས་བྱེད་ཀྱི། །
མཚན་ཉིད་ཐ་དད་སོ་སོ་མིན། །མི་རྟོག་ཡེ་ཤེས་གཅིག་པུ་ཉིད། །ཏིང་ངེ་འཛིན་དུ་མཆོག་རྣམས་བཞེད། །དེ་མིན་ཏིང་འཛིན་གང་ཡིན་རྣམས། །ཡང་དག་མིན་གནས་རྣམ་པར་གཡེང་། །གང་དུ་སེམས་ནི་མཉམ་འཇོག་པ། །ཡུལ་དེར་བློ་གྲོས་འཇུག་བྱེད་པ། །
བདེན་པར་ཏིང་འཛིན་གཞན་མིན་ཏེ། །མི་མཉམ་འཇོག་པ་ཡིན་ཕྱིར་རོ། །ཡེ་ཤེས་མི་རྟོག་མཚན་ཉིད་དོ། །ཏིང་འཛིན་ཆེན་པོ་གཅིག་པུ་ལ། །ཏིང་ངེ་འཛིན་ཡོད་ཐམས་ཅད་ནི། །ཁོངས་སུ་ཆུད་པར་བསྟན་པ་ཡིན། །ཡིད་བཞིན་ནོར་བུ་གཅིག་པུས་ཀྱང་། །བསམ་
པ་སྣ་ཚོགས་སྐོང་བྱེད་ལྟར། །དེ་བཞིན་མི་རྟོག་ཏིང་འཛིན་གཅིག །སེམས་ཅན་དོན་ནི་སྣ་ཚོགས་བྱེད། །དེ་དག་ལས་མང་ཐ་དད་པས། །དེ་ཕྱིར་ཡེ་ཤེས་དངོས་གཅིག་ལ། །ཏིང་ངེ་འཛིན་གྱི་བྱེ་བྲག་གིས། །མང་པོ་དག་ཀྱང་འདོགས་པར་བྱེད། །དབུ་མའི་ལམ་ལས་བྱུང་
བ་ཡི། །ཡེ་ཤེས་རྣམ་པར་མི་རྟོག་དེ། །རྟག་དང་ཆད་པར་ལྟ་རྣམས་ཀྱི། །ཐོབ་པར་ནུས་པ་མ་ཡིན་ནོ། །དབུ་མའི་ལམ་ཞེས་བྱ་བ་ཡང་། །རྣམ་རིག་ཙམ་ཉིད་མ་གཏོགས་པར། །རིགས་པས་བརྟགས་ན་འདིར་གཞན་ནི། །རྣམ་པ་ཀུན་དུ་མི་འཐད་དོ། །རྫོགས་པའི་

བྱང་ཆུབ་འདོད་རྣམས་ཀྱིས། །མི་རྟོག་ཡེ་ཤེས་བསྐྱེད་པའི་ཕྱིར། །དེ་བས་རྣམ་པར་རིག་ཙམ་དུ། །སྒོམ་ལ་རྟག་ཏུ་སྦྱར་བར་བྱ། །རྣམ་རྟོག་མི་རྟོག་བདག་ཉིད་དང་། །གཉིས་ཀྱང་གཉིས་མེད་བདག་ཉིད་དེ། །འདི་དག་ཐམས་ཅད་
རྨི་ལམ་བཞིན། །འདི་ལ་བརྟག་བྱ་མེད་རྟོག་མེད། །དངོས་པོ་གང་ཡང་བསྣན་མེད་ཅིང་། །བསལ་པ་མེད་པས་དེ་ཡི་ཕྱིར། །ཆོས་ཀྱི་རང་གི་ངོ་བོ་ཉིད། །དེ་བཞིན་ཉིད་ཙམ་མཐོང་བས་གྲོལ། །གསེར་འདོད་པས་ནི་གསེར་ཡོད་པའི། །ས་ལ་ལེགས་པར་སྦྱང་བ་ཡི། །
རྣམ་པ་རབ་ཏུ་བརྩོན་བྱས་ན། །གསེར་ནི་རྙེད་པར་འགྱུར་བ་ལྟར། །དེ་བཞིན་སྟོང་པ་ཉིད་འདོད་པས། །སྟོང་པའི་བདག་ཉིད་ཆོས་རྣམས་ལ། །ལེགས་པར་རྣམ་འཇིག་རྣམ་པར་བརྩོན། །སྟོང་པ་ཉིད་ལ་རེག་པར་འགྱུར། །རྣམ་པར་འཇིག་པར་དེ་དང་དེས། །འདོད་པ་རྣམ་པར་
བཤིག་བྱས་ན། །འདོད་ལས་འདོད་ཆགས་བྲལ་འཐོབ་ཀྱི། །འདོད་པ་མི་སྟེན་ཕྱིར་མིན་ལྟར། །དེ་བཞིན་རྣམ་པར་མི་རྟོག་པའི། །ཡེ་ཤེས་བསྐྱེད་ཕྱིར་གཉིས་རྟོག་པ། །རྣམ་པར་འཇིག་པ་རྒྱུར་འདོད་དེ། །རྣམ་རྟོག་ཡིད་མི་བྱེད་པས་མིན། །རྟག་ཏུ་དམིགས་པ་གང་ལ་ཡང་། །
སེམས་ནི་གདགས་པར་མི་བྱའོ། །ཀུན་ལ་མངོན་ཞེན་རྣམ་ཀུན་དུ། །སྤང་བར་བྱ་བ་འབའ་ཞིག་གོ། །ཀུན་ལ་མངོན་པར་ཞེན་གྱུར་པ། །རྣམ་པ་ཀུན་ཏུ་ཡོངས་སྤངས་པ། །རང་གི་ངང་གིས་མི་རྟོག་སྟེ། །གཉིས་མེད་མཚན་ཉིད་དེ་ལ་སྤྱོད། །འཕགས་པ་ཇི་ལྟ་ཇི་ལྟ་བུར། །གཉིས་
བཤིག་གཉིས་པོ་མེད་ལ་སྤྱོད། །དེ་ལྟ་དེ་ལྟར་དེའི་སྒྲིབ་པ། །རྣམ་པ་ཐམས་ཅད་རབ་ཏུ་སྤོང་། །ཇི་ལྟ་ཇི་ལྟར་དེའི་སྒྲིབ་པ། །རྣམ་པ་ཐམས་ཅད་རབ་སྤངས་པ། །དེ་ལྟ་དེ་ལྟར་དེ་བཞིན་ཉིད། །རྣམ་པར་མི་རྟོག་ཡེ་ཤེས་དག །དེ་ལྟ་དེ་ལྟར་ཁྱབ་བདག་གི །རྣམ་པ་ཐམས་ཅད་
ཡོངས་སུ་འཛིན། །སྒྲིབ་པ་ཐམས་ཅད་སྤངས་པས་ན། །རྣམ་པ་ཀུན་དུ་ཁྱབ་བདག་བརྙེས། །རྣམ་པ་ཐམས་ཅད་ཀུན་དག་པའི། །དེ་བཞིན་ཉིད་མཁྱེན་མཚན་ཉིད་ནི། །སངས་རྒྱས་ཡིན་ཏེ་སྐུ་གཉིས་ཀྱིས། །ཁྱབ་བདག་ལྷུན་གྲུབ་དེ་ཡི་ཕྱིར། །སེམས་ཅན་དོན་གྱི་རྣམ་ཀུན་ལ། །

གཏན་དུ་རྗེས་སུ་ནན་ཏན་མཛད། །སངས་རྒྱས་རྣམས་ཀྱི་སྐུ་གཞག་པ། །གཞན་དག་གང་དུ་གང་མཛད་པ། །ཇི་སྙེད་ཡོད་པ་དེ་དག་ཀུན། །སྐུ་གསུམ་དག་ཏུ་འདུས་པ་ཡིན། །ངོ་བོ་ཉིད་གསུམ་རྟོགས་པ་ཡིས། །སྐུ་གསུམ་བརྙེས་པ་ཉིད་ཡིན་ཏེ། །མདོར་ན་ཐམས་
ཅད་མཁྱེན་ཉིད་ནི། །རྒྱུ་དང་འབྲས་བུར་བསྡུས་པ་ཡིན། །རྟོགས་པར་བྱ་དང་ཐོབ་བྱ་དང་། །ཐམས་ཅད་མཐར་ཐུག་གྱུར་པར་བརྗོད། །འདི་ལས་རྟོགས་བྱ་གཞན་མེད་དེ། །འདི་ལས་གོང་ན་ཐོབ་བྱ་མེད། །སངས་རྒྱས་མཚན་ཉིད་ལས་བརྩམས་ནས། །འཇིག་རྟེན་
འདས་ཞེས་བྱ་བ་ཡི། །མདོ་ལས་སངས་རྒྱས་བསྟན་མཛད་པ། །ཀུན་རྫོབ་དང་ནི་དོན་དམ་འདོད། །ཚིག་ནི་ལྔ་དང་ལྔ་དག་གིས། །གོ་རིམས་བཞིན་དུ་དེ་རིག་བྱ། །སྐུ་གཉིས་པོ་ནི་དང་པོས་བསྟན། །གཉིས་པ་ཡིས་ནི་གསུམ་པ་བསྟན། །རྫོགས་པའི་བྱང་ཆུབ་སྟོན་
པའི་ཕྱིར། །དེ་བཞིན་སྣ་ཚོགས་ལུས་རྣམས་དང་། །རིགས་ཀྱི་ཆེ་བ་ཉིད་སྟོན་ཕྱིར། །སངས་རྒྱས་མཐུ་ནི་ཉེར་སྒྲུབ་ཕྱིར། །བདག་ཉིད་གཅིག་མིན་བརྗོད་པའི་ཕྱིར། །འདི་ལས་གཉིས་པོ་རྣམ་གཞག་པར། །འདོད་པ་ཡིན་ཏེ་ཅིག་ཤོས་ནི། །རང་གི་མཚན་ཉིད་གནས་པའི་
ཕྱིར། །ཁྱབ་བདག་ཚོགས་བརྙེས་པ་ཡི་ཕྱིར། །རང་མཚན་ཉིད་དང་ཁྱབ་བདག་གིས། །སངས་རྒྱས་ཐམས་ཅད་མཉམ་པའི་ཕྱིར། །རང་གི་རིགས་ལ་སྐྱེས་བུའི་མཐུས། །བསྐྱེད་པའི་ཕྱིར་དང་དེ་ཐོབ་ཕྱིར། །དེ་མིན་རིགས་ལ་མཉམ་ཉིད་ཀྱི། །ཡེ་ཤེས་བསྐྱེད་པ་ཉིད་
ཕྱིར་རོ། །ཡང་དག་རྟོགས་པར་མཛད་པའི་ཕྱིར། །ཡང་དག་གདམས་ངག་རབ་སྦྱིན་པས། །ཇི་ལྟར་སེམས་ཅན་རྣམས་ཀྱི་སེམས། །རབ་ཏུ་སྨིན་པ་ཡོངས་འགྲེལ་ཕྱིར། །སྨོན་ལམ་བཏབ་པ་སྒྲུབ་པའི་ཕྱིར། །ལས་ཀྱི་འབྲས་ཡོད་རྟོགས་མཛད་ཕྱིར། །ཡང་དག་སྦྱོར་བ་སྒྲུབ་
པ་ཡིས། །མ་སྨིན་པ་རྣམས་སྨིན་མཛད་ཕྱིར། །གཉིས་པོ་དེ་ཡིས་ཕུན་སུམ་ཚོགས། །ཐམས་ཅད་ཀྱི་ནི་གཞི་དངོས་ཡིན། །ཆོས་ཀྱི་སྐུ་ཡི་དབང་གིས་ཏེ། །ལོག་པར་སྣང་བར་ཞུགས་ཕྱིར་རོ། །རྫོགས་སངས་རྒྱས་ཀྱི་ཆོས་གནས་ཕྱིར། །སེམས་མེད་པ་ཡི་རང་བཞིན་ཕྱིར། །

