Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 105

Văn bản gốc(Tây Tạng)

Trang 4 / 22 (50.000 ký tự/trang)
སོང་བའི་སད་པའི་

གནས་སྐབས་ནས་བྱུང་བ་ལྟ་ཞོག །རྨི་ལམ་ན་ཡང་ངོ་། །བརྒྱ་ལ་གཞན་གྱི་དོན་དུ་སྐྱེའོ་ཞེ་ན། གཞན་གྱི་དོན་དུ་ག་ལ་སྐྱེ། །ཞེས་གསུངས་ཏེ། འཇིག་རྟེན་ན་བདག་ལ་སོགས་པ་ཕོངས་པ་ཡིན་ལ། དེ་ཉིད་ལ་ཡང་མེད་པ་ཡིན་ན་གཞན་གྱི་དོན་དུ་ལྟ་ག་ལ་སྲིད།
ཡང་ན་གཞན་གྱི་དོན་དུ་རྨི་ལམ་ན་ཡང་ག་ལ་སྲིད། ཅེས་སྦྱར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པར་བསྟན་ནས། མཇུག་བསྡུ་བའི་ཕྱིར། སེམས་ཅན་རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་རྨད་དུ་བྱུང་བའི་ལས་བྱེད་པས་རྙེད་དཀའ་བའི་ཕྱིར།
སེམས་ཅན་ཉིད་རིན་ཆེན་གྱི་ཁྱད་པར་རོ། །སྔ་ན་མེད་པ་ནི་སྔན་ཆད་མ་བྱུང་བའོ། །འདི་ཞེས་པ་ནི་འདིས་ཇི་ལྟར་བསྟན་པའི་ཡོན་ཏན་ཅན་ནོ། །རྨད་ཅིག་ཇི་ལྟར་འཁྲུངས་ཞེས་པ་ལ། ཇི་ལྟར་ནི་རྨད་དུ་བྱུང་བའོ། །ཡང་ཅིའི་ཕྱིར་འདི་ལྟར་བརྗོད་ཅེ་ན། གཞན་དག་ཅེས་གསུངས་ཏེ།
བདག་ཉིད་ཆེན་པོ་གང་གཞན་གྱི་དོན་དུ་སེམས་སྐྱེ་བ་དེ་ནི་བསྟན་པའི་རིམ་པ་བཞིན་དུ་སེམས་ཅན་གཞན་དག་ལ་རང་གི་དོན་དུ་ཡང་མི་འབྱུང་བའི་ཕྱིར་རོ། །འདིར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡོན་ཏན་གཞན་ཡང་བརྗོད་པར་བྱ་སྟེ། འཕགས་པ་སྡོང་པོ་བཀོད་པ་ལས། བཅོམ་
ལྡན་འདས་འཕགས་པ་བྱམས་པས་འཕགས་པ་ནོར་བཟངས་ཀྱི་དབང་དུ་མཛད་ནས་གསུངས་པ་དེ་ཡང་བསྟན་བཅོས་མཛད་པ་ཉིད་ཀྱིས་བསླབ་པ་ཀུན་ལས་བཏུས་པར་ཤིན་ཏུ་རྒྱས་པར་བསྟན་པས་དེ་ཉིད་དུ་ཤེས་པར་བྱའོ། །ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པའི་སྒོ་ནས།
བྱང་ཆུབ་སེམས་དཔའི་བསོད་ནམས་ཚད་མེད་པའི་བསོད་ནམས་ཉིད་འགྲོ་བ་ཀུན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཀུན་གྱི་རྒྱུ་ལྷ་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་རིན་ཆེན་སེམས་ཏེ། བྱང་ཆུབ་ཀྱི་སེམས་
ཀྱི་བསོད་ནམས་ཚད་མེད་པའི་བསོད་ནམས་གང་ཡིན་པ་དེ་ནི་ཇི་ལྟར་གཞལ་གྱིས་ལང་སྟེ། རྣམ་པ་གང་གིས་བགྲང་བར་ནུས་ཏེ། འདི་ཤིན་ཏུ་རྒྱ་ཆེ་བས་གཞལ་བར་མི་ནུས་པའི་ཕྱིར་རོ། །འདི་ནི་འཕགས་པ་དཔས་སྦྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་

གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །སྤྱིར་བསྟན་དུ་ཟིན་ཀྱང་དེ་ལྟ་ནའང་འཇུག་པའི་སེམས་ཀྱིས་ཡིན་པར་བལྟ་བར་བྱ་སྟེ། དེ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །ཡང་དེ་ཉིད་ཀྱི་
ཁྱད་པར་སེམས་ཅན་ཞེས་བྱ་བ་ལ། སེམས་ཅན་སྡུག་བསྔལ་རྩིར་གྱུར་པ་ནི་སྲོག་ཆགས་ཐམས་ཅད་ཀྱི་ལུས་དང་སེམས་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་ལྡོག་པར་བྱེད་པ་ཡིན་པས་ནད་ཐམས་ཅད་འཇོམས་པའི་སྨན་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདིས་
བྱང་ཆུབ་ཀྱི་སེམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཡིན་པར་བསྟན་ཏོ། །དེ་བས་ན་འདིའི་བསོད་ནམས་བགྲང་དུ་མེད་པར་རིགས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཡང་འདི་ཅི་ལྟར་རིགས་པ་ཡིན་སྙམ་དུ་དོགས་པ་ལ། དེ་བསྟན་པའི་ཕྱིར། ཕན་པར་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། འགྲོ་བ་ཐམས་ཅད་བསྐྱབ་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག །ཅེས་ལྷག་པའི་བསམ་པས་སྨོན་ཅིང་འདོད་པ་འབའ་ཞིག་སྒྲུབ་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ལས་བསོད་ནམས་གང་ཞིག་འབྱུང་བ་སྟེ། སངས་རྒྱས་མཆོད་ལས་ཁྱད་པར་འཕགས། །ཞེས་
བྱ་བའི་དོན་ཏེ། དེ་ལྟར་བསོད་ནམས་ཀྱི་ཕུང་པོ་སྐྱེ་བའི་རྒྱུ་ཡིན་པར་ལུང་ལས་འབྱུང་བ་ཉིད་དོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོའི་ཆེ་བའི་བདག་ཉིད་བསྟན་པ་ཡིན་ནོ། །འདི་ཡང་དེ་ཉིད་དུ། གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ནི་མི་གང་གིས། །
རིན་ཆེན་བདུན་གྱིས་བཀང་བྱས་ཏེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། །གང་ལ་མཐའ་ནི་མ་མཆིས་པའི། །མཆོད་པ་འདི་ནི་ཁྱད་པར་འཕགས། །ཞེས་སོ། །སྡུག་བསྔལ་བའི་སྐྱེ་བོ་ཐམས་
ཅད་ཀྱི་སྡུག་བསྔལ་ཐམས་ཅད་བསལ་ནས་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་བྱའོ་ཞེས་འདི་ལྟར་བརྩོན་པར་བྱེད་པ་ལ་བསོད་ནམས་ཁྱད་པར་ཅན་དུ་ཅིའི་ཕྱིར་མི་འགྱུར། ཕན་པ་དང་མི་ཕན་པ་འཐོབ་པ་དང་སྤོང་བ་དག་སེམས་ཅན་རང་ཉིད་མཁས་པ་མ་

