Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 105

Văn bản gốc(Tây Tạng)

Trang 3 / 22 (50.000 ký tự/trang)
་གཟུང་

བར་གྱིས། །བདག་ཉིད་བདེ་བར་འདོད་རྣམས་ནི། །འཐབ་དང་སྤྲོ་བའི་རྒྱུ་དག་གིས། །རབ་ཏུ་འཁྲུག་དང་དགའ་བར་བྱེད། །མྱ་ངན་འབད་རྩོལ་རྩོད་པ་དང་། །ཕན་ཚུན་གཅོད་དང་འབིགས་པ་དང་། །སྡིག་དག་གིས་ནི་ཚེགས་ཆེན་འཚོ། །
བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྟུང་། །སྲིད་པ་ན་ནི་གཡང་ས་མང་། །དེར་ནི་དེ་ཉིད་མིན་འདི་འདྲ། །དེར་ཡང་ཕན་ཚུན་འགལ་བས་ན། །སྲིད་ན་དེ་ཉིད་
འདི་འདྲ་མེད། །དེ་ཡང་དཔེ་མེད་མི་བཟད་པའི། །སྡུག་བསྔལ་རྒྱ་མཚོ་མཐའ་ལས་འདས། །དེར་ནི་དེ་ལྟར་སྟོབས་ཆུང་ཞིང་། །དེར་ནི་ཚེ་ཡང་ཐུང་བ་ཉིད། །དེར་ཡང་གསོན་དང་ནད་མེད་ཀྱི། །བྱེད་དང་བཀྲེས་ནའི་ངལ་བ་དང་། །གཉིད་དང་འཚེ་དང་དེ་བཞིན་
དུ། །བྱིས་དང་འགྲོགས་པ་དོན་མེད་ཀྱིས། །ཚེ་ནི་དོན་མེད་མྱུར་འདའ་ཡི། །རྣམ་དཔྱོད་ཤིན་ཏུ་རྙེད་པར་དཀའ། །དེར་ཡང་རྣམ་གཡེང་གོམས་པ་ནི། །བཟློག་པའི་ཐབས་ནི་ག་ལ་ཡོད། །དེར་ཡང་ངན་སོང་ཆེན་པོར་ནི། །ལྟུང་ཕྱིར་བདུད་ནི་བརྩོན་པར་བྱེད། །དེར་
ནི་ལོག་པའི་ལམ་མང་ཞིང་། །ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ། །སླར་ཡང་དལ་བ་རྙེད་དཀའ་ཞིང་། །སངས་རྒྱས་འབྱུང་རྙེད་ཤིན་ཏུ་དཀའ། །ཉོན་མོངས་ཆུ་བོ་སྤང་དཀའ་སྟེ། །ཨེ་མ་སྡུག་བསྔལ་བརྒྱུད་པར་གྱུར། །དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་། །རང་
སྡུག་མི་མཐོང་གང་ཡིན་པ། །སྡུག་བསྔལ་ཆུ་བོར་གནས་འདི་དག །ཀྱི་ཧུད་མྱ་ངན་བྱ་བར་འོས། །དཔེར་ན་འགའ་ཞིག་ཡང་ཡང་ཁྲུས། །བྱས་ཏེ་ཡང་ཡང་མེར་འཇུག་པ། །དེ་ལྟར་ཤིན་ཏུ་སྡུག་བསྔལ་བར། །གནས་ཀྱང་བདག་ཉིད་བདེར་རློམ་བཞིན། །དེ་ལྟར་རྒ་དང་
འཆི་མེད་པ། །བཞིན་དུ་སྤྱོད་པས་གནས་རྣམས་ལ། །དང་པོ་ཉིད་དུ་བསད་བྱས་ནས། །ངན་སོང་ལྟུང་བ་མི་བཟད་འོང་། །དེ་ལྟར་སྡུག་བསྔལ་མེས་གདུངས་ལ། །བསོད་ནམས་སྤྲིན་ལས་ལེགས་འཁྲུངས་པའི། །རང་གི་བདེ་བའི་ཚོགས་ཆར་གྱིས། །ཞི་བྱེད་པར་

བདག་ནམ་ཞིག་འགྱུར། །ནམ་ཞིག་དམིགས་པ་མེད་ཚུལ་དུ། །གུས་པས་བསོད་ནམས་ཚོགས་བསགས་ཏེ། །དམིགས་པས་ཕུང་བར་འགྱུར་རྣམས་ལ། །སྟོང་པ་ཉིད་ནི་སྟོན་པར་འགྱུར། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུ་པའོ།། །།བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་
ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བས་བྱང་ཆུབ་སེམས་དཔའ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་
དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་
བསིལ་བར་ཤོག །རལ་གྲི་ལོ་མའི་ནགས་ཚལ་ཡང་། །དེ་ལ་ཙནྡན་ནགས་སྟུག་ཤོག །ཤལ་མ་རི་ཡི་སྡོང་པོ་ཡང་། །དཔག་བསམ་ཤིང་དུ་འཁྲུངས་པར་ཤོག །འཐིང་རིལ་ངུར་པ་དག་དང་ངང་པ་དང་། །བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག །
པདྨ་དྲི་བསུང་ཆེ་ལྡན་མཚོ་དག་གིས། །དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགར་ཤོག །སོལ་ཕུང་དེ་དག་རིན་ཆེན་ཕུང་པོར་གྱུར། །ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག །བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི། །གཞལ་
མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག །མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། །དེང་ནས་རྩེ་ཕྱིར་མེ་ཏོག་འཕེན་པར་ཤོག །ཆུ་བོ་རབ་མེད་མེ་

དོང་འདྲ་ནང་བྱིང་བ་དག །ཤ་ཀུན་ཞིག་གྱུར་རུས་གོང་མེ་ཏོག་ཀུནྡའི་མདོག །བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས། །ལྷ་མོ་རྣམས་དང་ལྷན་ཅིག་དལ་གྱིས་འབབ་གནས་ཤོག །ཅི་ཕྱིར་འདིར་ནི་གཤིན་རྗེའི་མི་དང་
ཁྲ་དང་བྱ་རྒོད་མི་བཟད་རྣམས་སྐྲག་བྱེད། །ཀུན་ནས་མུན་བསལ་བདེ་དགའ་བསྐྱེད་པའི་མཐུ་བཟང་འདི་ཀོ་སུ་ཡི་མཐུ་སྙམ་སྟེ། །གྱེན་དུ་བལྟས་ན་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་མཐོང་ནས། །རབ་ཏུ་དགའ་བའི་ཤུགས་ཀྱིས་སྡིག་དང་བྲལ་
ནས་དེ་དང་ལྷན་ཅིག་འགྲོ་བར་ཤོག །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་བབས་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པར་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་
པདྨ་མཐོང་བར་ཤོག །གྲོགས་དག་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ཐད་དུ་ནི། །གང་གི་མཐུ་ཡིས་སྡུག་བསྔལ་ཀུན་བྲལ་དགའ་བའི་ཤུགས་ཕྱིན་ལ། །འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དང་བརྩེ་བ་སྐྱེས་གྱུར་པ། །
གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན། །ཁྱོད་ཀྱི་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨ་ལ་མཆོད་ཅིང་། །ཐུགས་རྗེའི་རླན་སྤྱན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱིས་ཆར་འབབ་པ། །ཁང་བརྩེགས་ཡིད་འོང་ལྷ་མོ་
སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་འདི་ལྟོས་ཞེས། །འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཅ་ཅོ་འདོན་པར་ཤོག །དེ་ལྟར་བདག་གི་དགེ་རྩས་ཀུན་དུ་བཟང་ལ་སོགས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང་། །བསིལ་
ཞིང་དྲི་ཞིམ་དང་ལྡན་ཆར་པ་འབེབས་མཐོང་ནས། །སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་གྱུར་ཅིག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དགས་རྣམས་ནི་བདེ་

བར་གྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དགས་རྣམས་ནི་ཚིམ་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ལོང་བ་རྣམས་ཀྱིས་མིག་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་ཤོག །ལྷ་མོ་
སྒྱུ་འཕྲུལ་ཇི་བཞིན་དུ། །སྦྲུམ་མའང་གནོད་མེད་བཙའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །
མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །
སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་འགྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །སེམས་ནི་ཕན་ཚུན་མཉེན་གྱུར་ཅིག །འདྲོན་པ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་
གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་གྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་གྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངན་ལམ་གོལ་འཁྱམས་པ་རྣམས། །
འདྲོན་པ་དག་དང་ཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འདོང་བར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་པ། །གཉིད་ལོག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་
བར་བྱེད་པར་ཤོག །མི་ངལ་ཀུན་ལས་ཐར་བ་དང་། །དད་དང་ཤེས་རབ་བརྩེ་ལྡན་ཞིང་། །ཟས་དང་སྤྱོད་པ་ཕུན་ཚོགས་ནས། །རྟག་ཏུ་ཚེ་རབས་དྲན་གྱུར་ཅིག །ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པར་ཤོག །རྩོད་

པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །སེམས་ཅན་གཟི་བརྗིད་ཆུང་ངུ་གང་། །དེ་དག་གཟི་བརྗིད་ཆེན་པོར་ཤོག །དཀའ་ཐུབ་ཅན་གང་གཟུགས་ངན་པ། །གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག །འཇིག་རྟེན་
བུད་མེད་ཇི་སྙེད་པ། །དེ་དག་སྐྱེས་པ་ཉིད་གྱུར་ཅིག །མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག །བདག་གི་བསོད་ནམས་འདི་ཡིས་ནི། །སེམས་ཅན་ཐམས་ཅད་མ་ལུས་པ། །སྡིག་པ་ཐམས་ཅད་སྤངས་ནས་ནི། །
རྟག་ཏུ་དགེ་བ་བྱེད་པར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །སེམས་ཅན་དེ་དག་ཐམས་ཅད་ནི། །ཚེ་
ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་། །འཆི་བའི་སྒྲ་ཡང་གྲག་མ་གྱུར། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །སངས་རྒྱས་དང་ནི་སངས་རྒྱས་སྲས། །ཆོས་སྙན་སྒྲོགས་པས་གང་བ་ཡིས། །ཕྱོགས་རྣམས་ཐམས་
ཅད་གང་བར་ཤོག །ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་མཉམ་པ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་པར་གྱུར། །འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་། །བྱང་ཆུབ་སེམས་དཔའ་མང་
པོ་དག །རང་གི་ལེགས་པས་ས་སྟེངས་དག །བརྒྱན་པར་མཛད་པས་བཞུགས་གྱུར་ཅིག །ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །དེ་དག་
རྟག་ཏུ་སངས་རྒྱས་དང་། །སངས་རྒྱས་སྲས་དང་ཕྲད་གྱུར་ཅིག །མཆོད་པའི་སྤྲིན་ནི་མཐའ་ཡས་པས། །འགྲོ་བའི་བླ་མ་མཆོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །

འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་གྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །སེམས་ཅན་འགའ་ཡང་སྡུག་མ་གྱུར། །འཇིགས་དང་
བརྙས་པར་མི་འགྱུར་ཞིང་། །འགའ་ཡང་ཡིད་མི་བདེ་མ་གྱུར། །གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཐོན་གྱིས་བརྒྱན་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་གྲུབ་པར་ཤོག །བསླབ་པ་འདོད་པའི་
དགེ་སློང་དག །དབེན་པ་དག་ཀྱང་ཐོབ་པར་ཤོག །གཡེང་བ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །དགེ་སློང་མ་རྣམས་རྙེད་ལྡན་ཞིང་། །འཐབ་དང་གནོད་པ་སྤང་བར་ཤོག །དེ་བཞིན་རབ་ཏུ་བྱུང་བ་ཀུན། །
ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག །ཚུལ་ཁྲིམས་འཆལ་བས་ཡིད་བྱུང་ནས། །རྟག་ཏུ་སྡིག་པ་ཟད་བྱེད་ཤོག །བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། །དེར་ཡང་བརྟུལ་ཞུགས་མི་ཉམས་ཤོག །མཁས་པ་རྣམས་ནི་བཀུར་བ་དང་། །བསོད་སྙོམས་
དག་ཀྱང་རྙེད་པར་ཤོག །རྒྱུད་ནི་ཡོངས་སུ་དག་པ་དང་། །ཕྱོགས་རྣམས་ཀུན་ཏུ་གྲགས་པར་ཤོག །ངན་སོང་སྡུག་བསྔལ་མ་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་འགྲུབ་ཤོག །སེམས་
ཅན་ཀུན་གྱིས་ལན་མང་དུ། །སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །སངས་རྒྱས་བདེ་བ་བསམ་ཡས་ཀྱིས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་
གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །དེ་བཞིན་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱང་བདེ་གྱུར་ཅིག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་