ཡེ་ཤེས་དེ་བཞིན་ཉིད་དག་པས། །དེ་བཞིན་རོ་གཅིག་གྱུར་པའི་ཕྱིར། །དམ་པའི་དོན་ནི་མྱོང་གྱུར་པ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱིས། །ཀུན་རྫོབ་དོན་གྱིས་དེ་རྗེས་ལ། །ཐོབ་པས་དེ་ནི་ཐོབ་ཕྱིར་རོ། །མདོར་བསྡུས་ན་ནི་མཚན་ཉིད་ནི། །རྣམ་པ་བརྒྱད་ཀྱི་དབང་
མཛད་ནས། །དེ་བཞིན་གཤེགས་ཀྱི་གསང་བ་ལས། །ཐུབ་པའི་དབང་པོ་སྐུ་བསྟན་འདོད། །རབ་ཏུ་དབྱེ་དང་ཚད་དང་ནི། །མཐའ་དང་དེ་བཞིན་ཕྲིན་ལས་དང་། །ངོ་བོ་ཉིད་དང་འབྱུང་བ་དང་། །ཕན་འདོགས་པ་དང་འཇུག་པའོ། །དེ་ལ་རབ་དབྱེ་མཚན་ཉིད་ནི། །སངས་རྒྱས་སྐུ་ནི་
རྣམ་གསུམ་འདོད། །ཆོས་དང་རྒྱུ་མཐུན་སྤྲུལ་པ་སྟེ། །འཆད་པའི་སྐུ་ནི་བྱེ་བྲག་གིས། །རྣམ་པ་དགུ་ཡིས་ཆོས་ཀྱི་སྐུ། །དེར་གསུངས་རྣམ་པ་ལྔ་ཡིས་ནི། །རྒྱུ་མཐུན་པ་དང་སྤྲུལ་པའི་སྐུ། །འཆད་པའི་སྐུ་ནི་རྣམ་གཅིག་གོ། །མཚན་ཉིད་ལྷག་མ་གཅིག་དང་ནི། །གཉིས་དང་
གསུམ་དང་རྣམ་དགུ་དང་། །བསྟན་པ་དེ་དག་གོ་རིམས་བཞིན། །ཚིག་གི་དོན་ནི་གོ་རིམས་བཞིན། །ཡང་དག་ཡིན་པར་འདིར་ཤེས་བྱ། །སྒྲིབ་པ་མེད་པའི་རྒྱུ་ཡིན་པས། །ཤེས་བྱར་ཡེ་ཤེས་རྟག་འཇུག་ཕྱིར། །བླ་ན་མེད་ཕྱིར་རྣམ་ཀུན་དུ། །ལུས་ཅན་ཀུན་དང་མི་མཚུངས་
ཕྱིར། །སེམས་ཅན་ཀུན་དང་བདག་ཏུ་ནི། །མཉམ་ཉིད་ལྡན་པ་གྲུབ་པའི་ཕྱིར། །དཔག་ཏུ་མེད་ཕྱིར་དེ་བཞིན་དུ། །གཉིས་དངོས་མེད་ཕྱིར་གྲུབ་པའི་ཕྱིར། །ལོག་པའི་ཕྱིར་དང་དེ་ཡི་གཞི། །ཀུན་ནས་ཉོན་མོངས་མི་འཇུག་ཕྱིར། །རང་གི་འོད་ཀྱིས་སྐྱེ་གནས་གསུམ། །སྒོ་ང་ལས་སྐྱེས་སྩོགས་པ་
དང་། །བརྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ། །གཏོགས་པ་མ་ཡིན་དངོས་པོའི་ཕྱིར། །རྣམ་སྨིན་དེ་ལས་བྱུང་སེམས་སྩོགས། །རྣམ་པ་ཀུན་དུ་མ་བཟུང་ཕྱིར། །སྐལ་བ་མཐུན་ཕྱིར་དེ་ལྟ་བུར། །ཡོད་མ་ཡིན་པས་དེ་བཞིན་མིན། །དེ་བཞིན་རྣམ་ཐར་སྒོ་གསུམ་ལ། །རང་གི་ཀུན་ཤེས་འཇོག་པའི་
ཕྱིར། །རབ་ཏུ་དབྱེ་བའི་མཚན་ཉིད་ནི། །དོན་དུ་དེ་ལྟར་ཤེས་པར་བྱ། །སངས་རྒྱས་རྣམས་ཀྱི་སྐུ་ཀུན་ནི། །འཇིག་རྟེན་དུ་ནི་རྣམ་འཕྲོ་ཕྱིར། །སེམས་ཅན་ཇི་སྙེད་འཇུག་འགྱུར་བ། །དེ་སྲིད་ཀྱི་ནི་དུས་སུ་འཇུག །བྱང་ཆུབ་མྱ་ངན་འདས་སྟོན་པའི། །རྒྱུ་ཡི་རྒྱུན་ཆད་མི་འགྱུར་

ཕྱིར། །སྤྱོད་པའི་དུས་དང་གནས་པ་དང་། །བསྟན་པའི་དུས་ཀྱི་ཚེ་ཉིད་དང་། །རྩོལ་དང་རོ་མྱང་མེད་པའི་ཕྱིར། །མཚུངས་ལས་རྣམ་པར་གཡེངས་མེད་ཕྱིར། །ཆོས་ཀྱི་སྐུ་ཡི་རང་བཞིན་ཕྱིར། །ཕུང་པོའི་ངོ་བོ་ཉིད་ལས་འདས། །མངལ་དུ་འཇུག་དང་མིང་དང་གཟུགས། །
དེ་འོག་གནས་སྐབས་གང་ཡིན་རྣམས། །དེ་དང་མི་མཐུན་ཆོས་ཡིན་ཕྱིར། །དེ་བཞིན་སེམས་ཅན་མེད་པའི་ཕྱིར། །རི་བོང་རྭ་སོགས་མི་མཐུན་ཕྱིར། །དེ་ལྟར་དོན་ནི་མི་དམིགས་ཕྱིར། །དབང་པོ་དྲུག་དོན་ལོངས་སྤྱོད་ལས། །ཤིན་དུ་འདས་པའི་བདེ་དངོས་ཕྱིར། །
ལས་དང་ཉོན་མོངས་འཕངས་པ་ཡི། །སེམས་ལ་སྩོགས་དབང་མི་འཇུག་ཕྱིར། །དེ་བཞིན་མྱ་ངན་འདས་སྲིད་ལ། །གནས་པ་མེད་པའི་དངོས་པོའི་ཕྱིར། །རང་བདེ་གཤེགས་དང་དགྲ་བཅོམ་པ། །གྲོལ་བའི་བདག་ཉིད་ཅན་རྣམས་ཀྱི། །ཡང་དག་སྤྱོད་ཡུལ་བློ་
རྣམས་ཀྱིས། །གང་ལ་གཏིང་ནི་མི་རྙེད་པ། །རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །ཆགས་མེད་ཡེ་ཤེས་སྤྱན་ལྡན་པ། །སངས་རྒྱས་རྣམས་ཀྱི་རང་རིག་པར། །འདོད་པ་འབའ་ཞིག་གང་ཡིན་པ། །གང་དུ་བྱིས་པ་ཉོན་མོངས་པ། །སོ་སོའི་སྐྱེ་བོ་ཀུན་འཁྲུལ་ཏེ། །
འཁོར་བའི་གནོད་པས་ཉེན་པས་ན། །ཕན་ཚུན་རྣམ་པར་འཁྱམ་བྱེད་པ། །གང་ཕྱིར་ལུས་དང་སྲོག་ལ་ཡང་། །འདོད་མེད་སྙིང་བརྩེ་བདག་ཉིད་རྣམས། །དཀའ་བ་བརྒྱ་ཕྲག་དུ་མ་དག །བསྐལ་པ་དུ་མར་ཉམས་སུ་ལེན། །དེ་ནི་མཆོག་ཏུ་གསང་བ་སྟེ། །དེ་ནི་གོ་འཕང་
མཆོག་ཡིན་ནོ། །ཕྱོགས་འདི་ངག་ཡུལ་ཐམས་ཅད་ལས། །འདས་ཡིན་དེ་ནི་འཇིགས་པ་མེད། །འདི་ལ་ཡང་དག་མོས་པ་ཡང་། །ངན་འགྲོ་དག་པར་མི་འགྲོ་ན། །སུ་ཞིག་འདི་ཕྱིར་བསྒྲིམ་བྱས་ནས། །མངོན་པར་བརྩོན་པ་སྨོས་ཅི་དགོས། །ཤེས་རབ་འཆལ་དང་
བསོད་ནམས་ཆུང་། །དད་པ་ཙམ་ཡང་འདིར་མི་སྐྱེ། །གང་ཞིག་དགེ་བ་བསྩགས་གྱུར་པ། །བློ་ལྡན་དེ་ནི་འདི་ལ་སྦྱོར། །སྐུར་འཇུག་སྒོ་ཡི་བསྟན་བཅོས་ནི། །བདག་གིས་ཅི་ནུས་བྱས་པ་ཡི། །དགེ་བ་གང་ཡིན་དེ་ཡིས་ནི། །འགྲོ་བས་སྐུ་གསུམ་ཐོབ་པར་ཤོག །སྐུ་

གསུམ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
༄༅༅། །རྒྱ་གར་སྐད་དུ། ཀཱ་ཡ་ཏྲ་ཡ་བྲྀཏྟི། བོད་སྐད་དུ། སྐུ་གསུམ་འགྲེལ་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཁོར་བ་ནི་སྡུག་བསྔལ་དུ་མའི་གནས་ཡིན་ནོ་སྙམ་ནས་ཡིད་འབྱུང་བར་གྱུར་ཅིང་། དེ་ལས་
འབྱུང་བའི་ཐབས་དམིགས་ལ། གང་གི་ཚེ་ལས་དང་པོ་པ་རིགས་མ་ངེས་པར་གྱུར་པ། རྐྱེན་གྱིས་བཀྲི་བའི་བློ་དང་ལྡན་པས་མ་ངེས་པའི་བྱང་ཆུབ་འཐོབ་པ། དམ་པའི་ཆོས་མཉན་པ་ལ་སོགས་པའི་རིམ་གྱིས་སྦྱོར་བ་དེའི་ཚེ་དེ་རྐྱེན་ཇི་ལྟ་བ་བཞིན་དུ་འཐོབ་པར་འགྱུར་
བས་དེའི་ཕྱིར་སྲོག་ཆགས་མ་གཏོགས་པ་རྣམས་ཟབ་ཅིང་རྒྱ་ཆེ་ལ་མཐུ་བསམ་གྱིས་མི་ཁྱབ་པ་ཕུལ་དུ་བྱུང་བ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་སྐུ་གསུམ་ཐོབ་པར་བྱ་བར་གཟུད་པའི་ཕྱིར་སྐུ་གསུམ་བསྟན་ཏོ། །རིགས་ལ་གནས་པ་ཆོས་ཀྱི་སྐུ་ཐོབ་པར་འདོད་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་
འདོད་ལ། དེའི་ངོ་བོ་ཉིད་མངོན་པར་མི་ཤེས་ན་ཇི་ལྟར་བསྐྱེད་པར་འགྱུར། གཟུགས་ཀྱི་སྐུ་ལས་ནི་དེ་བཞིན་གཤེགས་པ་མཐོང་བ་མེད་དོ། །མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་མི་བལྟའོ་ཞེས་བཀག་པའི་ཕྱིར་རོ། །ཡང་བཀའ་སྩལ་པ། གཞོན་
ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་ཤེས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ཡིན་ཞིང་། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི་གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་ནི་མ་ཡིན་པའི་
ཕྱིར་རོ་ཞེས་རྒྱ་ཆེར་གསུངས་སོ། །དེའི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ཤིང་བསམ་གྱིས་མི་ཁྱབ་ལ་རྨད་དུ་བྱུང་བ་ཕུལ་དུ་ཕྱིན་པ་ལ་སོགས་པའི་ཆོས་ཀྱི་ངོ་བོ་ཉིད་འདོད་པས་ནི་དེ་ཐོབ་པར་བྱ་བའི་ཕྱིར་ཤིན་ཏུ་བདེ་བར་རབ་ཏུ་བསྒྲིམ་པའི་རིགས་སོ། །དེའི་ཕྱིར་དེའི་

སྟོབས་ཀྱིས་སྐུ་གཞན་གཉིས་ཀྱང་འཐོབ་པར་འགྱུར་ཏེ། དེ་གཉིས་ནི་དེ་རབ་ཏུ་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེའི་ཕྱིར། སྤྲུལ་དང་ལོངས་སྤྱོད་རྫོགས་པ་དང་། །དེ་བཞིན་གཞན་ནི་ཆོས་སྐུ་སྟེ། །ཞེས་བྱ་བའི་ཚིགས་སུ་བཅད་པ་སྨོས་སོ། །སྤྲུལ་པ་ནི་འཕྲུལ་པ་ཉིད་
ཡིན་ནོ། །ལོངས་སྤྱོད་རྫོགས་པར་མཛད་པར་འོས་པ་ནི་ལོངས་སྤྱོད་རྫོགས་པའོ། །ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་ཀྱི་སྐུ་སྟེ་ཉིད་ཀྱི་སྒྲ་མི་མངོན་པར་བྱས་པའོ། །སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་མཚན་ཉིད་ཀྱི་སྐུ་གསུམ་པོ་འདི་དག་སུའི་ཡིན་ཞེ་ན།
དེའི་ཕྱིར། ཐུབ་པའི་སྐུ་ཞེས་བྱ་བ་སྨོས་ཏེ། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་འབྱུང་བ་མེད་པས་ཐུབ་པ་ཞེས་བྱའོ། །ཅང་མི་གསུང་བའི་ཕྱིར་ནི་མ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གསུམ་པོ་དེ་དག་ནི་སེམས་ཅན་གྱི་ཁམས་མ་ལུས་པ་
གདོན་པའི་ཕྱིར་འཁོར་བའི་མཐའི་བར་དུ་བཞུགས་ཏེ་དེ་དག་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེའི་ཕྱིར་སྐུ་དེ་དག་གིས་བཅོམ་ལྡན་འདས་རབ་ཏུ་ཕྱེ་སྟེ། ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལྟ་སྟེ་སྐུ་གསུམ་པོ་འདི་དག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་ཀྱིས་རབ་
ཏུ་ཕྱེ་བ་མ་ཡིན་ནམ། ཇི་ལྟར་དེ་དག་གིས་རབ་ཏུ་ཕྱེ་བ་ཡིན་ཞེས་བྱ་ཞེ་ན། དེའི་ཕྱིར། དེ་ཡིས་དེ་ཡི་བྱང་ཆུབ་བསྡུས། །ཞེས་བྱ་བ་སྨོས་ཏེ། ཐུབ་པ་དེའི་བྱང་ཆུབ་བླ་ན་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་སྐུ་གསུམ་པོ་འདིས་བསྡུས་སོ། །ཡེ་ཤེས་
ཕུལ་དུ་བྱུང་བ་ཉིད་འགའ་ཞིག་ལ་ཆོས་ཀྱི་སྐུ་བླ་ན་མེད་པ་ཞེས་བྱ་སྟེ། སེམས་ཅན་གྱིས་སྨོན་ལམ་བཏབ་པའི་འདུ་བྱེད་ཀྱི་ཤུགས་ཡོངས་སུ་འཛིན་པའི་དབང་གིས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་དོ། །སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྣམ་པར་དག་པ་རྣམས་སུ་ཆོས་རྣམས་སྣ་
ཚོགས་ཀྱི་ལོངས་སྤྱོད་རྫོགས་པ་མྱོང་བས་ན་ལོངས་སྤྱོད་པའི་སྐུ་སྟེ་དེའི་དབང་ཁོ་ནས་འབྱུང་ངོ་། །དེའི་སྟོབས་ཀྱིས་གཞན་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་སྤྲུལ་པ་ཞེས་བྱ་བ་སེམས་ཅན་སྣ་ཚོགས་ཡོངས་སུ་སྨིན་པར་མཛད་སྤྱོད་པ། གཟུགས་དང་ཁ་དོག་དང་སྤྱོད་ལམ་ཐ་དད་