ཡིན་ནམ། བརྩོན་པ་དེ་གང་དུ་དགོས་ཤེ་ན། ཚིགས་སུ་བཅད་པ་གསུམ་གྱིས་ལན་བསྟན་པའི་ཕྱིར། སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་ལས་བྲལ་བར་འདོད་པ་རྣམས་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་རྣམས་ཀྱིས་
བཀྲེས་པ་ལ་སོགས་པའི་སྡུག་བསྔལ་ཕྱིར་འཆོས་པར་འདོད་པ་དག་དམྱལ་བ་ལ་སོགས་པའི་གཡང་སའི་སྡུག་བསྔལ་ཉིད་མྱོང་བའི་རང་བཞིན་ལ་མངོན་པར་རྒྱུག་གོ། །དེ་ཉིད་ལ་ཕྱོགས་ཤིང་འཇུག་པ་ཡིན་ཏེ། ཕྱེ་མ་ལེབ་མར་མེའི་རྩེ་མོ་ལ་མཆོངས་པ་བཞིན་དུ་སྡུག་བསྔལ་
ཉིད་ལ་རབ་ཏུ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བདེ་བ་འདོད་པ་ཉིད་ནི་བདེ་བ་མངོན་པར་འདོད་པ་ཉིད་རང་གི་བདེ་བ་དགྲ་ལྟར་འཇོམས་སོ། །རང་གི་བདེ་བ་གཞོམ་པའི་ཕྱིར་རང་ཉིད་དགྲ་ལྟ་བུར་འགྱུར་བ་ཅི་ལྟ་བུ་ཞེ་ན། གཏི་མུག་པས་ཞེས་པ་སྟེ། ཕྱིན་ཅི་ལོག་
གི་དབང་དུ་གྱུར་པ་སྟེ། ཕན་པ་དང་མི་ཕན་པ་འཐོབ་པ་དང་སྤོང་བ་ཤེས་པ་མེད་པའི་ཕྱིར་རོ། །དེ་བས་ན་གང་ཞིག་ཅེས་པ་ནི་བསོད་ནམས་ཀྱི་བདག་ཉིད་ཅན་རྒྱུ་མེད་པར་མཉེས་གཤིན་པའོ། །དེ་བས་ན་ཕོངས་པ་ནི་བདེ་བ་འདོད་པ་རྣམས་རྣམ་པ་ཐམས་ཅད་དུ་བདེ་བ་མ་རྙེད་
པའོ། །སྡུག་བསྔལ་ནི་གཟིར་བའོ། །མང་ལྡན་ཞེས་པ་ནི་སྡུག་བསྔལ་རྣམ་པ་བརྒྱ་ཕྲག་དུ་མ་མང་པོས་གནོན་པ་རྣམས་སོ། །དེ་དག་ལ་ཞེས་པ་ནི་ཕྱིན་ཅི་ལོག་ཅན་ལའོ། །ལུས་ལས་བྱུང་བ་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་བདེ་བ་ཀུན་གྱིས་ཚིམ་པ་དང་སྟེ་ངོམས་
པར་བྱེད་པའོ། །ཡང་ན་མང་ལྡན་ནི་ཚིམ་པ་རྣམ་པ་དུ་མར་བདེ་བ་ཀུན་གྱིས་བྱེད་དོ་ཞེས་སྦྱར་བར་བྱའོ། བདེ་བ་ཙམ་གྱིས་ཚིམ་པ་སྐྱེད་པ་ནི་མ་ཡིན་གྱི་འོན་ཀྱང་སྡུག་བསྔལ་ཐམས་ཅད་དེ། གཟིར་བ་མཐའ་དག་གི་ཚོར་བ་གཅོད་བྱེད་ཅིང་སྟེ་ཞི་བར་ཡང་བྱེད་དོ། །སྡུག་བསྔལ་ཞི་
བར་བྱེད་པ་འབའ་ཞིག་ནི་མ་ཡིན་གྱི་བདེ་བས་ཚིམ་པར་བྱེད་པ་ཡང་ཡིན་ནོ། །གཏི་མུག་ཀྱང་ནི་སེལ་བྱེད་པ། །ཞེས་བྱ་བ་ནི་ཡོངས་སུ་མི་ཤེས་པ་ཡང་ཟློག་པར་བྱེད་པ་སྟེ། འདི་ནི་ལམ་མིན་འདི་ནི་ལམ་ཡིན་འདི་ལས་འཇིགས། །འདི་ནས་འདེང་ངོ་སྒྱིད་ལུག་པར་ནི་མ་

བྱེད་ཅིག །ཅེས་དོར་བར་བྱ་བ་དང་བླང་བར་བྱ་བའི་ལམ་སྟོན་པའི་ཕྱིར་རོ། །དེ་ལྟར་གང་ཞིག་གཞན་སྡུག་བསྔལ་བ་བཟློག་པ་ལས་གཞན་དབང་དུ་གྱུར་པ་དང་། འབྱུང་པོ་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པ་ལ་བརྩོན་པ་ཡིན་ནོ། །དེ་དང་དགེ་མཚུངས་ག་ལ་ཡོད། ཅེས་པ་