ཐོབ་པར་ཤོག །བདག་ནི་ཁ་ཟས་གྱི་ནས་ཀྱང་། །ཉམས་དང་ལྡན་ཞིང་འཚོ་བར་ཤོག །ཚེ་རབས་ཀུན་དུ་དབེན་གནས་པར། །ཕུན་སུམ་ལྡན་པ་ཐོབ་པར་ཤོག །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་
དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུའི་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་
སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །འགྲོ་བའི་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས། །འགྲོ་བ་བདེ་ལ་སྤྱོད་པར་ཤོག །འགྲོ་བའི་
སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །གང་གི་དྲིན་གྱིས་དགེ་བློ་འབྱུང་། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདག་དར་བ། །དགེ་བའི་
བཤེས་ལའང་བདག་ཕྱག་འཚལ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བསྔོ་བ་ཞེས་བྱ་བ་སྟེ་ལེའུ་བཅུ་པའོ།། །།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཤནྟ་དེ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་
ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོ་དང་། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་འགྲེལ་པ་དང་མཐུན་པར་བཅོས་ཤིང་
བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་ཤིང་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། བོ་དྷི་ཙཱརྱ་ཨ་བ་ཏཱ་ར་པཉྩི་ཀཱ། བོད་སྐད་དུ། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བམ་
པོ་དང་པོ། །བདེ་བར་གཤེགས་པ་ཆོས་སྐུ་དང་བཅས་རྣམས་དང་བདེ་གཤེགས་སྲས། །གཏི་མུག་ལྗོན་པ་རྩ་ནས་བཏོན་ཅིང་སྤྲོས་པ་རྣམས་བཅོམ་པ། །སྐྱེ་སྩོགས་སྡུག་བསྔལ་གྱིས་བཅོམ་སེམས་ཅན་ཕན་ལ་རྗེས་འཇུག་པ། །འོད་ཟེར་ཆེན་པོས་རྒྱལ་བ་རྣམས་ལ་སྤྱི་བོས་ཕྱག་འཚལ་ཏེ། །བྱང་
ཆུབ་སྤྱོད་ལ་འཇུག་པ་ཡི། །ཚིག་དོན་ཟབ་མོ་རྟོགས་བྱེད་པ། །ཚིག་དང་ངག་རྣམས་རབ་གསལ་བའི། །དཀའ་འགྲེལ་བདག་གིས་བརྩམ་པར་བྱ། །བྱང་ཆུབ་སྤྱོད་ལ་འཇུག་པའི་དོན་གང་ཡིན་ལ་ཤིན་ཏུ་བློ་གྲོས་གསལ་བ་དང་། །གསུང་རབ་རོ་ལ་གོམས་པས་ཞུགས་པའི་ནང་གི་བདག་ཉིད་ཅན་
གྱིས་བརྗོད་ནུས་ཏེ། །དེ་ཡི་དོན་ལ་བློ་གྲོས་བླུན་བདག་སྨྲ་བར་དབང་བ་ཅི་ཞིག་དེ་ལྟ་ནའང་། །གང་ཕྱིར་དགེ་བ་གོམས་བྱས་ལེགས་པའི་འབྲས་བུར་གྱུར་པ་དེས་ན་བདག་འཇུག་ཡིན། །ཡོན་ཏན་བག་ཆགས་ཅུང་ཟད་དང་ནི་སྤོབས་པ་དང་། །ཡོན་ཏན་གྱིས་མཛེས་བློ་གྲོས་བདག་ལ་འགའ་མེད་ཀྱང་། །
དེ་ལྟ་མོད་ཀྱི་དེ་འདྲ་ལ་བདག་ཚིག་འཇུག་གང་། །བཤེས་གཉེན་དམ་པ་བསྟེན་པའི་འབྲས་བུར་གྱུར་པ་ཡིན། །འདིར་འཕགས་པ་ཞི་བའི་ལྷ་དེ་གསུང་རབ་མཐའ་དག་གི་དོན་གྱི་དེ་ཁོ་ན་ཉིད་རྟོགས་ཤིང་། ཏིང་ངེ་འཛིན་གྱི་ཆེ་བའི་བདག་ཉིད་བརྙེས་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་བཞེད་པ།
སེམས་ཅན་རྣམས་ལ་ཐུགས་རྗེ་དང་ལྡན་པ། རང་གི་བདེ་བ་ལ་ལྟོས་པ་མེད་པ། གཞན་ལ་ཕན་པ་དང་བདེ་བ་བཞེད་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་ཐུགས་གཞོལ་བ། བདག་ཉིད་ཡོན་ཏན་དེ་ལ་གོམས་པས་རོ་མཆོག་ལ་ཞུགས་ཤིང་། གཞན་དག་ལ་ཡང་ལམ་དེ་བསྟན་པའི་ཆེད་དུ་བྱང་ཆུབ་
ཀྱི་སྤྱོད་པ་ལ་འཇུག་པ་མཛད་པར་བཞེད་ནས། བདེ་གཤེགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་པ་ལ། ཚིགས་སུ་བཅད་པ་འདིས་ནི་མདོར་བསྡུས་ནས་དོན་བདུན་བསྟན་ཏེ། དཀོན་མཆོག་གསུམ་དང་མཁན་པོ་ལ་སོགས་པ་ཕྱག་བྱ་བར་འོས་པ་རྣམས་ལ་ཕྱག་འཚལ་བ་དང་། བརྗོད་

པར་བྱ་བ་དང་། དགོས་པ་དང་། དེའི་འགྲེལ་པ་བརྗོད་པ་བསྟན་པ་དང་། རང་བཟོར་རྩོམ་པ་སྤོང་བ་དང་། ཟློས་པའི་ཉེས་པ་སྤང་བའོ། །དེ་ལ། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཞེས་པ་ནི་དཀོན་མཆོག་གསུམ་བསྟན་ཏོ། །ཕྱག་འཚལ་ཏེ་ཞེས་བྱ་བས་ནི་ཕྱག་འཚལ་བའི་བྱ་བའོ། །
གུས་པས་ཞེས་པས་ནི་དེ་ཉིད་ཀྱི་ཁྱད་པར་རོ། །ཕྱག་འོས་ཀུན་ལའང་ཞེས་པས་ནི་དགེ་བའི་བཤེས་གཉེན་ལ་སོགས་པ་རྣམས་ལའོ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ཞེས་བྱ་བས་བརྗོད་པར་བྱ་བ་བསྟན་ཏོ། །བསྟན་པར་བྱ་ཞེས་པས་ནི་དགོས་པ་བརྗོད་དོ། །འབྲེལ་པ་སྟོན་པའི་ཚིག་ནི་མེད་དེ།
དེ་ནི་ཤུགས་ཉིད་ཀྱིས་རྟོགས་པར་བྱའོ། །ལུང་བཞིན་ཞེས་པ་ནི་རང་བཟོར་རྩོམ་པ་སྤོང་བའི་ཚིག་གོ། །མདོར་བསྡུས་ནས་ཞེས་པ་ནི་ཟློས་པ་སྤོང་བའི་ཚིག་སྟེ། འདི་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ཡང་བརྗོད་པར་བྱ་སྟེ། བདེ་གཤེགས་ཞེས་པ་ལ། འདིར་གཤེགས་པའི་སྒྲས་ནི་སོ་སོའི་སྐྱེ་བོ་རྣམས་ལས་
བཅོམ་ལྡན་འདས་རྣམ་པར་གཅོད་པ་སྟོན་ཏེ། དེ་རྣམས་ནི་འཁོར་བའི་ནང་ན་གནས་པའི་ཕྱིར་དང་། བཅོམ་ལྡན་འདས་ནི་འཁོར་བ་ལས་རྣམ་པར་གཤེགས་པའི་ཕྱིར་རོ། །བདེ་བའི་སྒྲ་ནི་མཛེས་པ་ལ་སོགས་པ་དོན་གསུམ་ལ་འཇུག་པས་ཁྱད་པར་འཕགས་པའི་བདེ་བར་གཤེགས་པ་ཉིད་གསུངས་སོ། །དེ་བས་ན་
དོན་ནི་འདི་ཡིན་ཏེ། ཅི་ལྟ་བ་བཞིན་དུ་བསྔགས་པར་འགྱུར་བ་ནི་འདི་ལྟར་དབུ་མའི་དོན་རྟོགས་པས་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པར་གཤེགས་པས་བདེ་བར་གཤེགས་པ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཡང་ན་བསྔགས་པས་ཆོས་ཐམས་ཅད་རང་བཞིན་མེད་པའི་དེ་ཁོ་
ན་ཉིད་དུ་གཤེགས་པ་ནི་རྟོགས་པ་སྟེ་བདེ་བར་གཤེགས་པའོ། །འདིས་ནི་རྟོགས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །འདི་ཉིད་ཀྱིས་ནི་མུ་སྟེགས་ཅན་གྱི་སྟོན་པ་རྣམས་ལས་ཁྱད་པར་དུ་འཕགས་པའང་བསྟན་པ་ཡིན་ནོ། །དེ་རྣམས་ནི་བདག་ལ་སོགས་པར་མངོན་པར་ཞེན་པའི་ལྟ་བས་མཛེས་པར་འགྲོ་བ་
མེད་པའི་ཕྱིར། བདག་ལ་སོགས་པ་ཡང་ཚད་མས་གནོད་པའི་ཕྱིར་དང་། འཁོར་བའི་གཉེན་པོ་མ་ཡིན་པའི་ཕྱིར་མཛེས་པར་འགྲོ་བ་མ་ཡིན་ནོ། །སླར་མི་ལྡོག་པར་གཤེགས་པ་ནི་ཡང་སྐྱེ་བ་དང་འདོད་ཆགས་ལ་སོགས་པའི་ཉེས་པ་རྣམས་ཀྱི་རྒྱུ་ངར་འཛིན་པའི་ས་བོན་མ་རིག་པ་རྣམ་པ་ཐམས་ཅད་

དུ་སྤངས་པས་བདེ་བར་གཤེགས་པའོ། །འདིས་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ཏེ། དེ་རྣམས་ནི་བསྔགས་པར་གཤེགས་ཀྱང་རྒྱུ་རྣམ་པ་ཐམས་ཅད་དུ་མ་སྤངས་པའི་ཕྱིར་སླར་ལྡོག་པ་སྲིད་པའི་ཕྱིར་རོ། །
མ་ལུས་པར་ཡང་ཇི་སྲིད་དུ་བགྲོད་པར་བྱ་བར་གཤེགས་པ་སྟེ། ཉེས་པ་ཐམས་ཅད་ཀྱི་བག་ཆགས་ལུས་དང་ངག་དང་སེམས་ཀྱི་གནས་ངན་ལེན་གྱི་མཚན་ཉིད་དང་། རང་གི་རྟོགས་པའི་ལམ་སྟོན་པ་ལ་མི་གསལ་བ་སྤངས་པའི་ཕྱིར་བདེ་བར་གཤེགས་པའོ། །དེ་དག་གིས་ནི་བཅོམ་ལྡན་འདས་རྫོགས་པར་
གཤེགས་པ་ཉིད་དུ་བསྟན་ཏོ། །འདིས་ཀྱང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ལས་བཅོམ་ལྡན་འདས་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པ་ཉིད་དུ་རིག་པར་བྱའོ། །དེ་རྣམས་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་དང་། རང་གི་
རྟོགས་པའི་ལམ་སྟོན་པ་ལ་གསལ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ན་སངས་རྒྱས་ཉིད་ཡོན་ཏན་མ་ལུས་པའི་གཞི་དང་། གཞན་དག་དང་ཐུན་མོང་མ་ཡིན་ནོ་ཞེས་བདེ་བར་གཤེགས་པའི་སྒྲས་བསྟན་ཏོ། །དེ་ལྟ་བུར་གྱུར་པའི་བདེ་བར་གཤེགས་པ་དེ་རྣམས་ལ་གུས་པས་ཏེ་མཆོག་ཏུ་དང་བས་སོ། །
ཕྱག་འཚལ་ཏེ་ཞེས་པ་ནི་ཕྱག་བྱས་ཏེ་བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་བརྗོད་པར་བྱ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྲས་བཅས་ཞེས་པ་སྟེ། ཐུབ་པ་རྣམས་ཀྱི་སྲས་ཀྱང་འདིར་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཉིད་གཟུང་ངོ་། །དེ་རྣམས་ཉིད་
འདིར་དབང་བར་གྱུར་པའི་ཕྱིར་དེ་རྣམས་དང་བཅས་པའོ། །བྱེ་བྲག་འདིས་འཕགས་པའི་དགེ་འདུན་ལ་ཕྱག་འཚལ་བ་བསྡུས་པ་ཡིན་ནོ། །བྱེ་བྲག་གཞན་གསུངས་པ་ཆོས་སྐུ་དང་བཅས་ཞེས་པ་ལ། བཅོམ་ལྡན་འདས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུའོ། །དེ་ཉིད་ནི་རྟོགས་
པའི་རང་བཞིན་གྱི་ཆོས་སོ། །ཡང་ན་སྐུའི་སྒྲ་ནི་ཚོགས་ཀྱི་དོན་ཏེ། སྐྱེ་བོའི་ཚོགས་དང་དཔུང་གི་ཚོགས་ཞེས་བྱ་བ་ཡིན་ནོ། །དེས་གསུང་རབ་ཀྱང་གཟུང་སྟེ། དེ་དང་བཅས་པའོ། །འདིས་ཀྱང་ཆོས་ལ་ཕྱག་འཚལ་བ་བསྡུས་པ་ཡིན་ནོ། །དེ་ལྟར་ན་འདིས་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་