པ་མཛད་པ་མཁྱེན་པ། དགེ་བའི་རྩ་བ་སྨིན་པ་རྣམས་ཀྱི་མདུན་ན་སྣང་ངོ་། །གསུམ་པོ་འདི་དག་ཐུབ་པའི་སྐུ། །ཞེས་བྱ་བ་དེ་གང་ཡིན་ཞེ་ན། དེའི་ཕྱིར་དེའི་རང་གི་ངོ་བོ་བཏགས་པའི་དོན་དུ། སྦྱོར་བའི་ས་ལ་བརྟེན་རྣམས་དང་། །གཞན་དག་ལ་ཡང་ཅི་རིགས་
པར། །ཞེས་བྱ་བ་སྨོས་ཏེ། སྦྱོར་བའི་ས་ལ་སྦྱོར་བར་བྱ་བའི་ས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ས་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། བརྟེན་རྣམས་ཞེས་བརྟེན་པའི་ཕྱིར་རོ། །གཞན་དག་ལ་ཡང་། ཞེས་བྱ་བ་སུ་ལས་གཞན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་
ལས་གཞན་ནོ། །ཅི་རིགས་པར། ཞེས་བྱ་བ་ནི་རིགས་ཇི་ལྟ་བ་དང་། ཡོངས་སུ་སྨིན་པ་ཇི་ལྟ་བ་དང་། དགེ་བའི་རྩ་བ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་དག་ལ་སེམས་ཅན་དུ་སྣང་བའི་རྣམ་པར་རིག་པ་འབྱུང་བ་གང་ཡིན་པ་དེ་ནི་སྤྲུལ་པའི་སྐུའོ། །དེ་ཡང་ཅི་
ལས་འབྱུང་ཞེ་ན། དེའི་ཕྱིར། སངས་རྒྱས་དབང་གིས་སེམས་ཅན་སྣང་། །རྣམ་རིག་འབྱུང་བ་དང་པོར་འདོད། །ཅེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྒྲུབས་པ་དཔག་བསམ་གྱི་ཤིང་ལྟ་བུ་རྒྱ་ཆེ་ཞིང་བསམ་གྱིས་མི་ཁྱབ་ལ། ཟབ་
པ་ཕུལ་དུ་ཕྱིན་པ་དང་ལྡན་པ་ཆོས་ཀྱི་སྐུ་ཞེས་བྱ་བ་ཡེ་ཤེས་བླ་ན་མེད་པ་ཁྱད་པར་དུ་འཕགས་པ་ལས་སོ་སོའི་སྐྱེ་བོའི་ས་ལ་གནས་པ་ན་སྨོན་ལམ་ཆེན་པོ་བཏབ་པའི་འདུ་བྱེད་ཀྱི་ཤུགས་ཡོངས་སུ་འཛིན་པའི་སྟོབས་ཀྱིས་ཉོན་མོངས་པའི་དུག་གི་ཤིང་རྩ་ནས་མ་བཏོན་པ། བྱང་ཆུབ་སེམས་
དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ཀྱི་རིགས་ཅན་དག་གི་སེམས་ཀྱི་རྒྱུད་རྣམས་ལ་དགེ་བའི་རྩ་བ་ཇི་ལྟར་ཡོངས་སུ་སྨིན་པའི་དབང་གིས་དེ་བཞིན་གཤེགས་པ་དང་། རང་རྒྱལ་བ་དང་། ཉན་ཐོས་དང་། ཚངས་པ་དང་། བརྒྱ་བྱིན་དང་། འཁོར་ལོས་སྒྱུར་བ་
དང་། བྲམ་ཟེ་ལ་སོགས་པར་སྣང་བའི་རྣམ་པར་རིག་པ་གང་དག་འབྱུང་བ་དེ་དག་ནི་སྤྲུལ་པའི་སྐུ་ཞེས་བྱ་བ་ལ་བརྟེན་ཏོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་སྤྲུལ་པ་དཔྱད་ནས་ལོངས་སྤྱོད་རྫོགས་པ་དཔྱད་པའི་ཕྱིར། ཡང་དག་མཐོང་བའི་བློ་ཅན་རྣམས། །ཞེས་བྱ་བ་སྨོས་

སོ། །ཡང་དག་མཐོང་ཞེས་བྱ་བ་ནི་སར་ཆུད་པ་རྣམས་ཏེ། ཉན་ཐོས་ལ་སོགས་པའི་རིགས་ཅན་གཞན་དག་ལ་དེ་ནམ་ཡང་ཡུལ་གྱི་དངོས་པོར་ཉེ་བར་མི་འགྲོའོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་བསམ་པའི་བྱེ་བྲག་གིས། །ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་ཇི་ལྟར་ཡོངས་སུ་སྦྱང་བ་བྱས་
པ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དཀར་པོའི་ཆོས་ཀུན་རབ་རྫོགས་པས། །ཞེས་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དུ་མ་ཡོངས་སུ་རྫོགས་པ་སྟེ། དེའི་ཕྱིར་འདིས་སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་སྟོན་ཏོ། །དེ་ལྟར་སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིར་དང་།
བསོད་ནམས་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ཕྱིར་ཅི་ཞིག་གི་ངོ་བོ་ཉིད་དུ་འགྱུར་ཞེ་ན། དེའི་ཕྱིར་དེ་བཞིན་ཉིད་ཙམ་ཡོད་ཅེས་བྱ་བ་སྨོས་སོ། །དེའི་གནས་སྐབས་ན་ཤེས་བྱའི་ཚོགས་མ་ལུས་པ་དེ་བཞིན་ཉིད་ཙམ་དུ་མཐོང་བ་ལས་ཤེས་བྱ་གཞན་ཅི་ཡང་མེད་དོ་ཞེས་སྟོན་ཏོ། །
བླ་ན་མེད་པ་རྣམ་པར་མི་རྟོག་པ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཚུངས་མཉམ་པའི་མཚན་ཉིད་ཀྱི་ཡེ་ཤེས་དེ་ལྟ་བུ་ནི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའི་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་བ་ལ། པདྨ་ཆེན་པོའི་རྒྱལ་པོའི་སྟེང་ན་བཞུགས་
པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་བརྙེས་པ། ས་དེའི་སྤྱོད་ཡུལ་གནས་ངན་ལེན་ཤིན་ཏུ་ཆ་ཕྲ་བ་ཡང་དག་པར་ཟད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ། ཉོན་མོངས་པ་དང་ཤེས་བྱ་ཐམས་ཅད་ལ་གཏི་མུག་གི་མུན་པ་
ཆེན་པོ་བསྩལ་བས་གནས་གྱུར་པ་བསམ་གྱིས་མི་ཁྱབ་པ་བརྙེས་པའི་ཕྱིར་འགྲོ་བ་མཐའ་དག་གི་ཡུལ་ལས་ཤིན་ཏུ་འདས་པའི་སྐུ་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་སྐུ་གསུམ་མཚན་ཉིད་ལས་དཔྱད་ནས་བརྡ་རྟོགས་པར་བྱ་བའི་
ཕྱིར། དང་པོ་གཉིས་ནི་བཏགས་པའི་ཡོད། །གསུམ་པ་དོན་དམ་པ་ཡང་ཡིན། །ཞེས་བྱ་བ་སྨོས་སོ། །ཡང་ན་སྐུ་གསུམ་བསྟན་པ་འདི་ཅི་ཐམས་ཅད་དོན་དམ་པ་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་ནི་ཀུན་རྫོབ་ཀྱི་སྤྱོད་ཡུལ་

ལོ་ཞེས་བསྟན་ཏོ། །གསུམ་པ་ཆོས་ཀྱི་སྐུ་ནི་དོན་དམ་པ་པ་ཞེས་བྱ་སྟེ། དོན་དམ་པས་བསྡུས་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་དེ་གཉིས་བཏགས་པའི་ཡོད་པ་ཡིན་ཞིང་གང་ལ་འདོགས་ཤེ་ན། དེ་དག་ལས་ཀྱང་གསུམ་པ་ནི། །གཉིས་པོ་གནས་སུ་
གྱུར་པར་འདོད། །ཅེས་བྱ་བ་སྨོས་ཏེ། ཆོས་ཀྱི་སྐུ་རྟེན་དུ་གྱུར་པ་ལ་བརྟེན་ནས་དེ་གཉིས་བཏགས་པའི་ཕྱིར་དེ་ནི་གནས་ཞེས་བྱ་སྟེ། ནགས་ལ་སོགས་པ་དག་གི་ཤིང་ལ་སོགས་པ་བཞིན་ནོ། །གསུམ་པ་དེ་ནི་གནས་ཡིན་པའི་ཕྱིར་དང་། དེ་བཞིན་ཉིད་ཡུལ་ཡིན་པའི་ཕྱིར་དོན་
དམ་པ་ཞེས་བྱ་སྟེ། དེ་གཉིས་ནི་གདུལ་བའི་ཡུལ་གྱི་དངོས་པོར་ཉེ་བར་འགྲོ་བའི་ཕྱིར་དང་། རེས་འགའ་མི་གནས་པའི་ཕྱིར་བཏགས་པའི་ཡོད་པ་ཡིན་ལ། ཅིག་ཤོས་ནི་འཇིག་རྟེན་ཐམས་ཅད་ཀྱི་ཡུལ་མ་ཡིན་པ་དང་། འཁོར་བ་ཇི་སྲིད་པར་བཞུགས་པའི་ཕྱིར་རོ། །ཆོས་
གཞན་དག་ཀྱང་ཡོད་པ་སྙམ་ན། འོ་ན་ཅིའི་ཕྱིར་ཆོས་ཀྱི་སྐུ་གཅིག་པུ་དོན་དམ་པས་བསྡུས་པ་ཞེས་བྱ་ཞེ་ན། དེའི་ཕྱིར། དྲི་མེད་དེ་བཞིན་ཉིད་དང་ནི། །མི་རྟོག་ཡེ་ཤེས་མ་གཏོགས་པར། །ཞེས་བྱ་བ་སྨོས་ཏེ། དྲི་མ་མེད་ཅེས་བྱ་བ་ནི་གློ་བུར་གྱི་དྲི་མ་དང་བྲལ་བའི་ཕྱིར་རོ། །
མི་རྟོག་ཡེ་ཤེས་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དམིགས་པ་སྟེ། དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཚུངས་སྙམ་པའི་ཡེ་ཤེས་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་རྣམས་ཀྱི་ཆོས་གཞན་ནི། །གང་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་འདི་གཉིས་ལ་མ་
གཏོགས་པ་གཞན་མེད་པའི་ཕྱིར་ཏེ། ཤེས་བྱ་ཐམས་ཅད་ནི་འདི་གཉིས་ཀྱི་ངོ་བོར་གནས་པ་ཡིན་གྱི་གཞན་གྱི་ངོ་བོར་ནི་མ་ཡིན་ཏེ། ངོ་བོ་གཞན་ནི་སྤྲོས་པའི་ཡུལ་ཡིན་པས་བརྫུན་པའི་ཕྱིར་དང་། དེ་བཞིན་གཤེགས་པ་རྣམས་ནི་སྤྲོས་པ་མེད་པའི་ཕྱིར་རོ། །དེ་བཞིན་
གཤེགས་པ་རྣམས་ཡེ་ཤེས་སྤངས་པ་ཕུན་སུམ་ཚོགས་པས་ཕྱེ་བས་མ་ཡིན་ནམ། འདི་གཉིས་མ་གཏོགས་པར་ཆོས་གཞན་མེད་ཅེས་བྱ་ཞེ་ན། དེའི་ཕྱིར། དེ་བཞིན་གཤེགས་རྣམས་ཡེ་ཤེས་དང་། །སྤངས་པ་ཕུན་སུམ་ཚོགས་པས་ཕྱེ། །ཞེས་བྱ་བ་སྨོས་སོ། །