ནི་བདག་ཉིད་ཆེན་པོ་དེ་དང་མཚུངས་པའི་ལེགས་པ་ནི་གང་ལ་ཡོད་ཅིང་། གང་ནའང་ཡོད་པ་མ་ཡིན་ནོ། །རྒྱུ་མེད་པར་མཆོག་ཏུ་མཉེས་གཤིན་པའི་ཕྱིར་རོ། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད་དེ། ཕན་པ་དང་བདེ་བ་ལ་སྦྱོར་བར་གཞོལ་བའི་ཡིད་ཅན་མཆོག་ཏུ་ཡིད་
ཆེས་པའི་གནས་ཏེ་དེ་འདྲ་ནི་དེ་དང་མཚུངས་པའོ། །བཤེས་པ་ནི་ག་ལ་ཡོད་དེ་སྲིད་པ་མ་ཡིན་ནོ། །བསོད་ནམས་དེ་འདྲའང་ག་ལ་ཡོད་དེ། །དེ་འདྲ་བར་གནས་པའི་བྱང་ཆུབ་སེམས་དཔའི་བསོད་ནམས་གང་ཞིག་སྐྱེས་པ་དེ་ཡང་བསོད་ནམས་གང་དང་ཡང་མཉམ་པ་མ་ཡིན་ནོ། །ཡང་
དེ་ལྟར་ཅིའི་ཕྱིར་བརྗོད་ཅེ་ན། ཕན་བཏགས་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་འཇིགས་ཤིང་དོགས་པ་དང་ཉོན་མོངས་པ་རྣམས་ལ་ཕན་བཏགས་པ་ན་འདིས་ཕན་བཏགས་སོ་ཞེས་གང་ཞིག་ལན་དུ་ཕན་འདོགས་པ་དེའང་རེ་ཞིག་འདི་ནི་ལེགས་སོ་ཞེས་འཇིག་རྟེན་པས་བསྔགས་ཤིང་
བསྟོད་དོ། །གང་། མ་བཅོལ་ལེགས་པར་བྱེད་པ་ཡི། །ཞེས་པ་སྟེ། གསོལ་བ་མ་བཏབ་པར་དགེ་བ་ལ་སྦྱོར་བའི་བྱང་ཆུབ་སེམས་དཔའ་ལྟ་སྨོས་ཀྱང་ཅི་དགོས་ཤིང་གཞན་བརྗོད་ཅི་དགོས་ཏེ། དེའི་བསྔགས་པ་བྱ་བར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་ཆོས་ལ་
ལྟོས་ནས་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར། འགྲོ་བ་ཉུང་ཟད་ཅེས་པ་སྟེ། སེམས་ཅན་ཚད་ཡོད་པ་ལ་ཟས་དང་སྐོམ་ཙམ་སྦྱོར་ཞིང་སྟེར་བས་ན་བསོད་ནམས་བྱེད་པ་ཡིན་ནོ་ཞེས་འགྲོ་བ་ལས་དམ་པ་ལ་དགའ་བའི་འཇིག་རྟེན་རྣམས་ཀྱིས་བཀུར་ཞིང་
མཆོད་པར་བྱེད་དེ། སྦྱིན་པ་དེ་ཡང་སྐད་ཅིག་སྟེ། ཉི་མ་རངས་པའམ་དེའི་ཕྱེད་དུ་མ་ཡིན་ཏེ། འོན་ཀྱང་ཡུད་ཙམ་ཉིད་དོ། །ཟས་ཙམ་སྦྱིན་པར་བྱེད་པ་དང་། ཞེས་བྱ་བ་ནི་ཟས་ངན་ངོན་ནི་ཟས་ཏེ་གྱ་ནོམ་པ་མ་ཡིན་པའི་ཟས་སོ། །དེ་འབའ་ཞིག་ཉིད་ནི་དེ་ཙམ་སྟེ། རྣམ་པ་དེ་ལྟ་བུའི་

ཚོད་མ་དང་བྲལ་བའོ། །དེ་སྦྱིན་པར་བྱེད་པ་ནི་དེ་གཏོང་བར་བྱེད་པའོ། །ཅི་ལྟར་ཞེ་ན། བརྙས་བཅས་ནི་ཐོ་འཚམ་པ་དང་བཅས་པ་སྟེ། བཀུར་སྟི་སྔོན་དུ་མ་སོང་བར་སྦྱིན་པའི་ཁང་པར་བཅུག་ཅིང་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པས་བསྣུན་ཞིང་ཞེས་བྱ་བའི་ཐ་
