Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 105
Văn bản gốc(Tây Tạng)
Trang 20 / 22 (50.000 ký tự/trang)
་པ་དེ་གཏོང་བ་དེ་ནི་ཕས་ཕམ་པས་ལྟུང་བ་ལྕི་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཕས་ཕམ་པའི་ལྟུང་བ་ནི་བྱུང་དུ་ཟིན་ཀྱང་སེམས་བསྐྱེད་པ་མ་བཏང་ན་ལས་བྱ་བ་གཙོ་བོ་སེམས་ཅན་གྱི་དོན་བྱེད་པ་ལས་ཉམས་པར་མི་འགྱུར་ལ། སེམས་བསྐྱེད་པ་བཏང་ན་ནི་ཉམས་པར་འགྱུར་བའི་ཕྱིར་ཏེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་ཀྱང་། སེམས་བསྐྱེད་པ་གཏོང་བ་རྩ་བའི་ལྟུང་བ་ཤིན་ཏུ་ལྕི་བ་ཉིད་དུ་བསྟན་པའི་ཕྱིར་རོ། །འོན་ཏེ་བདག་ཉིད་ཀྱི་སེམས་བསྐྱེད་པ་བཏང་བ་འབའ་ཞིག་ལྟུང་བ་ལྕི་བ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གཞན་དག་སྨོན་པའི་སེམས་བསྐྱེད་པར་འདོད་པའི་བར་ ཆད་བྱས་སམ། གཞན་དག་སེམས་བསྐྱེད་པ་ལས་བཟློག་སྟེ། ཐེག་པ་དམན་པར་སེམས་བསྐྱེད་དུ་བཅུག་ན་ཡང་། ནམ་མཁའི་སྙིང་པོའི་མདོ་ལས་ཇི་སྐད་དུ་གསུངས་པ་བཞིན་དུ་རྩ་བའི་ལྟུང་བར་འགྱུར་བས། གང་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཟག་དེ་གདུལ་བར་བྱ་བ་ མཐའ་དག་གིས་བདེ་བར་ཉམས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་དེ་ལྟར་རེས་འགའ་སེམས་བསྐྱེད་པ་བཏང་བ་ཡང་རེས་འགའ་སེམས་བསྐྱེད་པ་བྱས་ན་རུང་ངམ་ཞེ་ན། རུང་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོབས་དང་ལྡན་པའི་ལས་གཉིས་ འདྲ་ན་མར་སྤྱད་པའི་ཕྱིར་མཐོ་རིས་དང་ངན་སོང་དུ་རེས་ཀྱིས་ཉམས་སུ་མྱོང་བར་འགྱུར་གྱི། དགེ་བའི་ལས་ཐང་ཆོད་པར་ཡོངས་སུ་རྫོགས་པར་མ་བྱས་པའི་ཕྱིར་ཐར་པ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་བདག་གིས་བྱང་ཆུབ་ཆེན་པོ་ཐོབ་པར་བྱ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་ བྱའོ་ཞེས་དམ་བཅས་པ་དེ་ཇི་ལྟར་ཡང་གཏང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་འཇུག་པའི་སེམས་བསྐྱེད་པ་ལས་འདས་པའི་ཉེས་དམིགས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་བདག་ཉིད་ཀྱིས་བརྩོན་པར་མ་བྱས་ ཀྱང་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་ངན་སོང་དུ་འགྲོ་བའི་ཉེས་པ་མེད་དོ་སྙམ་ན། བདག་ཉིད་ཀྱིས་བརྩོན་པར་མ་བྱས་ན། སྔར་གཤེགས་པ་རྣམས་ཀྱིས་ཀྱང་མི་ཕན་པ་བཞིན་དུ་ཕྱིས་གཤེགས་པ་རྣམས་ཀྱིས་ཀྱང་ཕན་པར་མི་འགྱུར་བས། བདག་ཉིད་ཀྱིས་བརྩོན་པར་བྱའོ་ ཞེས་བསྟན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་བདེན་མོད་ཀྱི། ཕྱིས་དལ་འབྱོར་ཐོབ་པའི་དུས་སུ་འབད་པར་བྱའོ་སྙམ་ན་དེ་ནི་ཤིན་ཏུ་རྙེད་པར་དཀའ་བས་ད་ལྟ་ཉིད་དུ་འབད་པར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ སོ། །དེ་ལྟ་བུ་ཡིན་དུ་ཟིན་ཀྱང་བདག་ལ་ནད་ཀྱང་མེད་ཅིང་། ཟས་དང་བཅས་ལ། དགྲ་ལ་སོགས་པའི་འཚེ་བ་མེད་པས་དུས་ཕྱིས་བསླབ་པ་ལ་བརྩོན་པར་བྱའོ་སྙམ་ན། དེ་ལྟར་ཡིན་དུ་ཟིན་ཀྱང་། བདག་ནི་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་ཅིང་། ལུས་ལ་དབང་བྱར་མེད་པས་ད་ལྟ་ཉིད་ནས་ འབད་པར་བྱའོ་ཞེས་བསྟན་པའི་ཕྱིར། ནད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡིན་དུ་ཟིན་ཀྱང་ཉེས་པ་ཅི་ཡོད་ཅེ་ན། བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་ལུས་མ་ཐོབ་ན་ཉེས་དམིགས་ཅི་ཡོད་ཅེ་ན། མི་ལུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་དགེ་བའི་མིང་ ཡང་མི་གྲག་ལ། སྡིག་པ་འབའ་ཞིག་བྱེད་པས་ངན་སོང་ལྟུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདེན་མོད་ཀྱི་ངན་སོང་དུ་སྐྱེས་པའི་དུས་ཀྱི་ཚེ། དགེ་བ་བསྒྲུབ་མོད་ཀྱི་སྙམ་པ་ཡང་གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་བདེན་མོད་ཀྱི་དགེ་བ་མ་བྱས་ཀྱང་ཉེས་ པ་ཅི་ཡོད་སྙམ་ཞེ་ན། དགེ་བ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡིན་པར་ཅི་མངོན་ཞེ་ན། དེ་ཉིད་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཅིའི་ཕྱིར་ཞེ་ན། ཡུལ་ཁྱད་པར་ཅན་ལ་ཞེ་སྡང་བསྐྱེད་པ་ལྟ་བུའོ། །སྐད་ཅིག་གཅིག་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བདེན་མོད་ཀྱི་ལས་ཀྱི་ འབྲས་བུ་ཉམས་སུ་མྱོང་བ་དེ་ལས་ཐར་པའི་དུས་སུ་འབད་པར་བྱའོ་སྙམ་ན། དེ་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བས་ན་ད་ལྟར་གྱི་དུས་སུ་བརྩོན་པར་མ་བྱས་པའི་ཉེས་དམིགས་མཇུག་བསྡུས་ཏེ་བསྟན་པའི་ཕྱིར། འདི་འདྲའི་དལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་སྤྱོད་པ་དེ་བྱ་བའི་ཕྱིར་ཡིན་པར་རྟོགས་ཀྱང་གཏི་མུག་གི་དབང་གིས་ཡང་དག་པར་བླངས་པའི་རྗེས་ལ་བྱ་བར་ག་ལས་ནུས་སྙམ་དུ་སྒྱིད་ལུག་སྟེ། ཇི་ལྟར་མནོས་པ་ བཞིན་དུ་མ་བསྒྲུབས་པའི་ཚེ་འདིར་ཡང་འཆི་ཀའི་དུས་སུ་འགྱོད་པའི་མེ་ཆེན་པོས་གདུང་བར་འགྱུར་ལ། ཚེ་ཕྱི་མར་ཡང་དམྱལ་བའི་མེས་ནི་ལུས་གདུང་ཞིང་ཚེ་སྔ་མའི་ལས་རྗེས་སུ་དྲན་པའི་སྒོ་ནས་འགྱོད་པའི་མེས་ནི་སེམས་གདུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཤིན་ཏུ་རྙེད་ པར་དཀའ་བའི་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་པའི་དུས་སུ་བདག་ཉིད་ཀྱི་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་བཞིན་དུ། བྱ་བའི་ཆ་མ་བསྒྲུབས་ཤིང་བྱ་བ་མ་ཡིན་པའི་ཆ་མ་སྤངས་པ་ངན་སོང་དུ་ལྟུང་བར་འགྱུར་བ་ནི། སྔགས་ཀྱིས་རྨོངས་པར་བྱས་པ་བཞིན་དུ་བདག་ཉིད་ལ་གནོད་པ་བྱ་བ་ ཡིན་པས། དེ་ལྟར་བྱ་བར་མི་རིགས་སོ་ཞེས་བསྟན་པའི་ཕྱིར། ཤིན་ཏུ་རྙེད་དཀའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་དམ་བཅས་པ་ལས་འདས་པའི་ཉེས་དམིགས་བསྟན་པའི་སྒོ་ནས། དམ་བཅའ་བ་ལས་མི་འདའ་བ་ཉིད་དུ་བསྟན་ནས། ད་ནི་བག་ཡོད་པ་ལ་གནས་ཏེ་ བསླབ་པ་བསྒྲུབ་པའི་དབང་དུ་བྱས་ཏེ་བསླབ་པ་ལས་འདས་པར་བྱེད་པའི་རྒྱུ་ནི་ཉོན་མོངས་པ་ཡིན་པར་བསྟན་པའི་ཕྱིར། ཅིས་རྨོངས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ཉོན་མོངས་པ་རྣམས་ཀྱི་ཉེས་དམིགས་བསྟན་པའི་སྒོ་ནས། དེ་སྤང་བའི་དབང་དུ་བྱས་ནས། བདག་ཉིད་ཀྱི་སེམས་ལ་རྟེན་ཅིང་ བདག་ཉིད་ལ་ཚེ་འདི་དང་ཕྱི་མར་གནས་པ་ནི་བྱེད་ན་ཤིན་ཏུ་ཡང་བཟོད་པར་བྱ་བའི་གནས་མ་ཡིན་པས། དེ་སྤང་བར་བྱ་བ་ཉིད་དུ་བསྟན་པའི་ཕྱིར། བདག་གི་སེམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཉོན་མོངས་པ་དེ་དག་བདག་ལ་ཇི་ཙམ་དུ་གནོད་པར་བྱ་ཞེ་ན། གལ་ཏེ་ལྷ་དང་ཞེས་བྱ་བ་ལ་ སོགས་པ་སྨོས་སོ། །གལ་ཏེ་དུས་ཇི་སྲིད་དུ་གནས་ཤེ་ན། བདག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་ཐ་མལ་པའི་དགྲ་བཞིན་དུ་བསྡུམས་བྱས་པས་ཕན་ནམ་ཞེ་ན། མཐུན་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་མཇུག་བསྡུ་བའི་དབང་དུ་བྱས་ནས། དེ་ལྟར་ཡུན་རིངས་རྒྱུན་ ཆགས་དགྲར་གྱུར་པ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྡུས་ཏེ། གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །ཞེས་བྱ་བས། གལ་ཏེ་ལྷ་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་དོན་བསྡུས་ཏེ་བསྟན་ཏོ། །བདག་གི་སྙིང་ལ་ངེས་པར་ གནས་འཆའ་ན། །ཞེས་བྱ་བས་ནི། བདག་གི་སེམས་ལ་ཞེས་བྱ་བ་ཚིགས་སུ་བཅད་པ་བསྡུས་པའི་དོན་བསྟན་ཏོ། །དེ་བས་ན་དེ་ཇི་སྲིད་མ་སྤངས་ཀྱི་བར་དུ། འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར། །ཞེས་བྱ་བའོ། །ཉེས་དམིགས་གཞན་ཡང་ཉོན་མོངས་པའི་རྐྱེན་གྱིས་ལས་ དང་ཉོན་མོངས་པར་འདུས་བྱས་པས་ཁམས་གསུམ་དུ་འཆིང་བར་བྱེད་པའི་ཕྱིར། མི་དགེ་བའི་ལས་བྱས་པས་དམྱལ་བར་སྐྱེས་པའི་དུས་སུ། བྱ་ལྕགས་ཀྱི་མཆེ་བ་ཅན་ལ་སོགས་པ་བདག་ལ་གནོད་པར་བྱེད་པའི་ཕྱིར། འདི་ནི་འཁོར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བས་ན་ བསླབ་པ་ཀུན་ལས་བཏུས་པ་ལས། སྲིད་པའི་བཙོན་སྲུང་བསྲུང་བ་ནི། །སེམས་ཅན་དམྱལ་བའི་ཁྱི་ལ་སོགས་པའང་སྔོན་གྱི་ལས་ལས་བྱུང་བ་ཡིན་ནོ། །དེ་བས་ན་ཉོན་མོངས་པ་འདི་ནི་ཇི་ལྟར་སེང་གེ་འཆོར་བའི་ལྕགས་གཟེབ་དང་མ་བྲལ་ན་བདེ་བར་མི་འགྱུར་བས་སྡོམ་བརྩོན་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། དེ་བས་ན་དེ་ཡང་སྤོང་བར་བྱ་བ་དང་བརྩོན་པར་བསྐྱེད་པའི་ཕྱིར། ཇི་ལྟར་ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་ཉོན་མོངས་པའི་སྡུག་བསྔལ་དེ་སྤང་བ་ལ་བདག་གིས་བཟོད་པར་མི་ནུས་པའི་ཕྱིར། དེ་སྤང་བ་ལ་བརྩོན་འགྲུས་རྩོམ་ པར་མ་ནུས་སོ་སྙམ་པ་ལ། རེ་ཞིག་གནོད་བྱེད་ཅེས་བྱ་བ་ལ་སོགས་པ་དང་། རང་བཞིན་འཆི་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བསྡུས་པའི་དོན་ནི་ཐ་མལ་པའི་དགྲ་བོ་ཡང་ཞེ་སྡང་བསྐྱེད་པའི་རྒྱུས་དེ་ལ་གླན་པའི་ཕྱིར། ཐ་ན་གཉིད་ཀྱང་མི་ལོག་པར་བརྩོན་འགྲུས་རབ་ཏུ་རྩོམ་པར་བྱེད་ན། རྟག་ ཏུ་གནོད་པ་ཆེན་པོའི་རྒྱུར་གྱུར་པའི་ཕྱིར། ཉོན་མོངས་པ་སྤོང་བ་ལ་བརྩོན་འགྲུས་དྲག་ཏུ་ཅིའི་ཕྱིར་མི་རྩོམ་ཞེས་བྱ་བ་དང་། གཞན་ཡང་ཐ་མལ་པའི་དགྲ་བོ་དག་ནི་བདག་གིས་མ་བསད་ཀྱང་རང་བཞིན་གྱིས་འཆི་བར་འགྱུར། དེ་དག་གསད་པའི་ཕྱིར། དེའི་གནས་སྐབས་ཀྱིས་སྡུག་བསྔལ་དེ་དག་བཟོད་ཅིང་ དང་དུ་ལེན་པར་བྱེད་ན། ཉོན་མོངས་པའི་དགྲ་བོ་རྣམས་ནི་བདག་གི་གཉེན་པོའི་རལ་གྲིས་མ་བསད་པའི་བར་དུ་མི་འཆི་བར་འགྱུར་བའི་ཕྱིར་རང་བཞིན་གྱིས་དགྲར་ངེས་པ་དེ་དག་གཞོམ་པར་བྱ་བའི་ཕྱིར། དེ་འཇོམས་པའི་གནས་སྐབས་ཀྱི་སྡུག་བསྔལ་ལ་བཟོད་ཅིང་དང་དུ་བླང་བར་བྱ་བ་ལྟ་སྨོས་ཀྱང་ཅི་ དགོས་ཞེས་བྱ་བ་ཡིན་ནོ། །འོན་ཏེ་སྡུག་བསྔལ་དེ་ནི་བདག་ལ་གནོད་པའི་ཕྱིར་བདག་གིས་བཟོད་པར་ནུས་སོ་ཞེ་ན། དོན་མེད་པའི་སྡུག་བསྔལ་ལ་ཡང་གནོད་པ་བྱེད་པ་ཉིད་མི་རྩི་སྟེ། ཕྱིར་ཞིང་འཇིག་རྟེན་དག་ངོམས་པར་བྱེད་པ་ཡིན་ནོ། །ཉོན་མོངས་པ་སྤོང་བའི་སྐབས་ཀྱི་སྡུག་བསྔལ་ འདི་ནི་ཤིན་ཏུ་དོན་ཆེན་པོ་དང་ལྡན་པར་བཅས་པ་ཡིན་པའི་ཕྱིར། ཅིའི་ཕྱིར་གནོད་པར་བྱེད་པ་ཡིན་ཏེ། མ་ཡིན་པས་དེ་ལ་བཟོད་པར་བྱ་བའི་དོན་ཏོ། །གཞན་ཡང་འཇིག་རྟེན་ན་དོན་ཆུང་ངུའི་ཕྱིར་ཡང་སྡུག་བསྔལ་ཆེན་པོ་དག་ལ་བཟོད་པར་བྱེད་པ་མཐོང་ན། བདག་ཀྱང་གཞན་གྱི་དོན་ཆེན་པོའི་ཕྱིར་ ལྟ་ཅི་སྟེ་མི་བཟོད་དེ། ཤིན་ཏུ་ཡང་བཟོད་པར་བྱ་དགོས་པར་བྱ་བའི་ཕྱིར། ཉ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་རྒྱུ་ཅིའི་ཕྱིར་ཉོན་མོངས་པ་དེ་སྤང་བར་བྱ་དགོས་སྙམ་པ་ལ། དེའི་རིགས་པ་བསྟན་པའི་ཕྱིར། ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསྡུས་ པའི་དོན་ནི་བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བར་དམ་བཅས་པ་ཡིན་པའི་ཕྱིར་ལ། གང་གི་ཚེ་རང་ཉིད་གྲོལ་བས་ནི་གཞན་དགྲོལ་བར་ནུས་ཀྱི་རང་མ་སོང་བར་གཞན་བསྒྲལ་བར་མི་ནུས་པ་རྒྱུ་དེའི་ཕྱིར། རང་གི་ཉོན་མོངས་པ་སྤོང་བ་ལ་འབད་པར་བྱའོ་ཞེས་བྱ་བ་ཡིན་ནོ། ། འོན་ཏེ་ཉོན་མོངས་པ་དེ་ཇི་ལྟར་སྤང་ཞེ་ན། རྣམ་པ་གཉིས་ཀྱི་སྒོ་ནས་ཏེ། དེ་ལ་རེ་ཞིག་དང་པོ་ཉོན་མོངས་པ་རྣམ་པ་གཉིས་རྒྱུད་ལ་བརྟེན་པའི་སྒོ་ནས། ཉོན་མོངས་པ་སྤོང་བར་བསྟན་པ་ལ། རེ་ཞིག་ཁོན་དུ་འཛིན་པ་རྒྱུད་ལ་གཞག་པའི་དབང་དུ་བྱས་ནས། ཉོན་མོངས་པ་སྤང་བ་ལ་ཞེས་བྱ་བ་ལ་སོགས་པ་ སྨོས་སོ། །འོན་ཏེ་ཁོན་དུ་འཛིན་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། ཉོན་མོངས་པ་རྣམས་ཀྱི་ཉེས་དམིགས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། མ་བརྗེད་པའི་མཚན་ཉིད་དེ་དྲན་པ་སྟེ། དེ་ནི་ཁོན་དུ་འཛིན་པ་དང་འདྲ་བའི་ཕྱིར། །ཁོན་དུ་འཛིན་པའི་ཉོན་མོངས་པ་ཞེས་བླ་དགས་ཀྱི། དངོས་སུ་ཉོན་ མོངས་པ་ངོ་བོ་ཉིད་ནི་མ་ཡིན་ནོ། །ད་ནི་ང་རྒྱལ་གྱི་མཚན་ཉིད་ཀྱི་ཉོན་མོངས་པའི་རྒྱུ་ལས་གཞག་པར་བྱ་བའི་ཕྱིར་བདག་ནི་བསྲེགས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ང་རྒྱལ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། དེ་ནི་དྲན་པ་དང་ཤེས་བཞིན་ལ་གནས་ཏེ། སེམས་ཉིད་ཉོན་མོངས་པའི་དབང་དུ་ མི་གཏོང་བ་ཉིད་ལ། ང་རྒྱལ་དང་འདྲ་བའི་ང་རྒྱལ་གྱི་ཉོན་མོངས་ཞེས་གདགས་ཀྱི། དངོས་སུ་ཉོན་མོངས་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །འོན་ཏེ་ཐབས་དེ་དེ་དག་གིས་ཉོན་མོངས་པ་སྤངས་ནས། དེའི་ཚེ་ཐ་མལ་པའི་དགྲ་རྣམས་གཞན་དུ་བདག་ལ་གནོད་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ བར་བསྟན་པའི་ཕྱིར། ཐ་མལ་པའི་དགྲ་བོ་ཞེས་བྱ་བ་ལ་སོགས་པ་རྐང་པ་བཞི་དང་། བདག་ཡིད་ལས་བསལ་ཞེས་བྱ་བ་གཉིས་སྨོས་སོ། །འོ་ན་ཅིའི་ཕྱིར་མ་སྤངས་ཤེ་ན། བློ་ཞེན་ཞེས་བྱ་བ་སྨོས་ཏེ། བརྩོན་པར་བྱེད་པའི་ཕྱིར་མ་སྤངས་པར་ཟད་ཀྱི། ཕྱིས་ནད་ཀྱི་འཇིགས་པས་ནི་མ་ ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཉོན་མོངས་པ་གཞི་ནས་སྤང་བར་བྱ་བའི་དོན་དུ། ཉོན་མོངས་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཉོན་མོངས་པ་འདི་དག་ནི་ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་དམིགས་པའི་ཤེས་རབ་ཀྱི་ མིག་གིས་སྤང་དགོས་ཏེ། དེས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་དངོས་པོར་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །ཇི་སྐད་དུ་དེ་ཁོ་ན་ཉིད་ལ་འཇུག་པ་ལས། དངོས་པོར་ཞེན་པའི་དབང་གིས་སྐྱོན། །ཆགས་དང་ཞེ་སྡང་ལ་སོགས་པ། །དགྲ་རྣམས་རབ་འབྱུང་དེ་ལོག་ན། །དེ་རྣམས་ འབྱུང་བར་ག་ལ་འགྱུར། །ཞེས་འབྱུང་བ་དང་། དབུ་མ་རྒྱན་ལས་ཀྱང་། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པས་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང་། །ཞེས་འབྱུང་བའི་ཕྱིར་རོ། །འོ་ན་ཤེས་རབ་ཀྱི་མིག་ཇི་ ལྟར་བསྐྱེད་ཅེ་ན། ཉོན་མོངས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་ཉོན་མོངས་པ་རྣམས་ནི་ཡུལ་ལ་སོགས་པ་ལ་མི་གནས་ཏེ། གཅིག་དང་དུ་མ་དང་བྲལ་བས་ཡུལ་ལ་སོགས་པ་ཉིད་མ་གྲུབ་པའི་ཕྱིར། ཡུལ་ལ་སོགས་པ་གྲུབ་ཏུ་ཟིན་ཀྱང་དེ་དག་ལ་མི་གནས་ཏེ། རེས་འགའ་ཡིད་དུ་འོང་བ་ལ་སོགས་པ་ཉེ་བར་ཡིན་ཡང་འདོད་ཆགས་ལ་སོགས་པ་མི་འབྱུང་བའི་ཕྱིར་རོ། །དེ་བས་ན་ཉོན་མོངས་པ་འདི་དག་གང་ན་ཡང་མི་གནས་པའི་ཕྱིར། ཉོན་མོངས་པ་ཉིད་དམོད་པར་མ་གྲུབ་པར་གང་གི་འགྲོ་བ་ཀུན་ལ་གནོད་པར་བྱེད་དེ་མི་འཐད་དོ། །དེ་བས་ན་ཉོན་མོངས་པ་ འདི་རྣམས་སྒྱུ་མ་དང་འདྲ་བར་རང་བཞིན་མེད་པའི་ཕྱིར། དོན་དམ་པར་ནི་ཉོན་མོངས་པ་རྣམས་ཀྱིས་འཇིགས་པར་ཡང་མི་བྱའོ། །དེ་བས་ན་ཉོན་མོངས་པ་ཉིད་ཀྱང་རང་བཞིན་མེད་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱི་མིག་བསྐྱེད་པའི་སྒོ་ནས་ཉོན་མོངས་པ་སྤང་བ་ལ་བརྩོན་འགྲུས་བརྩམ་པར་བྱའོ་ ཞེས་གདམས་པའོ། །དེ་ལྟར་མ་ཡིན་པར་བདག་ཉིད་དམྱལ་བ་རྣམས་སུ་བསྐྱུར་བར་བྱ་བ་མི་རིགས་སོ་ཞེ་ན། ད་ནི་མཇུག་བསྡུ་བའི་ཚུལ་གྱིས་གདམས་པའི་ཕྱིར། དེ་ལྟར་རྣམ་བསམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་དོན་སྔ་མ་ བཞིན་ནོ། །བག་ཡོད་བསྟན་པ་ཞེས་བྱ་བ་ནི། ཆགས་པ་དང་། ཞེ་སྡང་དང་། གཏི་མུག་པ་ལེ་ལོ་དང་བཅས་པ་སྟེ། དེའི་དབང་དུ་མི་གཏོང་བའོ། །ལེའུ་གསུམ་པའི་བཤད་པ་རྫོགས་སོ།། །།ད་ནི་བག་ཡོད་པ་ལ་གནས་པར་བྱ་བའི་ཕྱིར། བག་མེད་པ་ལས་ སེམས་བསྲུངས་པའི་ཉེས་དམིགས་མདོར་བསྟན་པ། བསླབ་པ་བསྲུང་བར་བྱ་བའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། ཚེ་འདིའི་དབང་དུ་བྱས་ནས་ཕན་ཡོན་དང་ཉེས་དམིགས་དངོས་སུ་བསྟན་པ་ལ། ཚེ་ཕྱི་མའི་ཕན་ཡོན་དང་ཉེས་དམིགས་ཤུགས་ལ་བསྟན་ཏེ། དེ་ལ་དང་པོར་རྩ་བ་གཉིས་ཀྱིས་ནི་ ཡང་དག་པར་བསླབ་པ་མི་ཉམས་པར་འགྱུར་བའི་ཕན་ཡོན་བསྟན་ཏོ། །འོག་མ་གཉིས་ནི་དེ་ལས་བཟློག་པ་ཚེ་འདིའི་ཉེས་པ་བསྟན་ཏོ། །ད་ནི་ཚེ་ཕྱི་མའི་ཉེས་དམིགས་རྒྱས་པར་བཤད་པའི་དབང་དུ་བྱས་ནས། སེམས་ཀྱི་གླང་པོ་ཞེས་པ་ལ་སོགས་པ་སྨོས་སོ། །ད་ནི་ཕན་ཡོན་གྱི་དབང་དུ་ བྱས་ནས། ཀུན་ནས་དྲན་པའི་ཞེས་བྱ་བ་ལ་སོགས་པ་ཚེ་འདིའི་དང་ཕྱི་མའི་ཕན་ཡོན་མདོར་བསྟན་པའོ། །སྟག་དང་ཞེས་བྱ་བ་ལ་སོགས་པ་ནི་ཚེ་འདི་དང་ཕྱི་མིའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་བའི་ཕན་ཡོན་རྒྱས་པར་བཤད་པའོ། །གལ་ཏེ་ཞེས་བྱ་བ་ནས། དེ་དག་དོན་ མེད་གྱི་ནར་འཁྱམས། །ཞེས་བྱ་བའི་བར་གྱིས་ནི། སེམས་བསྲུངས་པའི་ཕན་ཡོན་དགེ་བ་ཐམས་ཅད་ལག་ཏུ་འོང་བ་རྒྱས་པ་བཤད་དེ། དེ་ལ་དགེ་བའི་ཆོས་ཐམས་ཅད་ནི་མདོར་བསྡུས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པས་དེ་ལ་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ ནས། གལ་ཏེ་འགྲོ་བ་དབུལ་པོར་ནས། ཞེས་བྱ་བ་ལ་སོགས་པས་སོ། །གང་ཇི་ལྟར་ན་སེམས་བསྲུང་བ་ལས་བྱུང་བའི་དགེ་བ་ལག་ཏུ་འོང་བར་འགྱུར་ཞེ་ན། གལ་ཏེ་སེམས་བསྲུང་བ་ཙམ་གྱིས་འགྲུབ་པ་མ་ཡིན་ན། འོ་ན་ཇི་ལྟར་ཞེ་ན། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་དབུལ་ བོར་ཏེ། ཕྱུག་པོར་འགྱུར་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ན་ནི། དེ་ནི་ཤིན་ཏུ་ཚེགས་ཆེ་བར་ཡང་འགྱུར་ལ། ད་རུང་འཇིག་རྟེན་ན་དབུལ་པོ་དཔག་ཏུ་མེད་པ་ཡོད་པའི་ཕྱིར་རོ། །སྔོན་གྱི་སྐྱོབ་པ་རྣམས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ ཡང་ཐལ་བར་མི་འགྱུར་བས་དེ་ལྟ་བུ་མི་བྱའོ། །འོ་ན་ཅི་ཞེ་ན། སེམས་འདི་ཉིད་ལུས་དང་ལོངས་སྤྱོད་ལ་སོགས་པ་ལ་ལྷག་པར་མ་ཆགས་པས་བསྲུངས་ཏེ། གཞན་ལ་གཏོང་བའི་སེམས་དང་ལྡན་པ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གསུངས་ཏེ། དེ་ ལྟ་བས་ན་གཞན་དག་ཕྱུག་པོར་བྱ་བ་ཚེགས་མེད་པར་ཡང་འགྲུབ་པས་ལག་ཏུ་འོང་ཞེས་བྱ་སྟེ། དེ་ནི་བསྡུས་པའི་དོན་ཡིན་ནོ། །བདོག་པ་ཐམས་ཅད་ཅེས་བྱ་བ་ནི་ལུས་དང་ལོངས་སྤྱོད་ཡིན་ལ། འབྲས་བཅས་ཏེ་ཞེས་བྱ་བ་ནི་དེ་བཏང་བ་ལས་འབྱུང་བའི་འབྲས་བུ་དགེ་བའི་ རྩ་བ་ཡིན་ཏེ། དེ་ལྟར་ན་གསུམ་པོ་དེ་མཐའ་དག་གཏོང་བ་ཡིན་པས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །ཞེས་བཤད་དོ། །ད་ནི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཉ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲོག་གཅོད་པ་སྤོང་བ་ཞེས་བྱ་བ་ནི་ཉ་ལ་སོགས་པ་མི་འཆི་བར་བྱ་ བའི་དོན་དུ་སྲོག་གཅོད་པར་བྱེད་པའི་ཉ་པ་ལ་སོགས་པ་དེ་དག་སྲོག་གཅོད་པ་ལ་ནི་མི་བྱ་སྟེ། དེ་ནི་ཚེགས་ཆེ་བའི་ཕྱིར་དང་། སྔོན་གྱི་སྐྱོབ་པ་རྣམས་ཀྱིས་ད་རུང་སྲོག་གཅོད་པ་སྤོང་བའི་ཚུལ་ཁྲིམས་ཡོངས་སུ་མ་རྫོགས་པར་ཐལ་བར་འགྱུར་བའི་ཕྱིར་དང་། དེ་བས་ན་སྲོག་གཅོད་པ་སྤོང་བ་ཞེས་བྱ་བ་ ནི། བདག་ཉིད་ལ་སྲོག་གཅོད་པ་སྤོང་བའི་སེམས་ཐོབ་པ་ཙམ་གྱིས་ཉ་པ་ལ་སོགས་པ་སྐྲོད་པའི་ཚེགས་མེད་པར་ཡང་སྲོག་གཅོད་པ་སྤོང་བ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་དང་། ཚུལ་ཁྲིམས་ལས་བྱུང་བའི་དགེ་བའི་རྩ་བ་ཡང་དག་པར་ལག་ཏུ་འོང་བ་ཞེས་བཤད་དོ། །ཚུལ་ཁྲིམས་ལ་ཇི་ ལྟ་བ་བཞིན་དུ་བཟོད་པ་ནས་ཤེས་རབ་ཀྱི་བར་དུ་ཡང་བདག་ཉིད་ཀྱིས་སེམས་བསྲུང་བ་ལས་ཕྱི་རོལ་དུ་གནོད་པ་བྱེད་པའི་དགྲ་བོ་དང་། ལེ་ལོ་ཅན་གྱི་གང་ཟག་རྣམ་པར་གཡེང་བ་དང་། ཤེས་རབ་འཆལ་བའི་གང་ཟག་སྤོང་བ་ལ་སོགས་པའི་ཚེགས་མེད་པར་བདག་ཉིད་ཀྱི་སེམས་གནོད་སེམས་དང་ ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་ལས་བསྲུངས་པ་ཙམ་གྱིས། བཟོད་པ་ནས་ཤེས་རབ་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར། དགེ་བ་ཐམས་ཅད་ལག་ཏུ་འོང་བའི་ཞེས་བཤད་དོ། །ད་ནི་བཟོད་པའི་དབང་དུ་བྱས་ནས། བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་གནོད་སེམས་བྱེད་པ་སྤོང་བ་ཞེས་བྱ་བ་ཡང་། གནོད་སེམས་པའི་དགྲ་བོ་ལ་སོགས་པ་སྤོང་བ་ལ་མི་བྱ་སྟེ། ཚེགས་ཆེན་ལ་སོགས་པའི་སྐྱོན་གོང་མ་གཉིས་པོ་འབྱུང་བའི་ཕྱིར་རོ། །དེ་བས་ན་བདག་ཉིད་ཀྱི་སེམས་གནོད་པར་བྱེད་པའི་བསམ་པ་ལས་བཟློག་པ་ཙམ་གྱིས་འགྲུབ་སྟེ། དཔེར་ན་ རྐང་པ་ལ་ཚེར་མས་མི་ཚུགས་པར་བྱ་བའི་ཕྱིར། ས་སྟེངས་ཀོ་བས་གཡོགས་པ་ནི་མི་འགྲུབ་ཀྱི། འོ་ན་ཅིའི་ཕྱིར་ཞེ་ན། ལྷམ་མཐིལ་ཙམ་གྱི་ཀོ་བས་རྐང་པ་ཚུར་གཡོགས་ན། དེ་ནི་ཚེགས་ཆུང་བའི་ཕྱིར་དང་རྐང་པ་ལ་ཡང་ཚེར་མས་མི་འཛུག་པའི་དགོས་པ་ཡང་འགྲུབ་པའི་ཕྱིར། དེ་ནི་བསྒྲུབ་ པར་བྱ་བའི་གནས་ཡིན་པ་དེ་བཞིན་དུ་འདིར་ཡང་དེ་དང་འདྲའོ་ཞེས་བསྟན་པའི་ཕྱིར། སེམས་ཅན་མི་སྲུན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་བརྩོན་འགྲུས་ཀྱི་དབང་དུ་བྱས་ནས། གང་གི་ཚེ་སེམས་འདི་ཉིད་ལེ་ལོ་ལས་བསྲུངས་ན་ནི། བསམ་གཏན་དང་པོའི་བར་ཆད་མེད་ པའི་ལམ་དང་མཚུངས་པར་ལྡན་པ་བསམ་གཏན་གྱི་སྡོམ་པས་བསྡུས་པའི་སེམས་གསལ་པོ་གཅིག་ཙམ་བསྐྱེད་ན་ནི། དེའི་ཚེ་འབྲས་བུ་ཚངས་པའི་འཇིག་རྟེན་ལ་སོགས་པ་ཐོབ་པ་ལྟར་གང་གི་ཚེ་སེམས་དེ་འདི་ཉིད་ལེ་ལོ་ལས་མ་བསྲུངས་ན་ནི། དེའི་ཚེ་ལས་ཀྱི་ལུས་ངག་གཉི་ག་དང་བཅས་ ཀྱང་འབྲས་བུ་ཁྱད་པར་ཅན་ཐོབ་པ་མ་ཡིན་པར་བསྟན་པའི་ཕྱིར། སེམས་གསལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་བསམ་གཏན་གྱི་དབང་དུ་བྱས་པ་གང་གི་ཚེ་བདག་ཉིད་ཀྱི་སེམས་ཉིད་བསམ་གཏན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་གཡེང་བ་ལས་མ་བསྲུངས་པའི་ཚེ། དེའི་དགེ་ བའི་རྩ་བ་ཇི་སྙེད་ཅིག་དུས་ཇི་སྲིད་དུ་སྤྱད་ཀྱང་། རྟེན་དམ་པ་དང་། ཆེད་དུ་བྱ་བ་དམ་པ་དང་། རྣམ་པར་དག་པ་དམ་པ་དང་། ཡོངས་སུ་བསྔོ་བ་དམ་པས་ཡོངས་སུ་མ་ཟིན་ན། ཚོགས་རྒྱ་ཆེན་པོ་མི་སོག་ཅིང་། བྱང་ཆུབ་ཆེན་པོ་ཐོབ་པར་མི་འགྱུར་བས། དེ་ཉིད་ཀྱི་ཕྱིར་བདག་གི་སེམས་ འདི་ཉིད་རྣམ་པར་གཡེང་བ་ལས་བསྲུང་བར་བྱ་བར་བསྟན་པའི་ཕྱིར། བཟླས་བརྗོད་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ཤེས་རབ་ཀྱི་དབང་དུ་བྱས་ནས་བདག་ཉིད་ཀྱི་སེམས་ཤེས་རབ་འཆལ་བ་སྟེ། དངོས་པོ་ལ་མངོན་པར་ཞེན་པའི་ལས་སྲུང་ཞིང་། ཆོས་ཀྱི་དོན་གྱི་མཆོག་བདག་ མེད་པའི་དོན་གྱི་དེ་ཁོ་ན་ཉིད་ཀྱི་སེམས་ལ་ནང་དུ་བཅངས་ཏེ་བསླབ་པར་བྱ་བ་འདིར་མ་གཏོགས་ན། དེའི་ཚེ་དགེ་བའི་རྩ་བ་ཅི་བྱས་པ་ཐམས་ཅད་ཀྱང་ཐབས་ལ་མཁས་པ་དམ་པས་མ་ཟིན་པའི་ཕྱིར། བྱང་ཆུབ་ཆེན་པོ་འཐོབ་པའི་རྒྱུ་ཉིད་དུ་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། གང་གིས་ཆོས་ ཀྱི་དོན་པོ་མཆོག །ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་མཇུག་བསྡུ་བའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་ཉེས་དམིགས་ཡོད་པ་དེ་ལྟ་བས་ན། བདག་གི་སེམས་འདི་ཉིད་བག་ཡོད་པ་ལ་ལེགས་པར་ གཟུང་ཞིང་། བག་མེད་པ་ལས་ལེགས་པར་བསྲུང་བར་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་བསྲུང་ཞེས་བྱ་བ་སྨོས་ཏེ། སྒྲིབ་པ་སྤོང་བའི་གཉེན་པོར་གྱུར་པའི་ཕྱིར་སེམས་བསྲུང་བ་ཉིད་བརྟུལ་ཞུགས་ཀྱི་མཆོག་ཡིན་པ་མ་གཏོགས་པ། སེམས་བརྟུལ་ཞུགས་ལ་མི་གནས་པ། གཞན་ལུས་ ངག་ཡིད་བརྟུལ་ཞུགས་མང་པོས་ཅི་ཞིག་བྱ་སྟེ། ཉོན་མོངས་པའི་གཉེན་པོར་གྱུར་པ་མ་ཡིན་པའི་ཕྱིར་དོན་མེད་ཅེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་དེའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་ཡང་དོན་མེད་པར་འགྱུར་ཞེ་ན་མ་ཡིན་ཏེ། ཡང་ཉོན་མོངས་པར་བཅས་པའི་ཕྱིར་ཡིན་པས། གང་གི་ཚེ་ཉོན་མོངས་པ་སྤོང་བའི་ཡན་ལག་ཏུ་མི་འགྱུར་ན་ནི་དེ་དག་ཀྱང་དོན་མེད་པ་ཉིད་ཡིན་ན། ཕྱི་རོལ་བརྟུལ་ཞུགས་དག་ལྟ་སྨོས་ཀྱང་ཅི་དགོས། འོན་ཏེ་ཚུལ་ཇི་ལྟར་དུས་ཇི་སྲིད་ཀྱི་བར་དུ་བསྲུང་བར་བྱ་ཞེ་ན། མ་གྲངས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་ཉེས་དམིགས་ དང་ཕན་ཡོན་ཇི་ལྟ་བུ་ཞིག་ཡོད་ནས་སེམས་བསྲུང་སྙམ་ན། རྨའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་དང་། སྤྱོད་པ་འདི་འདྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་ཇི་ཙམ་དུ་སེམས་བསྲུང་བར་བྱ་སྙམ་པ་ལ། བདག་གི་རྙེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྙེད་པ་ ལ་སོགས་པ་རྣམས་དང་ཡང་བསྔོས་ནས་སེམས་བསྲུང་བར་བྱ་བའི་ཐ་ཚིག་གོ། །འོན་ཏེ་ཇི་ལྟར་སེམས་བསྲུང་བར་བྱ་སྙམ་ན། སེམས་བསྲུང་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཤེས་བཞིན་ལ་གནས་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པར་གྱུར་པ་ལ། དྲན་པ་ལ་གནས་པས་ ནི་དེ་ཉིད་ལ་མ་བརྗེད་པའི་ཕྱིར་བྱ་བ་ལ་འཇུག་ཅིང་བྱ་བ་མ་ཡིན་པའི་ཆ་སྤོང་བར་འགྱུར་བའི་ཕྱིར་རོ། །མདོར་བསྟན་པ་དེ་ཉིད་རྒྱས་པར་བཤད་པའི་དབང་དུ་བྱས་ནས་ཉེས་དམིགས་ཇི་ལྟ་བུ་ཞིག་ཡོད་ན། དེ་སྤོང་བའི་ཕྱིར་དྲན་པ་དང་ཤེས་བཞིན་ལ་གནས་པར་བྱ་སྙམ་པའི་དོགས་པ་བསུས་ན། དངོས་པོ་ ཤེས་བཞིན་ལ་མི་གནས་པའི་ཉེས་དམིགས་རྣམ་པ་གསུམ་བསྟན་ཏེ། དེ་ལ་དང་པོའི་དབང་དུ་བྱས་ནས། ནད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནད་ཀྱིས་དཀྲུགས་པ་བཞིན་དུ་བྱ་བ་དང་། མ་ཡིན་པ་ཤེས་པའི་ཕྱིར་དེ་དག་ལ་གོ་རིམས་བཞིན་དུ་བསྒྲུབ་པ་དང་སྤོང་བའི་མཐུ་མེད་པར་འགྱུར་ རོ་ཞེས་བྱ་བའི་དོན་ཏོ། །གཉིས་པའི་དབང་དུ་བྱས་ནས། ཤེས་བཞིན་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མང་དུ་ཐོས་པ་ལ་སོགས་པ་ཇི་སྙེད་བྱས་སུ་ཟིན་ཀྱང་འདིར་ནི་བརྗོད་དུ་མི་རུང་སྙམ་པའི་ཤེས་བཞིན་མེད་པའི་ཕྱིར་བརྗེད་ངས་པར་འགྱུར་བས་ཐོས་པ་ཉིད་ཀྱང་ཆུད་ཟ་བར་འགྱུར་རོ་ ཞེས་བྱ་བའི་ཐ་ཚིག་གོ། །གསུམ་པའི་དབང་དུ་བྱས་ནས། ཐོས་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མང་དུ་ཐོས་པ་ལ་སོགས་པ་ཡིན་དུ་ཟིན་ཀྱང་། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའི་ཕྱིར་བྱ་བའི་ཆ་ལ་འཇུག་པ་དང་། བྱ་བ་མ་ཡིན་པའི་ཆ་ལ་འཇུག་པས་ལྟུང་བ་དང་བཅས་པར་ འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དྲན་པ་ལ་མི་གནས་པའི་ཉེས་དམིགས་གཉིས་ལས། དང་པོ་ཤེས་བཞིན་མ་ཡིན་པའི་ཉེ་བའི་ཉོན་མོངས་པ་རྒྱུད་ལ་འབྱུང་བར་བསྟན་པ། ཤེས་བཞིན་མེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའི་མཚན་ ཉིད་ཀྱི་ཤེས་བཞིན་མ་ཡིན་པ་འབྱུང་ལ། དེའི་དབང་གིས་བྱ་བའི་ཆ་ལ་མི་འཇུག་པའི་ཕྱིར། བསོད་ནམས་ཕྱི་མ་དག་ཀྱང་སོགས་པར་མི་འགྱུར་བ་ལ། བྱ་བ་མ་ཡིན་པ་བྱས་པའི་ཕྱིར་སྔར་བསགས་པ་དག་ཀྱང་བརླག་པར་བྱས་པས་མཐོ་རིས་དང་ཐར་པའི་བདེ་བ་ལས་ཉམས་ཏེ་ ངན་འགྲོར་འགྲོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་གཉིས་པའི་དབང་དུ་བྱས་ནས། ཉེ་བའི་ཉོན་མོངས་པ་གཞན་དག་རྒྱུད་ལ་འབྱུང་བར་བསྟན་པ། ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་བྱ་བ་དང་བྱ་བ་མ་ཡིན་པ་བརྗེད་པར་གྱུར་པ་དེའི་ཚེ་འདོད་ཆགས་ ལ་སོགས་པའི་ཉོན་མོངས་པ་གཞན་དག་ཀྱང་འབྱུང་བར་འགྱུར་བས་ཉེས་དམིགས་འདས་མ་ཐག་པར་བསྟན་པ་བཞིན་ནོ། །ད་ནི་དྲན་པ་ཇི་ལྟར་བསྲུང་བའི་དབང་དུ་བྱས་ནས་དྲན་པ་བདག་གི་ཡིད་དང་མི་འབྲལ་བར་གདམས་པ། དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེས་ དམིགས་དེ་ལྟ་བུ་ཡོད་པ་དེ་བས་ན་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མི་གཏོང་ཞེ་ན། སོང་ནའང་སོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དྲན་པ་ཉམས་པར་གྱུར་ན་གོང་དུ་བསྟན་པ་བཞིན་གྱི་ཉེས་དམིགས་ཡོད་པས་དྲན་པ་མི་འཆོར་བར་བྱ་བའི་ཐ་ཚིག་གོ། །ཡང་འདིའི་ དོན་འདི་ཡིན་ཏེ། དྲན་པ་མི་གཏོང་བ་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་གལ་ཏེ་ཉམས་ཏེ་སོང་ན་ཇི་ལྟར་བྱ་སྙམ་ན། སོང་ནའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཉམས་པར་གྱུར་ན་ཡང་སྔར་བསྟན་པའི་ཉེས་དམིགས་དྲན་པར་བྱས་ནས་སླར་དགུག་པར་བྱ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དྲན་པ་ དེ་རྒྱུ་གང་ལས་སྐྱེས་ཤེ་ན། བླ་མ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིགས་པས་ཞེས་བྱ་བ་ལ་སོགས་པ་ནི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའོ། །གུས་བྱེད་ལ་ཞེས་བྱ་བ་ནི་བསླབ་པ་ལ་གུས་པར་བྱེད་པ་སྟེ། ཇི་སྐད་དུ་བསླབ་པ་ཀུན་ལས་བཏུས་པ་ལས། དྲན་པ་ཤིན་ཏུ་གུས་ལས་ བྱུང་། །ཞེས་སྨོས་པའི་ཕྱིར་རོ། །དེ་ལྟར་ན་སློབ་དཔོན་མཁས་པས་བསྟན་པ་དང་། བདག་ཉིད་ཀྱིས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་ཞིང་བསླབ་པ་ལ་གུས་པར་བྱེད་པའི་རྒྱུས་བསླབ་པ་ཀུན་ལས་བཏུས་པ་ལས། ཇི་སྐད་འབྱུང་བའི་དྲན་པ་བཅུ་གཉིས་དག་སྐྱེ་བར་འགྱུར་རོ་ ཞེས་བྱ་བའི་ཐ་ཚིག་གོ། །དྲན་པ་སྐྱེ་བའི་རྒྱུ་གཞན་ཡང་། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ནི་ཡེ་ཤེས་དང་ལྡན་པ་དེ་དག་གི་སྤྱན་སྔ་ན་རྟག་ཏུ་གནས་པ་ཡིན་པས། གལ་ཏེ་བསླབ་པ་ལས་ཉམས་པར་གྱུར་ན། དེ་དག་གིས་ཐུགས་ཀྱིས་བས་ན་མི་རུང་ངོ་སྙམ་དུ་ བསམས་ནས་བསླབ་པ་མི་ཉམས་པར་བྱ་བའི་དྲན་པ་རྟག་ཏུ་གཞག་གོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ལྟར་བྱས་ན་ཡོན་ཏན་ཅི་ཡོད་ཅེ་ན། དེས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དྲན་པ་བས་ན་ཡོན་ཏན་ཅི་ཡོད་སྙམ་པ་ལ། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བ་ དང་བྱ་བ་མ་ཡིན་པ་བརྗེད་པར་མ་གྱུར་པ་ན། དེ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་བཞིན་དང་མི་འབྲལ་བར་འགྱུར་ཞིང་། གང་ཚེ་བྱ་བ་གཞན་དག་རབ་ཏུ་འབྱེད་པའི་ཤེས་བཞིན་ཡང་མི་ལྡན་ཡང་དྲན་པ་མ་ཉམས་པའི་རྒྱུས་ལས་གཞན་དེ་དག་དང་ཕྲད་པའི་ཚེ། ཤེས་བཞིན་དེ་མངོན་དུ་ འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་བསམས་བཞིན་རྗེས་སུ་གཟུང་བའི་ཐབས་བསྟན་པའི་དབང་དུ་བྱས་ནས། དེ་ལས་ཀྱང་དང་པོར་བྱ་བ་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་ཤེས་བཞིན་གྱིས་སེམས་ཀྱི་སྤྱོད་ལམ་ལ་བརྟག་པར་བྱ་བ་བསྟན་པའི་ཕྱིར། རེ་ཞིག་དང་པོར་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། རེ་ཞིག་དང་པོར་ཞེས་བྱ་བ་ནི་ལས་དེ་ལ་མ་ཞུགས་པའི་སྔོན་རོལ་དུ་བྱ་བ་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་ཤེས་བཞིན་གྱིས་མཉམ་པར་མ་བཞག་པའི་ལས་ལ་ཞུགས་པའི་གོང་རོལ་དུ་ཡང་བྱིང་བ་དང་རྒོད་པ་དང་ལྡན་པའི་སེམས་ནི་སྐྱོན་དང་བཅས་པ་ཡིན་ལ། བཟློག་པ་ནི་སྐྱོན་ མེད་པ་ཡིན་པ་དང་། འདུག་པ་དང་ཉལ་བའི་དུས་ལ་བབ་པ་ན། འདུག་པ་དང་ཉལ་བའི་བདེ་བ་ལ་ལྷག་པར་ཆགས་པ་ནི་སྐྱོན་དང་བཅས་པ་ཡིན་ཞིང་ཞེས་ལུས་ཀྱི་ཁམས་བརྟགས་པ་སྟེ། དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་ནི་སྐྱོན་མེད་པར་ཤེས་པར་བྱས་ནས། དེའི་ཚེ་ སྐྱོན་དང་བཅས་པའི་སེམས་ལས་བཟློག་པ་སྟེ། སྐྱོན་མེད་པའི་སེམས་ལ་ཤིང་བཞིན་དུ་ཟུང་ཐུབ་པར་བྱའོ་ཞེས་གནས་པར་བྱ་བའི་དོན་ཏོ། །དེ་བས་ན་འདི་ནི་སྐྱོན་བཅས་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི། དེ་ལས་བཟློག་པའི་སྐྱོན་མེད་པའི་སེམས་ཀྱང་ཤེས་པར་བྱའོ། །ད་ནི་འགྲོ་བའི་ སྤྱོད་ལམ་གྱི་དབང་དུ་བྱས་ནས། བྱ་བ་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་ཤེས་བཞིན་ལ་ལམ་དུ་མ་ཞུགས་པའི་གོང་རོལ་དུ། ཇི་ལྟར་འགྲོ་བར་བྱ་བ་དང་འགྲོ་བར་མི་བྱ་བ་དང་། ཡུལ་གང་དུ་འགྲོ་བར་བྱ་བ་དང་། འགྲོ་བར་མི་བྱ་བ་ལ་སོགས་པ་ཤེས་པར་བྱས་ནས་ལས་ལ་འཇུག་པར་ བྱའོ་ཞེས་བསྟན་པའི་ཕྱིར། དོན་མེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ཉལ་བ་དང་། ཟ་བ་དང་། འདུག་པ་དང་། སྨྲ་བ་ལ་སོགས་པའི་ལུས་དང་ངག་གི་སྤྱོད་ལམ་གཞན་དག་ལ་ཡང་དང་པོར་བྱ་བ་ཐམས་ཅད་ཐོག་མར་འགྲོ་བའི་ཤེས་བཞིན་གྱིས་བྱ་བ་དང་། བྱ་བ་མ་ཡིན་པ་ཤེས་ པར་བྱས་ནས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ལྟར་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ལྷན་ཅིག་རྗེས་སུ་སྤྱོད་པའི་ཤེས་བཞིན་ལ་གནས་ཏེ། ལུས་དང་ངག་དང་ཡིད་ཀྱི་སྤྱོད་ལམ་ལ་བརྟག་པར་བྱ་བའི་ཕྱིར་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱེ་ བ་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་ཤེས་བཞིན་གྱིས་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པར་བྱས་ནས། བར་བར་དུ་སྤྱོད་ལམ་འཁྲུགས་པ་བསྲུང་བའི་ཕྱིར། ད་ལྟར་བདག་གི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ལམ་འདི་ཅི་ཆོས་དང་མཐུན་པའི་ཚུལ་དུ་གནས་ཞེས་བརྟག་པར་ བསྟན་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ནི། དངོས་སུ་ལུས་ཀྱི་སྤྱོད་ལམ་བརྟག་པར་བསྟན་ལ། ཤུགས་ཀྱིས་ནི་ངག་གི་སྤྱོད་ལམ་བརྟག་པར་བསྟན་པའོ། །ལུས་ཀྱི་སྤྱོད་ལམ་བརྟག་པ་ཡང་། དངོས་སུ་གནས་པ་དང་འདུག་པའི་སྤྱོད་ལམ་ལ་བརྟག་པར་བསྟན་ལ། ཤུགས་ཀྱིས་ནི་ ཟ་བ་དང་ཉལ་བ་དང་། འགྲོ་བའི་སྤྱོད་ལམ་ལ་བརྟག་པར་བསྟན་ཏོ། །ཚིགས་སུ་བཅད་པ་གཉིས་པས་ནི་ཡིད་ཀྱི་སྤྱོད་ལམ་ལ་བརྟག་པར་བསྟན་ཏོ། །དེ་ལ་ལུས་ཀྱིས་འདི་ལྟར་གནས་བྱ་ཞེས་བྱ་བ་བསྡོགས་ནས་ཞེས་བྱ་བ་ནི། དུས་གང་གི་ཚེ་བརྟག་པར་བསྟན་ལ། ཅི་ནས་ཡང་ དག་བླངས་པའི་གཙོ། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །ཞེས་བྱ་བས་ནི་དགོས་ཆེད་གང་གི་དོན་དུ་བརྟག་པ་བསྟན་ཏེ། ཡང་དག་པར་བླངས་པ་མཐའ་དག་ཀྱང་མི་འཆོར་བར་བྱ་བ་ཡིན་མོད་ཀྱི། གཙོ་བོ་ཞེས་སྨོས་པས་ནི་རེས་འགའ་བསླབ་པའི་གཞི་ཁ་ཅིག་དུས་གཅིག་ཏུ་ བསྲུང་དུ་མི་བཏུབ་པའི་དུས་དེའི་ཚེ། གང་གི་ཚེ་གཙོ་ཆེ་བ་དེ་བསྲུང་ཞིང་གཙོ་ཆུང་བ་བཏང་སྙོམས་སུ་གཞག་ཀྱང་ངེས་པ་མེད་པའི་ཕྱིར་རོ། །དེ་ལ་ལུས་ཀྱིས་ཞེས་བྱ་བ་དང་། ལུས་འདི་ཞེས་བྱ་བ་དང་། གནས་པ་ཡིན་ཞེས་བྱ་བ་དག་ནི་མཚོན་པ་ཙམ་ཡིན་གྱི། འདི་ལྟར་ཡང་སྦྱར་བར་བྱ་སྟེ། ལུས་ཀྱིས་འདི་ལྟར་འགྲོ་བྱ་སྟེ། །བྱ་བ་བསྡོགས་ནས་དེ་ནས་ནི། །ཅི་ནས་ཡང་དག་བླངས་པའི་གཙོ། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །སྐབས་སུ་ལུས་འདི་ཇི་ལྟ་བུར། །གནས་པ་ཡིན་ཞེས་བལྟ་བར་བྱ། །ཞེས་བྱ་བ་དང་། དེ་བཞིན་དུ་ཟ་བ་དང་ཉལ་བ་ཡང་མི་བརྗེད་པར་བྱའོ། །དེ་ བཞིན་དུ་ངག་གི་དབང་དུ་བྱས་ནས་ཀྱང་། ངག་གིས་འདི་ལྟར་སྨྲ་བྱ་ཞེས། །བྱ་བ་བསྡོགས་ནས་དེ་ནས་ནི། །ཅི་ནས་ཡང་དག་བླངས་པའི་གཙོ། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །སྐབས་སུ་ངག་འདི་ཇི་ལྟ་བུར། །སྨྲ་བ་ཡིན་ཞེས་བརྗོད་པར་བྱ། །དེ་བཞིན་དུ། ཡིད་ཀྱིས་འདི་དག་ བསམ་བྱ་ཞེས། །བྱ་བ་བསྡོགས་ནས་དེ་ནས་ནི། །ཅི་ནས་ཡང་དག་བླངས་པའི་གཙོ། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་འདི་གར་སྤྱོད་ཅེས། །ད་ལྟར་ཡིད་ལ་སོ་སོར་བརྟག །ཅེས་བྱ་བར་སྦྱར་རོ། །འདི་དང་འདི་ལྟར་བྱའོ་ཞེས་བྱ་བ་བསྡོགས་པ་ན། མཚོན་པ་ཙམ་དུ་ ཐད་དེ། འདི་དང་འདི་ལྟར་བྱའོ་ཞེས་བྱ་བ་མ་ཡིན་པ་བསྡོགས་པར་ཡང་ཤེས་པར་བྱའོ། །འོན་ཏེ་དེ་ལྟར་བརྟགས་ནས་ཇི་ལྟར་བསྲུང་བར་བྱ་སྙམ་པ་ལ། འཇིགས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེར་ན་སྐབས་འགའ་ཞིག་ཏུ་གང་ཟག་འགའ་ཞིག་ལ་གཤེད་མ་ལ་སོགས་ པས་བདས་ནས་འབྲོས་པ་བདག་ཉིད་ཀྱིས་མཐོང་བའི་ཚེ་གཤེད་མ་ལ་སོགས་པ་ལ་ཇི་ལྟར་མཐོང་བ་བཞིན་དུ་སྨྲ་བ་སྤོང་བའི་ཚུལ་ཁྲིམས་བསྲུང་བར་ཡང་འགྱུར་ཡང་། མི་འཇིགས་པའི་སྦྱིན་པ་བྱིན་པར་མི་འགྱུར་ལ། གང་ཡང་གང་གི་ཚེ་མི་འཇིགས་པའི་སྦྱིན་པ་བྱིན་པའི་དོན་དུ། བརྫུན་དུ་སྨྲས་པར་ གྱུར་ན་ནི། ཚུལ་ཁྲིམས་བསྲུང་བར་མི་འགྱུར་བས་དེའི་ཚེ་གཉིས་ཀ་དུས་གཅིག་ཏུ་བསྲུང་བར་མི་ནུས་པ་དེའི་ཚེ། མི་འཇིགས་པ་སྦྱིན་པ་གཙོ་ཆེ་བ་ཡིན་པའི་ཕྱིར། སྲོག་གི་སྐྱབས་བྱ་བའི་དོན་དུ་བརྫུན་སྨྲ་བ་སྤོང་བའི་ཚུལ་ཁྲིམས་བཏང་སྙོམས་སུ་གཞག་སྟེ། ཇི་སྐད་དུ་དམ་པའི་ཆོས་འདུལ་བ་ ལས་ཀྱང་། བསད་པ་བྲོས་ཏེ་དེ་ཚེ་གཤེད་མ་ཡིས། །དྲིས་པ་དེ་ལ་དེ་ཚེ་འདི་སྐད་བརྗོད། །ཚུར་ཤོག་ནམ་མཁའ་འམ་ནི་སེན་མོ་མཐོང་། །ལུས་ཅན་རྣམས་ཀྱིས་དེ་ཉིད་མ་མཐོང་ངོ་། །ཞེས་འབྱུང་བ་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང་། སྦྱིན་པའི་དུས་སུ་ཚུལ་ ཁྲིམས་བརྟུལ་བའི་བཏང་སྙོམས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་བས་ན་མི་ནུས་ན་ནི་ལྟུང་བ་མེད་པར་རྣམ་པར་གཞག་གི །ནུས་ན་ནི་གང་མ་བྱས་པ་ལྟུང་བ་ཉིད་དུ་འགྱུར་རོ། །འདི་ནི་མཚོན་པ་ཙམ་དུ་ཟད་ཀྱི། གང་གི་ཚེ་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་དག་སྐབས་ཁ་ ཅིག་ཏུ་བསྲུང་བར་མི་ནུས་པ་དེའི་ཚེ། གང་གཙོ་ཆེ་བ་དེ་བསྲུང་ཞིང་ཅིག་ཤོས་བཏང་སྙོམས་སུ་གཞག་པའི་ཚུལ་གྱིས་གསང་བར་བྱའོ་ཞེས་བསྟན་ཏོ། འོ་ན་གང་གི་ཚེ་བསླབ་པའི་གཞི་འདྲ་བར་འགྱུར་བ་ལ་དུས་གཅིག་ཏུ་བསྒྲུབ་མི་ནུས་པ་དེའི་ཚེ་ཇི་ལྟར་བསྒྲུབ་པར་བྱ་སྙམ་པ་ལ། གང་ཐོག་མར་ བརྩམས་པ་དེ་བསྒྲུབ་པར་བྱ་ཞིང་ཅིག་ཤོས་ནི་བཏང་སྙོམས་སུ་གཞག་ཀྱང་ལྟུང་བར་མི་འགྱུར་བ་ཉིད་དུ་བསྟན་པའི་ཕྱིར། གང་ཞིག་བསམས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་དེའི་ཚེ་ན་ནི་ཕྱི་མས་བར་དུ་མ་བཅད་པའི་ཕྱིར། སྔ་མ་ཡང་ལེགས་པར་ཟིན་པ་ཉིད་ དུ་འགྱུར་ལ། སྔ་མའི་འཕྲོ་མ་ལུས་པ་ཕྱི་མ་ཡང་ཐང་ཆོད་པར་བྱར་ཡོད་པའི་ཕྱིར། གཉི་ག་ལེགས་པར་ཟིན་པ་གཅིག་ཏུ་འགྱུར་གྱི། དེ་ལྟ་མ་ཡིན་ན་ནི་ཕྱི་མར་བར་དུ་གཅོད་པའི་ཕྱིར་དང་། སྔ་མའི་འཕྲོ་ལུས་པའི་ཕྱིར་སྔ་ཕྱི་གཉི་ག་ལེགས་པར་ཟིན་པར་མི་འགྱུར་ལ། སྔ་མ་མ་ཟིན་པར་ཕྱི་མ་མི་བྱ་ བ་ཉིད་དུ་མི་ཤེས་པའི་ཕྱིར། ཤེས་བཞིན་མ་ཡིན་པའི་ཉེ་བའི་ཉོན་མོངས་པ་ཡང་འཕེལ་བར་འགྱུར་གྱི། དེ་ལྟ་མ་ཡིན་ན་ནི་མི་འགྱུར་རོ། །དེ་ལྟར་སྤྱིར་བསྟན་ནས། ད་ནི་བྱེ་བྲག་ཏུ་སྡོམ་པ་གསུམ་ལས། སྡོམ་པའི་ཚུལ་ཁྲིམས་ལ་ཇི་ལྟར་བསླབ་པར་བྱ་བའི་ཕྱིར། བྲེ་མོའི་གཏམ་ཞེས་བྱ་བ་ལ་ སོགས་པ་སྨོས་སོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་དབང་དུ་བྱས་པ་སྟེ། བྲེ་མོའི་གཏམ་ལ་སོགས་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་ལ་འཇུག་པར་ཤེས་བཞིན་གྱི་ཚོར་བར་གྱུར་མ་ཐག་ཏུ་སྤོང་བར་བྱའོ་ཞེས་པའི་དོན་ཏོ། ། དོན་མེད་ས་རྐོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ནི་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་བསྟན་ཏེ། ས་རྐོ་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དག་ལས་འདི་དག་ཁོ་ན་ཅིའི་ཕྱིར་བཤད་ཅེ་ན། སྲོག་གཅོད་པ་དང་། མྱོས་པར་འགྱུར་བ་ འཐུང་བ་ལྟ་བུ་ནི་ཉན་ཐོས་ཀྱི་འདུལ་བ་ཁྱིམ་པ་དང་རབ་ཏུ་བྱུང་བའི་གཞི་ཐུན་མོང་བ་ཉིད་དུ་བཤད་ལ། གོང་དུ་བཤད་པ་དེ་དག་གིས་རབ་ཏུ་བྱུང་བ་ལ་བཤད་ཀྱི་ཁྱིམ་པ་ལ་མ་བཤད་པའི་ཕྱིར་དང་། འདིར་ནི་དེ་དག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་བསྲུང་བར་བྱ་བ་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་ཁྱིམ་པས་ཀྱང་བསྲུང་བར་བྱ་བ་ཡིན་པའི་ཕྱིར་རོ། །བདེ་གཤེགས་བསླབ་པ་ཞེས་བྱ་བ་ནི། མདོ་ལས་གང་སེམས་ཅན་གྱི་དོན་དུ་མི་འགྱུར་བ་དེ་སྤང་བར་བྱའོ་ཞེས་གསུངས་པའོ། །དེ་ལྟར་ཉན་ཐོས་དང་ཐུན་མོང་བའི་སྡོམ་པའི་ཚུལ་ཁྲིམས་ཇི་ལྟར་བསྲུང་བའི་ཚུལ་ བཤད་ནས། ད་ནི་ཐུན་མོང་མ་ཡིན་པའི་ཡིད་ཀྱི་མི་དགེ་བའི་ལས་སྤོང་བར་བྱེད་པའི་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། གང་ཚེ་བསྐྱོད་པར་འདོད་གྱུར་ཏམ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་བཤད་དེ། འོན་ཏེ་བདག་ལ་སྟོད་པ་དང་། གཞན་ལ་སྨོད་པ་ཇི་ལྟར་ན་སྡོམ་པའི་ཚུལ་ ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་ཞེ་ན། བདག་ལ་སྟོད་པ་ནི་བདག་གི་ལུས་དང་ལོངས་སྤྱོད་ལ་ལྷག་པར་ཆགས་པས་ཀུན་ནས་བསླང་བ་ཡིན་པའི་ཕྱིར་ལ། གཞན་ལ་སྨོད་པ་ནི་ཕྲག་དོག་དང་སེར་སྣའི་ཀུན་ནས་བསླང་བའི་ཕྱིར་དེ་དག་ཡིད་ཀྱི་མི་དགེ་བའི་ལས་ཡིན་པའི་ཕྱིར་རོ། །མི་དགེ་བའི་ ཆོས་སྡུད་པའི་ཚུལ་ཁྲིམས་ལ་ཇི་ལྟར་བསླབ་པའི་ཚུལ་བསྟན་པའི་ཕྱིར། མི་བཟོད་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། འདི་ཇི་ལྟར་ན་དགེ་བའི་ཆོས་སྡུད་པའི་མི་མཐུན་པའི་ཕྱོགས་ཡིན་ཞེ་ན། དགེ་བའི་ཆོས་སྡུད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཡིན་ལ། འདིར་ཡང་མི་བཟོད་པ་ནི་བཟོད་པའི་མི་མཐུན་པའི་ཕྱོགས་ཡིན་ཞིང་། ལེ་ལོ་ནི་བརྩོན་འགྲུས་ཀྱི་ཡིན་ལ། ཟབ་མོའི་དོན་ལ་འཇིགས་པ་ནི་ཤེས་རབ་ཀྱི་ཡིན་ཞིང་། སྤྱོད་པ་སྤྱི་བརྟོལ་དང་མུ་ཅོར་སྨྲ་བ་ནི་བསམ་གཏན་གྱི་ཡིན་ཏེ། རང་གི་ལུས་དང་ལོངས་སྤྱོད་དང་། གཉེན་འདབ་ལ་སོགས་པ་ལ་ལྷག་ པར་ཆགས་པ་ནི་སྦྱིན་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །འོ་ན་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་གང་ཡིན་ཞེ་ན། བཤད་པ་འདི་དག་ཉིད་ཡིན་གྱི་འདི་ལས་ལོག་ན་མེད་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན་ཚུལ་ཁྲིམས་ནི་སྡོམ་པ་གསུམ་གྱིས་བསྡུས་པ་ཡིན་ལ། དེ་ལ་བྲེ་མོའི་གཏམ་ཞེས་བྱ་ བ་ལ་སོགས་པས་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ཡིན་ལ། ཤིན་ཏུ་ངེས་དང་ཞེས་བྱ་བ་ལ་སོགས་པས་ནི། སེམས་ཅན་གྱི་དོན་བྱེད་པའི་དབང་དུ་བྱས་པ་ཡིན་ཞིང་། མི་བཟོད་ཅེས་བྱ་བ་ལ་སོགས་པ་ནི་དགེ་བའི་ཆོས་སྡུད་པའི་དབང་དུ་བྱས་པ་ཡིན་ལ། དེ་ལས་མ་གཏོགས་པའི་ ཚུལ་ཁྲིམས་ཞེས་བྱ་བ་མེད་པའི་ཕྱིར་རོ། །ད་ནི་སེམས་ཅན་གྱི་དོན་བྱེད་པའི་དབང་དུ་བྱས་ནས། ཤིན་ཏུ་ངེས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་ངེས་དང་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་བྱེད་པའི་འབྲས་བུ་ལ་ཡིད་ཆེས་པའི་དད་པའོ། །རབ་ཅེས་བྱ་བ་ནི་སེམས་ཅན་གྱིས་བྱས་ པའི་ཕན་ཡོན་མཐོང་བའི་དབང་གིས་དང་བའི་དད་པ་དང་། བདག་ཉིད་ཀྱང་དེ་སྒྲུབ་པར་འདོད་པའི་དད་པའོ། །བརྟན་དང་ཞེས་བྱ་བ་ནི་དེ་ལས་མི་ལྡོག་པའོ། །གུས་ཞེས་བྱ་བ་ནི་ལུས་ཀྱི་སྒོ་ནས་སོ། །ཞེས་ནི་ངག་གི་སྒོ་ནས་སོ། །ངོ་ཚ་ཤེས་དང་འཇིགས་དང་སྟེ། ཁྲེལ་ཡོད་པ་ ནི་གྲོགས་ཀྱི་སྒོ་ནས་སོ། །ཞི་ཞིང་བྱ་བ་ནི་ཡིད་ཀྱི་སྒོ་ནས་ཏེ། དེ་ལྟ་བུའི་ཚུལ་གྱིས་གཞན་གྱི་དོན་བྱེད་པ་ལ་བརྩོན་པར་བྱའོ། །ཡང་ན་ཤིན་ཏུ་ངེས་དང་ཞེས་བྱ་བ་ནི། བདག་གིས་སེམས་ཅན་གྱི་དོན་བྱེད་པར་ནུས་སོ་སྙམ་པ་སྟེ། མི་ཞུམ་པའི་བརྩོན་འགྲུས་ཀྱིས་སོ། །རབ་དང་ཞེས་བྱ་བ་ནི་བདག་ གིས་གདོན་མི་ཟ་བར་སེམས་ཅན་གྱི་དོན་བྱའོ་ཞེས་སེམས་ལ་གོ་གོན་པ་སྟེ། གོ་ཆའི་བརྩོན་འགྲུས་ཀྱིས་སོ། །བརྟན་ཞེས་བྱ་བ་ནི་དེ་ལས་མི་ལྡོག་པའི་བརྩོན་འགྲུས་ཀྱིས་སོ། །བརྩོན་ཞེས་བྱ་བ་ནི་དེ་ལ་སྦྱོར་བ་སྟེ། སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །གཞན་དགའ་བྱེད་ལ་ཞེས་བྱ་བ་ནི་གང་ལ་ བརྩོན་འགྲུས་བརྩམ་པར་བྱ་བའི་ཡུལ་ལོ། །ངོ་ཚ་ཤེས་དང་འཇིགས་དང་བཅས། །ཞེས་བྱ་བ་ནི། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྟེ་བརྩོན་འགྲུས་ཀྱི་གྲོགས་ཀྱིས་སོ། །གུས་དང་ཞེ་སར་བཅས་པ་དང་། །ཞི་ཞིང་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཏེ། སེམས་ཅན་གྱི་ དོན་ལ་བརྩོན་འགྲུས་ཇི་ལྟར་རྩོམ་པའི་ཚུལ་བསྟན་པའོ། །དེ་ལྟར་ལྷན་ཅིག་རྗེས་སུ་སྤྱོད་པའི་ཤེས་བཞིན་ལ་གནས་ཏེ། སྡོམ་པ་གསུམ་ལ་ཇི་ལྟར་བསླབ་པའི་ཚུལ་བསྟན་ནས། ད་ནི་གཙོར་སེམས་བསྲུང་བ་ལ་བསླབ་པ་བསྟན་པའི་ཕྱིར། ཕན་ཚུན་མི་མཐུན་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། ཚིགས་སུ་བཅད་པ་དང་པོས་ནི་སྙིང་རྗེ་ལ་གནས་ཏེ་སེམས་བསྲུང་བར་བསྟན་ཏོ། །གཉིས་པས་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལ་གནས་ཏེ་བསྲུང་བར་བསྟན་ཏོ། །གསུམ་པས་ནི་དལ་བ་འབྱོར་པ་རྙེད་པར་དཀའ་བར་བསམས་ནས་སེམས་བསྲུང་བར་བསྟན་ཏོ། །དེ་བས་ན་འཇིག་རྟེན་གནས་ པའི་སེམས་ཅན་འདི་དག་ནི་ཕན་ཚུན་མི་མཐུན་པའི་དབང་གིས་འདོད་པ་ལ་ལྷག་པར་ཆགས་པ་ལ་སོགས་པའི་སྒོ་ནས་སྡུག་བསྔལ་ཇི་སྙེད་ཉམས་སུ་མྱོང་ཡང་དེས་སྐྱོ་བར་མི་བྱེད་ཀྱི། ཕྱིར་ཞིང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེས་པས་མི་དགེ་བའི་ལས་མངོན་པར་རྩོམ་ཞིང་། བསམ་ པ་འདི་འབྱུང་བའི་ཕྱིར་འདི་དག་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ཡིན་པས་དེ་དག་གི་དོན་དུ་བདག་གི་སེམས་ཉོན་མོངས་པའི་དབང་དུ་མི་གཏང་བར་བྱ་སྙམ་པ་དང་། བདག་དང་སེམས་ཅན་གྱི་དབང་དུ་བྱས་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལ་གནས་ནས་བདག་ཏུ་མ་ཞེན་པར་སྒྱུ་མ་ལྟ་ བུའི་དབང་གིས་དགེ་བའི་ཆོས་ཀྱི་དམིགས་པ་ཡིད་ལ་གཟུང་བར་བྱ་བ་དང་། དལ་བ་འབྱོར་པ་ཤིན་ཏུ་རྙེད་པར་དཀའ་བ་ལས་དེ་ཐོབ་པའི་དུས་སུ་དེ་ཐོབ་པ་ཆུད་མི་ཟ་བར་བྱའོ་སྙམ་ནས་སེམས་བསྲུང་བ་སྟེ། ཡན་ལག་གི་དོན་ཡིན་ནོ། །ད་ནི་ལུས་ལ་ལྷག་པར་ཆགས་པའི་དབང་གིས་བསྲུང་བར་མི་བྱ་བར་ བསྟན་པ། བྱ་རྒོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་བསྟན་ཏེ། ལུས་ལྷག་པར་ཆགས་པའི་ཚུལ་གྱིས་མ་བསྲུངས་ན་དེའི་ཚེ། ལུས་ནི་མི་དགའ་བར་འགྱུར་སྙམ་པའི་དོགས་པ་བསུས་ནས་དུར་ཁྲོད་ལ་སོགས་པར་བྱ་རྒོད་ལ་སོགས་པས་གནོད་པ་ཇི་སྙེད་བྱས་ཀྱང་ལུས་ཁྱོད་མི་དགའ་བ་མི་བྱེད་ན། ད་ལྟ་ཅིའི་ཕྱིར་མ་བསྲུངས་པས་མི་དགའ་བ་བྱེད་ཅིང་ཁ་ད་སྟེ་ཁ་ཟིན་བྱས་སུ་རེ་སྟེ་རེ་བར་མི་རིགས་སོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡིན་དུ་ཟིན་ཀྱང་ཡིད་ཀྱིས་ལུས་དེ་ལྷག་པར་ཆགས་པའི་སྒོ་ནས་སྲུང་བར་བྱེད་དོ་ཞེ་ན། ལུས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་མ་བསྲུངས་ན་ཡིད་དག་ལ་གནོད་དོ་ཞེ་ན། ཁྱོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་བདག་ལ་བརྟེན་ཏེ་དགོས་སོ་ཞེ་ན། རྨོངས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གཙང་བ་ཡིན་པའི་ཕྱིར་རྟེན་དུ་གཟུང་རིན་མི་ཆོག་སྙམ་བསམ་པའོ། །ཇི་ལྟར་མི་གཙང་བ་ཡིན་སྙམ་པ་ལ། ཐོག་མར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། འོན་ཏེ་བདག་གི་ལོངས་སྤྱོད་དུ་དགོས་སོ་ཞེ་ན། ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ཏུ་ན་ཁྱོད་ཀྱིས་ལོངས་སྤྱོད་དུ་མི་རུང་བའི་ཕྱིར་བསྲུང་བ་མི་རིགས་ཏེ། གཉིས་སུ་ན་ཝ་ལ་སོགས་པས་ནི་ལོངས་སྤྱད་དུ་རུང་བའི་ཕྱིར་བསྲུང་བར་རིགས་སོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་བྱ་སྙམ་པ་ ལ་མི་འོ་ཅོག་གི་ལུས་འདི་ནི་འཕྲལ་གྱི་གོས་ལ་སོགས་པ་བྱིན་པའི་སྒོ་ནས་དགེ་བའི་ལས་ལ་བཀོལ་བར་བྱ་བ་ཉིད་དུ་མ་ཟད་ཀྱི་ལོངས་སྤྱོད་དུ་དགོས་སོ་ཞེས་བྱ་བའི་གོ་ནས་བསྲུང་བར་བྱ་བར་ནི་མི་རིགས་ཏེ། རྟག་ཏུ་ཁྱོད་ཀྱིས་ལོངས་སྤྱོད་དུ་མི་རུང་བའི་ཕྱིར། དཔེར་ན་བྲན་ལ་སོགས་པ་ལས་བྱེད་དུ་མི་ བཏུབ་པ་བཞིན་ནོ་སྙམ་ནས། འདི་ལྟར་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་གོས་དང་ཟས་ལ་སོགས་པའི་ཡོ་བྱད་བྱིན་ཏེ། བྱང་ཆུབ་སེམས་དཔས་རང་གི་བྱ་བ་སེམས་ཅན་གྱི་དོན་དུ་གཞུག་པར་བྱའོ། །དེ་ལྟ་བུའི་དོན་མེད་པར་ཞེས་བྱ་བའི་སྒོ་ནས་སྦྱིན་པར་བྱ་ བ་མ་ཡིན་པས། འདི་ལ་གླ་རྔན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་དེ་ལྟར་ཆུ་བོ་ལས་རྒལ་བའི་རྟེན་ཡིན་པས་གྲུའི་ཟག་ལྷན་ལ་སོགས་པ་བྱ་དགོས་པ་དེ་བཞིན་དུ། བདག་ཉིད་འཁོར་བ་ལས་རྒལ་ཏེ་སེམས་ཅན་གྱི་དོན་བྱེད་པའི་རྟེན་ཡིན་པའི་ཕྱིར་ལུས་འདི་ལ་རྟེན་ཡིད་བཞིན་གྱི་ནོར་བུར་འགྱུར་ བའི་དེ་བཞིན་གཤེགས་པའི་སྐུ་ཐོབ་པར་བྱ་བའི་དོན་དུ་བསྲུང་བར་བྱ་དགོས་སོ་ཞེས་བསྟན་པའི་ཕྱིར་འགྲོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ཉོན་མོངས་པའི་དབང་དུ་མ་སོང་བར་ལྷན་ཅིག་རྗེས་སུ་སྤྱོད་པའི་ཤེས་བཞིན་གྱིས་རང་ཉིད་ལ་དབང་ཡོད་པར་བྱ་སྟེ། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ ལ་བསླབ་པའི་དབང་དུ་བྱས་ནས། དེ་ལྟར་རང་དབང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་དང་གཞན་གྱི་དོན་གྱི་རྟེན་དུ་འགྱུར་བའི་ལོངས་སྤྱོད་བསྲུང་བའི་དབང་དུ་བྱས་ནས། ཁྲི་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞི་བ་དང་དུལ་བ་ལ་གནས་པའི་དབང་དུ་བྱས་ནས་སྒོ་ཡང་ཞེས་བྱ་བ་ ལ་སོགས་པ་སྨོས་སོ། །དེ་ལ་ཕན་ཡོན་ཅི་ཞིག་ཡོད་སྙམ་པ་ལ། ཆུ་སྐྱར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལེགས་པར་བསླབས་པའི་གདམས་ངག་ལ་གུས་པ་སྐྱེད་པར་བསླབ་པའི་དབང་དུ་བྱས་ནས། གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་གྱི་ཡང་དག་པའི་ཡོན་ཏན་ལ་དགའ་ བ་སྐྱེད་པའི་དབང་དུ་བྱས་ནས། ལེགས་པར་སྨྲས་པ་ཞེས་བྱ་བ་སྨོས་སོ། །ཅི་གཞན་གྱི་ངོ་བོ་འབའ་ཞིག་བསྟོད་པར་བྱ་བའམ་ཞེ་ན་མ་ཡིན་ཏེ། ལྐོག་ན་ཞེས་བྱ་བ་སྨོས་སོ། །བདག་འབའ་ཞིག་གིས་བསྟོད་པར་བྱ་བའམ་ཞེ་ན། གཞན་གྱི་གཡམ་ཡང་བརྗོད་པར་བྱ་བ་ཡིན་པས། ཡོན་ཏན་བརྗོད་ ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་གཞན་གྱིས་བདག་གི་ཡོན་ཏན་བརྗོད་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། རང་གི་ཡོན་ཏན་ཞེས་བྱ་བ་ལ་སྨོས་ཏེ། དེས་ང་རྒྱལ་བསྐྱེད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཞན་གྱི་ཡོན་ཏན་ལ་དགའ་བ་བསྐྱེད་པ་དེ་ཅིའི་ཕྱིར་ཞེ་ན། རྩོམ་པ་ཐམས་ཅད་ཅེས་ བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། བདག་ལ་འདིར་གོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །སྨྲ་བ་དང་བལྟ་བའི་ཚུལ་བསྟན་པའི་དབང་དུ་བྱས་ནས་སྨྲ་ན་ཡིད་ཕེབས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་བའི་ལས་སྒྲུབ་པའི་ཚུལ་གྱིས་དབང་དུ་བྱས་ནས་མཁས་ཤིང་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཕྲལ་དུ་ཚེགས་དྲག་ཆུང་ཞིང་དགེ་བའི་འོངས་ཆེ་བར་ཤེས་ན། དེའི་ཚེ་མཁས་པ་ཞེས་བྱ་སྟེ། ཚེགས་ཆུང་བས་ནི་སྔ་མ་ལ་འགྱོད་པ་མེད་པར་འགྱུར་ཞིང་། ཕྱི་མ་སྒྱིད་ལུག་པར་མི་འགྱུར་ལ། འོངས་ཆེ་བས་ནི་མྱུར་དུ་ཚོགས་བསགས་པར་འགྱུར་བས། གང་གི་ཚེ་ ཇི་ལྟར་བྱས་ན་དེ་ལྟར་འགྱུར་སྙམ་པ་ལ། དགེ་བའི་རྩ་བ་ཅི་བྱེད་ཀྱང་དམ་པ་རྣམ་པ་དྲུག་གིས་ཟིན་པའི་ཚུལ་དུ་བྱས་ན། དེ་ལྟར་འགྱུར་ཏེ་ལས་སུ་བྱ་བ་ཆུང་བས་ནི་ཚེགས་ཆུང་བ་ཡིན་ལ། དམ་པ་དྲུག་གིས་ཟིན་པས་ནི་འོངས་ཆེ་བར་འགྱུར་རོ་སྙམ་དུ་བསམ་པའོ། །དགའ་དང་ལྡན་བྱས་ནས་ཞེས་བྱ་བས་ནི་ སྔར་བྱས་པ་ལ་རྗེས་སུ་ཡི་རང་བ་བསྐྱེད་ཅིང་ད་ལྟར་བྱས་པ་ལ་ནི་ཕན་ཡོན་མཐོང་བའི་སྒོ་ནས་དགའ་བ་སྐྱེད་པ་མ་འོངས་པ་ལ་ནི་སྔ་མས་ཆོག་པར་མི་འཛིན་ཏེ། ཁྱེད་འདོད་པའི་ཚུལ་གྱིས་དགའ་བ་དང་ལྡན་པར་བྱས་ནས། བདག་ཉིད་ཀྱིས་རྟག་ཏུ་བྱའི་གཞན་ལ་ལྟོས་པར་མི་བྱ་སྟེ། གཞན་གྱིས་བྱས་པ་དེ་བདག་གི་དོན་ དུ་མི་འགྱུར་བའི་ཕྱིར་རོ། །འོན་ཏེ་བདག་ཉིད་ཀྱིས་ཇི་ལྟར་སྤྱད་ཅེ་ན། སྦྱིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱིན་པ་འབའ་ཞིག་ཙམ་གྱིས་ཆོག་པར་མི་གཟུང་གི །དེ་ལས་གོང་མར་གྱུར་པའི་ཕྱིར་ཚུལ་ཁྲིམས་ལ་སོགས་པ་ཡང་སྤྱད་ལ། དེ་བཞིན་དུ་སྦྱིན་པ་ཉིད་ལ་ཡང་གཏོང་བ་ཙམ་གྱིས་ཆོག་པར་མི་གཟུང་ གི །དེ་ལས་ཁྱད་ཞུགས་པར་གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་ལ་སོགས་པ་ལ་ཁྱད་ཞུགས་པར་སྤྱད་པར་བྱ་སྟེ། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་གོང་ནས་གོང་དུ་འགྲོ་བ་དང་། ཚུལ་ཁྲིམས་ལྟ་བུ་ཉིད་ལ་ཡང་དགེ་བསྙེན་དང་། དགེ་བསྙེན་གྱི་སྡོམ་པ་ཞེས་བྱ་བ་ལ་སོགས་པ་ཁྱད་ ཞུགས་པར་བྱེད་པ་ཅི་རིགས་སུ་སྦྱར་རོ། །གལ་ཏེ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གོང་ནས་གོང་དུ་སྤྱད་པར་བྱ་བ་ཡིན་ན། དེའི་ཚེ་ཇི་ལྟར་སྦྱིན་པའི་དུས་དག་ཏུ་ཚུལ་ཁྲིམས་བཏང་སྙོམས་གཞག་པར་གསུངས་ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཆུང་ངུའི་ཕྱིར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོང་ འོག་གི་རིམ་པ་དེ་ལྟར་ཡིན་ཡང་འདི་ལྟར་རེ་ཞིག་སྲོག་གི་སྐྱབས་བྱེད་པའི་སྦྱིན་པ་ལྟ་བུ་འོག་མ་ཡིན་ཡང་ཆེ་ལ། དེའི་ཚེ་བརྫུན་དུ་སྨྲ་བ་སྤོང་བའི་ཚུལ་ཁྲིམས་དེ་ལྟ་བུ་གོང་མ་ཡིན་དུ་ཟིན་ཀྱང་ཆུང་བ་ཡིན་པ་དེའི་ཚེ་ནི། གོང་མ་ཡིན་པ་ཙམ་གྱིས་ཚུལ་ཁྲིམས་ཆུང་ངུ་དང་ དུ་བླང་བའི་ཕྱིར་མཆོག་མ་ཡིན་ཞེས་ཏེ། སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་ཆེ་བ་ཡིན་ན། མི་གཏོང་ཞེས་བྱ་བ་ཡལ་བར་དོར་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། འོག་མ་ཡིན་ཡང་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་ཆེ་བར་གྱུར་པའི་དུས་སུ་གོང་མ་ཡིན་ཡང་ཚུལ་ཁྲིམས་ཆུང་བ་དེ་བཏང་ སྙོམས་སུ་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཆེ་ཆུང་དུ་འགྱུར་བ་མེད་པའི་ཚེ་ནི་འོག་མ་གཙོ་ཆེར་དང་དུ་བླང་བ་ཉིད་དུ་རིག་པར་བྱའོ། །འོ་ན་ཆེ་ཆུང་གཉིས་གང་གི་སྒོ་ནས་གཞག་ཅེ་ན། གཙོ་ཆེར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་གྱི་དོན་དེ་ནི་ཆེ་བ་ཡིན་པས་གཙོར་དེ་ཉིད་ལ་འབད་པར་བསྟན་ པར་བྱ་བའི་ཕྱིར། དེ་ལྟར་རིག་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་གཞན་དོན་གཙོ་ཆེར་བྱ་བ་ཡིན་པས། ཐུགས་རྗེ་མངའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྡོམ་པའི་ཚུལ་ཁྲིམས་ལ་འབད་པའི་ཁ་ན་མ་ཐོ་བ་སྤོང་བའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་ཉན་ ཐོས་ཀྱི་འདུལ་བ་ལས་དོན་ཉེ་བ་དང་བྱ་བ་ཉུང་བ་དང་། བྱེད་པ་ཉུང་བ་ལ་གཟིགས་ཏེ། ཆོས་གོས་ལྷག་པ་ལ་སོགས་པ་རྣམས་ཀྱང་བཅང་བར་མི་བྱའོ་ཞེས་བཀག་པ་རྣམས་ཀྱང་། ཐུགས་རྗེ་མངའ་བའི་དེ་བཞིན་གཤེགས་པ་དོན་རིང་པོ་གཞན་གྱི་དོན་དུ་འགྱུར་བ་ལ་གཟིགས་ནས། གཞན་གྱི་ དོན་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་གནང་སྟེ། ཇི་སྐད་དུ་མདོ་ལས་དེ་ནི་ནོར་གྱི་ཕུང་པོ་རི་རབ་ཙམ་ཞིག་ཐོབ་ན་ཡང་ལེན་ཏོ་ཞེས་གསུངས་པ་ལྟ་བུའོ། །ཡང་རང་བཞིན་གྱི་ཁ་ན་མ་ཐོ་བའི་དབང་དུ་བྱས་ནས་དོན་ཉེ་བ་ཚེ་འདིའི་དོན་ལས་དགོངས་ཏེ། ཉན་ཐོས་ཀྱི་འདུལ་བ་ལས་བསྒྲལ་བའི་ཞིང་ དུ་གྱུར་པ་རྣམས་ཀྱི་སྲོག་གཅོད་པ་བཀག་པ་ཡང་དོན་རིང་བ་ཚེ་ཕྱི་མ་ལ་ངན་སོང་གསུམ་གྱི་སྡུག་བསྔལ་བསལ་བས་བསྐྱབ་པར་གཟིགས་ནས་གཞན་གྱི་དོན་གཙོ་ཆེར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་གནང་སྟེ། ཇི་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས། མཚམས་མེད་པ་བྱེད་པའི་མི་གསང་ བར་གནང་བ་ལྟ་བུའོ། །ད་ནི་དགེ་བའི་ཆོས་སྡུད་པ་དང་སེམས་ཅན་གྱི་དོན་བྱེད་པའི་དབང་དུ་བྱས་ནས་བསྟན་པའི་ཕྱིར། རྩ་བའི་ཚིག་འདི་གནང་བ་རྣམས་ཀྱང་དེ་ལ་བཀག་སྟེ་རིམ་པ་བཞིན་དུ་སྦྱར་ཏེ་གང་གི་ཚེ་དོན་ཉེ་བ་སློང་བ་པོ་རེ་རེའི་དོན་ལ་གཟིགས་ནས། གོས་འདོད་པ་ལ་གོས་དང་། བགོ་བ་འདོད་ པ་ལ་བགོ་བ་སྦྱིན་པ་ལ་སོགས་པ་གནང་བ་རྣམས་དོན་རིང་བ་གཞན་མང་པོ་དག་གི་དོན་དུ་འགྱུར་བ་ལ་གཟིགས་ནས། གཞན་མང་པོ་དག་གི་དོན་གཙོ་ཆེར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་བཀག་སྟེ་ཇི་སྐད་དུ་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་ བས་ཆོས་གོས་གསུམ་རྣམ་པ་ཐམས་ཅད་དུ་སྦྱིན་པར་མི་བྱའོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་དེ་ལྟར་སློང་བ་པོ་དག་ལ་ལུས་ལ་སོགས་པ་གཏོང་བ་རྒྱུ་ཅིའི་ཕྱིར་བཀག་ཅེ་ན། དེ་ནི་ཚངས་པར་སྤྱོད་པའི་རྟེན་ཡིན་པའི་ཕྱིར་ཏེ། དེ་བཏང་ན་སེམས་ཅན་ཐམས་ཅད་ཀྱི་དོན་ཉམས་པར་འགྱུར་བས་སློང་ མོ་པ་འགའི་དོན་དུ་གཏང་བར་བྱ་བ་མ་ཡིན་པའི་ཕྱིར། དམ་པའི་ཆོས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་ཀྱི། ཆོས་བྱེད་པའི་རྟེན་དུ་གྱུར་པའི་ལོངས་སྤྱོད་ཀྱང་དེ་བཞིན་དུ་བལྟ་བར་བྱ་སྟེ། དེ་ཡང་བསླབ་པ་ཀུན་ལས་བཏུས་པ་ལས། ཚེ་འདི་ལ་ལོངས་སྤྱོད་ བསྲུང་བའི་ཕྱིར་གཏོང་བ་དགག་པ་ཇི་སྐད་བཤད་པ་བཞིན་ནོ། །གལ་ཏེ་དེ་ལ་ཕན་ཡོན་ཅི་ཡོད་སྙམ་པ་ལ། དེ་ལྟར་བྱས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ལ་བརྟེན་ནས་ཚོགས་ཡོངས་སུ་རྫོགས་པའི་རིམ་གྱིས་སངས་རྒྱས་ཐོབ་པར་འགྱུར་བས་སྙམ་དུ་བསམས་པའོ། །འོ་ན་ཐམས་ ཅད་མི་གཏོང་ངམ་ཞེ་ན། སྙིང་རྗེའི་བསམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྲིད་དུ་ལྷག་པའི་བསམ་པ་དག་པའི་སར་མ་ཆུད་ཀྱི་བར་དུ་ཞེས་བྱ་བའི་ཐ་ཚིག་སྟེ། གཏོང་བ་ལ་མ་གོམས་པས་གཏོང་མི་ནུས་པའི་ཕྱིར་རམ། ནུས་སུ་ཟིན་ཀྱང་ཚེ་སྔ་མའི་སྡིག་པའི་ལས་ཀྱི་སྟོབས་ཀྱིས་ནད་ལ་ སོགས་པའི་སྡུག་བསྔལ་འབྱུང་བའི་ཕྱིར་འགྱོད་པ་སྐྱེ་ཞིང་སྒྱིད་ལུག་པར་འགྱུར་བའི་ཕྱིར་རམ། ཆོས་ཐམས་ཅད་ལ་བདེ་བར་འགྲོ་བའི་ཏིང་ངེ་འཛིན་མ་ཐོབ་པས་དུས་དེའི་ཚེ་བདེ་བའི་ཚོར་བ་མི་འབྱུང་བའི་ཕྱིར། ཕྱི་མ་ལ་བྱེད་འདོད་པའི་བསམ་པ་མི་འབྱུང་བའི་ཕྱིར་རམ། བདེན་པའི་སྟོབས་མ་གྲུབ་པས་སྲོག་དང་ ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བའི་ཕྱིར་རོ་སྙམ་དུ་བསམ་པ་སྟེ། ལྷག་པའི་བསམ་པ་དག་པའི་སར་ཆུད་པ་ལ་ནི། ཉེས་པ་གོང་མ་རྣམས་ལས་བཟློག་པའི་ཕྱིར་དངོས་སུ་གཏོང་བར་བྱེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ལྟ་ཡིན་ན་རྣམ་པ་ཐམས་ཅད་དུ་མི་གཏོང་ངམ། དེ་ལྟ་ཡིན་ན་ནི་དམ་བཅས་པ་དང་འགལ་བར་འགྱུར་རོ་ཞེ་ན། ཅི་ནས་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚེ་འདིར་དོན་ཆེན་པོ་སེམས་ཅན་གྱི་དོན་འགྲུབ་པའི་རྒྱུར་ལུས་འདི་ཉིད་སེམས་ཅན་རྣམས་ལ་བྲན་གྱི་ཚུལ་དུ་བཏང་སྟེ། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པ་བཅུ་གཅིག་ ཇི་སྐད་དུ་བཤད་པ་ལྟ་བུའོ། །དེ་བཞིན་དུ་གཞན་དུ་སྟེ། ཚེ་ཕྱི་མར་ཡང་བདག་དང་གཞན་གྱི་རྒྱུད་ལ་དགེ་བའི་རྩ་བ་ཅི་རྩོམ་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྩོམ་པའི་ཕྱིར། བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་བྲན་གྱི་ཚུལ་དུ་གཏོང་བ་ཡིན་ལ། དེ་བཞིན་དུ་བདག་ཉིད་བྱང་ ཆུབ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་ཡང་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་དུ་ཡིད་དང་ངག་གཏོང་སྟེ། ལེའུ་གཉིས་པར་ཇི་སྐད་བཤད་པ་བཞིན་ནོ། །ད་ནི་གང་ལ་བསླབ་པར་བྱ་བའི་ཡུལ་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར་རང་ངམ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་དབང་དུ་བྱས་པ་ སྟེ། སྡོམ་དང་དགེ་བའི་ཆོས་སྡུད་ཀྱིས་བསྡུས་པ་དང་། གཞན་གྱི་དབང་དུ་བྱས་པ་སྟེ། སེམས་ཅན་གྱི་དོན་བྱེད་པའི་བསྡུས་པའམ། གཞན་ཡང་སྤྱོད་ལམ་གྱི་གནས་སྐབས་གང་དུ་ལུས་ངག་ཡིད་གསུམ་གྱིས་ཅི་སྤྱོད་ཀྱང་། གང་ལ་བསླབ་པ་དང་། ཇི་ལྟར་བསླབ་པར་གསུངས་པ་སྟེ་ཇི་སྐད་དུ་ མདོ་དག་ལས། བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱི་སྟེ། སྙིང་རྗེ་ཆེན་པོ་ལ་བསླབ་པར་བགྱིའོ་ཞེས་གསུངས་པ་དང་། ཡང་བྱང་ཆུབ་སེམས་དཔས་ནི་ཇི་ནས་ཀྱང་མཐོང་མ་ཐག་ཏུ་སེམས་ཅན་རྣམས་དགའ་བར་འགྱུར་བ་དེ་ལྟར་བསྒྲུབ་པར་བགྱིའོ་ཞེས་གསུངས་པ་དང་། ཡང་བྱང་ཆུབ་སེམས་དཔས་ནི་རང་གི་སེམས་ཁོ་ན་ཤིན་ཏུ་བསྲུང་བར་བགྱིའོ་ཞེས་གསུངས་པ་དང་། སྤྱོད་ལམ་ཐམས་ཅད་དུ་ཇི་ལྟར་བསླབ་པ་སྟེ་སྤྱོད་ཡུལ་ཡོངས་སུ་དག་པ་ལས་ཇི་སྐད་གསུངས་པ་བཞིན་དུ་བསླབ་པར་བྱའོ། །འོ་ན་དེའི་ཚེ་རིག་པའི་གནས་རྣམ་པ་ལྔ་ལས་གང་དང་གང་ལ་ཇི་ལྟར་བསླབ་ ཅེ་ན། རིག་པའི་གནས་རྣམ་པ་ལྔ་པོ་མཐའ་དག་ལ་དམ་པ་དྲུག་གིས་ཟིན་པའི་ཚུལ་གྱིས་བསླབ་པར་བྱ་བ་ཡིན་པས། རྒྱལ་སྲས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལས་བྱང་བར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་བས་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་དང་། །བདག་ཉིད་དུལ་བར་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པ་ལྟ་བུའོ། །འོན་ཏེ་དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། དེ་ལྟར་གནས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་གནས་པའི་ ཞེས་བྱ་བ་ནི་དམ་པ་དྲུག་གིས་ཟིན་པའི་ཕྱིར་དེ་ཇི་ལྟ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བའི་བསམ་པས་རིག་པའི་གནས་ལྔ་པོ་དེ་དག་ལ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་སོ་སོའི་མི་མཐུན་པའི་ཕྱོགས་ཀྱི་དྲི་མས་མ་གོས་པར་སློབ་ཅིང་དགེ་བའི་རྩ་བ་དེ་ཡང་བྱང་ ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་ཕྱིར་ཏེ། དེ་ལྟར་གོ་རིམས་བཞིན་དུ་ཆེད་དུ་བྱ་བ་དང་། རྟེན་དང་དངོས་པོ་དང་། ཐབས་ལ་མཁས་པ་དང་། རྣམ་པར་དག་པ་དང་། ཡོངས་སུ་བསྔོ་བ་དམ་པས་ཡོངས་སུ་རིག་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་བྱ་བ་ནི་མདོར་ན་སེམས་ཅན་གྱི་ དོན་ཡིན་པས་དངོས་སམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དངོས་སུ་དོན་དུ་འགྱུར་བ་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པ་བཅུ་གཅིག་ཇི་སྐད་བཤད་པ་ལྟ་བུའོ། །བརྒྱུད་ནས་དོན་དུ་འགྱུར་བའི་བསམ་གཏན་དང་ཤེས་རབ་ཁ་ཅིག་ལྟ་བུའོ། །དངོས་དང་བརྒྱུད་པ་གཉི་ གས་དོན་དུ་འགྱུར་བ་ནི་སྦྱིན་པ་བྱིན་ཏེ། དགེ་བའི་རྩ་བ་ཅི་བྱས་པ་ཐམས་ཅད་ཡོངས་སུ་བསྔོ་བ་དམ་པས་ཟིན་པར་བྱ་བའི་ཕྱིར་སེམས་ཅན་ཁོ་ནའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཤེས་བཞིན་གྱིས་བརྟགས་ཏེ་བསླབ་པ་བསྲུང་བ་ཉིད་བདག་ཅག་གིས་རྒྱུ་གང་ལས་ཤེས་པར་བྱ་སྙམ་ ན་རྒྱུ་གཉིས་ལས་ཤེས་པར་བྱ་སྟེ། རྒྱུ་དང་པོ་ནི་རྟག་པར་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། མཁས་པ་དང་བཙུན་པའི་ཡོན་ཏན་གཉིས་དང་ལྡན་པ་ལས་ཤེས་པར་བྱའོ། །དགེ་བའི་བཤེས་གཉེན་ཇི་ལྟར་མི་གཏོང་ཞེ་ན། དཔལ་འབྱུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱུ་གཉིས་པའི་དབང་ དུ་བྱས་ནས་བསྟན་བཅོས་འདིས་མདོ་སྡེ་ལས་ཞེས་བྱ་བར་བསྟན་པའི་ཕྱིར་འདི་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ན་འདི་དང་ཞེས་བྱ་བ་ནི་འདིར་བསླབ་པ་ཇི་ལྟར་བསྟན་པ་རྣམས་སོ། །གཞན་ཞེས་བྱ་བ་འདིར་མ་བཤད་པ་དེ་བཞིན་གཤེགས་པས་གསུངས་པ་རྣམས་སོ། ། དེ་དག་ཐམས་ཅད་ནི་མདོ་སྡེ་ལས་ཤེས་པར་བྱ་སྟེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་མདོ་སྡེ་རྣམས་ལ་བཀླག་པའི་གོ་རིམས་ཡོད་དམ་ཞེ་ན། ཐོག་མར་རྩ་བའི་ལྟུང་བ་རྣམས་ཤེས་པར་བྱ་བའི་ཕྱིར། ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་ རྗེས་ལ་བསླབ་པ་ཕྲ་བ་གཞན་དག་ཀྱང་ཤེས་པར་བྱ་བའི་ཕྱིར་འཕགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་དེའི་རྗེས་ལ་ཇི་ལྟར་གསུངས་ཤེ་ན་གང་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་སྡེ་གང་ལས་འདི་ནི་ལུས་ངག་གིས་སྤྱད་པར་མི་བྱའོ། །འདི་ནི་སེམས་ཀྱིས་བསྒོམ་པར་མི་བྱའོ་ ཞེས་མ་བཀག་པ་དེ་ཉིད་སྤྱད་ཀྱི། བཀག་པ་རྣམས་ནི་སྤྱད་པར་མི་བྱའོ། །འོན་ཏེ་བཀག་པ་ཐམས་ཅད་མི་སྤྱད་དམ་ཞེ་ན། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་འདི་ལྟར་སྦྱར་ཏེ། འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར། །བསླབ་པ་མཐོང་ནས་ཡང་མི་སྤྱད། །ཅེས་བྱ་བ་ སྟེ་མདོ་སྡེ་ལས་གང་དང་གང་ལ་ཅི་དང་ཅི་དགོས་པ་དེ་སྦྱིན་པར་བྱའོ་ཞེས་གནང་དུ་ཟིན་ཀྱང་། དེ་བྱིན་པས་གཞན་མང་པོ་དག་གི་མི་མོས་པར་འགྱུར་བ་ལ་སོགས་པ་གཙོར་བྱ་བའི་བསླབ་པའི་གཞི་མཐོང་ནས་ལོངས་སྤྱད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ལྷན་ཅིག་རྗེས་སུ་སྤྱད་པའི་ཤེས་བཞིན་ བསྲུང་བའི་མཚན་ཉིད་མཇུག་བསྡུ་བའི་ཕྱིར། ལུས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ད་ནི་ཉམས་སུ་བླང་བའི་གདམས་ངག་བསྟན་པའི་ཕྱིར། ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྟན་བཅོས་ཀྱི་མིང་གི་དོན་ནི་སྔ་མ་བཞིན་ནོ། །ལེའུའི་མིང་གི་དོན་ནི་ཕྱོགས་གཅིག་ ལས་བསྟན་ཏོ། །ལེའུ་བཞི་པའི་བཤད་པ་རྫོགས་སོ།། །།དེ་ལྟར་སེམས་བསྐྱེད་ཅིང་སྡོམ་པས་བསྡམས་པ་ལ་བཟོད་པ་འབྱུང་བས། བསགས་པའི་དགེ་བ་ཆུད་མི་ཟ་བར་བྱ་བ་དང་། དགེ་བའི་ཆོས་ལ་བརྩོན་འགྲུས་བརྩམ་པར་བྱ་བའི་ལེའུ་ལྔ་པ་གསུངས་ཏེ། དེ་ལ་བསྐལ་ པ་སྟོང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ཞེ་སྡང་གི་ཉེས་དམིགས་དང་། བཟོད་པའི་ཕན་ཡོན་བསྟན་པའི་སྒོ་ནས་ཞེ་སྡང་སྤངས་ཏེ་བཟོད་པ་བསྒོམ་པ་མདོར་བསྟན་ཏོ། །ད་ནི་རྒྱས་པར་བཤད་པའི་དབང་དུ་བྱས་ནས་ཞེ་སྡང་གི་ཚེ་འདིའི་ཉེས་དམིགས་བསྟན་པའི་ཕྱིར། ཞེ་སྡང་ཟུག་ རྔུ་ལ་སོགས་པ་སྨོས་ཏེ་ཞི་བ་ནི་བཏང་སྙོམས་ཀྱི་ཚོར་བའོ། །དགའ་བ་ནི་ལུས་ཀྱིའོ། །བརྟེན་མེད་འགྱུར་ཞེས་བྱ་བ་ནི་ལུས་ཀྱི་སྤྱོད་པའི་ཐང་ཐུབ་མེད་པའོ། །ཉེས་དམིགས་གཞན་ཡང་གང་དག་ཅེས་བྱ་བ་ནི་བྲན་ལ་སོགས་པའོ། །དྲིན་སྦྱིན་ཞེས་པ་ནི་རྗེ་བོས་སོ། །དེ་ལ་ཞེས་བྱ་བ་ནི་རྗེ་བོ་ལའོ། །དེ་དག་ཅེས་ པ་ནི་བྲན་ལ་སོགས་པའོ། །སྡང་ལྡན་པ་ཞེས་བྱ་བ་ནི་ཞེ་སྡང་དང་ལྡན་པའི་དབང་གིས་སོ། །དེ་ཡིས་ཞེས་བྱ་བ་ནི་ཤིན་ཏུ་དྲིན་ཆེ་བའི་རྗེ་བོ་ལ་ཡང་རྒོལ་བར་བྱེད་པའི་རྒྱུས་སོ། །སྦྱིན་པས་སྡུད་དང་རྟེན་མི་བྱེད། །ཅེས་བྱ་བ་ནི། བྲན་གཏོང་ཕོད་ཆེ་ཡང་ཞེ་སྡང་ལྡན་པའི་དབང་གིས་སུ་ཡང་དེ་དང་འགྲོགས་པར་ མི་བྱེད་ཅེས་བྱ་བའི་དོན་ཏོ། །བདེ་གནས་པ་ཞེས་བྱ་བ་ནི་ཚེ་འདི་ལའོ། །དེ་ལ་སོགས་པ་ཞེས་བྱ་བ་ནི། ཚེ་འདི་ལ་གནོད་པར་མ་ཟད་ཀྱི་འདི་དང་ཕྱི་མ་གཉི་ག་དང་བདག་ལ་གནོད་པ་བྱེད་པར་མ་ཟད་ཀྱི། གཞན་དང་བདག་དང་གཞན་གཉི་ག་དང་། དངོས་སུ་གནོད་པ་བྱེད་པར་མ་ཟད་ཀྱི་ བརྒྱུད་པ་དང་དངོས་དང་བརྒྱུད་པ་གཉི་གའི་སྒོ་ནས་གནོད་པར་བྱེད་པས་སོ། །འོན་ཏེ་ཞེ་སྡང་སྤངས་པའི་ཕན་ཡོན་གང་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་བྱ་བ་ནི་ཚེ་འདི་དང་། ཕྱི་མ་དང་། གཉི་ག་དང་བདག་དང་གཞན་དང་གཉི་ག་དང་དངོས་ དང་བརྒྱུད་པ་དང་གཉི་གར་བདེ་བས་སོ། །འོན་ཏེ་ཞེ་སྡང་དེ་ཇི་ལྟར་སྤང་ཞེ་ན། ཟས་སྤངས་པའི་སྒོ་ནས་ཞེ་སྡང་སྤང་བར་བསྟན་པའི་ཕྱིར་མི་འདོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྩ་བ་དང་པོ་དེ་གཉིས་ཀྱིས་ཟས་དེའི་རྒྱུ་བསྟན་ཏོ། །གསུམ་པས་ནི་ངོ་བོ་ཉིད་བསྟན་ཏོ། །བཞི་ པས་ནི་བྱེད་པ་བསྟན་ཏོ། །ཚིགས་སུ་བཅད་པ་གཉིས་པས་ནི་ཟས་སྤང་བའི་སྒོ་ནས་སྤང་བའི་འཐད་པ་བསྟན་པའོ། །ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་ནི་ཟས་དེ་ཉིད་སྤང་བར་བྱ་བའི་རིགས་པ་བསྟན་ཏོ། །འོན་ཏེ་ཞེ་སྡང་གི་ཟས་དེ་ཇི་ལྟར་སྤང་ཞེ་ན། བཟོད་པ་རྣམ་པ་གསུམ་ གྱི་སྒོ་ནས་སྤང་བར་བྱ་བ་ཡིན་པས་དང་པོ་གནོད་པར་བྱེད་པ་ལ་ཇི་མི་སྙམ་པའི་སྒོ་ནས་ཡིད་མི་བདེ་བ་སྤང་བར་བསྟན་པའི་ཕྱིར། བདག་གམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་སེམས་ཅན་རྣམས་ཀྱི་འདོད་པའི་བྱེ་བྲག་བསྟན་ཏོ། །ཚིགས་སུ་ བཅད་པ་གཉིས་པའི་ཕྱེད་གོང་མས་ནི་འདོད་པ་དང་མི་མཐུན་པར་འབྱུང་བ་བསྟན་ཏོ། །ཕྱེད་གོང་མའི་རྩ་བ་དང་པོས་ནི་དེའི་གཉེན་པོ་བསྒོམ་པ་བསྟན་ཏོ། །རྩ་བ་གཉིས་པས་ནི་ཡིད་མི་བདེ་བ་སྤོངས་ཤིག་ཅེས་གདམས་པར་བསྟན་ཏོ། །དེ་ལ་སེམས་ཅན་རྣམས་ཀྱི་འདོད་པའི་བྱེ་བྲག་ནི་བཞི་སྟེ་བདག་ དང་བདག་གི་གཉེན་བཤེས་ལ་སོགས་པ་ལ། སྡུག་བསྔལ་བ་ལ་སོགས་པ་མི་འདོད་ཅིང་བདེ་བ་ལ་སོགས་པ་འདོད་པ་ཡིན་ལ། དགྲ་ལ་ནི་བདེ་བ་འབྱུང་བར་མི་འདོད་ཅིང་སྡུག་བསྔལ་འབྱུང་བར་འདོད་པའི་བསམ་པ་སྐྱེ་བས་དེའི་ཚེ་བདེ་བའི་རྒྱུ་ནི་དཀོན་ཞིང་སྡུག་བསྔལ་གྱི་རྒྱུ་ནི་ཤིན་ཏུ་མང་བའི་ཕྱིར་བདེ་ བས་ནི་ཕོངས་ལ། སྡུག་བསྔལ་མང་པོ་དང་ལྡན་པའི་དུས་སུ་སྡུག་བསྔལ་མེད་ན་ཁམས་གསུམ་ལ་སྐྱོ་བ་མི་སྐྱེ་ཞིང་ངེས་པར་འབྱུང་བ་མི་ཚོལ་བས་དེའི་ཕྱིར་སྡུག་བསྔལ་ནི་ཡོན་ཏན་ཅན་ཉིད་དུ་ཤེས་པར་བྱས་པའི་སྒོ་ནས་ཡིད་མི་བདེ་བ་སྤངས་ཏེ། ཐ་མལ་པའི་ངང་ལ་བརྟན་པར་གནོས་ཤིག་ཅེས་བྱ་བའི་ དོན་ཏོ། །འོན་ཏེ་གནོད་པ་དང་སྡུག་བསྔལ་བཟོད་པ་དེ་དག་གིས་མི་ཕོད་དོ་ཞེ་ན། དཀའ་བཟློག་ཅེས་བྱ་བ་ནི་མ་ཧ་དེ་བ་དང་ལྷ་མོ་ཨུ་མ་དེ་བ་སྟེ། ལྷའི་དཀའ་ཐུབ་ལས་ལོག་པ་ཡིན་པའི་ཕྱིར་ཏེ། དེ་ནི་འཇིག་རྟེན་པའི་ལོ་རྒྱུས་ལས་ཤེས་པར་བྱའོ། །དེ་བས་ན་དེ་ལ་དད་པའི་མི་མུ་སྟེགས་ཅན་དག་ གིས་ཀྱང་། མེ་ལྔ་བསྟེན་པ་ལ་སོགས་པ་སྡུག་བསྔལ་བཟོད་ན། བདག་གིས་ཇི་སྟེ་མི་བཟོད་ཅེས་བྱ་བའི་དོན་ཏོ། །འོན་ཏེ་དེ་ནི་ཤིན་ཏུ་དཀའོ་ཞེ་ན། གོམས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ནི་སྡུག་བསྔལ་དང་དུ་ལེན་པ་ལ་བཟོད་པའི་དབང་དུ་བྱས་ནས། སྦྲུལ་དང་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། འཇིག་རྟེན་ན་དོན་མེད་པར་ཡང་སྦྲུལ་ལ་སོགས་པའི་གནོད་པ་བཟོད་ན། དོན་ཆེན་པོ་དང་བཅས་པའི་དམ་པའི་ཆོས་བསྒྲུབ་པའི་གནས་སྐབས་ཀྱི་ཚ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་ཚེ་ཡིད་མི་བདེ་བའི་བཟེ་རེ་མི་བྱ་སྟེ། ཞེ་སྡང་སྐྱེ་བའི་སྐྱོན་ཡོད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ བྱ་སྙམ་པ་ལ། ལ་ལ་བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་བཟོད་པའི་ཕན་ཡོན་ཤེས་པར་བྱས་ལ། དེ་ལ་དགའ་བ་བསྐྱེད་པར་བྱ་བའི་མི་སྔ་མ་རྣམས་བཞིན་དུ་ཡིད་མི་བདེ་བ་བསྐྱེད་པར་མི་བྱའོ་ཞེས་པའི་དོན་ཏོ། །དེ་བས་ཞེས་བྱ་བ་ལ་སོགས་པས་ནི་མཇུག་སྡུད་དོ། །དེ་བས་ ན་ཐ་མལ་པའི་དགྲ་དག་ཁོ་ཉིད་རང་འཆི་བར་འགྱུར་བ་ཡིན་པས་དེ་གསོད་པ་ནི་དཔའ་བོ་མ་ཡིན་ཏེ། ཉོན་མོངས་པ་རྣམས་ནི་གཉེན་པོ་མ་བསྐྱེད་ཀྱི་བར་དུ་འབྲལ་བར་མི་འགྱུར་བའི་ཕྱིར། དེ་སྤོང་བར་བྱེད་པ་ནི་དཔའ་བོ་ཆེན་པོ་ཉིད་ཡིན་པས། དེ་བས་ན་འཐབ་མོ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། ། གཞན་ཡང་སྡུག་བསྔལ་གྱི་ཡོན་ཏན་ཤེས་པར་བྱ་བའི་སྒོ་ནས་ཡིད་མི་བདེ་བ་སྤང་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱོ་བས་ཞེས་བྱ་བའི་ཚིག་གསུམ་ནི་བདག་དང་གཞན་དང་གཉི་གའི་རྒྱུད་ལ་སྡུག་བསྔལ་ཡོད་པའི་ཡོན་ཏན་དེ་གོ་རིམས་བཞིན་དུ་སྦྱར་རོ། །ད་ནི་བདག་ཉིད་ལ་ གནོད་པ་བྱེད་པ་རྣམས་ལ་དོན་དམ་པའི་བདེན་པའི་དབང་དུ་བྱས་པའི་ཆོས་ཀྱི་མཚན་ཉིད་ལ་ངེས་པར་སེམས་པའི་བཟོད་པ་བསྒོམ་པའི་དབང་དུ་བྱས་ནས། མཁྲིས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ལ་ཡོད་པའི་མཁྲིས་པ་ལ་སོགས་པ་ཉིད་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ ཕྱིར། དེ་ལ་ཁྲོ་བར་རིགས་ཀྱི་གནོད་པ་བྱེད་པ་རྣམས་ལ་ནི་ཁྲོ་བར་མི་རིགས་ཏེ་དེ་དག་གནོད་པ་བྱེད་པ་ནི་རང་བཞིན་གྱིས་གནོད་པ་བྱེད་པ་ནི་མ་ཡིན་གྱི། གློ་བུར་གྱི་རྐྱེན་ལས་བྱུང་བས་དོན་དམ་པར་རང་བཞིན་མེད་སྙམ་དུ་བསམས་པའོ། །ཇི་ལྟར་ན་གློར་བུར་གྱི་རྐྱེན་ལས་བྱུང་བ་ཡིན་ཞེ་ན། རྐྱེན་ ལས་བྱུང་བའི་མཚན་ཉིད་ནི་མདོར་བསྡུས་ན་རྣམ་པ་གསུམ་སྟེ། དང་པོ་ནུས་པའི་རྐྱེན་ལས་བྱུང་བ་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བདག་ལ་ནད་ལ་སོགས་པ་འབྱུང་བར་མི་འདོད་བཞིན་དུ་ཡང་དེ་སྐྱེད་པར་ནུས་པའི་རྐྱེན་ཚོགས་པའི་དབང་གིས་འབྱུང་བར་འགྱུར་བ་ བཞིན་དུ་དགྲ་བོ་དེ་དག་གིས་གནོད་པར་བྱ་བར་བདག་ཉིད་ཀྱང་མི་འདོད་དེ། དེ་བསྐྱེད་པར་ནུས་པའི་རྐྱེན་ཚོགས་པའི་དབང་གིས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་གཉིས་པ་གཡོ་བ་མེད་པའི་རྐྱེན་ལས་འབྱུང་བ་བསྟན་པའི་ཕྱིར། ཁྲོ་བར་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐྱེན་དེ་དག་ལ་ཡང་འབྲས་བུ་ཁྲོ་བར་བྱ་ཞིང་། གནོད་པའི་མཚན་ཉིད་སྐྱེ་བར་བྱའོ་ཞེས་བྱ་བའི་བློ་སྔོན་དུ་གཏོང་བའི་གཡོ་བ་མེད་ལ། འབྲས་བུ་དེ་དག་ལ་ཡང་བདག་ནི་རྒྱུ་རྐྱེན་འདི་དག་གིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་བློ་སྔོན་དུ་མ་བཏང་ཡང་ནུས་པའི་རྐྱེན་དེ་དག་ཡོད་པ་ ཙམ་གྱིས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་དེ་འབའ་ཞིག་ཏུ་ཟད་དམ་ཞེ་ན། མ་ཡིན་ཏེ་ལས་དང་ཉོན་མོངས་པ་མཐའ་དག་ཀྱང་ནུས་པའི་རྐྱེན་དང་གཡོ་བ་མེད་པའི་རྐྱེན་ལས་འབྱུང་བ་བསྟན་པའི་ཕྱིར། ཉེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་ནུས་ པའི་རྐྱེན་ལས་བྱུང་བ་བསྟན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེས་པ་ནི་ཉེས་པར་བྱེད་པའི་རྒྱུ་ཡིན་པས་ཉེས་པ་སྟེ་འདོད་ཆགས་ལ་སོགས་པ་རྣམས་སོ། །སྡིག་པ་ནི་དེས་ཀུན་ནས་བསླང་བའི་སྲོག་ གཅོད་པ་ལ་སོགས་པ་མི་དགེ་བའི་ལས་རྣམས་སོ། །རྐྱེན་རྣམས་ཚོགས་ཞེས་བྱ་བ་ལ་སོགས་པས་ནི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་ཡོད་པས་འདི་འབྱུང་ཞེས་བྱ་བའི་དཀའ་རྒྱུ་དེ་དག་ཡོད་པ་ཙམ་གྱིས་འབྱུང་གི་བློ་སྔོན་དུ་གཏོང་བའི་གཡོ་ བ་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །ད་ནི་མི་རྟག་པའི་རྐྱེན་ལས་བྱུང་བ་བསྟན་པའི་ཕྱིར། གཙོ་བོར་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་སྙམ་དུ་དགྲ་བོ་ལ་སོགས་པ་དེ་དག་བདག་ལ་གནོད་པར་བྱེད་པ་ནི་བདག་ལ་སོགས་པའི་རྟག་པའི་དངོས་པོ་འགའ་ཞིག་གི་སྟོབས་ཀྱིས་ཡིན་ ནོ་ཞེ་ན་མ་ཡིན་ཏེ། ཁྱོད་ཀྱིས་ནི་དངོས་པོ་ཐམས་ཅད་ཀྱི་གཙོ་བོ་སྟེ་བྱེད་པ་པོ་ཉིད་དུ་གནས་པ་དེ་ལ་བདག་ཅེས་བྱ་བར་ཁས་བླངས་མོད་ཀྱི། དེ་ནི་མ་སྐྱེས་པས་མེད་པའི་ཕྱིར་རམ། ཡོད་དུ་ཟིན་ཀྱང་རྟག་པ་ཉིད་ཀྱི་དངོས་པོ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་རང་གིས་ཀྱང་མི་སྐྱེ་ལ་ལྷན་ཅིག་ བྱེད་པའི་རྐྱེན་ལ་ལྟོས་ཏེ་འབྲས་བུ་བསྐྱེད་པ་ཡང