སངས་རྒྱས་བཅོམ་ལྡན་འདས་རྣམས་ཡེ་ཤེས་ཕུན་སུམ་ཚོགས་པ་དང་སྤངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་ཡིན་པ་བདེན་མོད་ཀྱི། དེ་གཉིས་ནི་ཇི་སྐད་སྨོས་པ་གཉིས་ཀྱི་ནང་དུ་འདུས་པའི་ཕྱིར། རྟོག་མེད་ཡེ་ཤེས་དེ་བཞིན་ཉིད། །དག་པས་དེ་གཉིས་བསྡུས་པ་ཡིན། །
ཞེས་བྱ་བ་སྨོས་སོ། །གལ་ཏེ་འདི་གཉིས་ཀྱིས་བསྡུས་པར་མ་གྱུར་ན་ནི། བརྒལ་ཞིང་བརྟག་པ་འདི་ལྟར་ཡང་འགྱུར་ན། རྟོག་པ་མེད་པའི་ཡེ་ཤེས་ཀྱིས་ཡེ་ཤེས་ཕུན་སུམ་ཚོགས་པ་བསྡུས་པ་ནི་ཡོད་དོ། །གང་གི་ཚེ་སྤྲོས་པ་མེད་པར་གྱུར་ན་དེ་ལྟ་ན་ཡེ་ཤེས་དེ་ཕུན་སུམ་ཚོགས་
པ་ཡིན་ཏེ། ཇི་སྲིད་དུ་རྣམ་པར་རྟོག་པ་དེ་སྲིད་དུ་ཡོངས་སུ་གྲུབ་པའི་ཡེ་ཤེས་མ་ཡིན་ནོ། །དེ་བཞིན་ཉིད་དག་པས་སྤངས་པ་ཕུན་སུམ་ཚོགས་ཏེ། ཇི་སྲིད་དུ་དེ་བཞིན་ཉིད་གཅིག་པུ་གནས་པར་འགྱུར་བ་དེ་སྲིད་དུ་དེས་རྣམ་པར་རྟོག་པ་སྤང་བར་བྱའོ། །དེ་ལྟར་དེ་གཉིས་ཀྱིས་གཉི་
ག་བསྡུས་པ་ཡོད་དོ། །རྣམ་པ་འདིས་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་བསྡུས་པ་ཡོད་པ་བདེན་མོད་ཀྱི། ཤེས་བྱ་དེ་ཁོ་ནར་ཟད་དམ་ཅི་ན། ཆོས་གཞན་མེད་ཅེས་བྱ་བ་རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆོས་གཞན་དག་གིས་ཀྱང་བཅོམ་
ལྡན་འདས་རྣམས་སངས་རྒྱས་ཞེས་བརྗོད་ན། བརྗོད་པ་འདི་རྟོག་པ་མེད་པའི་ཡེ་ཤེས་དང་དེ་བཞིན་ཉིད་དག་ལ་ཇི་ལྟར་རུང་ཞེ་ན། བདེ་གཤེགས་རྣམས་ནི་རང་གཞན་དོན། །ཕུན་ཚོགས་ཕ་རོལ་གཤེགས་པར་འདོད། །ཅེས་བྱ་བ་སྨོས་སོ། །རང་དང་གཞན་གྱི་དོན་ཕུན་སུམ་
ཚོགས་པའི་རྒྱ་མཚོའི་ཕ་རོལ་དུ་བཞུད་པས། རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕ་རོལ་དུ་གཤེགས་པ་ཞེས་བརྗོད་དོ། །རང་གི་དོན་ཕུན་སུམ་ཚོགས་པ་ནི་རྟོག་པ་མེད་པའི་ཡེ་ཤེས་ཏེ། གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་བླ་ན་མེད་པ་དང་
ལྡན་ན་དེ་ལྟ་ན་དེ་རང་གི་དོན་ཕུན་སུམ་ཚོགས་པ་ཡིན་ནོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་དེ་བཞིན་ཉིད་དག་པའི་ཕྱིར་ཏེ། ཤེས་བྱའི་ཚོགས་ཐམས་ཅད་དེ་བཞིན་ཉིད་དུ་ཡོངས་སུ་དག་པར་བྱས་པའི་ཕྱིར་དེ་ལྟ་ན་ཐམས་ཅད་གཟིགས་པ་ཡིན་ཏེ། བསམ་པ་དང་བག་ལ་ཉལ་ལ་

སོགས་པ་ལ་གཟིགས་པའི་རིམ་གྱིས་གཞན་དག་གི་དོན་སྒྲུབ་པའི་ཕྱིར་རོ། །དེའི་ཕྱིར། དེ་དག་གི་དངོས་དེ་འདྲ་དེའང་། །དེ་ཉིད་དུ་ནི་བསྡུས་པ་ཡིན། །ཞེས་བྱ་བ་སྨོས་སོ། །དེ་དག་གི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམས་ཀྱིའོ། །དངོས་དེ་འདྲ་
ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕ་རོལ་དུ་གཤེགས་པའི་དངོས་པོའོ། །དེའང་ཞེས་བྱ་བ་ནི་བསྟན་མ་ཐག་པ་ཉིད་དོ། །དེ་ཉིད་དུ་ཞེས་བྱ་བ་ནི་དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་སུའོ། །གལ་ཏེ་དེ་བཞིན་ཉིད་དང་། རྣམ་པར་
མི་རྟོག་པའི་ཡེ་ཤེས་མ་གཏོགས་པར་ཆོས་གཞན་མེད་ན། འོ་ན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་བྱེ་བྲག་མཐའ་ཡས་པ་དང་ཐུན་མོང་མ་ཡིན་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། གཞན་མངོན་པར་ཤེས་པ་ལ་སོགས་པའི་ཆོས་དེ་དག་ཀྱང་གསུང་རབ་ལས་
སྨོས་པར་ཇི་ལྟར་འགྱུར་ཏེ། གཉིས་ཁོ་ན་སྨོས་པའི་རིགས་ཀྱི། ཡི་གེ་དུ་མའི་གྲོན་ཚེགས་དབྱུང་ཅི་དགོས་ཤེ་ན། དེའི་ཕྱིར། དེ་ཡི་དབང་གིས་གཞན་དག་ཏུ། །ཞེས་བྱ་བ་སྨོས་སོ། །དེའི་དབང་གིས་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་དབང་གིས་ཏེ། དེའི་
མཐུས་ཞེས་བྱ་བའི་ཐ་ཚིག་གོ། །བྱ་བ་སྣ་ཚོགས་སྣང་བས་ན། །ཞེས་བྱ་བ་ནི་འགྲོ་བའི་བྱ་བ་དུ་མ་སྣང་བའི་ཕྱིར་ཏེ། གདུལ་བ་རྣམས་ཀྱི་དགེ་བའི་རྩ་བ་ཐབས་སྣ་ཚོགས་ཀྱིས་སྐྱེ་བའི་ཕྱིར་རོ། །སངས་རྒྱས་ཆོས་རྣམས་དུ་མ་དག །རྣམ་པར་གཞག་པར་འདོད་པ་ཡིན། །ཞེས་བྱ་བ་
ནི་རྒྱུ་འདིས་ན་སངས་རྒྱས་ཆོས་རྣམས་རྣམ་པ་དུ་མར་རྣམ་པར་གཞག་སྟེ་རྣམ་པར་གནས་སོ། །དེ་ལྟ་བས་ན་དེ་གཉིས་ཁོ་ན་ལས་རང་དང་གཞན་ལ་ཕན་པར་བྱ་བའི་ཚོགས་མཐའ་དག་འགྲུབ་སྟེ། གདུལ་བྱའི་བསམ་པ་ལ་ལྟོས་ནས་འདི་ཉིད་དུ་ཆོས་འདི་དག་བརྗོད་པ་ཡང་ཉེས་པ་མེད་དོ། །
རྣམ་པར་མི་རྟོག་པ་འདི་གཉིས་ལ་དེའི་བདག་ཉིད་མ་ཡིན་པའི་ཆོས་རྣམ་པ་དུ་མ་རྣམ་པར་གཞག་པར་ཇི་ལྟར་རུང་ཞེ་ན། རྣམ་པར་རྟོག་ལ་ཀུན་ཉོན་མོངས། །ཆོས་ཀུན་ཇི་ལྟར་གདགས་པ་ལྟར། །ཞེས་བྱ་བས་དཔེས་སྟོན་ཏེ། རྣམ་པར་རྟོག་པ་ལ་ཀུན་ནས་ཉོན་མོངས་པའི་ཆོས་

སྐྱེས་པ་དང་། བུད་མེད་དང་གཟུང་བ་དང་འཛིན་པ་ལ་སོགས་པ་དག་པར་འཇོག་སྟེ། ཇི་སྲིད་དུ་རྣམ་པར་རྟོག་པའི་རྒྱུན་ཐོག་མ་མེད་པའི་དུས་ནས་ཞུགས་པ་འདི་མེད་པར་མ་གྱུར་པ་དེ་སྲིད་དུ་འཁོར་བའི་རྒྱུན་རྒྱས་པར་འགྱུར་ཏེ། དེ་ལྟར་ཀུན་ནས་ཉོན་མོངས་པའི་རྒྱུར་གྱུར་པ་ཆོས་
འདི་རྣམས་འདོགས་སོ། །དེ་བཞིན་དུ་རྣམ་པར་མི་རྟོག་པ་ལ་ཡང་རྣམ་པར་མི་རྟོག་པའི་གགས་སུ་གྱུར་པ་དེ་དང་མི་མཐུན་པ་རྣམ་པར་བྱང་བའི་ཆོས་རྣམས་ཅིའི་ཕྱིར་གགས་སུ་མི་རུང་སྟེ། དེའི་ཕྱིར། དེ་བཞིན་རྣམ་པར་མི་རྟོག་ལ། །སངས་རྒྱས་ཆོས་ཀུན་རྣམ་པར་གཞག །ཅེས་
བྱ་བ་སྨོས་སོ། །གང་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་དཔེས་བསྒྲུབ་པའི་དོན་གྱི་མཇུག་སྡུད་པར་བྱེད་དེ། གང་གི་ཕྱིར་དེ་ལྟར་ཡོད་པ་མ་ཡིན་ཡང་། གང་ཕྱིར་རྫོགས་པའི་སངས་རྒྱས་ཆོས། །དེ་ལས་གཞན་ཡོད་མ་ཡིན་རྣམས། །དེ་ཡི་དབང་གིས་བྱ་བ་ཡིས། །རྣམ་པར་
མི་རྟོག་པའི་ཡེ་ཤེས་ཀྱི་དབང་གིས། ཐུབ་པ་ཆེ་ལ་རབ་ཏུ་གདགས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞག་པ་ཞེས་བྱ་བ་ནི་ཆོས་དེ་དག་རྣམ་པར་གཞག་པའོ། །
བྱེ་བྲག་ནི་རྣམ་པར་གཞག་པ་དེ་ཉིད་ཀྱིའོ། །རྣམ་པ་སྣ་ཚོགས་ནི་བྱེ་བྲག་དེ་ཉིད་ཀྱི་རྣམ་པ་ཐ་དད་པ་དག་སྟེ། ཁམས་དང་འགྲོ་བ་དང་སྐྱེ་གནས་ཐ་དད་པ་ལ་ལྟོས་ཞེས་བྱ་བའི་ཐ་ཚིག་གོ། །ནམ་མཁར་སྣ་ཚོགས་འཇོག་པ་བཞིན། །རབ་ཏུ་ངོ་མཚར་ཆེ་ཞེས་བྱ། །ཞེས་བྱ་བ་ནི་
ནམ་མཁའ་ལ་རི་མོ་སྣ་ཚོགས་འཇོག་པ་དང་འདྲ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་སེམས་ཅན་གཞན་དག་གིས་མི་ནུས་པའི་ཕྱིར་ཏེ་རབ་ཏུ་ངོ་མཚར་ཆེ་སྟེ། དེ་གཉིས་ལ་དེ་ལྟ་བུ་ཅི་ཡང་མེད་ཀྱང་འོན་ཀྱང་ཆོས་རྣམ་པར་གཞག་པ་རྣམ་པ་དུ་མ་སྣང་ངོ་། །དེ་ལ་འདི་ལྟ་བུར་འགྱུར་ཏེ་
རྣམ་པར་རྟོག་པ་ལ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་གདགས་པ་སྣང་བ་བསྩལ་བར་མི་ནུས་ན། རྣམ་པར་མི་རྟོག་པར་གཞག་པ་རྟོག་པའི་དྲ་བའི་ས་བོན་གྱི་བདག་ཉིད་མ་ལུས་པར་ཡང་དག་པར་ཆད་པ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་གཞག་པ་མི་སྣང་ན་ཇི་ལྟར་དེ་