ཚིག་ཡིན་ལ། འདི་ནི་བྱ་བའི་ཁྱད་པར་རོ། །ཡང་ཅི་ལྟ་བུར་གྱུར་པ་ཞེ་ན། ཉིན་ཕྱེད་འགྲངས་པར་བྱེད་ཅེས་པ་སྟེ། ཐུན་གཉིས་ཙམ་ཉེ་བར་རྟོན་པར་བྱེད་པའི་ཕྱིར་ཏེ། ཉི་མ་ཕྱེད་ན་ཟོས་ནས་ཡང་དགོངས་ཀ་ཟས་ཚོལ་བར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་
ནི་འདི་ལས་བཟློག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་སྙེད་ཅིག་ཅེས་མཚམས་ཆད་པ་མེད་པར་གྲངས་བརྒྱའམ་སྟོང་ངམ་ཞེས་པ་འདི་སྙེད་ལ་སྦྱིན་གྱི་དེ་ལས་གཞན་པ་མ་ཡིན་ནོ་ཞེས་སེམས་ཅན་བགྲངས་ནས་སྦྱིན་པར་བྱེད་པ་ནི་མ་
ཡིན་ཏེ། འོན་ཀྱང་མཚམས་ཆད་པ་མེད་པའི་སེམས་ཅན་ལའོ། །དུས་ངེས་པ་ཅན་ཡང་མ་ཡིན་ཏེ། འོན་ཀྱང་དུས་རིང་དུ་སྟེ། བསྐལ་པ་བརྒྱ་དང་། སྟོང་དང་། འབུམ་དང་། བྱེ་བ་ཕྲག་བརྒྱའི་བར་དུ་སྦྱིན་པར་བྱའོ། །དེ་ལས་གཞན་དུ་ནི་མ་ཡིན་ནོ་ཞེས་སྦྱིན་པར་བྱེད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་
སྦྱིན་པར་བྱེད་ཅེ་ན། ནམ་མཁའ་ཞེས་གསུངས་པ་ལ། ནམ་མཁའ་དང་འདྲ་བའི་སྐྱེ་བོ་ནི་ནམ་མཁའི་སྐྱེ་བོ་སྟེ། དཔེར་ན་ནམ་མཁའ་ལ་མཐར་ཐུག་པ་མེད་པ་དེ་བཞིན་དུ་སྐྱེ་བོ་ཡང་ཞེས་བྱ་བའི་དོན་ཏོ། །ཡང་ན་ནམ་མཁའ་དང་སྐྱེ་བོ་ནི་ནམ་མཁའི་སྐྱེ་བོ་སྟེ། དེ་རྣམས་ཟད་པ་ནི་
གཏུགས་པའོ། །ནམ་མཁའི་ཁམས་ཇི་སྲིད་པ་དང་སེམས་ཅན་རྣམས་མྱ་ངན་ལས་མ་འདས་པའི་བར་དེ་སྲིད་ཀྱི་མཚམས་ཏེ། གང་། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ཏེ། །ཞེས་གང་འཆད་པར་འགྱུར་བའོ། །
དེའི་ཕྱིར་མི་ཟད་པ་ནི་ཟད་པ་མེད་པ་སྟེ། འདི་ལ་མཐའ་མེད་དོ་ཞེས་བྱས་ནས་སོ། །འདིར་དགོངས་པ་ནི་འདི་ཡིན་ཏེ། ནམ་མཁའ་དང་སྐྱེ་བོ་མ་ཟད་ཀྱི་བར་དུ་སྦྱིན་པ་གང་ཡིན་པ་དེ་ནི་དངོས་པོ་ལ་ཟད་པ་མེད་པ་ཉིད་ཡིན་ཏེ། དེ་དག་ལ་ཡོངས་སུ་ཟད་པ་མེད་པའི་ཕྱིར་རོ། །དངོས་པོ་

སོ་སོར་ངེས་པ་ནི་མ་ཡིན་ཏེ། འོན་ཀྱང་ཡིད་ལ་བསམ་པ་མཐའ་དག་ཡང་དག་པར་རྫོགས་པར་བྱེད་པ་ཡིན་ཏེ། གང་གིས་མངོན་པར་འདོད་པ་ཁ་ན་མ་ཐོ་བ་མེད་པས་བསམ་པ་ཚིམ་པར་བྱེད་པ་དེ་དག་ཐམས་ཅད་མཆོག་ཏུ་བརྩེ་བ་དང་། གུས་པ་དང་། བཀུར་སྟི་དང་། སྙན་པར་སྨྲ་བ་
སྔོན་དུ་སོང་ཞིང་ཡིད་རབ་ཏུ་དགའ་བས་རབ་ཏུ་སྟེར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ལྟ་ཅི་ཞིག་སྨོས་ཏེ། མཆོད་པར་རིགས་པ་ཡིན་པས་དེ་ལ་ཤིན་ཏུ་རིགས་སོ་ཞེས་སྦྱར་རོ། །གང་སྲེད་མེད་ཀྱི་བུས་ཞུས་པ་ལས། དངོས་པོ་སྦྱིན་པར་བྱ་བ་གང་ལ་དེ་གཏོང་བའི་སེམས་མི་སྐྱེ་བ་