ཉེ་བར་བསྟན་པ་ཡིན་ནོ། །སངས་རྒྱས་ལས་ཆོས། ཆོས་ལས་འཕགས་པའི་དགེ་འདུན་ཏེ་ཞེས་པའི་གོ་རིམས་མ་ཡིན་ནམ། དེ་ཅིའི་ཕྱིར་སངས་རྒྱས་ཀྱི་དེ་མ་ཐག་ཏུ་འཕགས་པའི་དགེ་འདུན་དང་། དེའི་རྗེས་ལ་ཆོས་ཞེས་གོ་རིམས་འཆོལ་བར་བསྟན་ཞེ་ན། བདེན་ཏེ་འདིར་ཚིགས་སུ་
བཅད་པ་སྦྱར་བའི་ངོར་བྱས་པའི་ཕྱིར་གོ་རིམས་འཆོལ་བར་བསྟན་པར་རིག་པར་བྱའོ། །སྦྱར་བ་ནི་བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་ལ་ཕྱག་འཚལ་ཏེ་ཞེས་གོ་རིམས་ཉིད་བཞིན་བྱ་སྟེ། དེས་ན་ཉེས་པ་མེད་དོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་རྟོགས་པའི་ཆོས་མངའ་བའི་
ཕྱིར་རྗེས་སུ་མཐུན་པའི་ཕྱིར་ན་ཆོས་ཀྱི་སྐུ་ཡོད་པ་ཉིད་དེ། ཆོས་ཀྱི་སྐུ་དང་བཅས་པ་དེ་རྣམས་ལའང་ཕྱག་འཚལ་བ་བསྟན་པའི་དོན་དུའོ། །དེ་རྣམས་ཀྱང་ཆོས་ཉིད་རྟོགས་པར་བདེ་བར་གཤེགས་པ་ཉིད་དུ་ངེས་པ་ཡིན་ཏེ། བདེ་བར་གཤེགས་པ་དང་འདྲ་བའི་ཕྱིར་ཆོས་ལས་སྔར་བསྟན་ཏོ། །དེས་ན་མི་
རིགས་པ་ཅུང་ཟད་ཀྱང་མེད་དོ། །ཅིའི་ཕྱིར་འདི་རྣམས་ཁོ་ན་ལ་ཡིན་ནམ་ཞེ་ན། ཕྱག་འོས་ཀུན་ལའང་ཞེས་གསུངས་ཏེ། གཞན་ཕྱག་བྱ་བར་འོས་པ་མཐའ་དག་ལའང་སྟེ། སློབ་དཔོན་དང་མཁན་པོ་ལ་སོགས་པ་རྣམས་ལ་ཡང་ངོ་། །གུས་པས་ཕྱག་འཚལ་ཏེ་ཞེས་པ་ཕྱེད་སྔ་མས་བདེ་བར་གཤེགས་པ་ལ་
སོགས་པ་ལ་ཕྱག་འཚལ་བར་བརྗོད་ནས། ཕྱེད་ཕྱི་མས་བརྗོད་པར་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། བདེ་གཤེགས་སྲས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲས་ནི་བདེ་བར་གཤེགས་པ་རྣམས་ལས་སྐྱེས་པའི་སྲས་ཏེ། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་
ཀྱི་སྡོམ་ལ་འཇུག་པ་ནི་བསྡམ་པར་བྱ་བའམ། འདིས་སྡོམ་པར་བྱེད་པས་ན་སྡོམ་པ་སྟེ། བྱང་ཆུབ་ཀྱི་སེམས་གཟུང་བ་སྔོན་དུ་སོང་བའི་བྱང་ཆུབ་སེམས་དཔའི་བསླབ་པ་ཡང་དག་པར་བླང་བ་ཡིན་ལ། དེ་ཡང་སྐབས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་འཇུག་པར་བྱ་བའམ། འདིས་དེ་ལ་འཇུག་
པར་བྱེད་པའི་ཕྱིར་འཇུག་པ་ནི་ལམ་སྟེ། གང་གིས་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་པ་ན་བདེ་བར་གཤེགས་པ་ཉིད་ཐོབ་པར་འགྱུར་བ་དེ་གཞུང་འདིས་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདིས་སྟོན་པར་བྱེད་པ་ཡིན་པའི་ཕྱིར་སྡོམ་ལ་འཇུག་པ་ནི་འདིའི་བརྗོད་པར་བྱ་བ་ཡིན་ལ།

འདིས་ནི་སྡོམ་ལ་འཇུག་པའི་རྗོད་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡང་དོན་གྱིས་བསྟན་པ་ཡིན་ལ། བསྟན་པ་ནི་རྗོད་པར་བྱེད་པའི་དགོས་པ་སྟེ། དངོས་སུ་ནི་བརྗོད་པར་བྱ་བའི་རང་གི་ངོ་བོ་རྟོགས་པ་ཉིད་དེའི་དགོས་པའོ། །བརྗོད་པར་བྱ་བའི་
དགོས་པ་ཡང་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་བསྐྱེད་པའི་རིམ་པས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ཉིད་ནི་དགོས་པ་མཐར་ཐུག་པ་ཡིན་ནོ། །འདི་ཡང་བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པའི་སྒྲ་ཉིད་ཀྱིས་བསྡུས་པ་ཡིན་ཏེ། དེ་ཡང་གང་ཞིག་ཕན་ཡོན་བསྟན་པས་ཟུར་གྱིས་
སྟོན་པར་འགྱུར་ཏེ། མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །ཞེས་བསྟན་ཏོ། །དེ་ལྟར་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་རྣམས་ནི་འཇུག་པའི་ཡན་ལག་ཏུ་བསྟན་ཏེ། གཞན་དུ་ན་བརྗོད་པར་བྱ་བ་ལ་སོགས་པ་མེད་པར་དོགས་པས་འདིར་
རྟོག་པ་དང་ལྡན་པ་རྣམས་འཇུག་པར་མི་འགྱུར་རོ། །ཁྱོད་ཀྱིས་རང་བཟོར་བརྗོད་པ་མ་ཡིན་ནམ་འདིས་སུ་ཞིག་འཛིན་པར་འགྱུར་ཞེ་ན། ལུང་བཞིན་ཞེས་གསུངས་ཏེ། ལུང་ལས་མ་འདས་པར་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གཞན་གསུང་རབ་ཏུ་བསྟན་པ་དེ་བཞིན་དུ་བདག་གིས་དེའི་དོན་ལས་མ་འདས་
པར་བསྟན་པར་བྱ་བའོ། །འདིས་ནི་ལུང་ལས་རང་བཟོར་རྩོམ་པ་ཡོངས་སུ་སྤངས་པ་ཡིན་ཏེ། །འདི་ནི་རང་དགའ་མ་ཡིན་ནོ་ཞེས་པའི་དོན་ཏོ། །འདིས་བདག་ཉིད་ཀྱིས་གསུང་རབ་ཀྱི་དོན་རྟོགས་པར་ཡང་ཟུར་གྱིས་བསྟན་པ་ཡིན་ཏེ། འདི་ཡང་འཇུག་པའི་ཡན་ལག་ཉིད་དོ། །གལ་ཏེ་ལུང་བཞིན་དུ་བསྟན་
པར་བྱ་བ་མ་ཡིན་ནམ། དེ་ལྟ་ན་ལུང་ཉིད་ལ་དེ་འདོད་པ་རྣམས་འཇུག་པར་འགྱུར་ན། དེས་ན་ཅི་འདིས་ཅི་ཞིག་བྱ་ཞེ་ན། མདོར་བསྡུས་ནས་ཞེས་གསུངས་ཏེ། མདོར་བྱས་ནས་སོ། གལ་ཏེ་ལུང་དུ་བསྟན་པར་གྱུར་པ་དེ་ལྟ་མོད་ཀྱིས་མདོ་སྡེ་སྣ་ཚོགས་པ་དེ་རྣམས་སུ་ཤིན་ཏུ་རྒྱས་པར་བསྟན་པའི་ཕྱིར་
ལ། ཁོ་བོས་ནི་མདོར་བྱས་ཤིང་བསྡུས་ནས་བསྟན་པར་བྱ་བ་སྟེ་འདི་ནི་ཁྱད་པར་རོ། །འདིས་ནི་ཟློས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ཏེ། འདི་ཡང་འཇུག་པའི་ཡན་ལག་མ་ཡིན་པ་སྤངས་པ་ཡིན་ནོ། །དེའི་ཕྱིར་འཇུག་པའི་ཡན་ལག་ཡིན་པས་ན་བརྗོད་པར་བྱ་བ་ལ་སོགས་པ་བསྟན་པ་ནི་མི་

རིགས་པ་མ་ཡིན་ནོ། །འོ་ན་ཕྱག་འཚལ་བར་བརྗོད་པ་དོན་མེད་པ་ཡིན་ནོ་ཞེ་ན། དེ་ཡང་ལེགས་པ་ཐོབ་པ་ལ་སོགས་པའི་དོན་དུ་རྗོད་པར་བྱེད་པ་ཡིན་ན་ཇི་ལྟར་ན་དོན་མེད་པ་ཉིད་ཡིན། འདིའི་དགོངས་པ་ནི་འདི་ཡིན་ཏེ། བདེ་བར་གཤེགས་པ་ལ་སོགས་པ་ལ་ཕྱག་འཚལ་
བ་ལས་བྱུང་བའི་བསོད་ནམས་ཀྱི་སེམས་ཀྱི་རྒྱུད་ཡང་དག་པར་བརླན་པས་སྔོན་བྱས་པའི་སྡིག་པའི་རྒྱུན་ཤིན་ཏུ་བསྲབས་པས་བགེགས་ཉེ་བར་ཞི་བ་ནི་བརྩམས་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། སྐྱེ་བོ་དམ་པ་མཐའ་དག་སོན་པའི་ལམ་དུ་བདག་ཉིད་རྗེས་སུ་འགྲོ་བར་ཡང་བསྟན་པར་འགྱུར་བ་དང་།
འདོད་པའི་ལྷ་ལ་སོགས་པ་ལ་ཕྱག་བྱས་པ་ཐོས་པ་ལས་ཡོད་པ་ཉིད་སྲིད་པ་ཡིན་ནོ། །ཞེས་ཉན་པ་པོ་རྣམས་བདག་ཉིད་དང་གཞུང་ལ་ཡང་གུས་པ་སྐྱེ་བར་འགྱུར་བའོ། །འདིར་ཡང་བདེ་བར་གཤེགས་པའི་སྒྲས་བརྗོད་པའི་བཅོམ་ལྡན་འདས་ཀྱི་ཆེ་བའི་བདག་ཉིད་ཐོས་པ་ལས་དེ་འདོད་པས་དེ་བསྐྱེད་
པ་ལ་གཞོལ་བའི་ཡིད་ཀྱི་བདེ་བར་གཤེགས་པའི་སྲས་ཀྱི་སྡོམ་པ་ལ་འཇུག་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་འབད་པ་དང་ལྡན་པ་དག་འདིར་འཇུག་པར་འགྱུར་རོ། །འདི་དག་ནི་འདོད་པའི་ལྷ་ལ་སོགས་པ་ལ་ཕྱག་འཚལ་བའི་འབྲས་བུའོ། །དེས་ནི་འདི་ལྟར་གང་གིས་གང་འདོད་པ་དང་བྱེད་པར་
འདོད་པ་དེས་དེ་ཉིད་བྱ་སྟེ། གཞན་མ་ཡིན་ལ་གཞན་དུ་བྱེད་ན་སྐབས་མ་ཡིན་པ་བརྗོད་པ་དང་། ཧ་ཅང་ཐལ་བར་འགྱུར་ལ། དེའི་ཕྱིར་འདི་ཡང་སྡོམ་པ་ལ་འཇུག་པ་སྟོན་པར་མཛད་པ་དགོངས་པ་ཡིན་ན། ཅིའི་ཕྱིར་སྐབས་སུ་མ་བབ་པའི་འདོད་པའི་ལྷ་ལ་ཕྱག་འཚལ་བར་བྱེད་དེ། སྔར་བརྗོད་པའི་ཉེས་པ་
གཉིས་སུ་ཐལ་བར་འགྱུར་རོ་ཞེས་གང་ཞིག་བརྗོད་པ་དེ་ཡང་བསལ་བར་གྱུར་པ་ཡིན་ལ། དེ་མ་ཐག་ཉིད་དུ་དེ་ལ་མཁོ་བ་བསྙད་པའི་ཕྱིར་སྐབས་སུ་མ་བབ་པ་བརྗོད་པ་ནི་མ་ཡིན་ནོ། །གང་ཞིག་དེ་མ་ཐག་ཏུ་མཁོ་བ་དེ་ནི་བརྗོད་པར་བྱ་བ་ཡིན་ཏེ། གཞན་དུ་མ་ཡིན་ནོ། །དེ་ལྟར་ན་ཧ་ཅང་ཐལ་བར་འགྱུར་
བ་མེད་པའི་ཕྱིར་ཐམས་ཅད་ལེགས་པར་གནས་པ་མ་ཡིན་ནོ། །ཅི་སྟེ་ལུང་ལས་ལྷག་པ་མ་ཡིན་པར་མདོར་བསྡུས་ནས་རྗོད་པར་བྱེད་པ་ཡིན་ན་ཡང་དོན་ལ་ཁྱད་པར་མེད་པའི་ཕྱིར་ཅི་ལྟར་ན་ཁྱད་པར་དུ་འཇུག་པའི་ཡན་ལག་གི་སྒོ་ནས་འགའ་ཞིག་གིས་བླང་བར་བྱ་བར་འགྱུར། དེ་ལྟ་བས་ན་འདིར་