ཡོད་དོ་ཞེས་ངེས་པར་གཟུང་བར་ནུས་ཤེ་ན། དེའི་ཕྱིར། ཐ་སྙད་གདགས་བྱ་ཡོད་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་འདི་སྐད་དུ་སྣང་བ་ཁོ་ནའི་ཕྱིར་གྲུབ་པོ་ཞེའམ། མི་སྣང་བའི་ཕྱིར་མ་གྲུབ་བོ་ཞེས་བྱར་མི་རུང་སྟེ། སྣང་བ་འདི་ཡང་ཇི་ལྟ་བུ་
ཞེས་དྲིས་ན་ཁྱོད་ཀྱིས་དེ་སྒྲུབ་པའི་ཕྱིར་ཅི་ཞིག་ཅིག་བསྟན་དགོས་སོ། །དེའང་ཇི་ལྟ་བུ་ཞེ་ན། ཐུག་པ་མེད་པར་འགྱུར་ཞེས་དེ་སྐད་བསྟན་པ་ཡིན་ནོ། །གཞན་ཡང་དཔེར་ན་ཐ་སྙད་གདགས་པར་བྱ་བ་ཐ་སྙད་ཀྱི་རྒྱུར་གྱུར་པ་ཡོད་ན། ཕན་ཚུན་དབང་གིས་མི་རྣམས་ཀྱི། །
ཐ་སྙད་ད་ལྟ་འཇུག་པ་ལྟར། །ཞེས་བྱ་བ་ཕན་ཚུན་དུ་བསམ་པ་རིག་པ་འཇུག་པ་དག་འབྱུང་ངོ་། །དེའི་ཚེ་ནའང་དེ་བཞིན་ནོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་མངོན་དུ་གྱུར་པའི་དུས་ན་སྔོན་སྨོན་ལམ་བཏབ་པའི་ཤུགས་ཀྱི་རྒྱུན་གྱི་དབང་གིས་དེ་བཞིན་གཤེགས་
པའི་ཆོས་རྣམ་པར་གཞག་པའི་རྒྱུན་གདུལ་བའི་སྐྱེ་བོའི་སེམས་ཀྱི་རྒྱུད་ལ་དགེ་བའི་རྩ་བ་ཇི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇུག་སྟེ། དེའི་ཕྱིར་ད་ལྟ་ཇི་ལྟ་བར་དེའི་ཚེའང་དེ་བཞིན་ནོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ལྟ་ན་སྤྲོས་པ་དང་སྤྲོས་པ་མེད་པའི་དངོས་པོར་གནས་པའི་ཤེས་
པ་གཉིས་བྱེ་བྲག་མེད་པ་ཁོ་ནར་འགྱུར་རོ་ཞེས། དེའི་ཕྱིར། དབང་གི་བྱ་བར་དེ་དག་གི། །བྱེ་བྲག་འདི་ཉིད་འབའ་ཞིག་སྟེ། །ཅིག་ཤོས་དག་ནི་རྟོག་བཅས་འདོད། །ཅིག་ཤོས་དག་ནི་རྣམ་རྟོག་མེད། །ཅེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ། སོ་སོ་སྐྱེ་བོའི་གནས་སྐབས་ན་ཕན་ཚུན་གྱི་དབང་གི་སྟོབས་ཀྱིས་ཅིག་ཤོས་དག་
འཇུག་པ་ན་རྣམ་པར་རྟོག་པ་དང་བཅས་པ་རྣམས་འཇུག་གོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པའི་ཚུལ་གྱིས་ཅིག་ཤོས་དག་ནི་རྣམ་པར་མི་རྟོག་པ་རྣམས་སོ་ཞེས་བསྟན་པར་འགྱུར་རོ། །ཡེ་ཤེས་རྣམ་པར་མི་རྟོག་པ་ཡིན་ན་སྤྲོས་པའི་དངོས་པོའི་ཡུལ་ཐ་སྙད་འདི་དག་ཐམས་
ཅད་མི་རུང་བ་མ་ཡིན་ནམ། ཇི་ལྟར་དེ་རྣམ་པར་མི་རྟོག་པར་འགྱུར་ཞིང་། རྣམ་པར་རྟོག་པའི་དངོས་པོའི་རྒྱུར་ཡང་ཇི་ལྟར་འགྱུར་ཏེ། རྣམ་པར་རྟོག་པར་གྱུར་ན་ནི་དེ་ལྟར་འགྱུར་ན། རྣམ་པར་རྟོག་པ་མེད་པ་ལ་ཇི་ལྟར་འཐད་པར་འགྱུར་ཞེ་ན། དེའི་ཕྱིར། ཇི་ལྟར་མྱ་ངན་འདས་པ་ཡི། །

སངས་རྒྱས་རྣམས་ཀྱི་བྱིན་རླབས་འདོད། །དེ་ལྟར་རྣམ་རྟོག་མེད་རྣམས་ཀྱི། །དབང་གི་བྱ་བ་རྣམས་ཀྱང་འདོད། །ཅེས་བྱ་བ་སྨོས་ཏེ། འོ་ན་རེ་ཞིག་མ་འོངས་པའི་གདུལ་བའི་སྐྱེ་བོ་ལ་ཕན་གདགས་པའི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་གནས་སྐབས་བརྙེས་
པ་རྣམས་དང་། འོད་སྲུངས་ཆེན་པོ་ལ་སོགས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱི་བྱིན་གྱི་རླབས་དེ་དང་ད་དུང་དུ་ཡང་གནས་པར་དམིགས་པར་ཡང་ཇི་ལྟར་འགྱུར། གལ་ཏེ་དེ་དག་གིས་སྔོན་དེའི་རྗེས་ལ་ཐོབ་པའི་དག་པ་འཇིག་རྟེན་པའི་ཤེས་པ་མངོན་དུ་གྱུར་པས་ཉན་ཐོས་
རྣམས་ལ་མ་འོངས་པའི་བྱིན་གྱི་རླབས་དམིགས་སོ་ཞེ་ན། མཚུངས་ཏེ་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་དུས་ན་སྨོན་ལམ་གྱི་ས་བོན་བཏབ་པ་ཡོངས་སུ་སྨིན་པའི་ཤུགས་ཁོ་ན་དེ་བཞིན་གཤེགས་པ་རྣམ་པར་མི་རྟོག་པ་སྤྲོས་པ་མེད་པའི་དབྱིངས་ལ་བཞུགས་པ་རྣམས་ཀྱི་དབང་
གིས་མཛད་པ་རྣམས་ཀྱང་སྣང་ངོ་། །དེ་ནི་འདི་སྐད་དུ། ཉན་ཐོས་ལ་སོགས་པ་དགེ་བའི་ལས་ཆུང་ངུ་དང་ལྡན་པ་རྣམས་ཀྱི་མཐུ་ཡང་ཁྱད་པར་དུ་འཕགས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོ་སྐལ་བ་ནི་མི་ཉུང་བར་བསྒྲུབས་པའི་སངས་རྒྱས་རྣམས་ཀྱི་མཐུ་ལྟ་
སྨོས་ཀྱང་ཅི་དགོས་ཞེས་དེ་སྐད་བསྟན་པར་འགྱུར་རོ། །དོན་འདི་ཡང་དཔེ་གཞན་ལས་བརྟེན་ཏེ་བསྒྲུབ་པའི་ཕྱིར། དེ་ལྟར་རྣམ་རྟོག་མེད་མོད་ཀྱི། །སྔར་སྔོན་འདུས་བྱས་དབང་གིས་ན། །ཇི་ལྟར་འགོག་ལས་ལྡང་འགྱུར་བ། །འདི་ཡང་དེ་བཞིན་འགྱུར་བ་ཡིན། །ཞེས་
བྱ་བ་སྨོས་ཏེ། འགོག་པ་ལ་སྙོམས་པར་འཇུག་པ་པོ་རྣམས་ཏིང་ངེ་འཛིན་གྱི་གནས་སྐབས་ན་ཡིད་ལ་རྣམ་པར་རྟོག་པའི་ཡོངས་སུ་གཡོ་བའི་བྱེད་པ་ཆུང་ངུ་འགའ་ཡང་མེད་མོད་ཀྱི། འོན་ཀྱང་སྔར་མངོན་པར་འདུས་བྱས་པའི་དབང་གིས་འགོག་པ་ལ་སྙོམས་པར་འཇུག་པར་འདོད་
པའི་གནས་སྐབས་ན། གཎྜཱིའི་སྒྲ་ཐོས་མ་ཐག་ཏུ། བདག་ཉིད་ཏིང་ངེ་འཛིན་འདི་ལས་ལྡང་ངོ་སྙམ་དུ་སྔར་གཎྜཱི་ལ་སོགས་པའི་སྒྲ་མཚན་མར་བྱེད་དེ། དེ་ལྟར་བློ་ལ་མཚན་མར་བཟུང་ནས་སྙོམས་པར་འཇུག་ལ། མཉམ་པར་གཞག་པའི་གནས་སྐབས་ན་རྣམ་པར་རྟོག་པ་ཀུན་དུ་

རྒྱུ་བ་མེད་མོད་ཀྱི། འོན་ཀྱང་སྔར་འདུས་བྱས་པའི་དབང་གིས་ལྡང་བ་དེ་བཞིན་དུ། འདི་ཡང་གདུལ་བའི་སེམས་ཅན་གྱི་ཁམས་མངོན་པར་གདོན་པའི་ཕྱིར། བཅོམ་ལྡན་འདས་རྣམས་རྟོག་པ་མི་མངའ་ཡང་རྣམ་པར་རྟོག་པའི་ཡུལ་ཐ་སྙད་ཐམས་ཅད་ཀྱི་རྒྱུ་ཉིད་དུ་
འགྱུར་རོ་ཞེས་དེ་སྐད་བསྟན་ཏོ། །ཡང་ན་སྔར་མངོན་པར་འདུས་བྱས་པའི་དབང་གིས་ལྡང་བ་སྐྱེ་བོ་ཐམས་ཅད་ལ་མངོན་སུམ་དུ་མ་གྱུར་པའི་འདི་ལྟར་རེ་ཞིག་ཞོག་ལ་ཁྱོད་ཉི་མ་ལ་ལྟོས་ཤིག་འདི་ལྟར་རྣམ་པར་མི་རྟོག་མོད་ཀྱི་འོན་ཀྱང་གཟུགས་བརྙན་འབྱུང་ལ། ཆུ་དང་བཅས་པའི་སྣོད་ཐ་དད་
པའི་ནང་དུ་སོ་སོར་སྣང་སྟེ་དེའི་ཕྱིར། དཔེར་ན་ཉི་མ་ལ་སོགས་པ། །རྣམ་རྟོག་མེད་པ་རྣམ་དབང་གིས། །ཆུ་དང་བཅས་པའི་སྣོད་རྣམས་སུ། །གཟུགས་བརྙན་འབྱུང་བར་འཇིག་རྟེན་སྣང་། །ཞེས་བྱ་བ་སྨོས་ཏེ། རྣམ་པར་རྟོག་པ་ཡོད་པའི་ཕྱིར་རྣམ་པར་གཞག་པ་ནི་མ་ཡིན་གྱི་
རྣམ་པར་མི་རྟོག་བཞིན་དུ་སྣང་ངོ་། །ཞེས་དེ་སྐད་སྟོན་ཏོ། །ཉི་མ་ལ་སོགས་པ་ཞེས་བྱ་བ་ནི་མདོ་སྡེ་ལས་ཉི་མ་དང་ནོར་བུ་ལ་སོགས་པའི་དཔེ་འབྱུང་བ་རྣམས་ཏེ། དེའི་དབང་དུ་བྱས་ནས་དེ་སྐད་བརྗོད་དོ། །དེ་ནི་འདི་སྐད་དུ་ཉི་མ་ནི་འདི་སྙམ་དུ་ཆུ་དང་བཅས་པའི་སྣོད་དེ་ལྟ་བུར་ནི་བདག་གི་གཟུགས་
བརྙན་འབྱུང་བར་གྱུར་ཅིག །དེ་ལྟ་བུར་འབྱུང་བར་མ་གྱུར་ཅིག་སྙམ་དུ་རྣམ་པར་མི་རྟོག་མོད་ཀྱི། དེ་ལྟར་རྣམ་པར་མི་རྟོག་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཤིན་ཏུ་སྣ་ཚོགས་པས་དེ་ལྟར་འགྱུར་རོ། །དེ་བཞིན་དུ་ཡེ་ཤེས་ཕུལ་དུ་བྱུང་བའི་མཐུས་འདི་ཡང་ཅིའི་ཕྱིར་མི་འབྱུང་ཞེས་འདི་
ཡང་དེ་སྐད་བསྟན་པར་འགྱུར་ཏེ། བསྟན་པ་དེའི་ཕྱིར། དེ་བཞིན་མི་རྟོག་བདག་ཉིད་ཀྱི། །སངས་རྒྱས་རྣམས་ཀྱི་དབང་གིས་ན། །སྐལ་ལྡན་རྣམས་ལ་སྐུ་གཉིས་ཀྱི། །གཟུགས་བརྙན་རྟག་ཏུ་འབྱུང་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། འདིར་རྣམ་པར་རྟོག་པའམ། རྣམ་པར་
མི་རྟོག་པས་ཅི་ཞིག་བྱ་སྟེ། ཡེ་ཤེས་ཀྱི་མཐུ་འདི་འདྲ་བ་དེས་སྐལ་བ་ཇི་ལྟ་བ་བཞིན་དུ་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་ཞེས་བྱ་བའི་གཟུགས་བརྙན་གཉིས་འབྱུང་སྟེ་འདི་ནི་མདོར་བསྟན་པའོ། །དཔེར་ན་བཻ་ཌཱུཪྻའི་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་འབྱུང་བར་སྣང་ན། དེ་མཐོང་བས་