དང་། གཏོང་བའི་བློ་མི་འཇུག་པ་ཞེས་བྱ་བ་ནས་བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་ཡོངས་སུ་གཏོང་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་ཀྱིས། སེམས་ཅན་གང་དང་གང་ལ་ཅི་དགོས་པར་འགྱུར་བ་དེ་དག་ལ་དེ་དང་དེ་སྦྱིན་ནོ། །ཡོད་དེ་ཡོད་
ན་ལག་པ་འདོད་པ་ལ་ལག་པ་ཞེས་བྱ་བ་ནས་མགོ་བོ་འདོད་པ་ལ་མགོ་བོ་ཡོངས་སུ་གཏོང་ན། ཕྱི་རོལ་གྱི་དག་ལ་འདི་ལྟ་སྟེ། ནོར་དང་། འབྲུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རིན་པོ་ཆེ་དང་། རྒྱན་དང་། རྟ་དང་། གླང་པོ་ཆེ་དང་། ཤིང་རྟ་དང་། བཞོན་པ་དང་། གྲོང་དང་།
གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་སྲིད་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ཚོང་འདུས་དང་། ཚོང་རྡལ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། བུ་དང་། བུ་མོ་དང་། གཡོག་རྣམས་ལྟ་ཅི་
སྨོས་ཏེ་ཞེས་རྒྱས་པར་གསུངས་སོ། །དེ་ལྟར་ཡང་ཡོན་ཏན་རིན་པོ་ཆེ་གསུམ་བསྡུས་པའི་གནས་གཞན་ལ་གཅིག་ཏུ་ཕན་པ་བསྒྲུབ་པ། མཆོག་ཏུ་བརྟུལ་ཞུགས་ཆེ་བའི་བྱང་ཆུབ་སེམས་དཔའ་ལ་བདག་ཉིད་ལ་ཕན་པར་འདོད་པས་རང་གི་སེམས་བསྲུང་བ་ལ་འབད་པར་བྱའོ་ཞེས་
བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་འདྲ་ནི་དེ་ལྟར་བརྗོད་པའི་རིམ་པས་སོ། །སྦྱིན་བདག་ལ་ཞེས་པ་ནི་ཐམས་ཅད་དུ་བདེ་བ་སྟེར་བའི་བདག་པོ་རྒྱལ་བའི་སྲས་ལ་སྟེ། བདེ་བར་གཤེགས་པའི་སྲས་པོ་བྱང་ཆུབ་སེམས་དཔའ་ལ་ཞེས་བྱ་བའི་དོན་ཏོ། །

ངན་སེམས་ནི་སྡིག་པའི་སེམས་སོ། །རང་གི་ཡིད་ལ་ནི་རང་གི་རྒྱུད་ལའོ། །བྱེད་པ་ནི་སྐྱེད་པའོ། །གང་བདག་ཉིད་ངན་པ་དེ་དམྱལ་བ་རྣམས་སུ་གནས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་བཀའ་སྩལ་ཏོ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་
པར་ནི་སྟེ། དེའི་རྒྱུད་ལ་ངན་སེམས་ཀྱི་ཡིད་བསྐྱེད་པའི་སྐད་ཅིག་ཇི་སྙེད་ཀྱི་བསྐལ་པར་ངན་སེམས་ཀྱི་ཡིད་ཀྱི་གྲངས་བཞིན་དུ་དམྱལ་བར་འགྱུར་རོ་སྙམ་དུ་དགོངས་པའོ། །གང་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་བསྟན་པའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་
སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་སྐྱེད་ཅིང་བརྙས་པའི་སེམས་བསྐྱེད་པ་དེ་སྲིད་དུ་དེས་བདག་བསྐལ་པར་དམྱལ་བར་གནས་པར་བྱའོ་ཞེས་གོ་ཆ་བགོ་བར་བྱའོ་ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་སེམས་བསྐྱེད་པའི་སྐད་ཅིག་གི་གྲངས་
བཞིན་དུ་བསྐལ་པར་མནར་མེད་པར་གནས་པར་ནི་མ་གསུངས་པ་མ་ཡིན་ནམ། འཇིག་རྟེན་གསུམ་ན་དེ་བཞིན་གཤེགས་པ་ལས་ལྷག་པ་ནི་ཡོད་པ་མ་ཡིན་ན། དེ་ཇི་སྲིད་ན་ཤིན་ཏུ་དོགས་པར་ཁྱེར་བར་བྱེད་ཅེ་ན་བདེན་ཏེ་ཚུལ་འདི་ལ་སྒྲ་ཇི་བཞིན་དུ་དངོས་པོ་ཉིད་རྣམ་པར་གཞག་པ་ནི་མ་ཡིན་
ཏེ། གསུང་རབ་ཐམས་ཅད་ལ་དྲང་བ་དང་ངེས་པའི་དོན་དུ་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་འགས་ཀྱང་ངན་སེམས་སྐྱེད་པར་མི་ནུས་ཏེ། བསྐལ་པ་གྲངས་མེད་པར་སེམས་ཅན་ཐམས་ཅད་ལ་བྱམས་པའི་ཐུགས་
གོམས་པར་བསྒོམས་པའི་ཕྱིར་འདིའི་སྐུ་ལ་མཚོན་གྱིས་མི་ཚུགས་སོ་ཞེས་བྱམས་པའི་སེམས་ཀྱི་ཕན་ཡོན་བསྟན་པའི་ཕྱིར་རོ། །འདིར་ལས་ཀྱི་རྣམ་པར་སྨིན་པ་ནི་དངོས་པོ་ལ་མ་བསྟན་ཏེ། སངས་རྒྱས་རྣམས་ནི་ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟ་
བས་ན་གདུལ་བྱའི་བསམ་པ་ལ་དགོངས་ནས་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་པ་ནི་སངས་རྒྱས་ཉིད་རྩ་བ་དང་བཅས་པ་བཅོམ་ཞིང་ཉེ་བར་བཅོམ་པ་ཡིན་ཏེ། དེ་ལྟར་ན་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་ཉེ་བར་བཅོམ་

པར་འགྱུར་རོ། །ལུང་ཇི་ལྟ་བར་འདིར་བསྟན་པ་ཡིན་ཏེ། འདི་ལ་དོན་དམ་པར་ནི་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་ཏོ། །འདི་ཡང་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་གང་གཱའི་ཀླུང་གི་བྱེ་
མ་སྙེད་ཀྱི་མཆོད་རྟེན་བཤིག་པའམ། བསྲེགས་ལ། ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གནོད་སེམས་དང་ཐ་བ་དང་ཁོང་ཁྲོ་བའི་སེམས་བསྐྱེད་ཅིང་སྤྱོས་ཏེ་བརྒྱད་ན་འདི་ནི་དེ་བས་
ཆེས་གྲངས་མེད་པའི་སྡིག་པ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །སངས་རྒྱས་ལས་བྱུང་བ་ནི་མཆོད་རྟེན་དང་། བདེ་བའི་ཡོ་བྱད་ཐམས་ཅད་དང་། ལྷའི་རིས་ཐམས་ཅད་དོ། །བྱང་ཆུབ་