ལུང་ལས་ལྷག་པ་ཅུང་ཟད་ཀྱང་བརྗོད་པར་བྱ་བ་ཡིན་ནོ་ཞེས་དོགས་ནས། སྔོན་ཆད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལུང་ལས་ལྷག་པ་སྔོན་ཆད་མ་བྱུང་བ་གཞན་ཅུང་ཟད་འདིར་བདག་ལ་ལྷག་པ་བརྗོད་པ་མེད་པ་ཉིད་དོ། །ཡང་ན་ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །འོ་ན་དེ་ལས་ལྷག་པར་བརྗོད་པ་མེད་
ན་ཡང་འདིའི་ཚིག་གི་དོན་སྤྲོས་པའི་ཁྱད་པར་ཅན་དུ་འགྱུར་ཏེ། དེ་ལྟ་བས་ན་ཡང་ཁྱད་པར་དུ་འཇུག་པར་འགྱུར་རོ་ཞེ་ན། འདིར་སྡེབ་སྦྱོར་ཞེས་བྱ་བ་གསུངས་ཏེ། སྡེབ་སྦྱོར་ནི་དོན་དང་ཚིག་བཀོད་པའི་ཁྱད་པར་ཡང་ཡོད་པ་ཡིན་ན། དེ་ལ་མཁས་ཤིང་བརྟགས་པ་བདག་ལ་ཡོད་པ་མ་ཡིན་ནོ། །ཡང་ནས་
ཡང་གི་སྒྲ་ནི་ངེས་པར་གཟུང་བའོ། །གལ་ཏེ་དེ་ལྟར་ཡིན་ན་འདི་གཞན་གྱི་དོན་ལ་མཁོ་བ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། དེ་ཕྱིར་གསུངས་ཏེ། གཞན་གྱིས་ཐལ་བར་བརྗོད་པ་ཉིད་ཁས་ལེན་པར་བྱེད་དེ། གང་གི་ཕྱིར་སྔོན་མེད་པ་བརྗོད་པའི་ནུས་པ་བདག་ལ་མེད་ཅིང་། སྡེབ་སྦྱོར་མཁས་པ་ཡང་བདག་ལ་
ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་དོན་གྱི་བསམ་པ་བདག་ལ་མཁོ་བ་འདི་ཡང་ཡོད་པ་མ་ཡིན་ལ། རྣམ་པར་རྟོག་པ་ཡང་བདག་ལ་ཡོད་པ་མ་ཡིན་ཏེ། དེ་ལ་ནུས་པ་དང་བྲལ་བའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་འདི་བྱེད་པའི་དོན་དུ་འབད་པར་བྱེད་ཅེ་ན། རང་གི་ཡིད་ལ་ཞེས་གསུངས་ཏེ། བདེ་བར་
གཤེགས་པའི་སྲས་ཀྱི་སྡོམ་ལ་འཇུག་པ་གོམས་པའི་རོས་གོང་ནས་གོང་དུ་བསྒོམ་པར་འདོད་པས་སོ། །འདི་ཞེས་ཏེ། རབ་ཏུ་བྱེད་པའམ། སྡོམ་པ་ལ་འཇུག་པ་བསྟན་པ་བདག་གིས་བརྩམས་ཤིང་བྱས་པའོ། །འདས་པའི་རྐྱེན་བསྟན་པ་ནི་ནང་གི་དངོས་པོ་རྫོགས་པར་ཐུགས་ལ་གཞག་པ་ཡིན་ནོ། །
རེ་ཞིག་ནང་གི་དོན་དུ་གཞུང་རྩོམ་པ་ཡང་མ་མཐོང་ལ། རང་གིས་བྱས་པས་བདག་ཉིད་ལ་ཁྱད་པར་འཇོག་པའང་མ་ཡིན་ཏེ། དངོས་པོ་ལ་འདུས་བྱས་པའི་ཁྱད་པར་ཡང་བདག་ཉིད་ལ་སྔར་ཉིད་ནས་ཡོད་པའི་ཕྱིར་རོ་ཞེ་ན། འདིར་དགེ་བ་བསྒོམ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུང་
འདིས་སམ་དེའི་དོན་གྱིས་སོ། །དགེ་བ་ནི་དགེ་ལེགས་ཏེ། དེ་ཡིད་ལ་བྱེད་པའོ། །བསྒོམ་ཕྱིར་ནི་བསྐྲུན་པར་བྱ་བའི་ཕྱིར་རོ། །དད་པའི་ཤུགས་འཕེལ་བར་འགྱུར་བ་ནི་སེམས་དང་བའི་རྒྱུན་གོང་ནས་གོང་དུ་འཕེལ་བར་འགྱུར་བ་སྟེ། རྒྱུན་དུ་འབྱུང་བར་རབ་ཏུ་འཇུག་པ་ཡིན་ནོ། །འདིས་ནི་རང་

གི་དོན་དུ་བྱེད་པ་ཉིད་དུ་ཉམས་སུ་མྱོང་བས་འདི་གྲུབ་པར་བསྟན་ཏོ། །གཞན་གྱི་དོན་ཅུང་ཟད་བྱེད་པ་ཡང་སྲིད་པ་ཡིན་ནོ་ཞེས་བསྟན་པ་བདག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཞེས་བྱ་བ་ནི་རྣམ་པ་གཞན་ཉེ་བར་བཀོད་པའོ། །རང་གི་དོན་དུ་བྱེད་པ་འདི་ནི་རེ་ཞིག་
ཉམས་སུ་མྱོང་བས་གྲུབ་པ་ཡིན་ལ། གལ་ཏེ་ཡང་བདག་དང་རང་བཞིན་མཉམ་པ་གཞན་ཁ་ཅིག་གིས་གཞུང་ངམ་དོན་འདི་མཐོང་ཞིང་རྟོགས་ན་གཞན་གྱི་དོན་ལ་མཁོ་བའི་ཕྱིར་འདི་ཡང་དོན་བཅས་ཡིན་ཏེ། དེའི་ཕྱིར་ཡང་གཞན་གྱི་དོན་ལ་མཁོ་བའི་ཡང་ཕྱིར་འདི་དགོས་པ་དང་བཅས་པ་ཡིན་ནོ། །
འདིས་ཀྱང་ནི་གཞན་གྱི་དོན་ལ་མཁོ་བ་ཡིན་པའི་ཕྱིར་འདི་དོན་དང་བཅས་ཤིང་དགོས་པ་དང་བཅས་པ་ཡིན་ཏེ། ཅི་ཞིག་ལྟར་ཡང་གཞན་གྱི་དོན་ལ་མཁོ་བ་སྲིད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཉིས་པོ་འདིས་བདག་ཉིད་མངོན་པའི་ང་རྒྱལ་མེད་པ་ཉིད་དུ་བསྟན་ཏོ། །ད་ནི་སྡོམ་པ་ལ་འཇུག་པའི་
བསྟན་པ་འཛིན་དུ་གཞུག་པའི་ཕྱིར་གླེང་བསླང་བ་སྦྱར་བ། དལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཁོམ་པ་བརྒྱད་སྤངས་པ་ནི་དལ་བ་འབྱོར་པའོ། །ཚོགས་པ་འདི་ནི་ཤིན་ཏུ་རྙེད་དཀའ་བ་སྟེ། ཤིན་ཏུ་དཀའ་བས་རྙེད་པར་བྱ་བ་ཡིན་ནོ། །རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་
བུ་གར་རུ་སྦལ་གྱི་མགྲིན་པ་ཆུད་པ་ལྟ་བུར་ཇི་ཞིག་ལྟར་ཐོབ་པར་བྱ་བ་ཐོབ་པ་ནི་རྙེད་པའོ། །དེ་ཡང་སྐྱེས་བུའི་དོན་སྒྲུབ་པ་སྟེ་སྐྱེས་བུའི་དོན་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དོ། །དེ་སྒྲུབ་པ་ནི་རྫོགས་པར་བྱེད་པ་སྟེ། དེའི་ཡན་ལག་ཡིན་པའི་ཕྱིར་དེ་ནུས་པ་ཡིན་ནོ་
ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལྟ་བུར་གྱུར་པ་འདི་ལ་ཕན་པ་མ་བསྒྲུབས་ན་སྟེ། རང་དང་གཞན་ལ་བདེ་བའི་རྒྱུ་མཐོ་རིས་དང་ཐར་པ་སྒྲུབ་པར་བྱེད་པ་མ་བླངས་ན་དེའི་ཚེ་ཕྱིས་ཏེ་སླར་ཡང་ངོ་། །འདི་ནི་དེ་བཞིན་གཤེགས་པ་འབྱུང་བ་དང་། དད་པ་དང་མི་ཁོམ་པ་བརྒྱད་སྤངས་པའི་
མིའི་དངོས་པོ་ཞེས་བྱ་བ་སྟེ། འདི་ཡང་དག་འབྱོར་པ་ནི་ཕྲད་པ་དང་འདུ་བ་དང་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ག་ལ་ནི་ཅི་ལྟར་ག་ལས་ཀྱང་འབྱུང་བར་མི་འགྱུར་ཏེ། མི་ཁོམ་པའི་གནས་སྐབས་ན་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར་ན་ཆོས་རབ་ཏུ་རྣམ་པར་འབྱེད་པར་བྱ་བར་མི་ནུས་པའི་ཕྱིར་

རོ་སྙམ་དུ་དགོངས་པའོ། །ཇི་སྐད་དུ། འཕགས་པ་སྡོང་པོ་བཀོད་པའི་མདོར། འཕགས་པ་རྒྱལ་བ་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས་མི་ཁོམ་པ་བརྒྱད་ལས་ལྡོག་པ་ཡང་རྙེད་པར་དཀའ། མི་ཉིད་ཐོབ་པ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང་རྙེད་པར་
དཀའ། སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ། དབང་པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་ཉན་པ་ཡང་རྙེད་པར་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པར་དཀའ། ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ། ཡང་དག་པའི་
རྗེས་སུ་བསྟན་པ་ཉེ་བར་སྦྱོར་བ་ཡང་རྙེད་པར་དཀའ། མིའི་འཇིག་རྟེན་ན་ཡང་དག་པའི་འཚོ་བ་ཡང་རྙེད་པར་དཀའོ་ཞེས་གསུངས་སོ། །འདི་ཉིད་ལ་དགོངས་ནས། །འཇིག་རྟེན་ན་ནི་མི་རྙེད་དཀའ། །སངས་རྒྱས་འབྱུང་བ་ཤིན་ཏུ་དཀའ། །དེ་བས་དད་དང་རབ་བྱུང་དང་། །གྲུབ་པའང་ཤིན་ཏུ་རྙེད་པར་
དཀའ། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །སྡུག་བསྔལ་ཐམས་ཅད་རབ་ཞིའི་ཕྱིར། །བྱང་ཆུབ་སེམས་ནི་བསྟན་པ་དག །གཅིག་ནས་གཅིག་ཏུ་དཀོན་པ་ཡིན། །ཞེས་གསུངས་སོ། །ཡང་མི་ཁོམ་པ་ནི་འདི་རྣམས་ཡིན་ཏེ། དམྱལ་བ་ཡི་དགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིངས་ལྷ་དང་ནི། །
ལོག་ལྟ་སངས་རྒྱས་མི་འབྱུང་དང་། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་སོ། །དེ་བས་ན་ད་ལྟ་ཉིད་དུ་བརྩོན་པར་བྱའོ། །ད་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་དོན་དུ་དེ་ལ་འདོད་པ་བསྐྱེད་པའི་ཕྱིར་ཕན་ཡོན་ལ་འཇུག་པ། ཇི་ལྟར་མཚན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
ཇི་ལྟར་མཚན་མོའི་སྤྲིན་འདུས་པའི་དུས་སུ་སྤྲིན་རྣམས་ཀྱིས་མུན་ནག་ཤིན་ཏུ་སྟུག་པར་གྱུར་པ་ན་གློག་འགྱུ་སྐད་ཅིག་ཐང་ཅིག་ཙམ་སྣང་བར་བྱེད་དེ། དངོས་པོར་གྱུར་པ་ཅུང་ཟད་རབ་ཏུ་གསལ་བར་བྱེད་དོ། །འདིར་ཡང་དཔེ་དེ་ཉིད་སངས་རྒྱས་མཐུ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་
རྒྱས་བཅོམ་ལྡན་འདས་ཉིད་ཕན་པ་དང་བདེ་བ་ལ་སྦྱོར་བའི་ཕྱིར་སྐལ་བ་ཅན་དང་སྐལ་བ་ཅན་མ་ཡིན་པའི་སེམས་ཅན་གྱི་རྒྱུད་ལ་གཟིགས་ཤིང་རྟག་ཏུ་བཞུགས་ཏེ། གང་གི་ཚེ་གང་དུ་ཐབས་གང་གིས་གང་ལ་སྐལ་བ་དང་ལྡན་པ་གང་ཡིན་པ་གཟིགས་ནས། དེའི་ཚེ་དེར་ཐབས་དེས་དེ་ལ་དེ་