གདུལ་བའི་རང་བཞིན་ཅན་གྱི་སྲོག་ཆགས་རྣམས། བདག་ཅག་ཀྱང་འདི་འདྲ་བར་གྱུར་ཀྱང་ཅི་མ་རུང་ཞེས་དགེ་བའི་རྩ་བ་དག་བསྐྱེད་དོ། །དེ་བཞིན་དུ་དགེ་བའི་རྩ་བ་ཇི་ལྟ་བ་བཞིན་དུ་འགྲོ་བ་ལ་བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བརྙན་འདི་གཉིས་འབྱུང་སྟེ། དེ་མཐོང་ནས་
སངས་རྒྱས་ཀྱི་མཐུས་གདུལ་བའི་སེམས་ཅན་རྣམས་སམ། གཞན་སེམས་ཅན་གྱི་རྣམ་པས་གདུལ་བ་རྣམས་དགེ་བའི་རྩ་བ་ཁྱད་པར་དུ་འཕགས་པ་དག་སྩོགས་པར་བྱེད་དོ། །ཇི་སྟེ་དེ་ལྟར་འདོད་ན་ཆོས་ཀྱི་སྐུ་ཐ་དད་པ་མ་ཡིན་པ་གཟུགས་བརྙན་ཐ་དད་པ་གཉིས་ཀྱི་རྒྱུར་ཇི་ལྟར་
འགྱུར། རྒྱུ་ཐ་དད་པ་མ་ཡིན་ན་རྒྱུ་ལས་བྱུང་བ་ཐ་དད་པར་ཡང་ཇི་ལྟར་འགྱུར་ཞེ་ན། དེ་བསྟན་པའི་ཕྱིར། དཔེར་ན་ཆུ་སྣོད་བྱེ་བྲག་གིས། །ནམ་མཁའ་ཡི་ནི་གཟུགས་བརྙན་དག །ཐ་དད་པར་ནི་སྣང་མོད་ཀྱི། །ནམ་མཁའ་ལ་ནི་ཐ་དད་མེད། །ཅེས་བྱ་བ་སྨོས་ཏེ། །དཔེར་ན་ནམ་མཁའ་
ནི་ཐ་དད་པའི་ངོ་བོ་མ་ཡིན་ཡང་ཆུའི་བྱེ་བྲག་དང་། སྣོད་ཀྱི་བྱེ་བྲག་གིས་རིང་པོ་དང་ཐུང་ངུ་དང་སེར་པོ་ལ་སོགས་པའི་བྱེ་བྲག་ཏུ་ཐ་དད་པའི་ངོ་བོ་ལྟ་བུར་སྣང་ངོ་། །ཇི་སྟེ་ས་ལ་ཆུ་དང་སྣོད་ཀྱི་བྱེ་བྲག་དེ་མེད་ན་ནི་ཇི་ལྟར་ཤིན་ཏུ་བསྒྲིམས་ཏེ་དམིགས་པར་འདོད་ཀྱང་དམིགས་པར་མི་
འགྱུར་ལ། ནམ་མཁའ་ཡང་ཇི་ལྟར་ཡང་ཐ་དད་པར་འགྱུར་བ་མེད་དོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་ཡང་རང་གི་ངོ་བོས་གཟུགས་བརྙན་ཐ་དད་པའི་ངོ་བོ་ཉིད་མེད་པ་འདི་ཡང་ཐ་དད་པའི་ངོ་བོ་ཉིད་ལྟ་བུ་སྣང་མོད་ཀྱི། འོན་ཀྱང་དེ་ལ་ནི་ཐ་དད་པ་ཤིན་ཏུ་ཆ་ཕྲ་བ་ཅི་ཡང་མེད་དོ། །
དེའི་ཕྱིར། དེ་བཞིན་གཟུགས་བརྙན་ཐ་དད་པ། །གདུལ་བའི་བསམ་པའི་བྱེ་བྲག་གིས། །ཆོས་ཀྱི་སྐུ་ལས་སྣང་མོད་ཀྱི། །དེ་ནི་ཐ་དད་འགྱུར་བ་མེད། །ཅེས་བྱ་བ་སྨོས་སོ། །རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་མཐའ་དག་ནི་དོན་མཛད་པ་སྒྲུབ་པ་འདི་ཡོད་དོ་ཞེས་ངེས་
པར་ཁས་བླང་བར་བྱའོ། །དེ་ལྟར་མ་ཡིན་ན་ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱི་བྱེ་བྲག་གིས་གདུལ་བའི་རིས་ཀྱི་རྣམ་པ་མཐའ་ཡས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་དང་། ཕྲ་བ་དང་། རགས་པ་དང་། རྟག་པ་དང་། མི་རྟག་པ་དང་། ཡོད་པ་

དང་། མེད་པ་ལ་སོགས་རྣམ་པར་རྟོག་པ་སྣ་ཚོགས་ཀྱིས་ཐ་དད་པའི་ཤེས་པའི་ཚོགས་དང་། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཅིག་ཅར་འཇུག་པར་ཇི་ལྟར་འགྱུར། ཤེས་བྱ་ཅིག་ཅར་ཡོངས་སུ་མ་བཅད་ན་ཡང་ཐམས་ཅད་མཁྱེན་པ་ཞེས་ཇི་སྐད་དུ་
བྱ། དུས་ཐ་དད་པར་གདུལ་བ་རྣམས་ཀྱི་བསམ་པ་ལ་གཟིགས་པར་ཡང་ཇི་ལྟར་འགྱུར་ཏེ་དེ་བསྟན་པའི་ཕྱིར། གལ་ཏེ་མི་རྟོག་དེ་ལྟར་མིན། །སངས་རྒྱས་གཞན་དོན་མཛད་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ། དེ་ལྟར་ཁས་མི་ལེན་ན། བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་ས་གསུམ་གྱི་བླ་མའི་ཐམས་ཅད་མཁྱེན་པ་ཉིད་ཀྱང་བརྩལ་བར་འགྱུར་ལ། གཞན་གྱི་དོན་ཀྱང་ཉམས་པར་བརྗོད་པར་འགྱུར། ཞེས་བསྟན་པར་འགྱུར་རོ་ཞེས་དེ་སྐད་བསྟན་པར་འགྱུར་ཏེ་དེའི་ཕྱིར། དེ་ལྟ་ན་ནི་ཀུན་མཁྱེན་ཉིད། །མ་གྲུབ་པས་ནི་གཞན་དོན་
ཉམས། །ཞེས་བྱ་བ་སྨོས་ཏེ། དེ་ལྟར་དམ་བཅས་པ་བརྟན་པོར་བྱས་ནས། ད་ནི་དེ་བསྒྲུབ་པའི་ཕྱིར། སྟོན་པ་ཀུན་མཁྱེན་ཉིད་དུ་ནི། །ཅིག་ཅར་རམ་རིམ་གྱིས་བརྟག་གྲང་ན། །ཞེས་བྱ་བ་སྨོས་ཏེ། བདེ་བར་གཤེགས་པའི་ཐམས་ཅད་མཁྱེན་པ་ཉིད་གང་བརྗོད་པ་དེ་ཤེས་བྱ་ཡོངས་སུ་
གཅོད་པར་བྱེད་པའི་མཁྱེན་པ་བརྙེས་པས་ཏེ། ཅིག་ཅར་དུ་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་མཁྱེན་པ་མངོན་སུམ་དུ་གྱུར་པའི་ཕྱིར་རམ། འོན་ཏེ་རིམ་གྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་མཁྱེན་པ་མངོན་སུམ་དུ་གྱུར་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ་གྲང་ཞེས་དེ་སྐད་བསྟན་ཏོ། །
དངོས་པོ་ལ་མངོན་པར་ཞེན་པ་ཅན་ཁྱོད་ཀྱི་དེ་གཉི་ག་ཡང་རིགས་པས་མི་རུང་སྟེ་དེའི་ཕྱིར། དོན་སྨྲ་རྣམས་ལ་རིགས་པས་ནི། །གཉི་ག་ལྟར་ཡང་དེ་མི་འགྲུབ། །ཅེས་བྱ་བ་སྨོས་ཏེ། གང་གིས་འགྲུབ་པ་མེད་པའི་རིགས་པ་དེ་གང་ཞེ་ན། དེའི་ཕྱིར། ཡོད་མེད་ཡུལ་ལ་
ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཤེས་བྱ་ནི་ཡོད་པ་འམ་མེད་པའི་ཤེས་བྱ་རྣམ་པ་གཉིས་སུ་ཟད་པས་རྣམ་པར་རྟོག་པ་གསུམ་པ་མེད་པའི་ཕྱིར། ཤེས་བྱ་ཐམས་ཅད་ནི་འདི་གཉིས་ལས་མི་འདའོ། །ཡོད་པ་ལ་ཡང་ཡོད་པ་དང་། མེད་པ་ལ་ཡང་མེད་པར་ཤེས་

ན་ཤེས་བྱ་ཐམས་ཅད་ཡོངས་སུ་གཅོད་པའི་ཤེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་ན། ཕན་ཚུན་མི་མཐུན་པའི་ཕྱིར་དེ་གཉིས་ཇི་ལྟར་ངས་གཅིག་ཏུ་ཡོངས་སུ་གཅད་པར་འགྱུར་ཏེ་དེའི་ཕྱིར། ཅིག་ཅར་འཇུག་པར་མི་ནུས་སོ། །ཇི་ལྟར་གཅིག་པུའི་མཚན་ཉིད་
དེ། །སྣ་ཚོགས་དོན་ལ་དམིགས་པར་འདོད། །ཅེས་བྱ་བ་སྨོས་ཏེ། ཡོད་པ་དང་མེད་པའི་ཡུལ་ལ་ཡེ་ཤེས་ཅིག་ཅར་འཇུག་པར་མི་ནུས་སོ། །དེའི་སེམས་ཀྱི་མཚན་ཉིད་ཇི་སྙེད་པ་ནི་གཅིག་ཡིན་ལ། ཤེས་བྱ་ཐམས་ཅད་ལ་ཅིག་ཅར་ཁྱབ་པའི་མཁྱེན་པ་བརྙེས་པའི་
ཕྱིར་ཅིག་ཅར་དུ་ཐམས་ཅད་མཁྱེན་པར་ཡང་འདོད་དེ། དེའི་ཕྱིར་འདི་ལྟར་ཤེས་པའི་སྐད་ཅིག་གཅིག་ནི་དོན་སྣ་ཚོགས་ལ་དམིགས་པར་མི་རུང་ངོ་། །ཇི་སྟེ་དེ་ལྟར་འདོད་ན་ཅིའི་ཕྱིར་སེམས་གཅིག་དོན་སྣ་ཚོགས་ལ་དམིགས་པར་མི་འགྱུར་ཞེ་ན། སྨྲས་པ། མིག་ལ་
སོགས་པའི་རྣམ་པར་ཤེས་པ་ནི་རེ་ཞིག་རང་གི་ཡུལ་ངེས་པའི་ཕྱིར་ཡུལ་ཡོངས་སུ་བཅད་པ་སྟེ། དེའི་ཕྱིར་དེས་དོན་སྣ་ཚོགས་ཇི་ལྟར་འཛིན། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་འགགས་མ་ཐག་པའི་ཡུལ་ལ་ཅིག་ཅར་མི་འཇུག་གི །སྤྱིའི་རྣམ་པར་དེ་འཇུག་སྟེ། །
སྤྱིའི་རྣམ་པར་ཡོངས་སུ་གཅོད་པའི་ཤེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་ཁས་བླང་བར་མི་ནུས་ཏེ། ཐམས་ཅད་ཀྱང་དེ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཟག་པ་མེད་པའི་ཤེས་པ་བདེན་པ་བཞིས་བསྡུས་པའི་ཆོས་ཤེས་པ་ལ་སོགས་པ་ཡོད་པ་
དེ་ཡང་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཡུལ་ལ་དམིགས་པ་ཉིད་ཡིན་པས། ཡུལ་སོ་སོར་ངེས་པ་ཉིད་ཡིན་པར་ཁས་བླང་དགོས་སོ། །ཀུན་རྫོབ་ཤེས་པ་ནི་རེས་འགའ་འབྱུང་བ་སྟེ། དེ་ཡང་ཟག་པ་མེད་པའི་རྗེས་ལ་ཐོབ་པ་ཡིན་པའི་
ཕྱིར་ཡུལ་ཐམས་ཅད་ལ་དམིགས་པར་མི་འདོད་དོ། །སུ་གང་དག་ཐམས་ཅད་མཁྱེན་པ་ཡིན་པར་འདོད་པ་དེའི་ཡང་རིགས་པ་མ་ཡིན་ཏེ། གང་ཟག་ཏུ་སྨྲ་བ་དེ་དག་ནི་འདི་སྐད་དུ་ཤེས་པ་ལ་བརྟེན་ནས་གང་ཟག་གིས་ཤེས་སོ་ཞེས་བྱའོ་ཞེས་འཛེར་ཏེ། ཤེས་པ་དེ་ཡང་

