Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 105
Văn bản gốc(Tây Tạng)
Trang 7 / 22 (50.000 ký tự/trang)
ྱུང་ངོ་། །ཡང་དེ་ཉིད་ལས། འོད་སྲུངས་ངས་གཉིས་ལ་དད་པས་བྱིན་པ་གནང་སྟེ། གཉིས་གང་ཞེ་ན། རིགས་པ་དང་སྟོང་པའོ་ཞེས་སོ། །ཕྱོགས་འདིས་ལོངས་སྤྱོད་ཐམས་ཅད་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱིན་གྱིས་བརླབ་པར་བྱའོ། །གཞན་དུ་ན་བདག་ཉིད་ལ་ཆགས་པས་ལོངས་སྤྱོད་པ་ལས་ནི་ཉོན་མོངས་པ་ཅན་གྱི་ལྟུང་བ་འབྱུང་བར་འགྱུར་རོ། །ཇི་སྐད་དུ་ཟླ་བའི་སྒྲོན་མའི་མདོ་ལས། དེ་དག་ཁ་ཟས་རོ་ཞིམ་བསོད་པ་དག །རྙེད་ནས་ རྣལ་འབྱོར་མི་བརྩོན་ཟ་ཞིང་འཐུང་། །དེ་དག་ལ་ནི་ཟས་དེ་དུག་པར་འགྱུར། །བ་གླང་ཕྲུ་གུ་པད་རྩ་མ་བཀྲུས་བཞིན། །ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་རྒྱ་ཆེར་ནི་བསླབ་པ་ཀུན་ལས་བཏུས་པར་བལྟ་བར་བྱའོ། །བཟའ་བ་དང་བཏུང་བ་ནི་ཐུན་ཚོད་དུ་བྱ་བ་དང་། ཉིན་ཞག་ ཏུ་བྱ་བ་དང་ཇི་སྲིད་དུ་འཚོ་བའི་བར་དུ་ཞེས་བྱ་བ་སྟེ་རྣམ་པ་གསུམ་མོ། །དེ་དག་ཀྱང་དགེ་སློང་གི་འདུལ་བར་བསྟན་པས་དེ་ཉིད་ལས་ཁོང་དུ་ཆུད་པར་བྱའོ། །གོས་ལ་སོགས་པ་ལུས་བསྲུང་བ་ཆོས་གོས་གསུམ་མ་གཏོགས་པར་སྦྱིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྱང་ཆུབ་ སེམས་དཔའ་ལ་ལྷུང་བཟེད་དང་ཆོས་གོས་སློང་བ་འགའ་ཞིག་འོངས་ན། དེས་ཤིན་ཏུ་གཏོང་བར་མི་བྱ་སྟེ། འོན་ཀྱང་བཅོམ་ལྡན་འདས་ཀྱིས་གནང་བ་གང་ཡིན་པ་དགེ་སྦྱོང་ལ་རུང་བ་ཆོས་གོས་གསུམ་པོ་དེ་ལས་ལྷག་པ་གང་ཡིན་པ་ནི་སློང་བ་ལ་སྦྱིན་པར་བྱ་སྟེ། གཞན་དུ་ནི་མ་ཡིན་ ནོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་གསུངས་པ། ཡང་གལ་ཏེ་ལ་ལ་ཞིག་འོངས་ནས་ལྷུང་བཟེད་དང་ཆོས་གོས་སློང་བ་ན། གལ་ཏེ་དེ་ལ་སངས་རྒྱས་ཀྱིས་གནང་བའི་ཆོས་གོས་གསུམ་ལས་ལྷག་པ་ཞིག་ཡོད་ན་ཇི་ལྟ་བ་བཞིན་དུ་བཏང་ཞིང་སྦྱིན་པར་བྱའོ། །གལ་ཏེ་དེ་ལ་ ཆོས་གོས་གསུམ་ལས་ཉུང་བར་གྱུར་ན་གང་ལ་བརྟེན་ནས་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་ཡོངས་སུ་གཏོང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་གོས་གསུམ་གཏོང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ ཆོས་གོས་གསུམ་ཡོངས་སུ་བཏང་ནས་སློང་བ་པོ་ལ་གཙོ་བོར་བྱེད་ན་དེས་ནི་འདོད་པ་ཆུང་བ་བསྟེན་པ་མ་ཡིན་པར་འགྱུར་རོ་ཞེས་ཧ་ཅང་བཏང་བ་བཀག་པའི་ཕྱིར་རོ། །ཡང་བདག་བསྲུང་བ་བསྟན་པར་བྱ་བའི་ཕྱིར། དམ་པའི་ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་པ་སྟེ་སྐྱེས་ བུ་དམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འམ། དམ་པའི་ཆོས་ཏེ་གཞན་ལ་ཕན་པ་དང་བདེ་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་བསྒྲུབ་པ་སྟེ། དེ་བསྟན་པའི་ལུས་ལ་རྒྱུ་མཚན་ཅུང་ཟད་ཀྱི་དོན་ཆེད་དུ་གཟིར་བར་མི་བྱ་སྟེ། གཞན་དུ་ནི་དོན་ཆེན་པོའི་ཕུང་པོ་ཉམས་པར་འགྱུར་ རོ། །དེའི་ཕྱིར་འདི་དག་ནི་སྔ་མའི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཞེ་ན། གང་གི་ཕྱིར་ཤིན་ཏུ་འཇམ་པའི་བརྩོན་པ་འདི་ཉིད་འཕེལ་བས་མྱུར་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པར་ནུས་པར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་དེ་བས་ན་རང་གི་ལུས་ དང་མགོ་སྦྱིན་པ་ལ་སོགས་པ་མི་བྱའོ་ཞེས་བཀག་གོ། །གང་གི་ཚེ་ཞེ་ན། མཛའ་བ་དང་མི་མཛའ་བ་དང་ཅིག་ཤོས་དང་སྐྱེ་བོ་ཕོངས་པ་ཐམས་ཅད་ལ་ཐུན་མོང་དུ་འཇུག་པ་སྙིང་རྗེའི་སེམས་མ་དག་པ་ནའོ། །བརྩོན་འགྲུས་ཧ་ཅང་བརྩམས་ན་ཡང་བདག་དང་གཞན་ ལ་ཕན་པའི་དོན་ལ་གནོད་པར་འགྱུར་བ་ཡིན་ནོ། །བདག་དང་གཞན་ལ་མཉམ་པའམ་ལྷག་པར་འཇུག་པའི་བསམ་པ་ཅན་ལ་ནི་མ་བཀག་སྟེ། གང་དེ་བཞིན་དུ་བདག་དང་གཞན་གྱི་བྱང་ཆུབ་ཀྱི་ཕྱོགས་དང་ཐོས་པ་ལ་སོགས་པའི་བར་ཆད་བྱེད་པ་ལ་གཏོང་བ་དང་མི་གཏོང་བ་མི་བྱའོ། །སེམས་ ཅན་གྱི་དོན་ལ་ནུས་པ་ལྷག་པའམ་ནུས་པ་མཉམ་པ་དང་། བྱང་ཆུབ་སེམས་དཔའ་ལྷག་པའམ་མཉམ་པའི་དགེ་བའི་བར་ཆོད་བྱེད་པ་ལ་གཏོང་བ་དང་མི་གཏོང་བ་མི་བྱའོ་ཞེས་གསུངས་ཏེ་གྲུབ་པ་ཡིན་ནོ། །འདི་ཉིད་ལ་དགོངས་ནས་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་བཤད་དེ། ཤཱ་རིའི་ བུ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་བྱང་ཆུབ་ཀྱི་ཡན་ལག་ལ་མངོན་པར་བརྩོན་པ་དེས་ཇི་ལྟར་སྦྱིན་པ་སྦྱིན་པར་བྱ་བ་གང་སྦྱིན་པར་བྱ། ཇི་ཙམ་ཞིག་སྦྱིན་པར་བྱ་དེ་བཞིན་དུ་སྦྱར་རོ། །ཆོས་སྦྱིན་པར་བྱེད་པ་དང་ཆོས་ཀྱི་སྦྱིན་བདག་ཏུ་བྱའོ། །ཤཱ་རིའི་བུ་བྱང་ཆུབ་ སེམས་དཔའ་ཁྱིམ་པ་གང་ཞིག་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བས། ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པའི་བྱང་ ཆུབ་སེམས་དཔའ་གང་ཞིག་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནང་ངོ་། །དེ་བཞིན་དུ་ཤཱ་རིའི་བུ་གང་གིས་ལྷུང་བཟེད་དུ་འོངས་པ་ ལྷུང་བཟེད་དུ་ཆུད་པའི་རྙེད་པ་ཆོས་དང་མཐུན་པ་ཆོས་ཀྱིས་རྙེད་པར་གྱུར་ན་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་ཏུ་ཐུན་མོང་དུ་བཟའ་བར་བྱའོ་ཞེས་སོ། །དེ་ཉིད་དུ་གསུངས་པ། ཤཱ་རིའི་བུ་ཁྱིམ་གྱི་གནས་ནས་མངོན་པར་མ་བྱུང་བ་གང་ཡིན་པ་དེས་ནི་ཆོས་ཀུན་ནས་ བསྟེན་པར་བྱའོ། །དེས་དེ་ལ་བརྩོན་པར་བྱའོ་ཞེས་སོ། །གཞན་དུ་ན་སེམས་ཅན་གཅིག་གི་དོན་བསྡུ་བའི་ཕྱིར་སེམས་ཅན་གྱི་ཚོགས་ཆེན་པོ་དང་སེམས་ཅན་དེས་ཀྱང་བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་སྦྱོང་བའི་བར་ཆད་བྱས་པས་དོན་ཆེན་པོ་ཉམས་པར་བྱས་པར་འགྱུར་རོ། །ཐབས་ ལ་མཁས་པ་འདིས་གནས་ན་བྱང་ཆུབ་ཀྱི་ལམ་ལ་ཉམས་པར་མི་འགྱུར་རོ། །འདིར་དགོངས་པ་ནི་འདི་ཡིན་ཏེ། སྔོན་དུ་ལུས་སེམས་ཅན་ཐམས་ཅད་ལ་བྱིན་མོད་ཀྱི། འོན་ཀྱང་དུས་མ་ཡིན་པར་ལོངས་སྤྱོད་པ་ལས་བསྲུང་བར་བྱ་བ་འབའ་ཞིག་ཡིན་ཏེ། དེས་ན་སེར་སྣའི་གོ་སྐབས་ཀྱང་ མེད་ཅིང་དམ་བཅས་པའི་དོན་ལས་ཉམས་པ་ཡང་མེད་དོ། །གང་། སྨན་ཤིང་ལྗོན་པ་བལྟ་ན་སྡུག་ཅེས་པའི། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ལྟར། །རྫོགས་སངས་རྒྱས་ཀྱི་སྨན་ཤིང་དེ་བཞིན་དུ། །བྱིས་པ་དུས་མིན་སྤྱོད་ལས་ལེགས་བསྲུང་བྱ། །ཞེས་གསུངས་པའོ། ། སེམས་ཅན་གྱི་བསམ་པ་བསྲུང་བ་ལས་ཀྱང་བདག་བསྲུང་བར་བྱའོ་ཞེས་བསྟན་པ་ནི། མ་གུས་པ་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ལྷ་དང་མི་ལ་སོགས་པས་མཆོད་པ་གུས་པར་མི་བྱེད་པ་ལ་ཆོས་བཤད་ན་དེས་ན་ལྷ་ལ་སོགས་པ་རྣམས་འཕྱ་བར་འགྱུར་ ཏེ། དེ་དག་བཅོམ་ལྡན་འདས་ཀྱིས་བཀག་པ་ཡིན་པས་དེའི་བཀའ་ལས་འདའ་བ་ནི་ལྟུང་བ་དང་བཅས་པར་འགྱུར་རོ། །རས་ལ་སོགས་པས་མགོ་བོ་བཅིངས་པ་ལ་མ་ཡིན་ཏེ། བཅས་པའི་སྒྲ་ནི་གསུམ་ཀ་དང་ཡང་འབྲེལ་ཏོ། །དེ་བཞིན་དུ་མཆོད་ཕྱིར་ཐོགས་པས་མགོ་བོ་དཀྲིས་པ་ ལ་ཡང་མ་ཡིན་ནོ། །མི་ན་བཞིན་དུ་ཞེས་བྱ་བས་ནི་རེ་རེ་ལ་སྦྱར་བར་བྱའོ། །ན་བ་ལ་ནི་ལྟུང་བ་མེད་དོ། །དེ་དག་ནི་ཉེ་བར་མཚོན་པ་ཡིན་ཏེ། ཉལ་བ་དང་འདུག་པ་ལ་འགྲེང་བས་མ་ཡིན་ཞིང་། ཉལ་བ་ལ་འདུག་པས་མ་ཡིན་ལ། འདུག་པ་ལ་སྟན་མེད་པས་ཀྱང་མ་ཡིན་ཏེ། ལམ་གོལ་བ་ ནས་འགྲོ་བས་ལམ་ནས་འགྲོ་བ་ལ་མ་ཡིན་ནོ། །མདུན་ནས་འགྲོ་བ་ལ་རྒྱབ་ནས་འགྲོ་བས་མ་ཡིན་ཏེ། རྒྱན་དང་ལྡན་པ་ལ་སོགས་པའང་མ་ཡིན་པར་བལྟ་བར་བྱའོ། །དོན་མེད་པ་སྤང་བར་བྱ་བའི་ཕྱིར་རྩ་བའི་ལྟུང་བའི་རྒྱུ་འདི་ཡང་མི་བྱའོ་ཞེས་བསྟན་པ། དམན་ལ་ཞེས་བྱ་བ་ལ་ སོགས་པ་ཡིན་ལ། ཟབ་མོ་ནི་ཡིད་གཞུངས་པ་མ་ཡིན་པས་གཏིང་མི་དཔོགས་པའི་ཕྱིར་རོ། །རྒྱ་ཆེ་བ་ནི་རབ་ཀྱི་མཐར་ཐུག་པའི་ཕྱིར་རོ། །དེ་འདྲ་བའི་ཆོས་ཀྱང་དམན་པ་ལ་ནི་བློ་ལེགས་པར་མ་སྦྱངས་པའམ། དམན་པ་ལ་མོས་པ་རྣམས་ལ་སྟེ་མི་བཤད་དོ་ཞེས་སྐབས་སུ་ བབ་པས་སྦྱར་བར་བྱའོ། །བུད་མེད་ལ་གཅིག་པུ་དབེན་པར་སོང་སྟེ་ཆོས་མི་བཤད་མི་སྨྲ་སྟེ། བཤད་ན་ལྟུང་བ་དང་བཅས་པར་འགྱུར་རོ། གལ་ཏེ་སྐྱེས་པ་ཡོད་ན་ཉེས་པ་མེད་དོ། །ཉན་ཐོས་ཀྱི་ཐེག་པ་བཤད་པའམ། ཐེག་པ་ཆེན་པོ་བཤད་པའི་ཆོས་རྣམས་ལ་སེམས་དད་པ་ལ་སོགས་ པས་མཉན་པར་བྱ་སྟེ། གཞན་དུ་ན་དམ་པའི་ཆོས་སྤོང་བར་འགྱུར་རོ། །སེམས་ཅན་ཟབ་མོ་དང་རྒྱ་ཆེ་བའི་ཆོས་ཀྱི་སྣོད་དུ་རྒྱུ་མཚན་གྱིས་ཤེས་ནས་ཉན་ཐོས་ལ་སོགས་པའི་ཆོས་ལ་གཞུག་པར་མི་བྱའོ། །སྡོམ་པའི་བསླབ་པའི་སྤྱོད་པར་བྱ་བར་འོས་པ་རྣམས་དོར་ནས་མདོ་སྡེ་ལ་སོགས་པ་ བཀླགས་པ་ཉིད་ཀྱིས་ཁྱོད་དག་པར་འགྱུར་རོ་ཞེས་ཆོས་འདོད་པ་ལ་བསྟན་པར་མི་བྱའོ།། །།བམ་པོ་བརྒྱད་པ། ཡང་འདིར་གསུངས་པ། གཞན་ཡང་དོན་མེད་པ་ནི་དཀོན་མཆོག་བརྩེགས་པ་ལས་གསུངས་པ་མཐོང་སྟེ། སེམས་ཅན་ཡོངས་སུ་སྨིན་པར་མ་ བྱས་པ་རྣམས་ལ་ཡིད་རྟོན་ཏེ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་དམན་པ་སྟོན་པ་བྱང་ ཆུབ་སེམས་དཔའི་འཁྲུལ་པ་ཞེས་སོ། །འཕགས་པ་ཆོས་ཐམས་ཅད་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ལས་ཀྱང་དོན་མེད་ཕྲ་མོ་གསུངས་ཏེ། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཤིན་ཏུ་ཕྲའོ། །འཇམ་དཔལ་གང་ལ་ལ་ཞིག་དེ་བཞིན་གཤེགས་ པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས་པར་བྱེད། ལ་ལ་ནི་ངན་པར་འདུ་ཤེས་ན་དེ་དམ་པའི་ཆོས་སྤོང་བའོ། །གང་འདི་ནི་རིགས་པའོ་འདི་ནི་མི་རིགས་པའོ་ཞེས་སྨྲ་བ་དེས་དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ ངན་དུ་བརྗོད་པ་ཡིན་ནོ་ཞེས་རྒྱ་ཆེར་རོ། །འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས་ཀྱང་། རྩ་བའི་ལྟུང་བའི་སྐབས་སུ་གསུངས་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཁ་ཅིག་ལ་འདི་སྐད་དུ། ཁྱོད་ཀྱིས་སོ་སོར་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལ་ ལེགས་པར་བསླབས་ཏེ། ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཅི་ཞིག་བྱ། ཐེག་པ་ཆེན་པོ་ལྷོགས་ཤིག་དང་། དེས་ན་ཉོན་མོངས་པའི་རྐྱེན་གྱིས་ལུས་དང་ངག་དང་ཡིད་རྣམས་ཀྱིས་མི་དགེ་བའི་ལས་གང་བསྒྲུབས་པ་དེ་དག་རྣམ་པར་ སྨིན་པར་མི་འགྱུར་བར་དག་པར་འགྱུར་རོ་ཞེས་སྨྲ་བ་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་གསུམ་པ་སྟེ། གོང་དུ་ཇི་སྐད་སྨོས་པའི་བར་དུའོ་ཞེས་སོ། །དེའི་ཕྱིར་འདི་ཡང་སོ་སོར་ཐར་པ་ལས་བཀག་པས་སྤྱོད་པར་མི་བྱའོ་ཞེས་སོ། །ཤིང་ཞེས་བྱ་བ་ལ་ སོགས་པ་གསུངས་པ་ཡིན་ཏེ། མཆིལ་མ་ནི་བད་ཀན་ནོ། །དོར་བར་བྱ་བ་ནི་གཞག་པར་མི་བྱ་བའོ། །ལོངས་སྤྱོད་པའི་ཆུ་དང་ཐང་ནི་ལོངས་སྤྱོད་པར་བྱ་བ་སྟེ། གཅི་བ་དང་ཕྱི་ས་ལ་སོགས་པ་ཡང་སྨད་པའོ། །འདིར་ཡང་ལྷ་ལ་སོགས་པ་འཕྱོ་བས་བསོད་ནམས་མ་ཡིན་པ་ འབྱུང་ངོ་། །ཁ་བཀང་བ་ནི་ཁ་གང་བར་བྱས་པ་སྟེ། ཁམ་ཆེན་པོར་བཅད་ནས་སོ། །སྒྲ་བཅས་ནི་ཅག་ཅག་ལ་སོགས་པའི་སྒྲ་དང་ངོ་། །ཁ་ཆེར་ཕྱེ་བ་སྟེ། རྐང་པ་བརྐྱང་བ་ནི་ཁྲི་ལ་སོགས་པ་ལ་འདུག་པ་ནས་ས་ལ་སོགས་པ་ལ་རྐང་པ་བརྐྱང་སྟེ་འདུག་པར་མི་བྱའོ། །དཔུང་པ་གཉི་ ག་ཡང་མཉམ་པ་སྟེ་དུས་གཅིག་ཏུ་མི་མཉེའོ། །རིམ་གྱིས་མཉེ་བ་ལ་ནི་ཉེས་པ་མེད་དོ། །རྐྱེན་ཡོད་པས་གཅིག་པུ་སྟེ། གཉིས་པ་མེད་པར་གཞན་གྱིས་བུད་མེད་ལ་སོགས་པ་དང་སྟེ་བཞོན་པ་ལ་སོགས་པར་གནས་པར་མི་བྱའོ། །འདིར་འདི་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་གཉི་གའི་ཐུན་མོང་ ཡིན་པས་གཞན་གྱི་ཞེས་སྨོས་པ་ཡིན་ནོ། །མདོར་བསྡུས་ནས་བསྟན་པ་ནི། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་རྣམས་ཀྱི་དང་བ་སྐྱེད་པར་བྱེད་པ་མ་ཡིན་པ་གང་ཡིན་པ་དེ་ཐམས་ཅད་བསྟན་བཅོས་སམ་ཐ་སྙད་བལྟས་ཤིང་མཁས་པ་ལ་དྲིས་ནས་སྤང་བར་བྱའོ་ ཞེས། དེ་དག་ནི་འདིས་བསྟན་པ་ཡིན་ནོ། །མཐོང་བ་ཡང་ནི་གང་གནོད་པ་བྱེད་པའི་རྣམ་པ་དེ་ལྟ་བུ་དེ་སྤང་བར་བྱ་སྟེ་ལྟུང་བར་འགྱུར་བ་ཡིན་ནོ། །གང་། དེ་ཕྱིར་རྒྱལ་བའི་སྡོམ་པའི་མདོར། །གང་གིས་སེམས་ཅན་མ་དད་གྱུར། །དེ་ནི་བསྒྲིམས་ཏེ་རྣམ་སྤང་ ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ལེགས་པར་སྤྱོད་པ་དེ་གང་ཞེ་ན། འདིར་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་གནས་དམའ་བ་ན་དུས་མ་ཡིན་པར་མ་ཡིན། དུས་མ་ཡིན་པར་སྨྲ་བ་མ་ཡིན། དུས་མི་ཤེས་པ་མ་ཡིན། ཡུལ་མི་ཤེས་ པ་མ་ཡིན། རྒྱུ་གང་ལས་དེའི་ཐད་དུ་སེམས་ཅན་མ་དད་པ་སྨྲ་བ་ན་དེ་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བ་དང་། བདག་གི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་སྤྱོད་ལམ་ཕུན་སུམ་ཚོགས་ཤིང་འཇམ་པར་སྨྲ་བ་དང་། དལ་བུས་སྨྲ་བ་དང་། འདུ་འཛི་མི་མང་བ་དང་། རབ་ ཏུ་དབེན་པ་ལ་མངོན་པར་ཕྱོགས་པ་དང་། བཞིན་གྱི་མདངས་རབ་ཏུ་དང་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་འགའ་ལ་ཡང་ཁྱད་དུ་གསད་པར་མི་བྱའོ་ཞེས་གསུངས་པ། སོར་མོས་ཞེས་བྱ་བ་ནི་མཛུབ་མོ་ལ་སོགས་པའི་སོར་མོ་གཅིག་གིས་ཅི་ ཡང་བསྟན་པར་མི་བྱ་སྟེ། འོན་ཀྱང་ཀུན་གྱིས་ཀྱང་སྟེ་ལག་པ་གཡས་པ་མཐའ་དག་གིས་བྱའི། ལག་པ་གཡོན་པས་ནི་གུས་པ་མ་ཡིན་པའི་དངོས་པོ་གཞན་ལ་རེ་ཞིག་ཞོག །ལམ་ཡང་བསྟན་པར་མི་བྱའོ་ཞེས་འཇིག་རྟེན་ལ་མ་དད་པ་སྤང་བའི་ཕྱིར། ལག་པས་ཤས་ཆེར་ཞེས་བྱ་ བ་ལ་སོགས་པ་ལ། དགོས་པ་ཆུང་ངུ་ལ་ལག་པ་བརྟེན་ཏེ་འགའ་ཞིག་ལ་བོད་པར་མི་བྱའོ། །ཤིན་ཏུ་གལ་ཆེ་བ་ལ་ཉེས་པ་མེད་དོ། །སེ་གོལ་གཏོགས་པ་ལ་སོགས་པའི་སྒྲ་བྱ་སྟེ། དེ་མི་བྱེད་ན་མཉམ་པར་མ་བཞག་པ་དང་སྤྱོད་པ་མ་བསྡམས་པར་འགྱུར་རོ། །དེ་དག་གིས་ནི་རྒོད་ པ་སྤང་བ་ཡང་བསྟན་པ་ཡིན་ནོ། །དེས་ཉལ་བ་ཡོངས་སུ་བརྟག་པ་ནི་འདི་ལྟར་ཡོངས་སུ་བརྟག་པར་བྱའོ་ཞེས་བསྟན་པ་མགོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཆེན་པོ་གཟིམས་པ་བཞིན་ཉལ་བ་བརྟག་པར་བྱའོ། །མངོན་པར་འདོད་ པའི་ཕྱོགས་སུ་མགོ་བསྟན་ལ་གློ་གཡས་པ་ཕབ་སྟེ་རྐང་པའི་སྟེང་དུ་རྐང་པ་བཞག་ལ། ལག་པ་གཡས་པ་སྔས་སུ་བྱས་ནས་གཡོན་པའང་བརྐྱང་སྟེ་བྱིན་པའི་སྟེང་དུ་གཞག་ལ་ཆོས་གོས་ཀྱིས་ལུས་ལེགས་པར་གཡོགས་པ། དྲན་པ་དང་ཤེས་བཞིན་དང་ལྡན་པས་ལྡང་བའི་འདུ་ཤེས་དང་ སྣང་བའི་འདུ་ཤེས་ཀྱིས་ཉལ་བར་བྱེད་དེ། སེམས་གཉིད་ཀྱིས་ནོན་པ་མ་ཡིན་པ་དང་། གཉིད་ཀྱི་བདེ་བ་མྱོང་བར་མི་བྱེད་པ་དང་། མ་ཉེས་པའི་བདེ་བ་ཡང་མ་ཡིན་ཏེ། གཞན་དུ་ན་ཇི་ཙམ་དུ་འབྱུང་བ་ཆེན་པོ་རྣམས་གནས་པ་དང་འཚོ་བར་བྱ་བའི་ཕྱིར་རོ། །མྱུར་དུ་ལྡང་བ་ནི་སྐྱེན་ པར་ལྡང་བར་བྱ་བའོ། །བྱ་རྨྱངས་དང་། ལུས་གཅུ་བ་དང་ལེ་ལོས་ཉམས་པས་གནས་པར་མི་བྱ་སྟེ། དེ་དག་ཐམས་ཅད་ཀྱང་སྔ་ནས་སོ། །གཞན་ཡང་འདི་དག་མདོར་བསྡུས་ཏེ་བསྟན་པ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བསླབ་པར་བྱ་བ་ཚད་མེད་ཅིང་ གྲངས་མེད་པ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལ་སོགས་པ་ལས་རབ་ཏུ་བསྟན་པ་དེ་དག་བསྡུས་པའི་ཚུལ་དང་པོ་ཉིད་དུ་སེམས་སྦྱང་བ་ཉིད་ཀྱི་སྤྱོད་པ་ངེས་པར་གདོན་མི་ཟ་བར་སྤྱད་པར་བྱའོ། །ལྟུང་བ་སྤྱིར་སྦྱོང་བ། ཉིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉིན་ལན་གསུམ་ མཚན་ལན་གསུམ་དུ་ཕུང་པོ་གསུམ་པ་སྟེ། ཕུང་པོ་གསུམ་པོ་རྣམས་ནི་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་བསྔོ་བ་རྣམས་ཀྱིས་མདོར་བསྡུས་པའི་ཕུང་པོ་གསུམ་པ་རབ་ཏུ་གདོན་པར་བྱའོ། །ལྷག་མ་ནི་རྩ་བ་ལས་གཞན་པའམ། ཡང་ན་ བསམས་བཞིན་དུ་བྱས་པ་གང་སླར་བཅོས་པ་སྟེ། དེ་ལས་གཞན་པའམ། དྲན་པ་བརྗེད་ངས་པའམ། ཤེས་བཞིན་མ་ཡིན་པས་བྱས་པ་དེ་དག་རབ་ཏུ་ཞི་བར་བྱ་བ་ནི་ཕྱིར་བཅོས་པ་སྟེ། དེས་ཞེས་པ་ནི་ཕུང་པོ་གསུམ་འདོན་པ་དང་། བྱང་ཆུབ་ཀྱི་སེམས་དང་། རྒྱལ་བ་བཅོམ་ལྡན་ འདས་ལ་ཡང་དག་པར་བརྟེན་པས་སོ། །དེ་དག་གིས་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་ལ་སྡིག་པ་སྦྱང་བ་ནི་ཆོས་བཞི་པའི་མདོ་ལས་བསྟན་པ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཞི་དང་ལྡན་ན་སྡིག་ པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་བཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པའི་སྟོབས་ནི། མི་དགེ་བའི་ལས་སྤྱད་ན་དེ་ཉིད་ལ་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་ཉེས་པ་བཟློག་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་ནས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་ སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་བརྟེན་ནས་སྡིག་པ་བྱས་པས་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ་ཞེས་སོ། །ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ལྟུང་བ་ལྕི་བ་དང་ཡང་བ་རྣམས་ཀྱི་བཤགས་པར་བྱ་བ་ནི་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་གསུངས་ཏེ། དེ་དག་བསླབ་པ་ཀུན་ལས་བཏུས་པར་བལྟ་བར་ བྱའོ། །བྱང་ཆུབ་སེམས་དཔས་ལྟུང་བ་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔའི་སྤྱན་སྔར་གཅིག་པུས་བཤགས་པར་བྱའོ། །དེ་ལ་བཤགས་པ་ནི་འདི་ཡིན་ཏེ། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ནས་བརྩམས་ ན། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བའི་བར་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནས་བརྩམས་ཏེ། ཐལ་ མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆི་ཞེས་བྱ་བའི་བར་རྒྱ་ཆེར་བསྟན་ནས་གསུངས་པ། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔས་སངས་རྒྱས་སུམ་ཅུ་རྩ་ལྔ་པོ་འདི་དག་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཡིད་ལ་བྱེད་པས་སྡིག་པ་རྣམ་ པར་དག་པར་བྱའོ། །དེ་ལྟར་སྡིག་པ་རྣམ་པར་དག་པར་གྱུར་པས་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་ཉེ་བར་སྟོན་ཏོ། །དེ་བཞིན་དུ་སྦྱར་རོ། །བྱང་ཆུབ་སེམས་དཔས་ཉིན་མཚན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་འཛིན་པ་དང་། ཡོངས་སུ་ བརྗོད་པ་དང་། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་གདོན་པས་ལྟུང་བ་འགྱོད་པ་ལས་བྱུང་བ་དང་། ཏིང་ངེ་འཛིན་ཡང་ཐོབ་པ་གང་ཡིན་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱི་ལྟུང་བ་འགྱོད་པའི་གནས་རྣམ་པར་སྦྱང་བར་མི་ནུས་སོ་ཞེས་སོ། ། དེ་དག་མ་ལུས་པར་བསླབ་པ་ཀུན་ལས་བཏུས་པ་ལས་རིག་པར་བྱའོ། །རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་བསྟན་ཏོ། །གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་བཟློག་པའི་སྟོབས་ཀྱང་རྒྱས་པར་བསླབ་པ་ཀུན་ལས་བཏུས་པ་ཉིད་ལས་བལྟ་བར་བྱའོ། །འཕགས་པ་ བྱམས་པའི་རྣམ་པར་ཐར་པ་ལས། བྱང་ཆུབ་ཀྱི་སེམས་ཀྱིས་སྡིག་པ་རྣམ་པར་དག་པར་གསུངས་ཏེ། དེ་ཡང་སྔར་བསྟན་པ་ཉིད་ཡིན་ནོ། །རྒྱལ་བ་ལ་བརྟེན་ནས་སྡིག་པ་རྣམ་པར་དག་པར་འགྱུར་བ་ནི་ཕག་མོའི་རྟོགས་པ་བརྗོད་པ་དཔེར་བྱ་སྟེ། གང་དག་སངས་རྒྱས་ སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་འདི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་འཐོབ་བོ། །ཞེས་ཏེ། དེ་ལྟར་ཆོས་དང་དགེ་འདུན་གྱི་དབང་དུ་བྱས་ནས་ཀྱང་བརྗོད་དོ། །འདིས་ཀྱང་གཉེན་པོའི་སྟོབས་བསྟན་ཏོ། །ཡང་ངེས་པ་མེད་པར་ བསྟན་པ། རང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་སྟེ་བདག་ཉིད་དམ་གཞན་ལ་རག་ལས་པའང་རུང་སྟེ་སེམས་ཅན་གྱི་དོན་ལ་རབ་ཏུ་འཇུག་པའོ། །ཡང་ཅི་ལྟར་ངེས་པ་མེད་པར་བརྗོད་ཅེ་ན། རྒྱལ་སྲས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་དུ་ཁོང་དུ་ཆུད་ནས་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་དོན་དུ་བརྩོན་པའི་སངས་རྒྱས་ཀྱི་སྲས་པོ་རྣམས་ཀྱིས་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཞན་དུ་ན་སེམས་ཅན་གྱི་དོན་ཐམས་ ཅད་དུ་བྱ་བར་མི་ནུས་ལ་དེ་ལྟར་རྣམ་པར་སྤྱོད་པ་ནི་བསོད་ནམས་ཀྱི་ཚོགས་ཀྱང་མཐར་ཐུག་པ་མེད་པར་འགྱུར་རོ། །བསླབ་པའི་གཞིའི་རྒྱུ་འདི་ཡང་གཟུང་བར་བྱའོ་ཞེས་གསུངས་པ། དངོས་སམ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཐ་ན་རང་ཟས་ལ་སོགས་ པ་བྱེད་པའམ། གཞན་བསྐུལ་བའམ། བརྒྱུད་ནས་ཕོ་ཉ་བསྐུལ་བའམ། དངོས་སུ་རང་ཉིད་ཟང་ཟིང་གི་སྦྱིན་པ་ལ་སོགས་པ་བྱེད་པའང་རུང་སྟེ། གང་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བའི་རྒྱུར་མི་འགྱུར་བ་དེ་མི་བྱའམ་བྱེད་དུ་མི་གཞུག་གོ། །དེ་དག་འབའ་ཞིག་ཙམ་ནི་མ་ཡིན་ ཏེ། འཁོར་བ་སྡུག་བསྔལ་བར་ལྟུང་བའི་སེམས་ཅན་རྣམས་དེ་ནས་དབྱུང་བའི་ཕྱིར་དགེ་བའི་རྩ་བ་ཆུང་ངུའང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ཚིགས་སུ་བཅད་པ་གཉིས་པོ་དེ་དག་གིས་ནི་བསོད་ནམས་འཕེལ་བ་ཉེ་བར་བསྟན་ པ་ཡིན་ནོ། །དགེ་བའི་བཤེས་གཉེན་མི་གཏོང་ཞིང་། །ཞེས་གང་གསུངས་པ་དེ་རྟག་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འཐོབ་པའི་མཚན་ཉིད་ཀྱི་ལས་སོ། །གཉེན་ནི་ཐུན་མོང་མ་ཡིན་པའི་ཉེ་བ་སྟེ། དེ་ལུས་དང་སྲོག་ཆུད་ ཟ་བའི་འཇིགས་པས་འཇིགས་ཀྱང་མི་བཏང་ངོ་། །དགེ་བའི་བཤེས་གཉེན་གྱི་ཕན་ཡོན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྟག་པར་རབ་ཏུ་ངུ་བའི་ལེའུ་ལས་ཤེས་པར་བྱའོ། །ཆོས་བཞི་པའི་མདོར་ཡང་གསུངས་པ། དགེ་སློང་དག་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཇི་སྲིད་འཚོ་བའི་བར་དུ་དགེ་བའི་བཤེས་གཉེན་སྲོག་གི་ཕྱིར་ཡང་གཏང་བར་མི་བྱའོ་ཞེས་སོ། །ཡོངས་སུ་མི་གཏང་བ་ནི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་གསུངས་པ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་བསླབ་པའི་སྡོམ་པ་ལ་ རྣམ་པར་གནས་ཤིང་། ཐེག་པ་ཆེན་པོའི་དོན་ལ་མཁས་པ་སྟེ། ཤིན་ཏུ་རྙེད་པར་དཀའ་བ་དེ་ལྟ་བུའོ། །དགེ་བའི་བཤེས་གཉེན་གྱི་བསྙེན་བཀུར་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་དཔལ་འབྱུང་བའི་ཞེས་གསུངས་ཏེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལེའུ་དཔལ་འབྱུང་བའི་རྣམ་པར་ པར་ཐར་པ་ལས། དགེ་བའི་བཤེས་གཉེན་གྱི་བསྙེན་བཀུར་བསླབ་པར་བྱ་སྟེ་ཤེས་པར་བྱའོ། །ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས། འཕགས་པ་དཔལ་འབྱུང་གིས་བསྟན་པ། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་ ཞེས་བྱ་བ་ནས་དགེ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་པའོ། །བག་མེད་པའི་གནས་ལས་ཡང་དག་པར་བཟློག་པའོ། །འཁོར་བའི་གྲོང་ཁྱེར་ནས་འདོན་པའོ། །རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་ རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱོ་བས་ས་ལྟ་བུའི་སེམས་དང་། བསམ་པ་མི་ཕྱེད་པས་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང་། ལས་ཐམས་ཅད་ཉམས་ སུ་བླང་བ་ལ་མི་སྨོད་པས་འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་དང་། ང་རྒྱལ་དང་ཆེ་བའི་ང་རྒྱལ་རྣམ་པར་སྤོང་བས་ཕྱག་དར་བ་ལྟ་བུའི་སེམས་དང་། ཁུར་ལྕི་བ་ཁུར་བས་ཐེག་པ་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང་། འགྲོ་ཞིང་འོང་བས་ཡོངས་སུ་མི་སྐྱོ་ བའི་གྲུ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱི་བདག་ལ་ནི་ནད་པར་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ ཤེས་དང་། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དེས། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་མཚོན་ཆའི་འདུ་ཤེས་དང་། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །མདོ་སྡེ་དག་ལ་རྟག་ལྟ་བས། །ཞེས་གང་གསུངས་པ་དེ་བསྟན་པར་བྱ་བའི་ཕྱིར་གསུངས་པ། འདི་དང་ཞེས་པ་བསྟན་བཅོས་ འདིར་བསྟན་པ་འདི་དང་། གཞན་ཡང་སྟེ་གང་འདིར་མ་བསྟན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་བསྟན་པ་གང་ཡིན་པ་སྟེ། མདོ་སྡེ་སྣ་ཚོགས་པའི་དོན་དེ་དག་འདྲིས་པར་རིག་པར་བྱའོ། །དེ་ཉིད་ནི་མདོ་སྡེ་ རྣམས་ལ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་རྣམས་ནའོ། །བསླབ་པ་སྣང་ཞེས་པས་སྟོན་པ་ཡིན་ཏེ། བསླབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླང་བར་བྱ་བ་དང་དོར་བར་བྱ་བའི་མཚན་ཉིད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཁྱད་པར་འདི་ བསྟན་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་དང་། དེ་བཞིན་དུ་སྤྱིའི་རྩ་བའི་ལྟུང་བ་གཅིག་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ལས་དང་ པོ་པའི་རྩ་བའི་ལྟུང་བ་བརྒྱད་བསྟན་པ་ཡིན་ནོ། །དེ་ལྟར་ཡང་དེ་ཉིད་ལས་གསུངས་པ། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ། རྩ་བའི་ལྟུང་བ་དེ་དག་གིས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་ བརླག་སྟེ་ཕམ་པར་གྱུར་ཅིང་ལྷ་དང་མིའི་བདེ་བའི་དངོས་པོ་ཐམས་ཅད་བཅད་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་མཆོད་རྟེན་གྱི་རྫས་འཕྲོག་གམ། དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་ གམ། འཕྲོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་དང་པོའོ། །དེ་བཞིན་དུ་ཐེག་པ་གསུམ་དུ་བཤད་པའི་ཆོས་སྤོང་བ་ནི་གཉིས་པའོ། །རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་འཆལ་བའི་ངུར་སྨིག་འཕྲོག་པའམ། ཁྱིམ་ན་གནས་པར་བྱེད་པའམ། ལུས་ ལ་བརྡེག་པའམ། བཙོན་རར་འཇུག་པའམ། སྲོག་དང་བྲལ་བར་བྱེད་པ་ལས་ནི་གསུམ་པའོ། །མཚམས་མེད་པ་ལྔ་ལས་གང་ཡང་རུང་བའི་མཚམས་མེད་པ་བྱེད་པ་ལས་ནི་བཞི་པའོ། །ལོག་པར་ལྟ་བ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའམ། གཞན་ཡང་དག་པར་ལེན་དུ་འཇུག་པ་ལས་ནི་ལྔ་པའོ། །དེ་བཞིན་དུ་གྲོང་འཇོམས་པ་ལ་སོགས་པ་བྱེད་པ་ལས་ནི་ཐམས་ཅད་ཀྱི་ཐུན་མོང་བ་གཅིག་གོ་ཞེས་སོ། །དེ་ཉིད་ལས་གསུངས་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལས་དང་པོ་པ་རྣམས་ཀྱི་ རྩ་བའི་ལྟུང་བ་ནི་བརྒྱད་དེ། རྩ་བའི་ལྟུང་བ་དེ་དག་གིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ལས་དང་པོ་པ་རྣམས་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །བརྒྱད་གང་ཞེ་ན། སེམས་ཅན་གང་དག་སྔོན་ཉེས་པར་སྤྱད་པའི་རྒྱུས་སྙིགས་མ་ལྔ་པའི་ འཇིག་རྟེན་གྱི་ཁམས་ཉོན་མོངས་པ་ཅན་འདིར་སྐྱེས་པ་དེ་དག་དགེ་བའི་རྩ་བ་ཆུང་ལ་ཞེས་བྱ་བ་ནས་དེ་དག་གི་ནང་ན་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་མཆོག་ཏུ་ཟབ་པ་འདི་ཞེས་པའི་བར་དང་མདུན་དུ་རྒྱས་པར་དྲན་པར་བྱེད་ཅིང་སྟོན་ལ། དེ་དག་ནི་ནན་ཏན་དུ་མ་སྦྱངས་པའི་བྱིས་པ་སོ་སོའི་སྐྱེ་བོ་དག་ སྟེ་མཉན་ནས་སྐྲག་ཅིང་ཞེས་བྱ་བའི་བར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་སྟེ། ཉན་ཐོས་ཀྱི་བྱང་ཆུབ་ལ་སྨོན་ན་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་དང་པོ་སྟེ་རྩ་བའི་ལྟུང་བ་དེས་ཞེས་བྱ་བ་ལ་སོགས་པ་ནི་སྔ་ མ་བཞིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་བསམ་པ་དང་། བག་ལ་ཉལ་དང་པོར་ཤེས་པར་བྱས་ནས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མཐར་གྱིས་ཆོས་བསྟན་པར་བྱ་བ་ཡིན་པ་ལས་ཐབས་དང་བཅས་པའི་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་སྟེ། ཐེག་པ་དམན་པ་ལ་གཞན་གྱི་སེམས་སྐྱེད་པར་བྱེད་པ་འདི་ནི་གཉིས་པའོ། །སོ་སོར་ཐར་པའི་བསླབ་པའི་སྡོམ་པ་སྤངས་ནས་ཐེག་པ་ཆེན་པོ་ལ་སེམས་བསྐྱེད་པ་ཙམ་དང་དེ་ཀློག་པས་ཕ་རོལ་དག་པར་བསྟན་པ་ལས་ ནི་གསུམ་པའོ། །ཉན་ཐོས་ལ་སོགས་པའི་ཐེག་པ་དག་དེའི་འབྲས་བུ་གསུངས་ཏེ། ཉེས་པ་རབ་ཏུ་སྟོན་པ་དང་། ཐེག་པ་ཆེན་པོ་ལ་ནི་ཐམས་ཅད་དག་པར་རབ་ཏུ་སྟོན་པ་དང་། གཞན་དག་ཀྱང་དེ་བརྗོད་དུ་འཇུག་པ་ལས་ནི་བཞི་པའོ། །གྲགས་པ་དང་རྙེད་པ་ལ་ སོགས་པའི་རྒྱུས་ཐེག་པ་ཆེན་པོ་ཀློག་པ་ལ་སོགས་པ་བྱེད་ཅིང་། དེ་བཞིན་དུ་དེའི་རྐྱེན་གྱིས་ཕ་རོལ་ལ་བཤུང་ཞིང་སྨོད་པ་ལ་སོགས་པ་སྨྲ་བ་དང་། བདག་ལ་བསྟོད་པ་དང་། མིའི་ཆོས་བླ་མ་ཁས་ལེན་པ་ལས་ནི་ལྔ་པའོ། །བཀླགས་པ་ཙམ་གྱིས་ཟབ་ མོའི་ཆོས་རྟོགས་པར་སྟོན་པ་དང་། གཞན་དག་ཀྱང་དེ་བཞིན་དུ་ཡང་དག་པར་ལེན་དུ་འཇུག་པ་ལས་ནི་དྲུག་པའོ། །རྒྱལ་རིགས་མདུན་ན་འདོན་དང་། ཞང་བློན་གདོལ་པ་རྣམས་ཀྱིས་དགེ་སློང་གང་དག་ལ་ནོར་གྱི་ཆད་པས་ཆད་པ་བཅད་ཅིང་། དགེ་འདུན་གྱིའམ། མཆོད་རྟེན་གྱི་ འམ། ཕྱོགས་བཅུའི་དགེ་འདུན་གྱི་རྫས་ཕྲོགས་ནས་དེ་དག་ལ་འབུལ་བར་བྱེད་དེ། རྒྱལ་རིགས་དང་གཉི་ག་ལ་ཡང་རྩ་བའི་ལྟུང་བར་འགྱུར་ཏེ་འདི་ནི་བདུན་པའོ། །ཆོས་དང་ཆོས་མ་ཡིན་པ་བཟློག་ནས་སྔར་མེད་པའི་བསླབ་པ་སྟོན་པ་དང་། རྩ་བ་དེས་ཆོ་ག་ཉམས་པ་རྣམས་དང་ བཀུར་སྟི་ཉམས་པར་བྱེད་པ་རྣམས་ཀྱིས་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་ལ་ཡོངས་སུ་བསྔོས་པ་མ་གཏོགས་པར་གཉི་གར་ཡང་རྩ་བའི་ལྟུང་བ་དང་བཅས་པར་འགྱུར་ཏེ། འདི་ནི་བརྒྱད་པའོ། །རྩ་བའི་ལྟུང་བ་འདི་དག་བདེ་བླག་ཏུ་བཟུང་བར་བྱ་བའི་དོན་དུ་བསྟན་བཅོས་མཛད་པས་ བསྡུས་པའི་ཚིག་ལེའུར་བྱས་པས་བསྟན་པ་བརྗོད་པར་བྱ་སྟེ། དཀོན་མཆོག་གསུམ་གྱི་དཀོར་རྐུ་བ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་། །ངུར་སྨྲིག་ འཕྲོག་དང་བརྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །མཚམས་མེད་ལྔ་པ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །གྲོང་ལ་སོགས་པ་འཇིག་པ་ཡང་། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་སྦྱངས་མ་བྱས་ སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང་། །སོ་སོར་ཐར་བ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང་། །སློབ་མའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། ། ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །སྐྱབས་གསུམ་གྱིས་ནི་སྦྱིན་ བྱེད་དང་། །སྦྱིན་པ་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་པའི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་ནམ་མཁའི་སྙིང་པོ་ཡི། །མདུན་ དུ་འདུག་སྟེ་བཤགས་པར་བྱ། །བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཆགས་དང་སེར་སྣ་མི་བཟོད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །ཁྲོས་ནས་སེམས་ཅན་བརྡེག་པ་དང་། །བསྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་དང་། །ཉོན་ མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་མ་བརྗོད་པའོ། །ཞེས་སོ། །འདི་དག་གསོ་བ་ནི་མདོ་སྡེ་ཉིད་ནས་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱ་བར་འོས་པ་བསྟན་པ་ཡིན་པས་དེ་ཉིད་ཀྱང་བལྟ་བར་བྱའོ་ ཞེས་གསུངས་པ་ནི། མདོ་སྡེ་ཞེས་བྱ་བ་ལ་སོགས་པ་ལ་བསླབ་པ་ཀུན་ལས་བཏུས་པར་ཡང་ནི་རང་ཉིད་ཀྱིས་མཛད་པའོ། །ངེས་པར་ནི་གདོན་མི་ཟ་བར་རོ། །ཡང་དང་ཡང་དུ་ནི་ལན་ཅིག་མིན་པར་བལྟ་བར་བྱ་སྟེ། གོམས་པར་བྱའོ་སྙམ་དུ་དགོངས་པའོ། །ཅིའི་ཕྱིར་ཞེ་ ན། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དམ་པ་རྣམས་ཀྱི་སྤྱོད་པ་སྟེ། སྤྱོད་པ་ནི་དེ་ལྟར་བྱ་བ་ཉིད་ཡིན་ཏེ་བསླབ་པ་ཀུན་ལས་བཏུས་པ་དེ་ལས་རྒྱ་ཆེར་རྒྱུན་ཆགས་པར་རབ་ཏུ་བསྟན་པར་ཏེ། རྣམ་པར་གསལ་བར་བྱས་ཤིང་རབ་ཏུ་ཕྱེ་བའོ། །དེའི་ཕྱིར་གལ་ཏེ་དེ་ལ་གོམས་ པར་བྱེད་མི་ནུས་ན་དེའི་ཚེ་མདོ་སྡེ་སྣ་ཚོགས་པ་ནས་ཕྱོགས་གཅིག་ཏུ་བདག་ཉིད་ཀྱིས་མདོར་བསྡུས་ནས་བཏུས་ཤིང་བྱས་པར་བལྟ་སྟེ། གཞུང་ངམ་དོན་རྣམ་པར་བལྟ་བར་བྱའོ། །འདིར་ཡང་དགོངས་པ་ནི་སྔ་མ་ཉིད་ཡིན་ནོ། །ཡང་ན་འཕགས་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་པ་ ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་གཉིས་པོའང་འབད་པ་སྟེ། གུས་པས་བལྟ་བར་བྱའོ། །གང་འདིར་མི་སྣང་བ་དེ་ནི་དེ་ལ་སྣང་ངོ་སྙམ་དུ་དགོངས་པའོ། །བསླབ་པ་ངེས་པར་མཐོང་བ་རྣམས་ཀྱང་མ་ལུས་པར་ཐམས་ཅད་ལ་ཉེ་བར་མཁོ་བ་ གསུངས་པ། གང་ལས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གང་ལས་ཏེ་དོར་བར་བྱ་བ་སྟེ་བྱ་བར་འོས་པ་མ་ཡིན་པ་ལས་བཟློག་པར་བྱ་ཞིང་མི་བྱ་བ་སྟེ། དེ་དག་ནི་རབ་ཏུ་གྲུབ་པ་ཡིན་ནོ། །གང་ལས་ནི་བསླབ་པ་ཀུན་ལས་བཏུས་པའམ་མདོ་ཀུན་ལས་བཏུས་པ་ལས་སོ། །དེ་ཉིད་ ལས་སུ་བྱ་བ་སྟེ། དེ་ལ་སྦྱར་བར་བྱ་བ་ནི་བསྒྲུབ་པར་བྱ་བའོ། །བཀག་པ་དང་སྒྲུབ་པ་དེ་ཡང་འཇིག་རྟེན་པའི་སེམས་ཏེ་བསམ་པ་ཡིན་ལ། དེ་བསྲུང་བའི་དོན་དུའོ། །དེ་ཇི་ལྟར་འཁྲུག་པར་མི་འགྱུར་བ་སྟེ། བསླབ་པ་ཀུན་ལས་བཏུས་པ་ལ་སོགས་པ་ལས་བསླབ་པ་མཐོང་ནས་རྟོགས་ པར་བྱས་ལ་སྟེ་ཡང་དག་པར་དཔྱད་དོ། །གང་ལས་གང་ཞིག་ཇི་ལྟར་དཔྱད་པར་བྱ་བ་དེ་ལ་དེ་བཞིན་དུ་ཐ་སྙད་དུ་འཇུག་པར་བྱའོ། །གཞན་དུ་ཐ་སྙད་ཀྱི་དོན་ལ་རྨོངས་པ་ནི་ལྟུང་བའི་དྲི་མ་ཅན་དུ་འགྱུར་རོ། །དེ་དག་གིས་ནི་ལུས་དག་པ་བཤད་པ་ཡིན་ནོ། །ལུས་ཀྱི་དག་པ་གང་ཞེ་ན། སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན། །རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ། །འབད་པ་མེད་ན་ངན་སོང་འགྲོ། །ཞེས་གང་གསུངས་པའོ། །རྟག་ཏུ་དྲན་པ་དང་ཤེས་བཞིན་དཔྱད་པར་བྱའོ་ཞེས་གང་གསུངས་པ་དེ་ལ་དྲན་པ་ནི་རང་གི་མིང་གིས་རང་གི་ངོ་བོ་བསྟན་ཏེ། ཤེས་བཞིན་མི་ཤེས་པས་ཤེས་བཞིན་ཅི་འདྲ་བ་ཞིག་ཅེ་ན། དེའི་རང་གི་ངོ་བོ་བསྟན་པའི་ཕྱིར། ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་གནས་སྐབས་དང་། སེམས་ཀྱི་གནས་སྐབས་གང་ཡིན་པའི་སྤྱོད་ལམ་རྣམས་ལ་དུས་ཐམས་ཅད་དུ་སོ་སོར་བརྟག་པར་བྱེད་ ཅིང་ངེས་པར་རྟོག་པ་སྟེ། སྔར་ཇི་སྐད་དུ་བསྟན་པ་བཞིན་ནོ། །བསྟན་པའི་བསླབ་པ་དེ་དག་ཐམས་ཅད་ལ་མཁས་པར་བྱ་བ་དང་། ལས་རྣམས་བསྒྲུབ་པར་བྱ་བའི་ཚིག་ཙམ་གྱིས་ནི་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར། །ལུས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ནི་ ལུས་ཀྱིས་བྱེད་པའི་སྔོན་དུ་འགྲོ་བའི་ཕྱིར་དེ་ཡང་འདིས་བསྟན་པ་ཡིན་ནོ། །ནན་ཏན་གྱིས་ཐམས་ཅད་བསྒྲུབ་པར་བྱའི། སྒྲ་ཙམ་བསྒྲགས་པས་ནི་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་འབད་པར་བྱའོ། །ཇི་ལྟར་ཞེ་ན། སྨན་པའི་བསྟན་བཅོས་ བཀླགས་པ་ཙམ་གྱིས་དེའི་བྱ་བ་མི་བྱེད་པས་ནད་ཀྱིས་ཐེབས་པ་ལ་འབྲས་བུ་ཅི་ཞིག་སྒྲུབ་པར་འགྱུར། དེ་ཙམ་གྱིས་ནི་དེའི་ནད་མེད་པར་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟ་བས་ན་བྱ་བ་དེ་དག་ཐམས་ཅད་ནན་ཏན་གྱིས་རྫོགས་པར་བྱའོ། །བྱང་ཆུབ་སེམས་ དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ་ལས་ལེའུ་ལྔ་པའོ།། །།དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པ་མང་པོ་སྟོན་པ་ན་ལུས་ལ་སོགས་པ་བསྲུང་བ་དང་དག་པ་ཡང་བསྟན་ནས། དགེ་བ་རྣམ་པར་དག་ པ་བསྟན་པར་བྱ་བའི་ཕྱིར། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་བྱ་བ་དེ་དག་མངོན་པར་བརྗོད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་པ། བསྐལ་པ་ཞེས་བྱ་བ་ལ་ སོགས་པ་ཡིན་ཏེ། དེ་དག་ཀུན་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལས་བྱུང་བའི་ལེགས་པར་སྤྱད་པ་སྟེ། དགེ་བའི་ངོ་བོས་སོ། །སྦྱིན་པ་ནི་སྤྱིར་རྣམ་པ་གསུམ་མོ། །བདེ་གཤེགས་མཆོད་པ་ཡང་རྣམ་པ་གསུམ་མོ། །བསྐལ་པ་སྟོང་ཕྲག་དུ་མར་ བསགས་ཤིང་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་ཁོང་ཁྲོ་སྟེ་སེམས་ཅན་ཐམས་ཅད་ལ་རྣམ་པར་སྡང་བས་འཇོམས་པར་བྱེད་དེ། མེ་ཆུང་ངུས་རྩྭའི་ཚོགས་བཞིན་དུ་སྲེག་པར་བྱེད་དོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་ཁོང་ཁྲོ་ཞེས་ བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པར་བྱེད་པ་སྟེ། དེའི་ཕྱིར་ཁོང་ཁྲོ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལས་ཀྱང་གསུངས་ཏེ། དགེ་སློང་དག་དགེ་སློང་འདི་དབུའི་སྐྲ་དང་། སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ ཅད་ཀྱིས་ཕྱག་འཚལ་ནས་སེམས་དང་བར་བྱེད་པ་ལྟོས། བཙུན་པ་དེ་ལྟར་ལགས་སོ། །དགེ་སློང་དག་དགེ་སློང་འདིས་ཇི་ཙམ་ཞིག་ནོན་པའི་འོག་ཏུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་ལས་གྲུབ་པ་ལ་ཐུག་པའི་བར་ན་རྡུལ་ཕྲན་ཇི་སྙེད་ཡོད་པ་དེ་ སྙེད་དུ་དགེ་སློང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ཡོངས་སུ་སྤྱོད་པར་འགྱུར་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ འདིའི་དེ་ལྟར་དགེ་བའི་རྩ་བ་ཆེ་བ་གང་གསུངས་པ་ལྟར་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་གང་དུ་བསྲབས་པ་དང་། ཡོངས་སུ་བྱང་བ་དང་། ཡོངས་སུ་བས་པར་འགྱུར་བ་ལས་བཀའ་སྩལ་པ། ཉེ་བ་འཁོར་ཇི་སྲིད་དུ་ཚངས་པར་སྤྱོད་པ་དམ་པས་ཚངས་པ་ མཚུངས་པར་སྤྱོད་པ་ལ་སྡང་བའི་སེམས་མ་བསྐྱེད་པ་དེ་སྲིད་དུ་ཟད་པ་དང་ཉམས་པར་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཉེ་བ་འཁོར་དེར་དགེ་བའི་རྩ་བ་ཆེན་པོ་འདི་ཡང་བསྲབས་པ་དང་། ཡོངས་སུ་བྱང་བ་དང་། ཡོངས་སུ་ཟད་པར་འགྱུར་བ་དེ་ལྟ་བས་ན་མགལ་དུམ་ལ་ ཡང་སེམས་ཀྱིས་ཁྲོ་བར་མི་བྱ་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་ཅི་ཞིག་སྨོས་ཞེས་སོ། །དེའི་ཕྱིར་ཞེ་སྡང་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཞེ་སྡང་ལྟ་བུའི་སྡིག་པ་མེད་དེ། མི་དགེ་བས་བསོད་ནམས་ཟིལ་གྱིས་ནོན་པའི་རྒྱུ་མེད་དེ། བཟོད་པ་སྲན་ ཚུགས་པ་ལྟ་བུ་དང་མཉམ་པའི་དཀའ་ཐུབ་མེད་དོ། །ཤིན་ཏུ་ངལ་བ་ཆེར་བྱས་པས་བསྒྲུབ་པར་བྱ་བའི་ཕྱིར་ལེགས་སྤྱད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་བཟོད་པ་ནི་བཟོད་པ་སྟེ། ལྷུར་བླང་བ་ཐམས་ཅད་ཀྱིས་བསྒོམ་པར་བྱ་སྟེ་གོམས་པར་བྱའོ། །སྣ་ཚོགས་ནི་འོག་ ནས་འཆད་པར་འགྱུར་བའི་ཐབས་རྣམ་པ་སྣ་ཚོགས་པས་སོ། །མཐོང་བའི་ཆོས་ཀྱི་ཉེས་པ་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པ་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བ་ནི་རབ་ཏུ་ཞི་བའོ། །ཉམས་མི་མྱོང་ནི་རྟེན་པ་མེད་པའོ། །ཉེ་བར་མ་ཞི་བ་ཉིད་ནི་རྟག་ཏུ་ཞེ་སྡང་ གི་མེ་འབར་བའི་ཕྱིར་རོ། །དགའ་དང་བདེ་བ་ནི་ཡིད་བདེ་བ་དང་བདེ་བ་མི་འཐོབ་ལ་མི་རྙེད་པ་སྟེ་དེས་མནན་པའི་ཕྱིར་རོ། །གཉིད་མི་འོང་ཞིང་རྟེན་མེད་ན་སེམས་བདེ་བ་ཐོབ་པ་མེད་པ་སྟེ། ལུས་དང་སེམས་ཀྱི་རྒྱུན་གདུང་བར་བྱེད་པའི་ཞེ་སྡང་ཟུག་རྔུ་སྙིང་ལ་གནས་འཆའ་བས་སོ། ། མཆོད་པ་ནི་བཀུར་སྟི་སྟེ་གང་དག་རྙེད་པ་དང་བཀུར་སྟི་རྣམས་ཀྱིས་སོ། །གང་ཡང་རྗེས་སུ་འཚོ་བ་སྟེ། རྗེ་དཔོན་ཞེ་སྡང་ཅན་དེ་ལ་གནོད་པར་བྱ་བར་འདོད་པའོ། །ཅི་སྟེ་ཞེ་ན། ཞེ་སྡང་སྐལ་ངན་ཏེ་མི་སྡུག་པས་ཞེས་བྱ་བ་སྟེ་འདི་ནི་གཏན་ཚིགས་ཀྱི་ཚིག་གོ། །མཛའ་བཤེས་ནི་བཤེས་པ་ རྣམས་ཀྱང་སྐྱོ་བར་འགྱུར་ཏེ། ཞེ་སྡང་ཅན་དེས་སྐྲག་པར་འགྱུར་རོ། །སྦྱིན་པ་ལ་ཕྱོགས་ཀྱང་བྲན་གྱི་ཚོགས་རྣམས་ཀྱིས་སྟེན་པར་མི་བྱེད་རྗེས་སུ་འགྲོ་བར་མི་བྱེད་དོ། །མང་དུ་སྨྲ་ཅི་དགོས། འདིར་མདོར་ན་ཞེས་བྱ་བ་འདི་ནི་ངེས་པར་གཟུང་བར་བྱ་སྟེ། གང་གིས་ཁྲོ་བར་བྱེད་པ་ལ་ བདེ་བ་ཐོབ་པ་ཉེ་བར་ཞི་བའི་རྒྱུ་དེ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །སེམས་ཀྱི་རྩུབ་པའི་གནས་ནི་ཞེ་སྡང་ངོ་། །དེ་ལས་བྱུང་བའི་འཇུག་པ་ནི་ཁྲོ་བ་སྟེ། གང་གི་དབང་གིས་དབྱུག་པ་ལ་སོགས་པ་ལེན་པར་བྱེད་པའོ། །དེ་ལྟར་ཐ་དད་པ་གཉི་ག་ཡང་སྤང་བར་བྱ་བ་ཉིད་ཀྱིས་ཐ་མི་ དད་པར་བསྟན་ཏེ། དེ་བཞིན་དུ་འདིར་མཐོང་བའི་ཆོས་ལ་ཡང་ཞེ་སྡང་གི་ཉེས་པ་རྟོགས་པར་བྱས་ནས་དེ་སྤང་བར་བྱ་བའི་ཕྱིར་འབད་རྩོལ་དང་ལྡན་པར་བྱའོ་ཞེས་གསུངས་པ། ཁྲོ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཇི་སྐད་དུ་གསུངས་པའི་རྣམ་པས་གང་གི་ཕྱིར་སྡུག་བསྔལ་ སྐྱེད་པར་བྱེད་པ་དེའི་ཕྱིར། གང་ཞིག་ལེགས་པར་སྤྱད་པའི་བདག་ཉིད་ཀྱིས་བསྒྲིམས་ཏེ་དྲག་ཏུ་མངོན་པར་ཞེན་པས་ཏེ། བརྩོན་འགྲུས་བརྩམས་པས་ཞེས་བྱ་བའི་དོན་ཏོ། །དེ་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་བདེའོ། །ད་ནི་ཞེ་སྡང་གཞོམ་པར་བྱ་བའི་ཆེད་དུ་ དེ་ལ་རྒྱུ་གཞོམ་པར་བྱ་བའི་ཕྱིར་རྣམ་པར་གཞག་པ་མཛད་པ་མི་འདོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་དང་མི་འདོད་པ་ནི་བདག་དང་བདག་གིར་འཛིན་པ་ལས་བྱུང་བ་སྟེ། བདག་དང་བདག་གི་ལ་བདེ་བ་བསྒྲུབ་པ་ནི་འདོད་པ་སྟེ། དེ་ལས་བཟློག་པ་ནི་མི་འདོད་པའོ། ། དེ་ལྟར་ན་དེ་དག་ནི་རྟོག་པ་བྱས་སུ་ཟད་ཀྱི། དོན་དམ་པར་ནི་འདོད་པའམ་མི་འདོད་པར་སྲིད་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་བས་ན་ལོག་པར་མངོན་པར་ཞེན་པའི་བག་ཆགས་ཀྱིས་མི་འདོད་པ་བྱས་པ་དང་འདོད་པ་བཤིག་པས་ཡིད་མི་བདེ་བ་སྟེ། ཡིད་ལ་ སྡུག་བསྔལ་འབྱུང་ངོ་། །དེ་ལྟ་བས་ན་དེ་བྱེད་པའམ་དེ་དང་འགལ་བར་བྱེད་པ་ལ་ཞེ་སྡང་སྐྱེ་བར་འགྱུར་རོ། །དེ་ལྟར་ན་ཟས་ནུས་པ་དང་ལྡན་པ་ཡིད་མི་བདེ་བ་ཉིད་ལ་བརྟེན་ནས་སྟོབས་ཡོད་པ་དང་ཞེ་སྡང་གིས་བདག་འཇོམས་སོ་སྙམ་དུ་ངེས་པར་བྱས་ནས་དེ་རྒྱས་པའི་རྒྱུ་ཉིད་དང་ པོར་གཞོམ་པར་བྱའོ། །དེ་བཅོམ་པས་ནི་བདེ་བ་ཉིད་དུ་འགྱུར་ཏེ། དེའི་རྩ་བ་བཅོམ་པའི་ཕྱིར་དང་། རྩ་བ་དང་བཅས་པའི་བཅོམ་པ་ནི་སླར་ལྡང་བ་མི་རིགས་པའི་ཕྱིར་རོ། །འོ་ན་ཁྱེད་ཀྱིས་ཤིན་ཏུ་མངོན་པར་ཞེན་པ་འདི་ཅི་ལྟ་བུ་ཡིན་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། གང་གི་ཕྱིར་བདག་ལ་གནོད་པ་མ་གཏོགས་པ་ཞེ་སྡང་གི་དགྲ་འདི་ལ་ཉིན་དང་མཚན་དུ་གཞན་ཅུང་ཟད་ཀྱང་བྱ་བ་མེད་དོ། །དེ་ལྟར་ཞེ་སྡང་ཉེས་པ་དང་ལྡན་པ་རྣམ་པར་བསྒོམས་ལ་ཐབས་ཐམས་ཅད་ཀྱིས་དེའི་གཉེན་པོར་གྱུར་པ་བཟོད་པ་བསྐྱེད་པར་བྱའོ། །དེ་ལ་བཟོད་ པ་ནི་རྣམ་པ་གསུམ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས་བཤད་པ། འདི་ལྟ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། གཞན་ཞིག་གིས་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པའོ་ཞེས་སོ། དེ་ལ་རེ་ཞིག་སྡུག་ བསྔལ་དང་དུ་ལེན་པའི་བཟོད་པའི་དབང་དུ་བྱས་ཏེ། ཅི་ལ་བབ་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པའི་མི་མཐུན་པའི་ཕྱོགས་ནི་མི་འདོད་པ་བྱུང་བ་ལ་བརྟེན་ནས་སྡུག་བསྔལ་བས་འཇིགས་པ་དང་། འདོད་པའི་གེགས་ལ་བརྟེན་ནས་བདེ་ བ་ལ་ཆགས་པ་སྟེ། དེ་དག་གིས་ནི་ཡིད་མི་བདེ་ལ། དེ་ལས་སེམས་ཞེ་སྡང་བའམ། ཞུམ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཟླ་བའི་སྒྲོན་མའི་མདོ་ལས། བདེ་བ་ལ་མི་ཆགས་པ་དང་། སྡུག་བསྔལ་ལ་ཕྱིར་མི་ཕྱོགས་པར་མི་བྱའོ་ཞེས་སོ། །དཀོན་མཆོག་སྤྲིན་གྱི་མདོ་ལས་ ཀྱང་གསུངས་ཏེ། གང་ནང་གི་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུགས་པ་དེ་དག་བཟོད་ཅིང་དང་དུ་ལེན་ཏོ་ཞེས་སོ། །དེ་བས་ན་གལ་ཏེ་བདག་གི་མགོ་གཅོད་ན་དེ་ལྟ་ན་ཡང་བདག་གིས་དགའ་བ་དཀྲུག་པར་མི་བྱའོ། །ཁོང་ནས་ ལྡང་བར་མི་བྱའོ། །དགའ་བ་ནི་ཡིད་མི་བདེ་བའི་གཉེན་པོ་ཡིན་ཏེ། སྡུག་བསྔལ་བྱུང་ཡང་སེམས་རབ་ཏུ་དགའ་བ་ལ་ཡིད་མི་བདེ་བའི་གོ་སྐབས་མེད་པའི་ཕྱིར་རོ། །དེ་ལྟར་ཡིད་མི་བདེ་བ་སྤང་བར་བྱ་བའི་ཕྱིར་དགའ་བས་འབད་པས་བསྲུང་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཡིད་ མི་བདེ་བ་བྱས་ཀྱང་འདོད་པའི་གེགས་ཡོད་ན་འདོད་པ་མི་འགྲུབ་སྟེ། མངོན་པར་འདོད་པ་འགྲུབ་པར་མི་འགྱུར་བའོ། །འདི་ནི་ཁྱད་པར་དུ་ཡོད་དེ་ཡང་དགེ་བ་ཉམས་པར་འགྱུར་བའོ། །ཡིད་དགའ་བ་ཡང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་རབ་ཏུ་བསྔགས་ཏེ། དེ་ལ་དགའ་ བ་གང་ཞེ་ན། གང་སངས་རྒྱས་ཀྱི་ཆོས་རྣམས་དྲན་པ་དང་། རྗེས་སུ་དྲན་པ་ལ་དགའ་བ་དང་། དད་པ་དང་མཆོག་ཏུ་དགའ་བ་དང་། སེམས་མི་འགོང་ཞིང་མི་བརྫི་བ་དང་། འདོད་པའི་དགའ་བ་མེད་པ་དང་། འདོད་པའི་དགའ་བ་ཐམས་ཅད་བཏང་བས་ཆོས་ཀྱི་དགའ་བ་ ཐམས་ཅད་ཀྱི་རྟེན་དང་། སེམས་རབ་ཏུ་དགའ་བ་དང་། ལུས་རབ་ཏུ་ཚིམ་པ་དང་། སངས་རྒྱས་ལ་དགའ་ཞིང་ཡིད་འཕར་བ་དང་། དེ་བཞིན་གཤེགས་པའི་སྐུ་ལ་དགའ་ཞིང་མོས་པས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བརྗོད་དོ། །གཞན་ཡང་ཡིད་མི་བདེ་བ་ནི་མ་སྤྱད་པས་ སྐྱེ་བ་ཡིན་ནོ་ཞེས་གསུངས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གལ་ཏེ་འདོད་པའི་གེགས་བཟློག་པའི་ཕྱིར་དང་མི་འདོད་པ་བྱུང་བ་ཕྱིར་བཅོས་པའི་ཐབས་གཞན་ཡོད་ན་དེའི་ཚེ་དེ་ལ་མི་དགར་ཅི་ཞིག་ཡོད། དེ་ཉིད་ལ་ནན་ཏན་དུ་གྱིས་ཤིག །ཅི་སྟེ་མེད་ན་དེའི་ཚེ་ ཡང་དེ་ལ་མི་དགའ་བྱས་ཅི་ཕན། དགོས་པ་ཅུང་ཟད་ཀྱང་མེད་དེ། དེ་ཐབས་མེད་པའི་ཕྱིར་དེ་དག་ནི་ཐམས་ཅད་དུ་འདས་པ་ཡིན་ནོ། །དེ་ལྟར་རྣམ་པར་དཔྱད་ནས་ཡིད་མི་བདེ་བ་བསལ་བ་ཉིད་མཆོག་ཡིན་ནོ། །གོམས་པ་སྡུག་བསྔལ་གནོད་པ་མེད་པར་འགྱུར་བ་ཡིན་ནོ་ཞེས་ རབ་ཏུ་བསྒྲུབ་པའི་ཕྱིར་བརྩོན་པར་བྱེད་པ། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྡུག་བསྔལ་ནི་རྣམ་པ་གཉིས་ཏེ། ལུས་ལ་གནོད་པ་བྱུང་བ་དང་སེམས་ལ་གནོད་པ་བྱུང་བའོ། །དེ་ལ་ལུས་ལ་གནོད་པ་བྱུང་བ་ནི་དབྱུག་པ་ལ་སོགས་པ་ བསྣུན་པ་ལས་བྱུང་བའོ། །ཡིད་ལ་གནོད་པ་བྱུང་བ་ནི་བརྙས་པ་ལ་སོགས་པའི་རྒྱུ་མཚན་ལས་སོ། །དེ་ལ་བརྙས་པ་ནི་ངན་པ་བྱེད་པའོ། །ཚིག་རྩུབ་ནི་གནད་འབྱེད་པའི་ཚིག་སྟེ། མི་སྙན་པ་ནི་གྲགས་པ་མ་ཡིན་པ་དང་། ཡོན་ཏན་དང་བྲལ་བར་བརྗོད་པའོ། །དེ་ དག་ཐམས་ཅད་ནི་མི་འདོད་པ་ཡིན་ནོ། །གལ་ཏེ་གཞན་ལས་བྱུང་ན་ལེགས་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་གསུངས་པ། བཤེས་རྣམས་ལ་ཞེས་གསུངས་ཏེ། གང་ལ་བདག་ཉིད་ཀྱིས་ཁས་བླངས་པ་མཛའ་བའི་གནས་དེ་དེ་དག་དང་བདག་ཉིད་ལ་ཡང་ངོ་། །སྡུག་བསྔལ་ལ་ སོགས་པ་བྱེད་པ་པོ་དགྲ་དེ་ལས་བཟློག་པ་འབྱུང་། དེ་ལ་ནི་སྡུག་བསྔལ་བ་ལ་སོགས་པ་མངོན་པར་འདོད་པ་ཡིན་ནོ། །དེ་ལ་སྡུག་བསྔལ་མི་བཟོད་པ་དེ་རེ་ཞིག་ཟློག་པར་བྱེད་པ། བདེ་བའི་རྒྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབད་པ་ཆེན་པོས་དགེ་བའི་ཕྱོགས་ཉེ་བར་བསྟེན་ པ་རེས་འགའ་འམ་བརྒྱ་ལ་སྟེ་འཁོར་བར་ཟག་པ་དང་བཅས་པའི་བདེ་བ་ཤིན་ཏུ་རྙེད་པར་དཀའོ། །སྡུག་བསྔལ་ནི་ཐམས་ཅད་དུ་རྙེད་པར་སླ་སྟེ་འབད་པ་མེད་པར་འགྲུབ་པའི་ཕྱིར་རོ། །དེ་བས་ན་དེ་གོམས་པ་ནི་དཀའ་བ་མ་ཡིན་ཏེ། ཐམས་ཅད་དུ་འདྲིས་པའི་ཕྱིར་རོ། །འདི་ ལྟར་ཡང་འཁོར་བ་ནས་ངེས་པར་འབྱིན་པའི་ཐབས་ཀྱང་སྡུག་བསྔལ་ཉིད་ཡིན་ཏེ། དེ་ལྟ་ན་ཡང་རྒྱགས་ཀྱི་ཚུལ་དུ་དེ་ཡོངས་སུ་བཟུང་བར་རིགས་པ་ཉིད་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཀྱེ་སེམས་སྡུག་བསྔལ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་བརྟེན་ པར་གྱིས་ལ་སྡང་བ་ལ་གནས་བརྟན་པར་མ་བྱེད་ཅིག། །།བམ་པོ་དགུ་པ། འོན་ཀྱང་སྡུག་བསྔལ་འདི་དོན་ཆེན་པོ་བསྒྲུབ་པའི་ཕྱིར་བསྟེན་པར་རིགས་སོ་སྙམ་དུ་ཡིད་ལ་བྱའོ་ཞེས་བྱ་བ་ནི་རྫོང་གཏུམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫོང་གཏུམ་ མོའི་བུ་ནི་གཏུམ་མོའི་བུ་སྟེ། སྟོན་ཟླ་འབྲིང་པོའི་ཚེས་དགུའི་དུས་ལ་སོགས་པར་ཞག་གསུམ་མམ་ཞག་གཅིག་ཏུ་གསོ་སྦྱིན་བྱས་ནས་ལུས་སྲེག་པ་དང་གཅོད་པ་དང་འབིགས་པར་བྱེད་པའི་སྡུག་བསྔལ་ཚོར་བ་འབྲས་བུ་མེད་པ་ཉམས་སུ་མྱོང་བར་བྱེད་པའོ། །དེ་བཞིན་དུ་ཡུལ་ཀར་ཎ་ཊ་ལ་ སོགས་པར་བྱུང་བ་ལྷོ་ཕྱོགས་ཀྱི་རྒྱུད་དུ་གོང་མའི་མིང་འབྲི་བ་ཙམ་གྱི་ང་རྒྱལ་གྱིས་ཕན་ཚུན་དུ་འགྲན་པར་བྱེད་པའི་བྱེད་པ་དུ་མས་སྡུག་བསྔལ་ཉམས་སུ་མྱོང་ཞིང་སྲོག་ཀྱང་འདོར་བར་བྱེད་ན། བདག་ནི་བདག་དང་གཞན་མཆོག་ཏུ་དཀོན་པའི་སངས་རྒྱས་ཉིད་དུ་བསྒྲུབ་པའི་ཕྱིར་བརྩོན་པར་བྱས་ པ་ཡིན་ན་ཅིའི་ཕྱིར་སྡུག་བསྔལ་རྣམས་ཀྱིས་བདར་བར་བྱ། འོ་ན་དེ་ལྟར་གྱུར་ན་གལ་ཏེ་སྡུག་བསྔལ་ཤིན་ཏུ་ཆུང་བ་ནི་བསྟེན་པར་ནུས་ཀྱིས། ལག་པ་དང་། རྐང་པ་དང་། མགོ་བོ་བཅད་པ་ལ་སོགས་པའམ། སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་ཐར་པའི་ དོན་དུ་ཇི་ལྟར་ན་བསྟེན་པར་བྱ་ཞེ་ན། འདིར་གོམས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་བཅོས་གོམས་པར་བྱེད་པ་དང་། སྒྱུ་རྩལ་ལ་སོགས་པ་ལ་མཁས་པ་ལ་སོགས་པའམ། སྡུག་བསྔལ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཙམ་ཉམས་སུ་མྱོང་བར་བྱ་བའི་དངོས་པོ་ གང་ཞིག་གོམས་པའི་སྤྱོད་ཡུལ་དུ་མི་འགྱུར་བ་དེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ་ཐམས་ཅད་ནི་གོམས་པས་བདག་གིར་བྱ་བ་ནུས་སོ་སྙམ་དུ་དགོངས་པ་ཡིན་ནོ། །གང་གི་ཕྱིར་གནོད་པ་ཤིན་ཏུ་ཆུང་ངུ་ལ་སོགས་པ་གོམས་པར་འགྱུར་བ་དེའི་ཕྱིར་སེམས་ཅན་དམྱལ་བ་ལ་ སོགས་པའི་གནོད་པ་ཆེན་པོའང་བསྟེན་པར་མི་ནུས་ཏེ། ཡུན་རིང་པོར་ཤིན་ཏུ་གོམས་པར་བྱས་པས་སླར་ཡང་དེ་ཉིད་བདེ་བའི་ངོ་བོར་ཡོངས་སུ་འགྱུར་བ་འགྲོ་བ་ཡིན་པས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེ་བ་ཉིད་ནི་སྡུག་བསྔལ་ཏེ། ཇི་སྐད་དུ་གསུངས་པ། དེ་ ལ་སྡུག་བསྔལ་ཆུང་ངུ་ལ་གོམས་པ་སྔོན་དུ་བཏང་ན་དགའ་བ་ཤིན་ཏུ་དཀའ་བ་ཡང་གོམས་པར་འགྱུར་ཏེ། དཔེར་ན་གོམས་པའི་དབང་གིས་སེར་སྣ་ཅན་རྣམས་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་དེ་བཞིན་དུ་སྡུག་བསྔལ་འབྱུང་བ་ཐམས་ཅད་བདེ་བའི་འདུ་ཤེས་ཉེ་བར་གནས་པ་ གོམས་པས་བདེ་བའི་འདུ་ཤེས་ཉིད་དུ་ཉེ་བར་གནས་པར་འགྱུར་རོ་ཞེས་སོ། །དེ་ལྟར་ན་རྒྱུ་མཐུན་པའི་འབྲས་བུ་ཡང་ཆོས་ཐམས་ཅད་བདེ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པོ། །ཡབ་དང་སྲས་མཇལ་བ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་ ལ་བདེ་བར་འགྲོ་བ་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ། ཏིང་ངེ་འཛིན་དེ་གང་གིས་ཐོབ་པས་བྱང་ཆུབ་སེམས་དཔའ་དམིགས་པའི་དངོས་པོ་ཐམས་ཅད་ལ་བདེ་བའི་ཚོར་བ་ཤ་སྟག་མྱོང་བར་འགྱུར་ཞིང་སྡུག་བསྔལ་གྱི་ཚོར་བ་མི་མྱོང་ལ། སྡུག་བསྔལ་ཡང་མ་ལགས། བདེ་བ་ ཡང་མ་ལགས་པ་མི་མྱོང་སྟེ། དེ་ལ་སེམས་ཅན་དམྱལ་བའི་གནོད་པས་གནོད་པ་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། མིའི་གནོད་པས་གནོད་པ་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་། ལག་པ་བཅད་དམ། རྐང་པའམ། རྣ་བའམ། སྣ་གཏུབས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། རྩ་ལྕག་གིས་གཞུས་སམ། རྩ་ལྕག་ཕྱེད་ཚལ་ལམ། ལྕག་གིས་གཞུས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་། བཙོན་རར་བཅུག་གམ། དུག་གི་སྣོད་ལྟར་བདུགས་སམ། བུ་རམ་ ཤིང་བརྡུངས་པ་ལྟར་བརྡུངས་སམ། འདོམ་བུ་གཞོམ་པ་ལྟར་བཅོམ་མམ། འབྲུ་མར་གྱི་མར་མེ་ལྟར་འབར་བར་བྱས་སམ་ཞེས་བྱ་བ་ནས་ཀཱར་ཥཱ་པ་ཎ་ཙམ་དུ་གཏུབས་སམ། འབྲས་ཕྱེ་བཙོ་བ་ལྟར་བཙོས་སམ། གླང་པོ་ཆེ་རྣམས་ཀྱིས་མཉེས་ཀྱང་བདེ་བའི་འདུ་ཤེས་འཇུག་ གོ་ཞེས་རྒྱ་ཆེར་འབྱུང་ངོ་། །གལ་ཏེ་དང་པོ་གནོད་པ་ཆུང་ངུ་གོམས་པར་འགྱུར་བ་དེ་ལྟར་འགྱུར་ན། འོན་ཀྱང་དེ་ཉིད་མེད་དོ་ཞེ་ན། འདིར་སྦྲུལ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྲུལ་ལ་སོགས་པས་བྱས་པའི་སྡུག་བསྔལ་དོན་མེད་པ་ཅི་མ་མཐོང་སྟེ། དེ་ནི་འབད་ པ་མེད་པར་གྲུབ་པ་ཡིན་ཏེ། གནོད་པ་ཆུང་ངུ་གོམས་པའི་རྒྱུ་མཚན་ནི་ཡོད་པ་ཉིད་དོ་སྙམ་དུ་དགོངས་པའོ། །ཡང་གཞན་དུ་རང་གི་སེམས་བརྟན་པར་བྱ་བའི་ཕྱིར། ཚ་གྲང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་བཟེ་རེ་ཅན་ལ་ནི་སྡུག་བསྔལ་ཤིན་ཏུ་ཆེར་གནོད་པར་ འགྱུར་ཏེ། སེམས་བརྟན་པ་ལ་ནི་སྡུག་བསྔལ་ཡང་བཟློག་ནས་སོ། །སེམས་བརྟན་པའི་ཡང་སྡུག་བསྔལ་མི་བཟོད་པ་ཉིད་མ་ཡིན་ནམ་ཞེ་ན། འདིར་ལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་བརྟེན་པ་ལ་ནི་མི་ནུས་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དེ། འདི་ ལྟར་སྐྱེས་བུ་དཔའ་བོ་ལ་ལ་གཡུལ་ངོའི་སར་བདག་གི་ཁྲག་མཐོང་ཡང་ལྷག་པར་དཔའ་བ་བརྟན་པར་བྱེད་དོ། །ཡང་སེམས་ཀྱི་རྒྱུད་སྡར་བ་ལ་ལ་ནི་གཞན་གྱི་ཁྲག་མཐོང་བས་ཀྱང་ཤི་ལ་ཐུག་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། དེ་དག་གཉི་ག་ཡང་གཅིག་ ལ་གཅིག་སེམས་གོམས་པ་དང་བཟློག་པ་ལས་ཡིན་ནོ། །དེ་ལྟར་ཤེས་པར་བྱས་ནས་སྡུག་བསྔལ་རྣམས་ཀྱིས་མི་ཚུགས་བྱོས་ཏེ། སྡུག་བསྔལ་རྣམས་ཀྱིས་ཀྱང་ཟིལ་གྱིས་མི་ནོན་པར་བྱ་སྟེ། སེམས་མི་བསྒུལ་བའི་ཕྱིར་རོ། །དེ་བས་ན་གནོད་པ་ཟིལ་གྱིས་ནོན་ཅིང་ དེས་ནི་ཟིལ་གྱིས་མི་གནོན་ནོ། །དེ་ལྟར་ན་ཡང་གནོད་པ་ཁྱད་དུ་གསད་པར་བྱའོ་ཞེས་མཁས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པས་སྔར་བསྟན་པའི་དང་བ་ཉམས་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཉོན་མོངས་པའི་དགྲ་རྣམས་དང་ཐབས་ ཅིག་ཏུ་གཡུལ་འགྱེད་པར་རྩོམ་པ་ན། གཡུལ་དུ་ཡང་གནོད་པ་ཞེས་བྱ་བ་མི་འགྱུར་རོ་ཞེས་བྱ་བ་ནི་དཀོན་ཏེ། གནོད་པ་ནི་མོད་པ་ཉིད་ཡིན་ནོ། །དེ་ལྟ་མོད་ཀྱི་ཤིན་ཏུ་བྱ་དཀའ་བ་འདི་འདྲ་བ་སྣང་བ་མ་ཡིན་ནམ་ཞེ་ན། འདིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡུལ་ངོར་དགྲ་བོ་ཟིལ་གྱིས་གནོན་པ་ལ་མངོན་དུ་ཕྱོགས་པ་ནི་དེས་མཚོན་བརྡེག་པ་བྲང་དུ་ཕོག་ནའང་ཕོག་ཕོག་ཏུ་དགྲ་ལས་རྒྱལ་བར་བྱེད་པ་གང་ཡིན་པ་དེ་དང་དེ་དག་ནི་སྐྱེས་བུ་དཔའ་བོ་ཡིན་ཏེ། མཆོག་ཏུ་དགྲ་ལས་རྣམ་པར་རྒྱལ་བར་བྱེད་པས་འདི་རྣམ་པར་རྒྱལ་བ་ཐོབ་པར་ བྱས་སོ་ཞེས་བསྔགས་པར་བྱེད་དོ། །ཡང་གཞན་གང་ཞིག་དོན་གྱིས་རྨ་ལ་སོགས་པས་དགྲ་ཟིལ་གྱིས་གནོན་པ་དེ་དག་ནི་ཅུང་ཟད་ཀྱང་བྱེད་པ་མིན་པས་རོ་ལ་གསོད་པ་ལྟར་དཔའ་བོ་རྣམས་ཀྱིས་སྨད་པར་འོས་པ་ཡིན་ནོ། །ཡོན་ཏན་བསྟན་པ་འདིས་ཀྱང་སྡུག་བསྔལ་དང་དུ་བླང་བར་ བྱའོ་ཞེས་གསུངས་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཞན་ཡང་སྡུག་བསྔལ་འདིའི་ཡོན་ཏན་ནི་འདི་ཡིན་ཏེ། དགེ་བའི་རྒྱུ་རྫོགས་པའི་ལམ་དང་རྗེས་སུ་མཐུན་པའོ། །སྡུག་བསྔལ་གང་ཡིན་ལ་ཞུགས་ན་སྐྱོ་བ་སྐྱེ་བར་འགྱུར་རོ། ། དེའི་ཕྱིར་ན་གཟུགས་དང་ལང་ཚོ་དང་ནོར་ལ་སོགས་པས་བྱས་པའི་དྲེགས་པ་སེལ་བར་བྱེད་དེ་ཉམས་པར་འགྱུར་བ་དང་། འཁོར་བ་ལ་སྟེ་འཁོར་བ་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་སྙིང་རྗེ་བའི་སེམས་དང་། འདི་ནི་སྡིག་པའི་འབྲས་བུ་ཡིན་ནོ་སྙམ་དུ་རིག་ནས་སྡིག་པས་ འཇིགས་ཏེ། མི་བྱ་བའི་སེམས་དང་། སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་སྡུག་བསྔལ་ཟད་པར་འགྲོ་བའི་ལམ་ཉེ་བར་བསྟན་པའོ་སྙམ་ནས་གུས་པ་དང་། དད་པ་དང་། སེམས་དང་བའོ། །སྡུག་བསྔལ་དང་དུ་ལེན་པ་ཡང་གཞན་གྱི་རྐྱེན་གྱིས་བྱུང་བར་ བརྟག་པ་མཁྲིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདི་མཁྲིས་པ་ལ་སོགས་པ་ཉེས་པ་གསུམ་གྱི་བདག་ཉིད་དེ། དེ་ཡང་རྣམ་པ་དེ་ལྟ་བུའི་ཟས་དང་གནས་པ་དང་བྲལ་བས་མ་སྙོམས་པའི་གནས་སྐབས་སུ་གྱུར་ནས་ནད་སྐྱེད་པར་བྱེད་དེ། སྡུག་བསྔལ་ཐམས་ཅད་ ཀྱི་རྒྱུར་འགྱུར་རོ། དེ་ལྟ་མོད་ཀྱི་དེ་དག་ལ་ནི་བདག་མི་ཁྲོ་སྟེ་སེམས་པ་མེད་པའི་ཕྱིར་རོ། །དེ་དག་བསམས་བཞིན་དུ་སྡུག་བསྔལ་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་རང་གི་རྒྱུ་ཚོགས་པའི་དབང་གིས་རབ་ཏུ་འཁྲུག་པར་འགྱུར་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་ན་ སེམས་ཡོད་རྣམས་ལ་ཅི་སྟེ་ཁྲོ་ཅི་སྟེ་མ་ཡིན་ཞེ་ན། དེ་དག་ཀྱང་སྔོན་གྱི་ལས་ལ་རག་ལས་པའི་ཕྱིར་རང་གི་རྒྱུ་ཚོགས་པ་རབ་ཏུ་འཁྲུགས་པར་གྱུར་པས་སྡུག་བསྔལ་བསྐྱེད་པ་ཡིན་ནོ། །དེ་བས་ན་མཁྲིས་པ་ལ་སོགས་པ་བཞིན་དུ་དེ་དག་ལ་ཡང་བདག་ཁྲོ་བར་མི་རིགས་སོ། །འདིར་ གཉི་ག་ཡང་མཚུངས་པར་རྒྱུ་ལ་རག་ལས་པའི་ཕྱིར་རོ་ཞེས་ཉེ་བར་སྟོན་པ་དཔེར་ན་ཞེས་བྱ་བ་གསུངས་ཏེ། དཔེར་ན་རང་གི་རྐྱེན་གྱིས་ཉེ་བར་བསྐྱེད་པའི་ནུས་པ་ཅན་མཁྲིས་པ་ལ་སོགས་པ་འདོད་པ་མེད་པར་ཡང་ངེས་པར་ན་ཚ་བསྐྱེད་པ་དེ་བཞིན་དུ་རང་གི་རྒྱུ་ཡོངས་སུ་འགྱུར་བ་ལ་ བརྟེན་པའི་ནུས་པ་ཡིད་མི་བདེ་བ་ལ་སོགས་པས་ཁྲོ་བ་བསྐྱེད་དོ། །དེ་ལྟར་ན་འདི་དག་ཐུན་མོང་དུ་རྒྱུ་དང་རྐྱེན་ལ་རག་ལས་པ་ཡིན་ནོ། །ཇི་སྟེ་དེ་ལྟར་ན་འདིར་སེམས་པ་དང་བཅས་པ་རྣམས་བསམས་ནས་རྣམ་པ་དེ་ལྟར་མི་འདོད་པ་བྱེད་པ་ཡིན་ལ། ཅིག་ཤོས་ནི་དེ་ལྟར་མ་ཡིན་ནོ་ཞེ་ན། ཁྲོ་ བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་རྐྱེན་ཚོགས་པ་མེད་པར་ཁྲོ་བར་བྱའོ་ཞེས་དེ་ལྟར་བློ་སྔོན་དུ་བཏང་ནས་བསམས་བཞིན་དུ་སྐྱེ་བོ་རྣམས་རང་དགར་ནི་མེད། ཁྲོ་བར་མི་བྱེད་དོ། །ཁྲོ་བ་ཡང་བསྐྱེད་པར་བྱའོ་སྙམ་དུ་དགོངས་ནས་རང་དབང་ཅན་དུ་མི་སྐྱེའོ། །དེ་ལྟ་བས་ན་ འདིར་འདི་ཉིད་ནི་ཚད་མས་གྲུབ་པོ་ཞེས་ཉེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཐམས་ཅད་ནི་རྐྱེན་འདི་དག་ཙམ་ཉེ་བར་གནས་པའི་རང་བཞིན་ཡིན་ཏེ། རང་དབང་དུ་འཇུག་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། རྐྱེན་རྣམས་ཚོགས་པ་དེ་དག་ཀྱང་རང་གི་འབྲས་ བུ་བསྐྱེད་པ་ན་ལེགས་པར་བསམས་ནས་མི་སྐྱེད་དེ། དེ་ནི་རང་གི་རྒྱུ་ཡོངས་སུ་འགྱུར་བ་ཉེ་བའི་ཆོས་ཉིད་ཀྱིས་རྣམ་པ་དེ་འདྲ་བའི་འབྲས་བུ་སྐྱེད་པ་ཡིན་ཏེ། བསམས་ནས་ནི་མ་ཡིན་ལ། དེས་བསྐྱེད་དེ་ཡང་སྟེ་འབྲས་བུ་ཡང་ཚོགས་པ་འདི་དག་གིས་བསྐྱེད་དོ་ཞེས་སེམས་པ་ ཡིད་ལ་བྱེད་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་རོ། །འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཡིན་པས། འགྲོ་བ་འདི་ནི་རྐྱེན་ལས་བྱུང་བ་ཙམ་སྟེ། འདིར་འགའ་ཡང་རང་དབང་ཅན་འབྱུང་བ་མེད་དེ། ཆོས་ ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་པའི་ཕྱིར་རོ། །འོ་ན་དེ་ལྟར་ཡིན་ན་རང་དབང་ཅན་ནི་ཡོད་པ་མ་ཡིན་ཏེ། ཇི་ལྟར་གྲངས་ཅན་པའི་གཙོ་བོ་དང་། བདག་དང་རིགས་པ་ཅན་ལ་སོགས་པའི་ནམ་མཁའ་ལ་སོགས་པའོ། །དེས་ན་ཅིའི་ཕྱིར་འདི་ལ་རང་དབང་ཅན་ནི་ འགའ་ཡང་མེད་དོ་ཞེས་རྗོད་པར་བྱེད་ཅེས་དོགས་པ་ལ། གཙོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱེད་ཀྱིས་གང་རྡུལ་དང་མུན་པ་དང་སྙིང་སྟོབས་ཀྱི་ཆ་མཉམ་པའི་རང་བཞིན་ནི་གཙོ་བོ་ཞེས་འདོད་པའོ། །དེ་ཞེས་བྱ་ཞེས་པ་ནི་དེ་ནི་ཚད་མས་གྲུབ་པ་མེད་དོ་ཞེས་མི་འདོད་ པ་སྟོན་པར་བྱེད་པའོ། །དངོས་པོ་འགའ་ཞིག་ལ་བདག་ཅེས་བརྟགས་ཤིང་ཞེན་པ་གང་ཡིན་པ་དེ་ཡང་ཚད་མ་དང་མི་ལྡན་ནོ་ཞེས་གསུངས་པའོ། །གང་གི་ཕྱིར་དེ་ཉིད་ནི་རང་ཉིད་དེ། དེ་ལས་གཞན་པའི་རྒྱུ་མེད་པའི་ཕྱིར་འབྱུང་ངོ་སྐྱེའོ་ཞེས་བསམས་ནས་སྐྱེ་བ་ མེད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མ་སྐྱེས་པར་ནི་དེ་སྟེ་གཙོ་བོ་ལ་སོགས་པ་སྔ་ནས་ཡོད་པ་མ་ཡིན་པ་ཉིད་ཡིན་ལ། མེད་པ་ཡང་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུ་ཡིན་ན་སྐྱེ་བར་འདོད་པར་གྱུར་པ་གང་ཡིན། ཇི་སྟེ་མེད་པ་ནི་འགའ་ཡང་མི་སྐྱེ་སྟེ། འོན་ཀྱང་མི་གསལ་ བའི་གནས་སྐབས་ལས་གསལ་བའི་གནས་སྐབས་སུ་ཡོངས་སུ་འགྱུར་བ་ཙམ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ཡོངས་སུ་འགྱུར་བ་དང་། གསལ་བའི་གནས་སྐབས་ཀྱང་མེད་ན་ཇི་ལྟར་སྐྱེད། ཡོངས་སུ་འགྱུར་བ་དང་གསལ་བའི་གནས་སྐབས་དེ་དེའི་རང་བཞིན་ཡིན་ན་ དེ་ཡང་སྐྱེ་བར་ཐལ་བར་འགྱུར་རོ། །ཐ་དད་པ་ཡིན་ན་འབྲེལ་པ་མེད་པ་དང་། འབྲེལ་པ་བརྟགས་པ་ཡིན་ན་ཡང་ཐུག་པ་མེད་པར་འགྱུར་ཏེ། འོག་ནས་རྒྱས་པར་གཙོ་བོ་འགེགས་པར་འགྱུར་རོ། །འོ་ན་དེ་ལྟར་ན་ཡང་བདག་ལ་ཡང་ཉེས་པ་འདི་མེད་པ་ཉིད་དེ། དེ་ལ་ནི་བདག་ཅག་སྐྱེ་ བར་མི་འདོད་དེ། དེ་ནི་དུས་ཐམས་ཅད་དུ་རྟག་པའི་རང་བཞིན་སྐྱེ་བ་མེད་པ་ཁོ་ནའོ་ཞེ་ན། དེ་ལྟར་འདོད་དུ་ཆུག་ན་ཡང་འདི་ནི་རྣམ་པ་ཐམས་ཅད་དུ་བོང་བུའི་རྭ་དང་འདྲ་བ་ཉིད་ཡིན་ཏེ། སྐྱེ་བ་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལ། མ་སྐྱེས་པར་ནི་དེ་མེད་ན། །དེ་ཚེ་སྐྱེ་བར་འདོད་ པ་གང་། །ཞེས་བྱ་བའི་ཉེས་པ་ལྡོག་པར་མི་འགྱུར་རོ། །ཡོད་ན་ཡང་འདི་ལ་བདག་ཉིད་ལ་ཡང་རང་དབང་ཉིད་མེད་དོ། །དེ་ཡང་གཙོ་བོས་གཏད་པའི་ཡུལ་ཉིད་ལ་ལོངས་སྤྱོད་པ་ཡིན་ན། དེའི་ཚེ་ཡང་ལུས་ལ་ལོངས་སྤྱོད་པ་ལས་སྔར་འདི་ལ་ལོངས་སྤྱོད་པ་པོ་ཉིད་མེད་དོ། ། ཕྱིས་སྐྱེས་པ་ཡང་དེའི་རང་བཞིན་ཉིད་ཡིན་ཏེ། གཞན་དུ་ན་དེའི་ལོངས་སྤྱོད་པ་པོ་ཉིད་མི་རིགས་པའི་ཕྱིར་རོ། །དེ་སྐྱེ་བ་ན་ཡང་དེ་ཡང་ཡིན་པའི་ཕྱིར་ཇི་ལྟར་ན་བདག་ལ་སྐྱེ་བར་མི་འདོད། ཡང་དེ་ཉིད། མ་སྐྱེས་པར་ནི་དེ་མེད་ན། །དེ་ཚེ་སྐྱེ་བར་འདོད་པ་གང་། །ཞེས་བྱ་བ་འདི་ འཐོབ་པོ། །འདིར་གཞན་ཡང་སུན་དབྱུང་བ་གསུངས་པ། ཡུལ་ལ་རྟག་ཏུ་གཡེངས་འགྱུར་བས། །ཞེས་བྱ་བ་ལ། གང་གི་ཚེ་འདི་གཙོ་བོས་གཏད་པའི་ཡུལ་ལ་ལོངས་སྤྱོད་པའི་ཕྱིར་འཇུག་པ་ཡིན་ནོ་ཞེས་འདོད་ན། དེའི་ཚེ་སྔར་འཇུག་པ་མེད་པས་ཕྱིས་ཀྱང་འཇུག་པར་མི་རིགས་སོ། ། ཇི་སྟེ་བརྒྱ་ལ་འཇུག་གོ་ཞེ་ན། དེའི་ཚེ་ཡང་ཡུལ་ལ་གཡེངས་པ་ལས་ལྡོག་པར་མི་འགྱུར་རོ། །དེ་ཉིད་ན་འགག་པར་འགྱུར་བའང་མ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། དེའི་ཚེ་ཡུལ་ལ་ལོངས་སྤྱོད་པ་ལྡོག་པར་ཡང་སྤྲོ་བ་མེད་པར་འགྱུར་ཏེ། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། ། དེ་ཡང་རྟག་པའི་ཕྱིར་མི་ལྡོག་སྟེ། ལྡོག་ན་ཡང་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རིགས་པ་ཅན་ལ་སོགས་པའི་བདག་ཏུ་བརྗོད་པ་ནི་རྟག་པའི་ཕྱིར་དེའི་ཁྱད་པར་གསུངས་པ་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་གྲངས་ཅན་ལས་བྱེ་བྲག་ནི་སེམས་པ་མེད་པ་ཡིན་ ཏེ། གཞན་ནི་མཚུངས་པ་ཉིད་དོ། །དེ་ལ་རྟག་པ་ནི་དུས་སྔ་ཕྱིར་རང་བཞིན་གཅིག་པའོ། །སེམས་པ་མེད་པ་ཡང་སེམས་མེད་པའི་རང་བཞིན་ཏེ་བེམས་པོ་ཞེས་བྱ་བའི་དོན་ཏེ། སེམས་ཅན་ནི་གཞན་དང་འབྲེལ་པས་སེམས་པར་བྱེད་པའོ། །མཁའ་བཞིན་ནི་ཁྱབ་པའོ། ། དེའི་ཕྱིར་མངོན་ཏེ་བྱེད་པ་མེད་པར་གསལ་བའོ། །གང་གཞན་དག །འདོད་པ་ལ་སོགས་རྟེན་པ་དང་། །རང་ནི་སེམས་མེད་ངོ་བོ་དང་། །རྟགས་དང་དེ་བཞིན་ཀུན་ཁྱབ་དང་། །དགེ་དང་མི་དགེའི་ལས་རྣམས་ཀྱིས། །བྱེད་པ་པོ་དང་དེ་འབྲས་བུ། །ལོངས་སྤྱོད་པ་དང་སེམས་ པ་དང་། །ལྡན་ཕྱིར་སེམས་པའི་རང་བཞིན་གྱི། །བདག་ཏུ་འདི་ནི་འདོད་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་འདི་ནི་ཅི་ཡང་མི་བྱེད་པ་ཡིན་ཏེ། བྱ་བ་འགའ་ལ་ཡང་མི་མཁོ་བའི་ཕྱིར་རོ། །འོན་ཏེ་བྱེད་པ་མེད་པ་ལ་ལྷན་ཅིག་བྱེད་པའི་རྐྱེན་གཞན་ཉེ་བ་ལས་དེ་ལ་ ཡང་བྱེད་པ་ཁས་བླང་བར་བྱ་སྟེ། གང་ཤེས་པ་དང་རྩལ་བ་དང་འབྲེལ་པ་དེ་ལ་བྱེད་པ་ཉིད་དུ་བཤད་ཅེས་གསུངས་སོ་ཞེ་ན། འདིར་རྐྱེན་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པ་དང་རྩོལ་བ་ལ་སོགས་པ་རྐྱེན་གཞན་རྣམས་དང་ཕྲད་ན་ཡང་རྟག་པའི་ཕྱིར་འགྱུར་བ་ མེད་པ་སྔར་གྱི་རང་བཞིན་ལས་འཕོ་བ་མེད་པའི་བདག་ལ་ཅི་བྱར་ཡོད། དེ་ལ་བྱ་བ་ཡོད་པར་མི་རིགས་སོ། །བྱེད་པའི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་གང་ཞིག་སྔོན་བྱེད་པ་མེད་པའི་དུས་ན་ཡིན་པ་དེ་བྱེད་པའི་དུས་ན་ཡང་ཡིན་ན་བྱེད་པ་པོའི་རང་བཞིན་དང་ བྲལ་བ་དེ་ལ་བྱེད་པ་པོས་ཅི་ཞིག་བྱས། གང་གིས་ན་རྐྱེན་གཞན་དང་ཕྲད་པ་དེ་ལ་བྱ་བ་རྣམ་པར་འཇོག་པར་བྱེད་པ་ཡིན། གཞན་ཡང་འབྲེལ་པ་གཉི་ག་མེད་པའི་ཕྱིར་ན་བདག་དེའི་བྱེད་པ་འདི་ཡིན་ནོ་ཞེས་འབྲེལ་པར་འགྱུར་བ་གང་ཞིག་ཡོད་དེ། རྒྱུ་མཚན་གཞན་ཅི་ཡོད། ཅི་ཡང་ ཡོད་པ་མ་ཡིན་ཏེ། བདག་དང་དབང་ཕྱུག་ཀྱང་རྒྱས་པར་འགེགས་པར་འགྱུར་བའི་ཕྱིར་ཏེ། རང་དབང་ཅན་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཐམས་ཅད་དུ་རང་དབང་ཅན་མ་ཡིན་པར་བསྒྲུབས་ནས་མཇུག་བསྡུ་བ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྟན་པའི་ཚུལ་གྱིས་ཕྱི་དང་ནང་གི་དངོས་པོའི་རྣམ་པ་ཐམས་ཅད་གཞན་གྱི་དབང་སྟེ་གཞན་ལ་རག་ལས་པ་ཡིན་ནོ། །དེ་ལྟར་ན་འོ་ན་གང་གི་དབང་ཡིན་པ་དེ་ནི་གཞན་ལ་རག་ལས་པ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། གང་གི་དབང་གིས་དེ་དབང་མེད་དེ། རང་གི་རྒྱུའི་གཞན་གྱི་དབང་ ཡིན་ནོ། །དེ་ལྟར་ན་རྒྱུ་དེ་ཡང་རང་གི་རྒྱུ་ལས་སྐྱེ་བའི་ཕྱིར་ཐོག་མ་མེད་པར་འཁོར་བའི་བརྒྱུད་པ་ལ་འགའ་ཡང་རང་དབང་ཅན་དུ་གྱུར་པ་མི་སྲིད་དོ། །དེའི་ཕྱིར་ཆོས་ཐམས་ཅད་ནི་བྱེད་པ་མེད་པ་ཡིན་ནོ། །དོན་དམ་པར་སུ་ཞིག་སུ་ལ་གནོད་པ་བྱེད། དེ་བས་ན་གནོད་པ་བྱེད་པ་གང་ལ་ གནོད་པ་བྱས་པ་གང་ཞིག་གང་ཞེ་སྡང་འབྱུང་བར་འགྱུར། དེ་ཉིད་གསུངས་པ། མྱ་ངན་འདས་ལྟའི་ཞེས་བྱ་བ་ལ་སོགས་པ་སྟེ། བྱེད་པའི་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་བཞིན་དུ་སེམས་པ་མེད་ཅིང་གཡོ་བ་མེད་པའི་ཆོས་ཐམས་ཅད་དེ་ལྟར་གྱུར་པ་ རྣམས་པ་སུ་ལ་ཁྲོ་བར་བྱེད་དེ། རྟོག་པ་དང་ལྡན་པ་དག་འགའ་ལ་ཡང་ཁྲོ་བར་མི་རིགས་སོ་སྙམ་དུ་དགོངས་པ་ཡིན་ནོ། །འོ་ན་དེ་ལྟར་ཡིན་ན་གཅིག་བསྒྲུབ་པ་ན་གཉིས་པ་ཉམས་པར་འགྱུར་རོ་སྙམ་དུ་དོགས་པ། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒྲུབ་ པའི་རིགས་པ་བཟློག་པའང་སྟེ་ཕྱིར་བཟློག་པའང་མྱང་འདས་ལྟ་བུའོ། །སེམས་མེད་དངོས་རྣམས་ལ་མི་རིགས་སོ། །དེ་ལྟར་ཞེས་བྱ་བ་ནི་གང་གི་ཚེ་རང་དབང་ཅན་འགའ་ཡང་མ་མཐོང་སྟེ། ཐམས་ཅད་རྐྱེན་ཚོགས་པ་ལ་བརྟེན་ཏེ་སྐྱེས་པ་ཡིན་པ་དེའི་ཚེ་བཟློག་པ་པོ་ཡང་མི་ རིགས་སོ། །གལ་ཏེ་དེ་ལྟར་ཡིན་པ་དེ་ལྟར་ན་ཡང་ཇི་ལྟར་མི་རིགས། བྱེད་པ་པོ་རང་དབང་ཅན་གང་གིས་བཟློག་པར་བྱ། རང་དབང་ཅན་འཇུག་པ་གང་ཞིག་བཟློག་པར་བྱ་དགོས་པ་ནི་འདི་ཡིན་ཏེ། རིགས་པ་མཚུངས་པ་ལ་ལར་ནི་འཇུག་ལ། ལ་ལར་ནི་ལྡོག་པར་མི་རིགས་སོ། ། གཅིག་ཏུ་ལྡོག་པ་ན་ཐམས་ཅད་དུ་ལྡོག་པར་རིགས་ཀྱི་ལ་ལར་ནི་མ་ཡིན་ཏེ། རིགས་པ་མཚུངས་པའི་ཕྱིར་རོ། །དེ་བས་བཟློག་པ་རིགས་པ་མིན། །ཞེས་བྱ་བ་དེ་རིགས་པ་ཡིན་ནོ་ཞེས་གལ་ཏེ་དེ་ལྟར་སེམས་ན། འདིར་ལན་གསུངས་པ། བཟློག་པར་རིགས་སོ། །ཅིའི་ ཕྱིར་ཞེ་ན། བརྟེན་ནས་སོ། །གང་གི་ཕྱིར་བྱེད་པ་མེད་པའི་དངོས་པོ་རྣམས་ལ་འདི་ལ་བརྟེན་ནས་འདི་སྐྱེས་སོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་པ་དེའི་ཕྱིར་བཟློག་པར་རིགས་པ་ཡིན་ཏེ། དེ་བས་ན་འགལ་བ་མེད་དོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། གང་ཡང་ཆོས་ རྣམས་ཐམས་ཅད་བྱེད་པ་མེད་པ་ཡིན་མོད་ཀྱི། དེ་ལྟར་ན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོབས་ཀྱིས་གཞན་གྱི་དབང་ཅན་དུ་བསྟན་ཏེ། དེ་ལྟར་ཐམས་ཅད་གཞན་གྱི་དབང་། །ཞེས་བསྟན་པའི་ཕྱིར་རོ། །དེ་བས་ན་མ་རིག་པ་ལ་སོགས་པའི་རྐྱེན་གྱི་སྟོབས་ཀྱིས་གོང་ནས་གོང་དུ་ འབྲས་བུ་འདྲེན་པས་འདུ་བྱེད་ལ་སོགས་པའི་ངོ་བོ་འཇུག་ཅིང་། སྔ་མ་སྔ་མ་ལོག་པ་ན་ལྡོག་སྟེ། དེ་དག་ཀྱང་ཕྱི་ནས་རྒྱས་པར་སྟོན་པར་འགྱུར་རོ། །དེའི་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པ་ལྡོག་པར་མངོན་པར་འདོད་དེ། དེ་བས་ན་ཞེ་སྡང་ལ་སོགས་པ་སྡིག་པ་འཇུག་པ་ ལས་བཟློག་པ་འཐད་པ་ཡིན་ནོ། །དེ་དག་ལ་བརྟེན་ནས་རྣམ་པ་དེ་ལྟ་བུའི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་རང་བཞིན་གྱི་འབྲས་བུ་སྐྱེའོ། །ད་ནི་སྐབས་ཉིད་ལ་སྦྱར་བར་བྱ་སྟེ། དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཐམས་ཅད་ བརྟེན་ནས་སྐྱེས་པ་དེའི་ཕྱིར་མི་མཛའ་བ་དང་ཅིག་ཤོས་གནོད་པ་བྱེད་པ་རྐྱེན་ལས་གྱུར་ཏོ་ཞེས་བདེ་བ་ཉིད་དུ་དམིགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ནི་གནོད་པ་བྱེད་པའི་རྒྱུའི་ངང་ཚུལ་ཅན་མི་མཛའ་བའམ་ཅིག་ཤོས་འདི་འདྲ་བ་ཡིན་པ་སྟེ། དེ་ལྟར་ ངེས་པར་བྱས་ལ་བདེ་བར་འདུག་ལ་ཡིད་མི་བདེ་བར་མི་བྱའོ། །གཞན་ཡང་སྡུག་བསྔལ་དང་ཉེ་བས་སེམས་འཁྲུགས་ན་ཡང་སྡུག་བསྔལ་ལྡོག་པར་མི་འདོད་དོ་ཞེས་བསྟན་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཀྱི་འདོད་པ་ཙམ་གྱིས་རྒྱུ་མེད་པ་ཡང་ མངོན་པར་མི་འདོད་པ་ལྡོག་པ་དང་། མངོན་པར་འདོད་པ་གནས་པར་འགྱུར་བ་མེད་དེ། དེ་ལྟར་གྱུར་ན་སེམས་ཅན་སུ་ལ་ཡང་སྡུག་བསྔལ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བདག་ཉིད་སྡུག་བསྔལ་བར་འདོད་པ་སུ་ཡང་མེད་དོ། །དེ་ལྟར་ན་སེམས་ཅན་ཐམས་ཅད་ནི་ རང་བདེ་བར་འདོད་པ་ཡིན་ནོ། །སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བརྗོད་ནས། ད་ནི་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་བསྟན་པ། བག་མེད་པས་ནི་ཞེས་བྱ་ལ་སོགས་པ་གསུངས་ཏེ། མ་བརྟགས་པར་བྱེད་པ་ནི་བག་མེད་པའོ། །རང་ཉིད་ནི་རང་ཉིད་ཀྱི་ ལུས་ལ་ཚེར་མ་དང་དོང་དང་། གྱོ་མོ་དང་། རྡོ་བ་དང་། གསེག་མ་ལ་སོགས་པ་དང་། བགྲོད་དཀའ་བའི་ལམ་དུ་ལས་མ་ཡིན་པ་ལ་འཇུག་པའམ། ཚེར་མ་བཏིང་བ་ལ་ཉལ་བ་ལ་སོགས་པའམ། དེ་བཞིན་དུ་ཟས་དང་སྐོམ་དང་། བགོ་བ་ལ་སོགས་པ་རྣམས་ཀྱིས་གནོད་པ་ བྱེད་པའོ། །ཅིའི་ཕྱིར་ཞེ་ན། རྔམ་པ་སྟེ། བགྲོད་པར་བྱ་བ་མ་ཡིན་པ་གཞན་གྱི་བུད་མེད་དང་ནོར་ལ་སོགས་པ་ཐོབ་པར་འདོད་པའི་དོན་དུའོ། །འགེགས་པ་ནི་དཔྱངས་པའོ། །གཡང་ས་ནི་རི་ལ་སོགས་པའི་གཡང་ངོ་། །ཆུ་དང་མེར་འཇུག་པ་ལ་སོགས་པ་དང་། དུག་དང་མི་འཕྲོད་པ་ལ་སོགས་པ་ཟ་བ་སྟེ། ཧ་ཅང་ཟ་བ་དང་། ཧ་ཅང་མི་ཟ་བ་ལ་སོགས་པའོ། །འགའ་ཞིག་ནི་མི་རྨོངས་པའོ། །རང་ལ་ནི་བདག་ཉིད་ཀྱི་ལུས་ལ་གཞན་གྱི་གནོད་པས་གནོད་པ་བྱེད་པ་ཡོད་དེ་གསོད་པར་བྱེད་པའོ། །བསོད་ནམས་མ་ཡིན་སྤྱོད་པ་ ཡིས་ནི་གཞན་བསད་པའི་བསམ་པས་གཡུལ་ངོ་ལ་སོགས་པར་མི་དགེ་བའི་ལས་བྱེད་པས་སོ། །གང་གི་ཚེ་དེ་ལྟར་བསྟན་པའི་རིམ་པས་ཉོན་མོངས་དབང་དུ་གྱུར་པ་སྟེ། ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་ཕྱིར། སེམས་ཅན་དེ་དག་བདག་སྡུག་ཉིད་ཀྱང་སྟེ། ཕངས་ པའང་གསོད་བྱེད་པ་གཟིར་བར་བྱེད་པ་དེའི་ཚེ་དེ་དག་གཞན་ལུས་ལ་གཞན་གྱི་ལུས་པོ་ལ་གནོ