བྱིན་གྱིས་རློབ་པར་མཛད་ཅིང་། སྐལ་བ་དང་མི་ལྡན་པའི་གནས་སྐབས་སུ་བཏང་སྙོམས་ཀྱིས་བཞུགས་སོ། །དེ་ལྟ་ན་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་ཅི་ཞིག་ལྟར་ན་རྙེད་པར་དཀའ་བ་འབྱུང་བའི་ཕྱིར་འཇིག་རྟེན་ཏེ། སྐྱེ་བོའི་བསོད་ནམས་ཕན་པ་དང་བདེ་བའི་རྒྱུ་
དགེ་བའི་ལས་རྣམས་ལ་བློ་གྲོས་ཡུད་ཙམ་ཞིག་འབྱུང་སྟེ། དེ་ནི་དེར་མི་བརྟེན་པའི་ཕྱིར་དང་། འཁོར་བ་ཐོག་མ་མེད་པར་འཇིག་རྟེན་གྱི་མི་དགེ་བའི་ཕྱོགས་ཉིད་ལ་གོམས་པའི་ཕྱིར་རོ། །དེས་ཅིར་འགྱུར་ཞེ་ན། དེ་ལྟས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟ་བས་ན་དགེ་བ་སྟེ།
བསོད་ནམས་ཉམ་ཆུང་བ་དང་སྟོབས་དང་བྲལ་བ་ཉིད་གློག་འགྱུ་བ་དང་འདྲ་བའི་ཕྱིར་རོ། །རྟག་ཅེས་བྱ་བ་ནི་དུས་ཐམས་ཅད་དུ་ཤིན་ཏུ་ཉམ་ཆུང་བ་ཡིན་ནོ། །དེ་ལྟ་ན་གང་ལ་ཤིན་ཏུ་སྟོབས་ཆེ་བ་ཡོད་ཅེ་ན། སྡིག་པ་སྟོབས་ཆེན་ཞེས་གསུངས་པ་ལ། སྟོབས་ཆེན་ནི་ཡང་མི་དགེ་བ་ཆེན་པོ་ཡིན་
ཏེ། ཕྱིའི་སྤྲིན་རུམ་གྱི་མུན་པ་དང་འདྲ་བའི་ཕྱིར་རོ། །དེའི་མི་བཟོད་པ་ནི་ཤིན་ཏུ་འཇིགས་པར་བྱེད་པ་སྟེ། དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་ཕྱིར་དང་། ཐུབ་པར་དཀའ་བའི་ཕྱིར་རོ། །དེ་ལྟར་འདི་ལ་ནུས་པ་ཆེན་པོ་ཡོད་དུ་ཆུག་ཀྱང་དེ་ལྟ་ན་ཡང་དེ་ལས་གཞན་བསོད་
ནམས་སྟོབས་དང་ལྡན་པས་རྒྱལ་བར་བྱེད་པར་འགྱུར་ཏེ། དེ་ལྟར་ཡང་ཅུང་ཟད་ཀྱང་ཉམས་པ་མེད་དོ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུས་པ་ཆེན་པོ་དང་ལྡན་པ་དེ་ལྟ་བུ་དེ་ནི་གཞན་གང་གིས་ཏེ། ཅིག་ཤོས་བསོད་ནམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་ཞིང་རྒྱལ་བར་འགྱུར་ཏེ།
གཞན་གང་གིས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་འདི་ལྟར་བརྗོད་ཅེ་ན། རྫོགས་པའི་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་བྱང་ཆུབ་སྟེ་སངས་རྒྱས་ཉིད་ལ་སེམས་ཅན་ཐམས་ཅད་ཡང་དག་པར་གདོན་པའི་བསམ་པས་དེ་ཐོབ་པར་བྱ་བའི་དོན་དུ་ལྷག་པའི་
བསམ་པ་སེམས་གང་ཞིག་ཡིད་ལ་བྱེད་པ་སྟེ། གལ་ཏེ་དེ་མེད་པར་གྱུར་ནའོ། །ནུས་པ་ཆེན་པོ་ཡང་དེ་ལས་གཞན་སྟོབས་ཆེ་བས་རྒྱལ་བར་བྱེད་དེ། མཚན་མོའི་མུན་པ་ལ་ཉི་མས་བྱེད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ལས་གཞན་གཉེན་པོ་ཆེན་པོ་སྲིད་པ་ཡང་མ་ཡིན་ནོ། །དེ་ལྟ་

བས་ན་དེ་གཞོམ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཉིད་བླང་བར་བྱ་སྟེ། གཞན་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །བྱང་ཆུབ་ཀྱི་སེམས་བླང་བར་བྱ་བ་ཡིན་ནོ་ཞེས་བསྐལ་པ་ཞེས་པ་ལ་སོགས་པ་འདིས་ཀྱང་གསུངས་ཏེ། བར་གྱི་བསྐལ་པ་གཅིག་ཀྱང་བསྐལ་པ་ཡིན་ལ། བར་གྱི་
བསྐལ་པ་ཉི་ཤུ་ཡང་བསྐལ་པ་ཡིན་ཞིང་། བར་གྱི་བསྐལ་པ་བརྒྱད་ཅུ་ཡང་བསྐལ་པ་ཡིན་ཏེ། དེ་ལ་ཡང་བསྐལ་པ་ཆེན་པོ་ཞེས་བརྗོད་ལ། འདི་ནི་བསྐལ་པ་ཆེན་པོ་ཉིད་དུ་གཟུང་ངོ་། །བསྐལ་པ་མང་པོར་ཏེ་བསྐལ་པ་གྲངས་མེད་པ་དང་པོའི་ཁོངས་སུ་གཏོགས་པ་རྣམས་སོ། །རབ་དགོངས་མཛད་
པ་ནི་འབད་པས་སེམས་པར་མཛད་པ་རྣམས་ཀྱིས་ཏེ། གཟིགས་པ་ནི་རྟོགས་པའོ། །ཐུབ་དབང་རྣམས་ཀྱིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སོ། །ཕན་པའི་དོན་ཐམས་ཅད་གྲུབ་པར་རུང་བ་ཡིན་ཏེ། དེའི་ས་བོན་དུ་གྱུར་པའི་ཕྱིར་རོ། །འདི་ཉིད་ནི་བྱང་ཆུབ་ཀྱི་སེམས་ཉིད་དོ། །
ཅིའི་ཕྱིར་འདི་ཁོ་ན་ཕན་པ་ཡིན་ཞེ་ན། གང་ཕྱིར་ཞེས་གསུངས་ཏེ། གང་གི་ཕྱིར་བདེ་འཕེལ་ནི་ཕུལ་དུ་བྱུང་བ་སྟེ། སངས་རྒྱས་ཀྱི་མཚན་ཉིད་དོ། །ཚད་མེད་ནི་གཞལ་དུ་མེད་པ་ཡིན་ལ། སྐྱེ་བོའི་ཚོགས་ནི་སེམས་ཅན་གྱི་ཕུང་པོའོ། །ཐོབ་པར་བྱེད་པ་ནི་འཁོར་བའི་སྡུག་བསྔལ་གྱི་མཚོ་ལས་སྒྲོལ་
བར་བྱེད་པའོ། །དེའི་ཕྱིར་ན་འདི་ཉིད་ཕན་པའོ། །ཡང་ན་གང་གི་ཕྱིར་བདེ་བ་ནི་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་ཡིན་ལ། འཕེལ་བ་ནི་འཕེལ་བར་གྱུར་པ་སྟེ་དོན་གྱིས་ན་བྱང་ཆུབ་ཀྱི་སེམས་ཉིད་དོ། །ཐོབ་པར་བྱེད་པ་ནི་ཤིན་ཏུ་ཚིམ་པར་བྱེད་པ་སྟེ་བྱ་སླ་བས་ཆེས་ལྷག་པར་
གང་འགྱུར་བ་དེ་ལ་འཐོབ་པར་བྱེད་པ་ཞེས་བརྗོད་དེ། དཔེར་ན་ཞོས་བདག་ཚིམ་པར་བྱས་སོ་ཞེས་བྱ་བ་ལྟ་བུ་སྟེ། ཞོས་ཆེས་ལྷག་པར་སླ་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྫོགས་པའི་བྱང་ཆུབ་ཀྱི་སེམས་གང་ལས་བདེ་བ་འཕེལ་བ་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱའོ། །ཅིའི་ཕྱིར་རབ་ཏུ་
འཕེལ་ཞེ་ན། བདེ་བླག་ཉིད་དུ་ཞེས་གསུངས་ཏེ། ཚེགས་མེད་པར་ཡིན་ཏེ་སྐྲ་འབལ་བ་ལ་སོགས་པའི་དཀའ་བ་ཆེན་པོ་མེད་པས་སོ། །འདི་ལྟར་ཡང་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པས་ལྷ་དང་མི་

རྣམས་ཀྱི་ཕུན་སུམ་ཚོགས་པ་རབ་ཏུ་འཕེལ་བ་བདེ་བླག་ཏུ་འཐོབ་ཅིང་སེམས་ཅན་རྣམས་ལ་ཆེས་ལྷག་པར་ཚིམ་པར་བྱེད་པ་ཡིན་ཏེ། དེ་ལྟར་སྐྱོ་ངལ་ཀུན་བསལ་བའི། །བྱང་སེམས་ཤིང་རྟ་ཞོན་ནས་ནི། །བདེ་ནས་བདེ་རུ་འགྲོ་བ་ལ། །སེམས་ཤེས་སུ་ཞིག་
སྒྱིད་ལུག་འགྱུར། །ཞེས་གང་འཆད་པར་འགྱུར་བའོ། །བཅོམ་ལྡན་འདས་ལ་འཕགས་པ་བྱམས་པའི་སྟོབས་ལ་སོགས་པ་སྐྱེས་པའི་རབས་རྣམས་སུ་དཀའ་བ་ཆེན་པོ་མཛད་པ་ཐོས་པ་མ་ཡིན་ནམ། དེ་ཅི་ལྟར་ན་བདེ་བླག་ཉིད་དུ་བདེ་བ་འཕེལ་བར་བྱེད་ཅེ་ན། ཉེས་པ་འདི་ནི་མེད་དེ་གང་གི་ཕྱིར་
སྙིང་རྗེའི་བདག་ཉིད་ཅན་རྣམས་ཀྱི་གཞན་ལ་ཕན་པ་དང་བདེ་བ་སྐྱེད་པར་བྱེད་པའི་སྡུག་བསྔལ་ནི་རང་དང་གཞན་ལ་བསྐྱེད་པར་བྱའོ། །ཕ་རོལ་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པའི་བློ་ཅན་རྣམས་ནི་སྡུག་བསྔལ་དེ་འདྲ་བ་ལ་བདེ་བ་ཉིད་དུ་མཐོང་བར་འགྱུར་རོ། །རང་དང་གཞན་ལ་ཕན་པའི་
རྒྱུ་ཉིད་ཡིན་པ་འདིའི་ཕྱིར་ཡང་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཏོང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། སྲིད་པའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བར་གནས་པའི་དམྱལ་བ་ལ་སོགས་པའི་འགྲོ་བའི་སྡུག་བསྔལ་བདེ་བ་མ་ཡིན་པ་མྱོང་བ་རྣམས་ཡིན་ལ། བརྒྱ་
ཕྲག་ནི་མཐར་ཐུག་པ་མེད་པའི་ཚོགས་སོ། །གཞོམ་འདོད་པ་ནི་ཡོངས་སུ་འདོར་བར་འདོད་པས་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམས་ཀྱིས་སོ། །བདག་ཉིད་འབའ་ཞིག་གི་མ་ཡིན་པར་འཇིག་རྟེན་པ་རྣམས་ཀྱི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཡང་བསལ་བར་འདོད་
པ་ནི་བྲལ་བར་འདོད་པ་སྟེ། བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱིས་སོ། །གཅིག་ཏུ་རང་དང་གཞན་གྱི་སྡུག་བསྔལ་བསལ་བར་འདོད་པ་མ་ཡིན་གྱི། གཞན་ཡང་བདེ་བ་དང་སྐྱིད་པ་མང་པོ་སྟེ། དེ་རྣམས་ཀྱི་བརྒྱ་ཕྲག་ནི་ལྷ་དང་མི་རྣམས་ཀྱི་སྐྱེ་བ་འཐོབ་པ་ཉམས་སུ་མྱོང་བར་འདོད་པ་སྟེ།
འཁོར་བའི་བདེ་བ་འདོད་པས་ཀྱང་ངོ་། །རྟག་ཏུ་ནི་དུས་ཐམས་ཅད་དུའོ། །གཏང་མི་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་ཁས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྫོགས་པའི་བྱང་ཆུབ་འདོད་པ་རྣམས་ཉིད་ཀྱི་ཁྱད་པར་དག་གོ། །ཡོན་ཏན་གྱི་ཁྱད་པར་འདི་ལས་ཀྱང་བྱང་ཆུབ་ཀྱི་