དཔྱད་ན་ཇི་སྐད་སྨོས་པའི་ཤེས་པའི་ནང་དུ་འདུས་པ་ཉིད་དོ། །དེ་ལྟར་ན་རེ་ཞིག་ཅིག་ཅར་གྱིས་ཐམས་ཅད་མཁྱེན་པ་ཉིད་མེད་དོ། །དེ་ལྟ་ཡིན་དུ་ཟིན་ཀྱང་རིམ་གྱིས་ཡུལ་ཡོངས་སུ་གཅོད་དེ། ཤེས་པ་དེ་འཇུག་པ་ན་ཤེས་བྱ་མ་ལུས་པ་ཡོངས་སུ་སྤྱོད་པའི་
ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་འགྲུབ་བོ་ཞེ་ན། དེའི་ཕྱིར། དེ་ལྟ་མིན་ན་དུས་གཅིག་ན། །གདུལ་བ་མང་པོ་རྣམས་ཀྱི་དོན། །ཉམས་པར་འགྱུར་ལ་སྟོན་པ་ཡི། །ཀུན་མཁྱེན་ཉིད་ནི་བཏགས་ཡིན་འགྱུར། །ཞེས་བྱ་བ་སྨོས་སོ། །དུས་གཅིག་ཁོ་ནར་གདུལ་བ་རྣམས་ཀྱི་བསམ་
པ་དང་། བག་ལ་ཉལ་ལ་སོགས་པ་བརྟགས་ནས་ཆོས་བཤད་པ་ལ་སོགས་པས་དོན་བྱ་དགོས་ན། དེ་ནི་དེ་ལྟར་གྱུར་པས་ཇི་སྲིད་དུ་གཅིག་ལ་རྟོག་པ་དེ་སྲིད་དུ་གཞན་འདའ་བར་འགྱུར་ཏེ། དེའི་ཕྱིར་གདུལ་བ་མང་པོ་རྣམས་ཀྱི་དོན་ཉམས་པར་འགྱུར་རོ། །ཇི་སྟེ་རྒྱུན་གྱིས་ནུས་པའི་ཕྱིར་དཔེར་
ན་མེས་ཐམས་ཅད་སྲེག་པ་བཞིན་ཏེ། ཅིག་ཅར་ཐམས་ཅད་རིགས་པ་མ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཡང་དེ་ལྟར་བལྟ་བར་བྱའོ་ཞེ་ན། དེ་ལྟ་ན་ནི་དངོས་སུ་མེད་པའི་ཕྱིར་སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ནི་བཏགས་པ་ཡིན་པར་ཁས་བླངས་པར་འགྱུར་རོ། །གལ་ཏེ་ཤེས་
བྱ་རྣམ་པ་དུ་མ་ཡོད་པ་ཐམས་ཅད་དུས་གཅིག་ཏུ་ཡོངས་སུ་གཅོད་ན་ནི་དེ་ལྟ་ན་ཐམས་ཅད་ཐུགས་སུ་ཆུད་པ་ཞེས་བྱ་བས་ཐམས་ཅད་མཁྱེན་པའི་སྒྲ་དངོས་སུ་འགྱུར་རོ། །དེ་ཡི་ཕྱིར་ན་སྟོན་པ་ཡི། །ཀུན་མཁྱེན་ཉིད་ནི་བཏགས་ཡིན་འགྱུར། །ཞེས་བྱ་བ་སྨོས་སོ། །འོ་ན་ཐམས་ཅད་མཁྱེན་
པ་ཇི་ལྟ་བུ་ཡིན་ཞེ་ན། དེ་བསྒྲུབ་པའི་ཕྱིར། དུས་གསུམ་ཤེས་བྱ་ཐ་དད་ཀུན། །གང་ཕྱིར་གཉིས་མེད་མཚན་ཉིད་དུ། །དེ་མཁྱེན་བཅོམ་ལྡན་འདས་དེའི་ཕྱིར། །ཅིག་ཅར་ཐམས་ཅད་མཁྱེན་པར་འདོད། །ཅེས་བྱ་བས་རང་གི་ལྟ་བ་སྟོན་པར་བྱེད་དེ། གང་གི་ཕྱིར་དུས་གསུམ་
ལ་སོགས་པ་ཤེས་བྱ་ཐ་དད་པ་ཐམས་ཅད་གཟུང་བ་དང་འཛིན་པའི་རྣམ་པར་མི་དམིགས་པའི་ཚུལ་དུ་ཅིག་ཅར་མཁྱེན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ནི་སྔར་མཛད་ཟིན་པར་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྤྲོས་པ་མེད་པའི་ཚུལ་གྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་མཁྱེན་

པ་བརྙེས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྣམ་པར་རྟོག་པ་མི་མངའ་ཞིང་རྣམ་པར་མི་རྟོག་པའི་མཁྱེན་པ་དང་ལྡན་ནོ་ཞེས་བརྗོད་དོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་རྣམ་པར་མི་རྟོག་པ་ཡིན་ན་ཅིའི་ཕྱིར་མདོ་གཞན་ལས། བྱིས་པ་རྣམས་ནི་རྟོག་མེད་
འདོད། །དེ་བཞིན་གཤེགས་རྣམས་རྟོག་དང་བཅས། །ཞེས་གཞན་དུ་བསྟན་ཞེ་ན། དེ་བསྟན་པའི་ཕྱིར། ལོག་པ་གཉིས་སུ་ལྟ་བ་ཡི། །བྱིས་པ་རྣམས་ནི་རྟོག་མེད་འདོད། །གཉིས་མེད་ཡང་དག་ཡོད་གཟིགས་པ། །སྟོབས་བཅུ་རྣམས་ནི་རྣམ་རྟོག་བཅས། །ཞེས་
བྱ་བ་སྨོས་ཏེ། ལོག་པར་གཉིས་སུ་ལྟ་བ་ཡོངས་སུ་གཅོད་པའི་ཕྱིར་རོ། །གཉིས་སུ་མེད་པའི་ཡང་དག་པར་ཡོད་པ་གཟུང་བ་དང་། འཛིན་པ་ལ་སོགས་པ་ལས་རྣམ་པར་གྲོལ་བ་གཟིགས་པས་རྒྱལ་བ་རྣམས་ནི་རྣམ་པར་རྟོག་པ་དང་བཅས་པ་ཞེས་བརྗོད་དོ། །དེ་ལྟར་ཞར་
ལས་བྱུང་བ་ཡོངས་སུ་རྫོགས་པར་བྱས་ནས་སྐབས་ཉིད་དང་སྦྱར་བའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་གི །བྱ་བ་གང་ཚེ་སྣང་གྱུར་ན། །དོན་བཞིན་ཡོངས་སུ་རྟོག་པ་ཡི། །དེ་ནི་ཅིའི་ཕྱིར་འབྱུང་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། གཞན་གྱིས་སངས་རྒྱས་འཇིག་རྟེན་ལས་འདས་
པའི་ཡེ་ཤེས་བརྙེས་པས་རྣམ་པར་མི་རྟོག་པ་རྣམས་ཀྱི་གདུལ་བའི་དོན་མཛད་པ་ཕུན་སུམ་ཚོགས་པ་སྣ་ཚོགས་པར་ཇི་ལྟར་འགྱུར་ཞེས་དེ་སྐད་བརྒལ་བ་དེ་ལ་ཉི་མ་ལ་སོགས་པའི་དཔེ་བཀོད་པ་ལ་སོགས་པས་ལན་བཏབ་ཟིན་ཏོ། །གཞན་འདི་ཡང་བརྗོད་དེ་ཡང་དག་པ་མ་ཡིན་
པ་ཀུན་རྟོག་པ་བརྫུན་པ་ཡིན་པ་ལ་ཡང་བྱ་བ་ཕུན་སུམ་ཚོགས་པ་སྣ་ཚོགས་དག་སྣང་ན་ཡང་དག་པ་ཇི་ལྟ་བ་བཞིན་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པ་དེ་བཞིན་ཉིད་ལ་གནས་པའི་དོན་མཛད་པ་དེ་ལྟ་སྨོས་ཀྱང་ཅི་དགོས་ཏེ། །ཅིའི་ཕྱིར་མི་འབྱུང་། ཡང་དག་པ་མི་ཡིན་པ་
ལ་ཀུན་རྟོག་པ་ལ་ནི་ཐོག་མ་མེད་པའི་དུས་ནས་ཀུན་གཞི་རྣམ་པར་ཤེས་པ་ལ་ས་བོན་རྣམ་པ་སྣ་ཚོགས་གནས་པའི་ནུས་པ་ཡོངས་སུ་སྨིན་པའི་དབང་གིས་ཐ་སྙད་གདགས་པའི་བྱ་བ་སྣ་ཚོགས་འགྲུབ་ཏུ་རུང་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ནི་ས་བོན་མེད་པ་ཁོ་ན་ཡིན་ན་འདི་ལས་ཇི་

ལྟར་ཐ་སྙད་ཀྱི་རྣམ་པ་བླ་ན་མེད་པ་དུ་མ་འགྲུབ་པར་འགྱུར་ཞེ་ན། དེའི་ཕྱིར། ཐ་སྙད་གདགས་པ་བྱ་བའི་རྒྱུ། །རྣམ་པར་རྟོག་པ་འཇུག་པ་ཡི། །རྟེན་ནི་རྩ་བའི་སེམས་ཡིན་ཏེ། །རྩ་བའི་ཡན་ལག་དེར་འདོད་ལྟར། །དུ་མའི་མཐུ་ལྡན་མི་རྟོག་པའི། །ཡེ་
ཤེས་འཇུག་པའི་གནས་ཡིན་པས། །དེ་ཡི་དབང་གིས་དེ་བཞིན་ཉིད། །དག་པ་རྩ་བའི་རྒྱུར་འདོད་དོ། །ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་སྐད་དུ་ཐ་སྙད་གདགས་པར་བྱ་བའི་རྒྱུར་གྱུར་པའི་རྣམ་པར་རྟོག་པ་འཇུག་པའི་རྟེན་ཀུན་གཞི་རྣམ་པར་ཤེས་པ་ཡིན་པར་འདོད་དེ། དེ་ལ་ས་བོན་
གནས་པའི་ཕྱིར་དེ་ནི་རྩ་བའི་ཡན་ལག་ཡིན་པ་ཇི་ལྟ་བ་དེ་བཞིན་དུ། དེ་བཞིན་ཉིད་རྣམ་པར་དག་པ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐུ་དུ་མ་དང་ལྡན་པ་འབྱུང་བའི་རྟེན་གྱི་དངོས་པོར་རྩ་བའི་ཡན་ལག་ཡིན་པར་འདོད་པར་བྱ་སྟེ། ཕན་ཚུན་གྱི་དབང་གིས་སོ་ཞེས་དེ་སྐད་བསྟན་པར་
འགྱུར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་བརྙེས་པ་རྣམས་ནི་འབྱོར་པ་དུ་མ་དང་ལྡན་ལ། གཞན་སོ་སོའི་སྐྱེ་བོ་རྣམས་ནི་དེ་ལྟར་མ་ཡིན་པ་དེ་ཇི་ལྟ་བུ་ཞེ་ན། རྣམ་པ་དུ་མར་འཇུག་པས་ན། །རྣམ་རྟོག་ཀུན་དུ་སོང་བའི་ཕྱིར། །དེ་རྣམས་འཇིག་པས་ཡེ་ཤེས་ནི། །དེ་ལྟ་བུ་ཡི་
དབང་འབྱོར་ལྡན། །ཞེས་བྱ་བ་སྨོས་སོ། །ཡང་ན་ཡེ་ཤེས་ཅན་རྣམས་ཀྱི་དབང་འབྱོར་ཕུན་སུམ་ཚོགས་པ་དེ་ཇི་ལྟར་གློ་བུར་དུ་རྩོལ་བ་མེད་པར་ཅིག་ཅར་དུ་སྣང་། འདི་ལ་རྒྱུ་ནི་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར། རྣམ་པ་དུ་མར་འཇུག་པས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
རྒྱུ་ཇི་ལྟ་བ་དེ་བཞིན་དུ་འབྲས་བུ་འབྱུང་བས་དེ་ནི་ཀླན་ཀར་མི་རུང་ངོ་། །དེ་ནི་འདི་སྐད་དུ་རྣམ་པ་དུ་མར་འཇུག་པ་དང་ལྡན་པའི་རྣམ་པར་རྟོག་པ་ཀུན་དུ་འགྲོ་བ་རྣམ་པར་བཤིག་པས་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཕྱིར་ཡེ་ཤེས་ཀྱང་དེའི་རྣམ་པ་ཁོ་ནར་དབང་འབྱོར་ཕུན་སུམ་ཚོགས་
པས་བསྡུས་པ་བརྙེས་ཏེ། གང་ལ་དབང་འབྱོར་རྣམ་པ་དེ་ལྟ་བུ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །འདི་བསྐལ་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དང་། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཞེས་རྣམ་པར་གཞག་པ་འདི་སྐུ་གསུམ་འདི་ལ་ཡོད་དམ།