སེམས་གཟུང་བར་བྱའོ་ཞེས་བྱ་བར་འཁོར་བའི་བཙོན་ར་ཞེས་པ་ལ་སོགས་པ་གསུངས་ཏེ། འཁོར་བ་ཉིད་བཙོན་ར་ཡིན་ལ། དེར་བསྡམས་པ་ནི་འཆིང་བ་དག་སྟེ། འདིར་འདོད་ཆགས་ལ་སོགས་པ་ཉིད་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལྟ་བུའི་ཉམ་ཐག་རྣམས་ནི་ཉོན་མོངས་པ་
རྣམས་སོ། །བསྐྱེད་གྱུར་པ་ནི་དང་པོ་ཉིད་དུ་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་ལེན་པས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་པ་ཉིད་ནའོ། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །ཞེས་པ་ནི་སངས་རྒྱས་ཀྱི་སྲས་ཞེས་བརྗོད་པར་བྱའོ། །སྐད་ཅིག་གིས་ཞེས་པ་ནི་སྐད་ཅིག་དེ་ཉིད་ལའོ། །
འདི་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བར་འཇིག་རྟེན་ལྷ་མིར་བཅས་ཞེས་པ་ལ་སོགས་པ་གསུངས་ཏེ། ལྷ་མིར་ཏེ། ལྷ་དང་མི་དང་ལྷན་ཅིག་པར་གྱུར་པ་ཡིན་ལ། གང་ལྷ་མ་ཡིན་གྱི་འཇིག་རྟེན་ལ་སོགས་པ་དེ་རྣམས་ཀྱི་ཡང་ཕྱག་བྱར་གྱུར་པ་སྟེ། ཕྱག་བྱ་བའི་འོས་དང་བསྟོད་པར་བྱ་བའི་འོས་
སུ་ཡང་གྱུར་པའོ། །གྱུར་པའི་སྒྲས་ནི་འདས་པ་བསལ་བར་བྱེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་སྐྱེས་པའི་དུས་ཉིད་ན་གྱུར་པ་ཡིན་ནོ། །ཡོན་ཏན་དང་ཕན་ཡོན་མཐོང་བ་འདི་ལས་ཀྱང་བྱང་ཆུབ་ཀྱི་སེམས་བླང་བ་ལ་འབད་པར་བྱའོ་ཞེས་བྱ་བ་ནི། མི་གཙང་བ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། མི་གཙང་བའི་ལུས་འདི་ནི་མི་ལ་སོགས་པའི་ལུས་ཀྱི་རང་བཞིན་དེའི་རྒྱུའམ་དེའི་ངོ་བོ་ཡིན་ཏེ། དེས་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་བླངས་ནས་ནི་བཟུང་ནས་སོ། །རྒྱལ་བ་ཉིད་རིན་ཆེན་ཏེ། རྙེད་དཀའ་བ་ཐོབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །བྱང་
ཆུབ་ཀྱི་སེམས་ཀྱིས་དེའི་སྐུར་བསྒྱུར་བ་ནི་སྐྱེད་པར་བྱེད་པ་སྟེ། དེ་བཞིན་གཤེགས་པའི་སྐུར་རྫོགས་པར་བྱེད་ཅེས་པའི་དོན་ཏོ། །ཅི་ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན། རིན་ཐང་མེད་པ་སྟེ། གང་ལ་རིན་ཐང་མེད་པ་དེ་ལ་དེ་སྐད་ཅེས་བརྗོད་དེ། ཁམས་གསུམ་པོ་ཐམས་ཅད་ཡོན་ཏན་མཆོག་
ཏུ་གྱུར་པ་དང་ལྡན་པའི་ཕྱིར་དང་། ཡོན་ཏན་གྱི་མཐའ་མི་ཤེས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསེར་སྒྱུར་རྩིའི་རྣམ་པ་སྟེ། ཤིན་ཏུ་ཆེར་སྒྱུར་བར་བྱེད་པའི་ཕྱིར་མཆོག་ཏུ་སྒྱུར་བའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་འདི་ལ་གསེར་སྒྱུར་རྩིའི་རྣམ་པ་ལྟ་བུ་དང་གཞན་བྱང་ཆུབ་ཀྱི་སེམས་

ཞེས་བརྗོད་དོ། །རབ་བརྟན་གཟུང་ནི་ཅི་ལྟར་བླངས་པ་དེ་སླར་གཡོ་བ་མེད་པར་རོ། །དེ་ལྟ་བས་ན་བདག་ཉིད་རྒྱལ་བ་རིན་པོ་ཆེར་བྱེད་པར་འདོད་པས་བྱང་ཆུབ་ཀྱི་སེམས་ཀྱི་གསེར་སྒྱུར་རྩི་ཆེན་པོ་ལྟ་བུར་རབ་ཏུ་བསྟན་པར་གཟུང་བར་བྱའོ། །དེ་ཡང་བྱམས་པའི་
རྣམ་པར་ཐར་པ་ལས་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་བསྒྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ། ལྕགས་སུ་བསྒྱུར་བར་མི་ནུས་སོ། །
དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་བཅུད་ཀྱིས་ལེན་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་ཡེ་ཤེས་ཀྱིས་ཡོངས་སུ་གཟུང་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་གསེར་གྱི་ཁ་དོག་ཏུ་བྱེད་
ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་བསྐྱེད་པའི་བཅུད་ཀྱིས་ལེན་གཅིག་པོ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཉོན་མོངས་པའམ་ཟད་པར་བྱ་བར་མི་ནུས་སོ་ཞེས་གསུངས་སོ། །སྲིད་པའི་འགྲོ་བ་རྣམས་སུ་འབྱོར་པ་འདོད་པ་རྣམས་ཀྱིས་ཀྱང་འདིར་ཐེ་ཚོམ་དང་ཕྱིན་ཅི་ལོག་
མི་བྱའོ་ཞེས་ཉེ་བར་བསྟན་པའི་ཕྱིར་འགྲོ་བའི་དེད་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་ཉིད་ཚང་རྡལ་ཏེ། ཟོང་གི་རྫས་ཉོ་བ་དང་འཚོང་བའི་གྲོང་ཁྱེར་ནི་འདིར་ཚོང་རྡལ་ཡིན་ལ། དེ་བཞིན་དུ་དགེ་བ་དང་མི་དགེ་བའི་ལས་ཀྱིས་ཟོང་གི་རྫས་ཉོ་བ་དང་འཚོང་བའི་གནས་ནི་འགྲོ་
བའི་ཚོང་རྡལ་ལོ། །དེ་རྣམས་སུ་གནས་པ་ནི་རྣམ་པར་གནས་པ་ཉིད་ཀྱི་ངང་ཚུལ་གྱི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དེ། ཀྱེ་འགྲོ་བའི་ཚོང་རྡལ་དུ་གནས་པའི་ངང་ཚུལ་ཅན་རྣམས། རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུང་། །ཞེས་དེ་རྣམས་ལ་འབོད་པ་
ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཉིད་རིན་ཆེན་ཏེ། རིན་པོ་ཆེ་ལྟ་བུའོ། །དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་དབུལ་བའི་ངན་འགྲོ་ཞི་བར་བྱེད་པའི་རྒྱུ་ཡིན་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཡང་ཡིན་ནོ། །དགོས་པ་ནི་ཁྱེད་ཅག་ཚོང་པ་བཞིན་དུ་བདེ་བ་ཕུན་སུམ་

ཚོགས་པ་ཐོབ་པ་དོན་དུ་གཉེར་བ་ཡིན་པས་རིན་པོ་ཆེ་འདི་ཉིད་གུས་པ་ཆེན་པོས་ཟུང་ཤིག་ཅེས་བྱ་བ་འདི་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རིན་ཆེ་བས་ཞེས་ཏེ། འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ཏེ། གང་གི་ཕྱིར་འདི་ནི་རིན་ཐང་མེད་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་འཇིག་རྟེན་དང་འཇིག་རྟེན་
ལས་འདས་པའི་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེའི་ཕྱིར་འདི་ཉིད་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ཅི་ལྟར་ཤེས་ན། ལེགས་པར་ཡོངས་སུ་བརྟགས་ན་ཞེས་གསུངས་ཏེ། ཤིན་ཏུ་ངེས་པར་བརྟགས་ཤིང་ཡང་དག་པར་གཏན་ལ་ཕབ་པ་ཞེས་བྱ་བའི་དོན་ཏོ། །གང་
དག་གིས་ཤེ་ན། ཚད་མེད་བློས་ཏེ། ཚད་མེད་ཅིང་གཞལ་བར་མི་ནུས་པའི་བློ་དང་བློ་གྲོས་གང་ལ་ཡོད་པ་དེ་དག་གིས་ཏེ། ཤེས་རབ་ཆེན་པོ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །དེ་དག་གིས་ཡོངས་སུ་བརྟགས་པ་ལས་འཁྲུལ་པ་མི་མངའ་བའི་ཕྱིར།
ལེགས་པར་ཡོངས་སུ་བརྟགས་ན་ཞེས་གསུངས་སོ། །ཡང་ཇི་ལྟ་བུར་གྱུར་པ་ཞིག་གིས་ཤེ་ན། འགྲོ་བའི་དེད་དཔོན་གཅིག་པུ་སྟེ། འགྲོ་བ་ན་ཐུགས་རྗེའི་དབང་དུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་འདི་དག་ནི་དེད་དཔོན་གཅིག་པུ་ཉིད་དེ་དེ་དག་གིས་སོ། །
དཔེར་ན་ཚོང་པ་རྣམས་ལ་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་དག་ལ་ཕན་པར་འདོད་པ་དང་ཤེས་པ་དང་ལྡན་པའི་དེད་དཔོན་གྱིས་ཁྲིད་པར་བྱེད་པར་གྱུར་ན་དེས་སླུ་བར་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་ཡིན་ནོ་སྙམ་དུ་དགོངས་པའོ། །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རིན་ཐང་
མེད་པ་བརྟེན་པར་ཟུང་ཤིག་ཅེས་པའོ། །འདི་ཡང་དེ་ཉིད་དུ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཇི་སྲིད་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱིས་སྣང་བར་བྱེད་པ་དེ་སྲིད་དུ་ནོར་དང་། འབྲུ་དང་། རིན་པོ་ཆེ་དང་། ས་ལེ་སྦྲམ་དང་། དངུལ་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་
དང་། གོས་དང་། ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་བཟོད་དོ། །དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་མིའི་སེམས་ཅན་

ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ་ཞེས་གསུངས་སོ། །
མཆོག་ཏུ་ཐུན་མོང་མ་ཡིན་པ་ཕུལ་དུ་བྱུང་བ་དང་ལྡན་པའི་དཔག་བསམ་གྱི་ཤིང་ལྟ་བུ་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཆུ་ཤིང་ལན་ཅིག་འབྲས་བུ་བསྐྱེད་ནས་ཡང་འབྲས་བུ་མི་སྐྱེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལས་གཞན་པའི་
དགེ་བ་ཀུན་ནི་ཅུང་ཟད་ཀྱང་མ་ཡིན་པ་ཉིད་དོ། །རྣམ་པར་སྨིན་པ་ཡོངས་སུ་སྨིན་ནས་ཡང་འབྲས་བུ་བསྐྱེད་པའི་ནུས་པ་མེད་པ་ཡིན་ཏེ། དེ་ཙམ་ཉིད་ཀྱིས་འདིའི་རྣམ་པར་སྨིན་པ་ཟད་པའི་ཕྱིར་དང་། རྣམ་པར་སྨིན་པ་ཡང་ལུང་དུ་བསྟན་དུ་མེད་པས་ཡང་འབྲས་བུ་དང་རྗེས་སུ་འབྲེལ་པ་མེད་
པའི་ཕྱིར་རོ།། །།བམ་པོ་གཉིས་པ། ཡང་བྱང་ཆུབ་ཀྱི་སེམས་འདིའི་ཁྱད་པར་རྟག་པར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟག་པར་དུས་ཐམས་ཅད་དུ་དེ་ལས་གཞན་པའི་དགེ་བ་བཞིན་དུ་ལྷ་དང་མིར་སྐྱེས་པ་རྣམས་ལ་བདེ་བ་ཕུན་སུམ་ཚོགས་པ་བྱུང་ནས་ཟད་
པར་འགྱུར་བ་མ་ཡིན་ཏེ། བརྟན་པའི་རང་བཞིན་ཡིན་པའི་ཕྱིར་དང་། སྐད་ཅིག་སོ་སོ་ལ་དགེ་བའི་ཚོགས་ཀྱི་རྒྱུན་རྣམ་པ་དུ་མས་འགེངས་པའི་ཕྱིར་རོ། །འབྱིན་པས་འཕེལ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་སྟེ། རྒྱུན་མི་འཆད་པར་བདེ་བ་ཕུན་སུམ་ཚོགས་པའི་འབྲས་བུ་
འབྱིན་པའི་ཕྱིར་དང་། གོང་ནས་གོང་དུ་ཡོན་ཏན་གཞན་དང་གཞན་གྱི་ཁྱད་པར་སྐྱེད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ནི་ལྗོན་ཤིང་ལྟ་བུར་དཔེར་བྱས་པ་ཡིན་ཏེ། སྐྱེས་བུ་རྟག་ཅེས་བྱ་བ་ལ་སོགས་པའི་ཚིག་བསྡུས་པ་ལྟ་བུའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རྒྱུན་མི་
འཆད་ཅིང་ཕུལ་དུ་བྱུང་བ་དང་ལྡན་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འདོད་པའི་རྟོག་པ་དང་ལྡན་པ་རྣམས་ཀྱིས་འདི་ཉིད་གཟུང་བར་བྱའོ། །འདི་ཡང་བློ་གྲོས་མི་ཟད་པས་བསྟན་པ་ལས། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་ཆུའི་ཐིག་

པ་ལྷུང་བ་ནི་བསྐལ་པའི་མཐར་མ་ཐུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་གཏུགས་པ་མེད་དོ་ཞེས་གསུངས་སོ། །ཡང་
བྱང་ཆུབ་ཀྱི་སེམས་ནི་དགེ་བ་མ་ལུས་པ་འཕེལ་བར་བྱེད་པ་འབའ་ཞིག་ནི་མ་ཡིན་ཏེ། མི་དགེ་བའི་ཕྱོགས་ཟད་པར་བྱེད་པའི་རྒྱུ་ཡང་ཡིན་པར་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་བསྟན་པའི་ཕྱིར་རོ། །སྡིག་པ་ཤིན་ཏུ་ཞེས་པ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་
ཡོངས་སུ་བཟུང་བ་ལས་སྔར་བྱས་པའི་སྡིག་པ་མི་དགེ་བའི་ལས་རྣམས་ནི་དམྱལ་བ་ལ་སོགས་པ་རྣམས་སུ་བཟོད་པར་དཀའ་བའི་སྡུག་བསྔལ་སྐྱེད་པར་བྱེད་པའི་ཕྱིར་མི་བཟད་པ་རྣམས་ཏེ། ཤིན་ཏུ་འཇིགས་པར་བྱེད་པའམ་ཆེན་པོ་རྣམས་སོ། །བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་
ནས་ཏེ། བརྟེན་པར་བྱས་པ་ནི་བསྐྱེད་པ་དང་བསྲུང་བ་དང་། སྤེལ་བ་དང་། བརྟེན་པའི་མཚན་ཉིད་ལས་སོ། །ཡུད་ཀྱིས་ནི་སྐད་ཅིག་མ་ཉིད་ལ་དེ་བསྐྱེད་པ་ཙམ་གྱིས་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཉེ་བར་སྩོགས་པའི་ཕྱིར་རོ། །སྒྲོལ་འགྱུར་བ་ནི་ངེས་པར་སྒྲོལ་བར་འགྱུར་བ་སྟེ།
དེའི་མཐུས་ཟིལ་གྱིས་མནན་ཅིང་འདའ་བར་བྱེད་པས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར་ཏེ། དཔེར་ན་ཁ་ཅིག་གིས་གནོད་པ་ཆེན་པོ་བྱས་པ་ཡང་སྐྱེས་བུ་སྟོབས་དང་ལྡན་པ་ལ་བརྟེན་ནས་སྒྲོལ་བར་འགྱུར་ཏེ། དེ་གནོད་པ་བྱས་པའི་འབྲས་བུས་
འཇིགས་པ་མེད་པར་འགྱུར་བ་དེ་བཞིན་དུ་སྐབས་སུ་བབ་པ་ལ་ཡང་ངོ་། །བྱང་ཆུབ་ཀྱི་སེམས་དེ་ལྟ་བུར་གྱུར་པ་དེ་ལ་མི་ཤེས་པའི་སེམས་ཅན་ཤེས་རབ་དང་བྲལ་བ་རྨོངས་པའི་འགྲོ་བ་རྣམས་ཀྱིས་ཅི་ལྟར་ན་མི་བརྟེན་ཅིང་རྟེན་པར་མི་བྱེད་ཅེས་བྱ་བའི་དོན་ཏེ་དེ་ལ་བརྟེན་པར་བྱ་བ་ཉིད་ཡིན་ནོ་
སྙམ་དུ་དགོངས་པའོ། །འདི་ཡང་དེ་ཉིད་ལས་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པ་ན་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པའི་བྱང་ཆུབ་སེམས་དཔའ་

ནི་ཉེས་པར་སྤྱོད་པའི་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་སོ་ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་ཀྱིས་སྡིག་པ་ཟད་པའི་དཔེ་གཞན་ཡང་དེས་ནི་དུས་མཐའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དུས་མཐའ་ནི་འཇིག་པའི་དུས་སོ། །མེ་ནི་ཉི་མ་
བདུན་ཤར་བ་ལས་བྱུང་བའོ། །དཔེར་ན་བསམ་གཏན་དང་པོ་དང་བཅས་པའི་འདོད་པའི་ཁམས་ཐམས་ཅད་ངེས་པར་བསྲེགས་ཏེ་མ་ལུས་པར་ངེས་པར་བསྲེགས་པ་ན་ཇི་ལྟར་ཐལ་བ་ཡང་ལུས་པ་མེད་པ་དེ་བཞིན་དུ་སྡིག་པ་རྣམས་སོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། བྱང་ཆུབ་ཀྱི་
སེམས་གང་གིས་ཆེན་པོ་རི་རབ་དང་མཉམ་པ་ངུ་འབོད་ཆེན་པོ་ལ་སོགས་པ་སྡུག་བསྔལ་བའི་རྣམ་པར་སྨིན་པ་རྣམས་ངེས་པར་སྲེག་པར་བྱེད་དེ། དེའི་རྣམ་པར་སྨིན་པ་ཉེ་བར་འཇོམས་པས་རྩ་བ་ནས་མེད་པར་བྱེད་དོ། །སྐད་ཅིག་གིས་ནི་ཡུན་མི་རིང་བས་སོ། །དེ་ལ་མི་ཤེས་སེམས་
ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་སྦྱར་བར་བྱའོ། །འདི་ཡང་དེ་ཉིད་ལས་ཉེས་པར་བྱས་པ་ཐམས་ཅད་སྲེག་པར་བྱེད་པས་སྲེག་པའི་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བའི་ཆོས་ཐམས་ཅད་ནུབ་པར་བྱེད་པས་ས་འོག་ལྟ་བུའོ་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ལས་
བྱས་པ་ཆུད་མི་ཟ་བར་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་ན་འདི་སྐད་དུ་བརྗོད་ཅེ་ན། བདེན་མོད་ཀྱི་བརྗོད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་སྐད་ཅིག་སོ་སོ་ལ་ནམ་མཁའི་ཁམས་ཁྱབ་པར་བྱེད་པ་ཆེན་པོའི་ནང་དུ་ཆུད་པར་གྱུར་པས་རྒྱ་མཚོར་
ལན་ཚྭ་སྲང་གཅིག་གི་དཔེ་བཞིན་དུ་མི་མངོན་པའི་ཕྱིར་དང་། གཉེན་པོའི་ཕྱོགས་སྟོབས་དང་ལྡན་པས་ཟིལ་གྱིས་གནོན་པའི་ཕྱིར་འབྲས་བུ་སྐྱེད་པའི་ནུས་པ་མེད་པ་དེ་བསྲེགས་པ་ཉིད་ཡིན་པས་ཉེས་པ་མེད་དོ། །ཡང་ན་མ་སྤྱད་པར་ནི་ཟད་ཅེས་བྱ་བ་ནི་ཐབས་མེད་པ་ལ་དགོངས་
ནས་གསུངས་པ་ཡིན་ལ། འདི་ནི་སྡིག་པ་ཐམས་ཅད་རྩ་བ་ནས་མེད་པར་བྱེད་པའི་ཐབས་ཆེན་པོ་ཡིན་ནོ། །འདི་ལྟར་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་ནམ་མཁའི་ཁམས་ཁྱབ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་བཏོན་ཏེ། བདེ་བ་ཕུན་སུམ་

ཚོགས་པ་ཐམས་ཅད་ལ་སྦྱར་བར་བྱའོ་སྙམ་དུ་ལྷག་པའི་བསམ་པ་རྣམ་པར་སེམས་པར་བྱེད་ཅིང་སྔར་བྱས་པའི་སྡིག་པ་ཡང་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པས་ཟད་པར་བྱེད་དོ། །དེའི་ཚེ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཉིད་ཀྱིས་དེའི་རྒྱུད་ལ་སྡིག་པ་ཇི་ལྟར་འབྱུང་ཞིང་། གང་གིས་
ན་རྩོད་པའི་སྐབས་ཡོད་པར་འགྱུར་ཏེ། ཐམས་ཅད་དུ་འཁྲུགས་པ་མེད་དོ། །དེ་ལྟ་བས་ན། དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་གསུངས་པ་དེ་ཡང་གསལ་བར་བྱས་པ་ཡིན་ནོ། །ཡང་གཞན་ནི་རྣམ་པར་སྨིན་པ་མ་ངེས་པ་ལ་དགོངས་ནས་འདི་དག་ཐམས་
ཅད་གསུངས་པ་ཡིན་ཏེ། རྣམ་པར་སྨིན་པ་ངེས་པ་ནི་ལས་གང་གིས་ཀྱང་དགག་པར་མི་ནུས་པའི་ཕྱིར་རོ་ཞེས་བརྗོད་དོ། །འདི་ལྟར་ཡང་བྱང་ཆུབ་ཀྱི་སེམས་བླང་བར་བྱ་བ་ཉིད་དུ་གང་གིས་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་གང་གི་ཕན་ཡོན་ནི་ངོ་བོ་ཉིད་དུ་གྱུར་པའི་ཡོན་ཏན་
ནོ། །དཔག་ཏུ་མེད་པ་ནི་གཞལ་དུ་མེད་པའོ། །བྱམས་མགོན་ནི་བཅོམ་ལྡན་འདས་མི་ཕམ་པས་སོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། བློ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའོ། །བཤད་པ་ནི་གསུངས་པར་གྱུར་པའོ། །གང་ཞིག་ལ་ཞེ་ན། ནོར་བཟངས་ལ་སྟེ། བྱང་ཆུབ་
སེམས་དཔའ་ནོར་བཟངས་ལའོ། །དེ་ལྟར་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་
བརྟན་པས་ས་ལྟ་བུའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བསྲུང་བས་ཕ་ལྟ་བུའོ་ཞེས་བྱ་བའི་བར་དུ་ཡང་བསྒྲེའོ། །དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་བསྒྲུབས་པས་ཡིད་བཞིན་
གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཕམ་པར་བྱ་བ་ལ་མདུང་ཐུང་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལ་མི་ཤེས་སེམས་ཅན་ཅིས་མི་བརྟེན། །ཞེས་

པ་ནི་འདིར་ཡང་སྦྱར་རོ། །ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་པ་ནི་ཕན་ཡོན་བསྟན་མ་ཐག་པའི་བྱང་ཆུབ་ཀྱི་སེམས་སོ། །གཉིས་ནི་རྣམ་པ་གཉིས་ཏེ། ཤེས་
བྱ་ནི་གོ་བར་བྱ་བའོ། །རིགས་དང་ས་ལ་སོགས་པར་གྱུར་པས་རྣམ་པ་དུ་མ་སྲིད་ན། ཇི་ལྟར་གཉིས་ཡིན་ཞེ་ན། མདོར་བསྡུས་ནས་ཞེས་གསུངས་ཏེ། རྣམ་པ་གཞན་ཡོད་ན་ཡང་འདི་ནི་མདོར་བསྡུས་ནས་གཉིས་སུ་བརྗོད་དོ། །གཉིས་པོ་གང་ཡིན་ཞེ་ན། བྱང་ཆུབ་སྨོན་པའི་སེམས་ཤེས་པ་ནི་
གཅིག་ཡིན་ལ། བྱང་ཆུབ་འཇུག་པ་ཞེས་པ་ནི་གཉིས་པའོ། །བྱང་ཆུབ་ལ་སྨོན་པ་ཡིན་ཏེ། སེམས་དེ་ཉིད་དམ་དེ་ལ་སེམས་པའོ། །སེམས་གང་སྨོན་པ་ལས་སྐྱེས་པར་གྱུར་པ་སྦྱིན་པ་ལ་སོགས་པ་ལ་འཇུག་པ་བྲལ་བ་དེ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་ཏེ། འདི་ལྟར་འགྲོ་བ་ཐམས་
ཅད་བསྐྱབ་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་དང་པོ་ཁོ་ནར་སྨོན་པའི་སེམས་ལྟ་བུའོ། །འཇུག་པ་ཉིད་ལ་སེམས་པའམ་འཇུག་པ་ཉིད་ཀྱི་སེམས་ཏེ། སེམས་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །སེམས་སྔ་མ་སྔོན་དུ་སོང་བ་ཉིད་གང་ནས་བཟུང་སྟེ་སྡོམ་པ་ལེན་པ་སྔོན་དུ་འགྲོ་བའི་
ཚོགས་རྣམས་ལ་རབ་ཏུ་འཇུག་པ་དེ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་སོ། །བསྟན་པའི་རིམ་པས་རྣམ་པ་གཉིས་ཡིན་ཏེ། དབྱེ་བ་ནི་དེ་དག་ཁོ་ནའོ་ཞེས་བྱ་བ་ཉིད་ཀྱི་སྒྲས་བསྟན་ཏོ། །ཀྱང་གི་སྒྲས་ཕན་ཚུན་སྡུད་པ་ཡིན་ཏེ། གཉི་ག་ཡང་བྱང་ཆུབ་ཀྱི་སེམས་ཡིན་པར་བསྟན་ཏོ། །དེས་
ནི་སྔ་མ་བྱང་ཆུབ་ཀྱི་སེམས་མ་ཡིན་ནོ་སྙམ་པའི་དོགས་པ་བསལ་བ་ཡིན་ཏེ། དཔའ་བར་འགྲོ་བའི་མདོ་ལས། བཙན་ཐབས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཡང་སངས་རྒྱས་ཀྱི་རྒྱུ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི་
འཇིག་རྟེན་ན་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྨོན་པ་དེ་དག་ཀྱང་དཀོན་ནོ། །དེ་བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་གསུངས་སོ། །ད་ནི་རབ་ཏུ་དབྱེ་

བ་བསྟན་པ་ཉིད་དཔེས་གསལ་བར་བྱ་བའི་ཕྱིར། འགྲོ་བར་འདོད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་སྐྱེས་བུ་འགའ་ཞིག་མངོན་པར་འདོད་པའི་ཡུལ་དུ་ཕྱིན་པར་བྱ་བའི་ཆེད་དུ་འགྲོ་བར་འདོད་པ་ནི་འགྲོ་བར་བསམ་པ་སྟེ་འགྲོ་བ་ཉིད་མ་ཡིན་ནོ། །ཡང་གཞན་ནི་དེར་
ཕྱིན་པར་བྱ་བའི་ཆེད་དུ་འཇུག་པ་སྟེ་འགྲོ་བ་ཉིད་དོ། །ཇི་ལྟར་ནི་ཇི་བཞིན་དུའོ། །དེ་དག་གི་དབྱེ་བའི་ཁྱད་པར་ཤེས་པ་ནི་རྟོགས་པའོ། །དེ་བཞིན་དུ་ནི་དེ་ལྟར་རོ། །བྱང་ཆུབ་སྨོན་པ་དང་འཇུག་པའི་སེམས་འདི་དག་གཉིས་ཀྱི་བྱེ་བྲག་ནི་དབྱེ་བ་ཡིན་ལ། ཤེས་པར་བྱ་བ་ནི་རྟོགས་པར་བྱ་
བའོ། །མཁས་པས་ཤེས་པ་ནི་ཤེས་པས་སོ། །ཇི་ལྟར་ཞེ་ན། རིམ་བཞིན་ཏེ། སྔར་གྱིས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྟན་པ་དང་། ཕྱིས་ཀྱིས་འཇུག་པའི་སེམས་ཞེས་པ་ནི་རིམ་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་འདི་སྒྲུབ་པ་དང་བྲལ་ཡང་འཁོར་བར་
འབྲས་བུ་ཆེན་པོ་འབྱུང་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་པ་ནི་བྱང་ཆུབ་སྨོན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ད་སྒྲུབ་པ་དང་བྲལ་བ་ཡིན་དུ་ཆུག་མོད་ཀྱི། དེ་ལྟ་ནའང་སངས་རྒྱས་ཉིད་ཀྱི་རྒྱུ་ཉིད་དུ་རེ་ཞིག་གཞག་སྟེ། དགེ་བ་གཞན་ལས་ཆེན་པོ་ཡིན་
པར་རྟག་པར་ཡང་འབྲས་བུ་འབྱིན་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ཡང་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་
ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་
གྱིས་གནོན་ཅིང་། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ་ཞེས་གསུངས་སོ། །དེ་བས་ན་གང་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་སློབ་པར་མི་ནུས་པ་དེས་ཀྱང་

བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་མ་ཡིན་ཏེ། འདི་ལྟར་ཐབས་ཡོངས་སུ་བཟུང་བས་འབྲས་བུ་ཆེན་པོ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་བྱ་བ་མང་བ། བྱེད་པ་
མང་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། དད་པ་
དང་། དོན་དུ་གཉེར་བ་དང་། སྨོན་པ་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་ཟུང་སྟེ་སྒོམས་ཤིག །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་
ཐོས་དང་། རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་ཐམས་ཅད་དང་། བདག་གི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཤིང་གཞོལ་ཏེ་བརྫིས་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་གྱིས་ཤིག །
རྗེས་སུ་ཡི་རང་བས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱ་བར་ཕུལ་ཅིག །ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་
བར་དུ་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ན་རྒྱལ་པོ་ཡང་བྱེད་ལ། རྒྱལ་པོའི་བྱ་བ་
ཡང་ཉམས་པར་མི་འགྱུར་ཞིང་། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ནས། རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས་ལེན་དུ་མར་ལྷའི་ནང་དུ་སྐྱེས་

ཤིང་། ལེན་དུ་མར་མིའི་ནང་དུ་སྐྱེས་ཏེ། ལྷ་དང་མི་ཐམས་ཅད་དུ་སྐྱེས་པ་ན་དབང་པོ་བྱེད་པར་གྱུར་ཀྱང་ད་དུང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །དེས་ན་སྤྱོད་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ཀྱང་བརྙེས་པར་མི་བྱ་སྟེ། དེས་ཀྱང་འཁོར་བའི་བདེ་བ་མཐའ་
ཡས་པ་སྐྱེད་པའི་ཕྱིར་རོ། །གང་ཡང་སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་ཤིན་ཏུ་ཡང་འབྲས་བུ་ཆེན་པོ་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བར་སྟོན་པ་ནི། ཇི་ལྟར་འཇུག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་འཇུག་པའི་སེམས་ཀྱི་བསོད་ནམས་ཉིད་རྒྱུན་ཆགས་ཤིང་བར་
མེད་པའི་དགེ་བ་འབྱུང་ཞིང་འཇུག་པ་ལྟར་ཡང་འདི་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །འདི་ཉིད་བསོད་ནམས་རྒྱུན་ཆགས་ཉིད་ཡིན་པར་ཚིགས་སུ་བཅད་པ་གཉིས་ཀྱིས་བསྒྲུབ་པའི་ཕྱིར། གང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ནས་བཟུང་སྟེ་ཞེས་པ་ནི་གང་ནས་
བརྩམས་ནས་སོ། །གང་ལ་མཐའ་སྟེ་འདི་ཙམ་ཞེས་བྱར་མེད་པ་དེ་ནི་མཐའ་ཡས་པ་སྟེ། དེ་ནི་ནམ་མཁའི་ཁམས་ཀྱིས་ཁྱབ་པའི་སེམས་ཅན་གྱི་ཁམས་སོ། །རབ་ཏུ་གྲོལ་བའི་ཕྱིར་ནི་རབ་ཏུ་དགྲོལ་བར་བྱ་བའི་དོན་དུ་སྟེ། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་རྒྱུ་མཚན་དུའོ། །
སེམས་དེ་ཡང་དག་བླངས་གྱུར་པ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཡང་དག་པར་བླངས་ནས་འཇུག་པའོ། །ཇི་ལྟར་ཞེ་ན། མི་ལྡོག་པ་ཡི་སེམས་ཀྱིས་ཏེ། འཇུག་པ་ཉམས་པ་མེད་པའི་སེམས་ཀྱིས་སོ། །དེ་ནས་བཟུང་སྟེ་ཞེས་པ་ནི་དེ་དང་པོར་བྱས་ནས་
སོ། །གཉིད་ལོག་གམ་ནི་སེམས་གཉིད་ཀྱིས་ནོན་པ་ཡིན་ལ། བག་མེད་པ་ནི་རྣམ་པར་གཡེངས་པས་ཏེ། སེམས་ཀྱང་གཉི་ག་དང་འབྲེལ་ཏོ། །འདི་ཡང་ཉེ་བར་མཚོན་པ་ཙམ་ཡིན་ཏེ། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཟ་བ་དང་། བརྒྱལ་བ་ལ་སོགས་པའི་
གནས་སྐབས་ན་ཡང་ཞེས་བྱ་བ་ལ་སོགས་པར་བལྟ་བར་བྱའོ། །དུ་མ་ཞིག་ཅེས་པ་ནི་སྐད་ཅིག་སོ་སོ་ལ་རྣམ་པ་དུ་མའི་བསོད་ནམས་ཀྱི་རྒྱུན་མི་འཆད་པར་རྟག་ཏུ་བསོད་ནམས་ཀྱི་ཤུགས་རབ་ཏུ་འབྱུང་སྟེ། ནམ་མཁའ་དང་མཉམ་པ་ནི་སྐད་ཅིག་རེ་རེ་ལ་ནམ་མཁའི་ཚད་

ཙམ་མོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སྒྲུབ་པ་སྙིང་པོར་གྱུར་པར་བྱའོ། །འཕགས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། དེ་ལྟ་བས་ན་གཞོན་ནུ་ཁྱོད་ཀྱིས་སྒྲུབ་པ་སྙིང་པོར་གྱུར་པ་ལ་བསླབ་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ་ཞེས་གསུངས་སོ། །འདི་ལ་བསོད་ནམས་རྒྱུན་མི་འཆད་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། འདི་ཉིད་བསོད་ནམས་དཔག་ཏུ་མེད་པ་ཉིད་
ཡིན་ཏེ། ཉིད་ཀྱིས་ནི་བདག་གིས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ནི་བཀའ་སྩལ་པར་གྱུར་པའོ། །གང་དུ་ཞེ་ན། དཔུང་བཟངས་ཀྱིས་ཞུས་པ་ལས་ཏེ། དཔུང་བཟངས་ཀྱིས་ཞུས་པའི་མིང་ཅན་གྱི་མདོ་སྡེ་ལས་སོ། །ཇི་ལྟར་ཞེ་ན། འཐད་པ་དང་བཅས་པ་སྟེ།
རིགས་པ་དང་ལྡན་པར་རོ། །གང་གི་དོན་དུ་ཞེ་ན། དམན་མོས་སེམས་ཅན་དོན་དུ་སྟེ། དམན་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལའོ། །མོས་པ་ནི་དད་པའམ་འདུན་པའོ། །སེམས་ཅན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་དོན་དུ་འདི་ཡིན་པ་དེའི་ཕྱིར་ཏེ།
དགོས་པ་དེ་ལ་བཏང་ནས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཡང་རིགས་མ་ངེས་པ་ཡུན་རིང་པོ་ནས་ཚོགས་ཤིན་ཏུ་མང་བ་སོགས་པར་བྱེད་པ་ལ་འཇིགས་པ་རྣམས་ཀྱིས་ཐེག་པ་ཆེན་པོ་ལ་སེམས་བཟློག་ནས་ཡུན་ཤིན་ཏུ་ཐུང་ངུས་བསོད་ནམས་ཀྱི་ཚོགས་ཤིན་ཏུ་ཆུང་བ་ཉན་ཐོས་དང་རང་སངས་རྒྱས་
ཀྱི་ཐེག་པ་ལ་སེམས་སྐྱེད་པར་བྱེད་དེ། དེ་བཟློག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་འཐད་པ་གསུངས་སོ། །འཐད་པ་དེ་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་སམ་སྨན་གྱིས་སྐྱེ་བོ་ཉུང་ཟད་ཀྱི་གླད་པའི་ནད་ཙམ་
བསལ་བར་བྱའོ་སྙམ་དུ་ཡིད་ལ་བྱེད་པ་ན་དགེ་བའི་བསམ་པ་ཅན་འདི་ལེགས་པར་སྤྱད་པ་ཚད་མེད་པ་དང་ལྡན་པར་བལྟ་བར་བྱ་བ་ཡིན་ན། འགྲོ་བ་ཚད་མེད་པ་ལས་སེམས་ཅན་རེ་རེའི་འཁོར་བའི་སྡུག་བསྔལ་ཚད་མེད་པ་བསལ་བར་འདོད་པ་ལྟ་ཅི་སྨོས། གཞན་ཡང་སེམས་ཅན་ཐམས་ཅད་

ཀྱི་ནད་དེ་བསལ་ནས་ཡོན་ཏན་ཐམས་ཅད་དང་ལྡན་པར་འདོད་པས་ན་བསོད་ནམས་ཚད་མེད་པར་འབྱུང་བར་ཅི་སྟེ་མི་འགྱུར། རྣམ་དབྱེ་བསྒྱུར་བས་སྦྱར་བར་བྱ་སྟེ། རྒྱུན་མི་འཆད་པར་བསོད་ནམས་ཤུགས་ནམ་མཁའ་མཉམ་པར་རབ་ཏུ་འབྱུང་བ་སྨོས་ཅི་དགོས་ཞེས་བྱའོ། །དེ་ལྟ་བས་ན་ཅི་ལྟར་
སངས་རྒྱས་ཉིད་ཚོགས་མང་པོས་བསྒྲུབ་པར་བྱ་བ་ཡིན་པ་དེ་བཞིན་དུ་སྐད་ཅིག་མ་རེ་རེ་ལ་ཚོགས་ཀྱང་རྒྱ་ཆེ་བའི་ཕྱིར་རྒྱུའི་ཁྱད་པར་ལས་ཐེག་པ་ཆེན་པོ་འདི་ཉིད་དུ་རྙེད་པ་ཆེན་པོ་ཡིན་ནོ། །དེའི་ཕྱིར་འཇིགས་པའི་གནས་མ་ཡིན་པ་ལ་སྐྲག་པས་འདི་ལ་ཕྱིར་ལྡོག་པར་མི་བྱའོ་ཞེས་བསྟན་
པར་འགྱུར་རོ། །གང་འདི་ནི། བྱང་ཆུབ་སེམས་ཀྱི་སྟོབས་ཉིད་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང་། །བསོད་ནམས་རྒྱ་མཚོ་སྡུད་བྱེད་པས། །ཉན་ཐོས་རྣམ་པས་མྱུར་དུ་འགྲོ། །ཞེས་འཆད་པར་འགྱུར་རོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་
གང་གིས་བརྩོན་པར་བྱེད་པ་དེ་ལྷ་ལ་སོགས་པ་རྣམས་ཀྱང་ཡོན་ཏན་ཐུན་མོང་མ་ཡིན་པ་དང་ལྡན་པས་བསྔགས་པར་བྱ་བ་བསྟན་པའི་ཕྱིར། ཕའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུ་ལ་སྟེ་སེམས་ཅན་ལའོ། །གང་གིས་སྐྱེད་པ་སྟེ་ཕ་དང་། སྐྱེད་བྱེད་མ་དང་། ལྷ་ནི་ཟླ་བ་དང་
ཆུ་ལྷ་ལ་སོགས་པ་རྣམས་དང་། དྲང་སྲོང་རྣམས་ནི་གནས་འཇིག་དང་། གཽ་ཏ་མ་དང་། ཚངས་པ་ལ་ཡང་ཞེས་བྱ་བ་ནི་རིག་བྱེད་ཅན་ལའོ། །འདི་འདྲ་བ་ནི་ཕན་སེམས་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཕན་པ་ལ་སྦྱོར་བའི་བློ་གྲོས་བཤད་མ་ཐག་པ་འདི་ལྟ་བུ་བྱུང་བ་དང་།
འབྱུང་བ་ལྟ་ཞོག་སྟེ། འབྱུང་བ་ཡང་འགྱུར་རམ་ཞེས་བྱ་བ་ཡིན་ལ། འབྱུང་བར་འགྱུར་བ་ཡང་བྱང་ཆུབ་སེམས་དཔའ་ལས་གཞན་འགའ་ཡང་མ་ཡིན་པ་ཉིད་དོ། །ཡང་ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། སེམས་ཅན་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་དག་ནི་མ་ལ་སོགས་
པ་ཡིན་ལ། རང་གི་དོན་དུའང་ཞེས་པ་ནི། བདག་ཉིད་ཀྱི་དབང་དུ་བྱས་ནས་ཀྱང་ངོ་། །ཡོན་ཏན་དཔག་མེད་ཏུ་བསྒྲུབ་པར་ཡིད་ལ་བསམས་པ་འདི་ལྟ་སྟེ། སྡུག་བསྔལ་ཐམས་ཅད་དང་བྲལ་བར་འདོད་པའོ། །སྔོན་མ་རྨིས་པ་ནི་སྔོན་མ་བྱུང་བའོ། །བློ་སྔོན་དུ་