འོན་ཏེ་ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པ་ཞེས་བརྗོད་པ་སྐུ་གང་ལ་ཡང་མ་གཏོགས་པ་གང་ཞིག་ཡིན་ནམ་ཞེ་ན། དེའི་ཕྱིར། ཕུང་པོར་བཅས་པའི་མྱ་ངན་འདས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐུབ་སྐུ་གཉིས་ལ། ཞེས་བྱ་བ་ནི་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་
པའི་སྐུ་ལའོ། །དེ་ལ་བཞག་པ་ཡིན་པ་ནི་རྣམ་པར་བཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ལ་སྩོགས་པའི་སྐུར་ཀུན་དུ་སྣང་བའི་ཕྱིར་ཕུང་པོ་རྣམས་ཏེ་ཕུང་པོ་དག་ཡིན་པའི་ཕྱིར་རོ། །ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་ཆོས་ཀྱི་སྐུ་ལ་རྣམ་པར་
གཞག་སྟེ། དེ་ཇི་ལྟ་བུ་ཞེ་ན། ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་བྱ་བ་སྨོས་ཏེ། དེ་ལ་སྤྲོས་པ་མེད་པའི་དངོས་པོ་ཐམས་ཅད་མེད་པའི་ཕྱིར་རོ། །དེ་ལྟར་ཉན་ཐོས་དང་ཐུན་མོང་བའི་མྱ་ངན་ལས་འདས་པ་བརྗོད་པ་ཁས་བླངས་ཏེ་བསྟན་ཏོ། །
ད་ནི་བླ་ན་མེད་པའི་མྱ་ངན་ལས་འདས་པ་བསྡུ་བའི་ཕྱིར། མི་གནས་མྱ་ངན་འདས་པ་ཡི། །ཁྱད་པར་བརྙེས་པ་སྐྱོབ་རྣམས་ཀྱི། །སྐུ་གསུམ་འདི་དག་ཉིད་ཀྱིས་ནི། །བསྡུས་པ་ཡིན་པར་རིག་པར་བྱ། །ཞེས་བྱ་བ་སྨོས་ཏེ། མི་གནས་མྱ་ངན་འདས་པ་ཡི། །ཁྱད་པར་བརྙེས་
པ་སྐྱོབ་རྣམས་ཀྱི། །ཞེས་བྱ་བ་ནི་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་རབ་ཀྱི་མཐར་གཤེགས་པས་གོ་རིམས་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཡང་མི་བཞུགས་ཏེ། འདི་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པའོ། །ཇི་ལྟར་བསྡུས་ཤེ་ན། དེའི་
ཕྱིར། སྐུ་གཉིས་ཀྱིས་ནི་སངས་རྒྱས་རྣམས། །མྱ་ངན་འདས་ལ་བཞུགས་མི་འདོད། །ཆོས་ཀྱི་སྐུ་ཡིས་དེ་དག་རྣམས། །འཁོར་བ་ལ་ཡང་བཞུགས་མི་འདོད། །ཅེས་བྱ་བ་སྨོས་ཏེ། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པས་མྱ་ངན་ལས་འདས་པ་ལ་ཞུགས་པར་མི་འདོད་དོ། །
དེ་གཉིས་ནི་བདེན་པ་མ་ཡིན་པའི་ཕྱིར་དེ་གཉིས་ནི་གདུལ་བའི་དོན་དུ་ཆོས་ཀྱི་སྐུའི་དབང་དེ་ལས་སྣང་བའི་ཕྱིར་རོ། །ཆོས་ཀྱི་སྐུས་ནི་འཁོར་བ་ལ་བཞུགས་པར་མི་འདོད་དེ་སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་ཏེ། འཁོར་བ་ནི་སྤྲོས་པའི་དངོས་པོའི་རྟེན་ཡིན་པའི་ཕྱིར་

རོ། །དེ་ལྟར་ན་སངས་རྒྱས་རྣམས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཁྱད་པར་བརྙེས་པ་ཡིན་ནོ། །ཅི་སྐུ་གསུམ་པོ་འདི་དག་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནམ་འོན་ཏེ་དངོས་པོའི་བདག་ཉིད་ཡིན། ཕན་ཚུན་ཐ་དད་པ་མ་ཡིན་ནམ་ཐ་དད་པའི་བདག་ཉིད་
ཡིན། གཉིས་ནི་བརྫུན་པ་ཡིན་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་དུ་ཡང་དོགས། ཆོས་ཀྱི་སྐུ་ཡོད་པའི་ཕྱིར་དང་། གཉིས་པོ་དང་ཐ་མི་དད་པའི་ཕྱིར་ཡོད་པའི་བདག་ཉིད་ཡིན་དུའང་དོགས་པའི་ས་བོན་ཡོད་པས་དེའི་ཕྱིར། སྐུ་གསུམ་པོ་ནི་དེ་དག་ཀྱང་། །ཡོད་མིན་མེད་
པའང་མ་ཡིན་ལ། །དེ་དག་ཕན་ཚུན་གཅིག་པའམ། །ཐ་དད་མིན་པར་འདོད་པ་ཡིན། །ཞེས་བྱ་བ་སྨོས་ཏེ། ཡོད་པ་དང་མེད་པའི་ཕྱིར་ཡོད་པའམ་མེད་པར་བརྗོད་པར་མི་ནུས་སོ། །སྤྲུལ་པའི་སྐུ་ནི་གདུལ་བའི་དགོས་པ་ཇི་སྲིད་པ་ཙམ་དུ་བཞུགས་པས་ཡོད་པ་མ་ཡིན་ནོ། །ལོངས་
སྤྱོད་རྫོགས་པའི་སྐུ་ཡང་དེ་དང་འདྲའོ། །ཆོས་ཀྱི་སྐུ་ནི་འཁོར་བ་ཇི་སྲིད་པར་བཞུགས་པས་མེད་པ་ཡང་མ་ཡིན་ནོ། །དེ་དག་ནི་ཕན་ཚུན་དུ་ཐ་དད་པའམ། གཅིག་པར་ཡང་མི་འདོད་དེ་ཇི་ལྟར་གཅིག་པ་ཉིད་མ་ཡིན་ཞེ་ན། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་ནི་གདུལ་བའི་བསམ་པ་ཇི་
ལྟ་བ་བཞིན་དུ་སྤྲོས་པའི་ཡུལ་གྱི་དངོས་པོར་འགྲོ་བའི་ཕྱིར་དང་ཆོས་ཀྱི་སྐུ་ནི་སྤྲོས་པ་མེད་པའི་ཕྱིར་རོ། །ཐ་དད་པ་ཡང་མ་ཡིན་པ་ནི་དེའི་དབང་གི་སྟོབས་ཀྱིས་དེ་གཉིས་འབྱུང་བའི་ཕྱིར་དང་གུད་ན་མེད་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡོད་པའི་ཕྱིར་རོ། །
གསུང་རབ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བདེ་བ་མཆོག་དང་ལྡན་པ་ཡིན་ནོ་ཞེས་འབྱུང་ན། སྤྲོས་པ་མེད་པར་ཞུགས་པ་རྣམས་ལ་བརྗོད་པ་འདི་ཇི་ལྟར་རིགས་ཤེ་ན་དེའི་ཕྱིར། ཆོས་སྐུ་བརྙེས་པར་གྱུར་པ་ཡི། །སངས་རྒྱས་རྣམས་ནི་ཀུན་རྟོག་ཀུན། །རྣམ་པ་ཀུན་དུ་ཆད་
པའི་ཕྱིར། །མཆོག་ཏུ་བདེ་བ་ཡིན་ཞེས་བརྗོད། །ཅེས་བྱ་བ་སྨོས་སོ། །ཡང་ན་ཐ་དད་པ་ལ་སོགས་པར་རྣམ་པར་བརྟག་པ་འདིས་ཅི་ཞིག་བྱ་སྟེ། དེས་བདེ་བ་མཆོག་ཅེས་དེ་ཙམ་ཞིག་བརྗོད་པར་ནུས་སོ་ཞེས་བསྟན་པའི་ཕྱིར། ཆོས་སྐུ་བརྙེས་པར་གྱུར་པ་ཡི། །ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། དེ་ནི་འདི་སྐད་དུ་ཚོར་བ་ཐམས་ཅད་མེད་པའི་ཕྱིར་དེ་ན་བདེ་བའི་ཚོར་བ་ནི་མེད་ཀྱི། རབ་ཏུ་ཞི་བའི་བདེ་བ་འབའ་ཞིག་གོ་ཞེས་དེ་སྐད་བསྟན་པར་འགྱུར་རོ། །རྣམ་པ་གང་གིས་དེ་བདེ་བ་ཞེས་བྱ་ཞེ་ན། གང་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་འདི་ཡང་དག་པའི་
བདེ་བའོ། །བདེ་བའི་ཚོར་བ་ནི་སྡུག་བསྔལ་དང་འབྲེལ་བའི་ཕྱིར་བདེ་བ་ཉིད་དུ་ཡོད་པ་མ་ཡིན་ན། འཁྲུལ་པས་བདེ་བ་སྙམ་དུ་སེམས་སོ། །སྐུ་གསུམ་པོ་དེ་དག་གི་མཚན་མ་དེ་དག་ཅི་དེ་དག་དོན་ལ་མི་ལྟོས་པ་དག་ཅིག་གམ། འོན་ཏེ་དོན་དང་མཐུན་པ་དག་ཅིག་ཅེ་ན།
དེའི་ཕྱིར། ལོག་ཡིན་དེ་ལྟར་སྣང་ཕྱིར་དང་། །ལོངས་སྤྱོད་རྫོགས་པ་གཉིས་མཛད་དང་། །སངས་རྒྱས་ཆོས་ཀྱི་རྟེན་ཡིན་ཕྱིར། །དེ་དག་མཚན་ནི་གོ་རིམས་བཞིན། །ཞེས་བྱ་བ་སྨོས་སོ། །སྤྲུལ་པ་དེ་ནི་ལོག་པ་ཡིན་ཡང་། ཡང་དག་པ་མ་ཡིན་བཞིན་དུ་སྤྲུལ་པ་གཞན་
ལྟར་དེ་ལྟ་བུའི་དངོས་པོར་སྣང་སྟེ། སངས་རྒྱས་ལ་སོགས་པའི་གཟུགས་སུ་སྣང་བའི་ཕྱིར་མཚན་དེ་ནི་དོན་ཇི་ལྟ་བ་བཞིན་ནོ། །རྣམ་པ་གཉིས་ལ་ལོངས་སྤྱོད་རྫོགས་པར་མཛད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད་པ་ཡང་དོན་ཇི་ལྟ་བ་ཁོ་ན་བཞིན་ནོ། །ལོངས་སྤྱོད་
རྣམ་པ་གཉིས་ནི་སངས་རྒྱས་ཀྱི་ཞིང་ཤིན་ཏུ་ཡོངས་སུ་དག་པ་ལ་ལོངས་སྤྱོད་རྫོགས་པ་དང་ཐེག་པ་ཆེན་པོའི་དམ་པའི་ཆོས་ཟབ་མོ་བླ་ན་མེད་པ་ལ་ལོངས་སྤྱོད་རྫོགས་པའོ། །ལོངས་སྤྱོད་རྫོགས་པར་བྱ་བའི་འབྱུང་བའམ་ཡང་ན་དེའི་དགོས་པ་ལོངས་སྤྱོད་རྫོགས་པ་ཡིན་པས་ལོངས་སྤྱོད་
རྫོགས་པའོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་གྱི་དངོས་པོར་ཡོད་པའི་ཕྱིར་དོན་ཇི་ལྟ་བ་ཁོ་ན་བཞིན་ནོ། །བཅོམ་ལྡན་འདས་སྤྲོས་པ་མ་མཆིས་པའི་དབྱིངས་ལ་སངས་རྒྱས་ཀྱི་ཆོས་རྣམས་ཇི་ལྟ་བུ་ལགས་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་
དཔལ་དགོས་པ་འགྲུབ་པའི་ཕྱིར་རོ་ཞེས་གསུངས་ཏེ། དེ་ནི་འདི་སྐད་དུ་ཆོས་ཀྱི་སྐུ་སྤྲོས་པའི་དངོས་པོ་ཐམས་ཅད་ལས་ཡང་དག་པར་འདས་པའི་སྐུ་ཡིན་ཡང་། སྔོན་གྱི་སྨོན་ལམ་གྱི་ཤུགས་ཡོངས་སུ་འཛིན་པའི་དབང་གིས་གདུལ་བ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་བསྐྱེད་

པའི་ཕྱིར་སངས་རྒྱས་ཀྱི་ཆོས་དེ་དང་དེ་དག་བདག་ཉིད་དེ་དང་དེས་དགོས་པ་སྒྲུབ་པར་མཛད་དོ་ཞེས་དེ་སྐད་བསྟན་པར་འགྱུར་རོ། །འོ་ན་སྐུ་གསུམ་པོ་དེ་དག་ཇི་ལྟར་གདགས། །དེ་དག་གང་ལས་ཐོབ་པར་འགྱུར། །དེ་དག་གང་གིས་བསྡུས་ཤེ་ན། །དེའི་ཕྱིར།
ངོ་བོ་ཉིད་ནི་རྣམ་གསུམ་པོ། །ཡོངས་སུ་ཤེས་དང་སྤངས་དག་པས། །སྐུ་གསུམ་པོ་དག་འཐོབ་འགྱུར་ཏེ། །ཞེས་བྱ་བ་སྨོས་ཏེ། ཀུན་བརྟགས་པ་ལ་ནི་སྤང་བ་མེད་པའི་ཕྱིར། ཡོངས་སུ་ཤེས་པས་སྤྲུལ་པའི་སྐུ་འཐོབ་བོ། །གཞན་གྱི་དབང་རྟེན་ཅིང་འབྲེལ་པར་འབྱུང་བའི་
མཚན་ཉིད་སྤངས་པས་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་སྟེ། འཁྲུལ་པས་ཡུལ་ལ་སྤྱོད་པར་ཞུགས