སེམས་དཔའ་ལ་དམ་པ་མ་ཡིན་པར་བྱས་ན་སངས་རྒྱས་ཐམས་ཅད་ལ་དམ་པ་མ་ཡིན་པ་བྱས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལ་དམ་པར་བྱས་ན་སངས་རྒྱས་ཐམས་ཅད་ལ་དམ་པར་བྱས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་གང་ཞིག་དེ་ལ་སེམས་དང་
བ་བསྐྱེད་པ་དེའི་བསོད་ནམས་ཀྱི་འབྲས་བུ་ཇི་ཙམ་ཞིག་སྐྱེ་བར་འགྱུར་ཞེ་ན། གལ་ཏེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ལའང་གང་གི་བསོད་ནམས་ཀྱི་བདག་ཉིད་ཀྱིས་ཡིད་དང་བ་སྐྱེད་པར་བྱེད་ན། དེའི་འབྲས་བུ་ཡང་དེ་བས་ལྷག་པར་སྐྱེ་སྟེ། དེའི་
སེམས་དང་བ་འཕེལ་བ་ནི་ཉེ་བར་སྐྱེ་བར་འགྱུར་བའོ། །དེ་བས་ན་ལྷག་པ་ནི་སྔར་གྱི་སྡིག་པའི་འབྲས་བུ་དེ་བས་ཆེས་མང་བར་བསོད་ནམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཁྱད་པར་དུ་སྐྱེ་སྟེ་འབྱུང་བའི་ཕྱིར་རོ། །ཡང་ན་དེ་བས་ལྷག་པའི་རྣམ་པར་སྨིན་པའི་འབྲས་བུ་སྐྱེད་པར་བྱེད་པའི་
ལས་ཉིད་ལ་འབྲས་བུ་ཞེས་བརྗོད་དོ། །ཆེས་ལྷག་པར་འབྲས་བུ་སྐྱེད་པར་བྱེད་པའི་ལས་སྐྱེའོ་ཞེས་པའི་དོན་ཏོ། །ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་གལ་ཏེ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། ཕྱོགས་བཅུའི་འཇིག་རྟེན་

ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་བཏོན་པར་གྱུར་ལ། ཡང་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱམས་པའི་སེམས་ལ་གནས་པ་འགའ་ཞིག་དེ་དག་ཐམས་ཅད་ཀྱི་མིག་སྐྱེད་པར་བྱེད་པ་
བས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་སེམས་དང་བས་ལྟ་ན་འདི་ནི་དེ་བས་བསོད་ནམས་ཆེས་ལྷག་པར་སྐྱེའོ་ཞེས་གསུངས་སོ། །དེ་ལྟ་བས་ན་བསོད་ནམས་ཀྱི་ཞིང་ཆེན་པོ་ལ་
མཁས་པ་རྣམས་ཀྱིས་དགེ་བའི་སེམས་ཉིད་དུ་བྱའོ། །གཞན་ཡང་འདིའི་ཕྱིར་ཡང་དགེ་བའི་སེམས་ཉིད་སྐྱེད་པར་རིགས་པ་ཡིན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་དོ་གལ་ཆེན་པོས་ཀྱང་སྟེ། ཚེགས་ཆེན་པོས་སོ། །སྡིག་པ་ནི་སྡིག་པ་ཉིད་དམ་ངན་པའི་ཕྱིར་
སྡིག་པ་ཡིན་ཏེ། ཉེས་པར་བྱས་པའི་ལས་རྣམས་དོ་གལ་ཆེན་པོས་ཀྱང་སྟེ། གཞན་ཡང་ཆེན་པོས་བྱེད་ལ། དེ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་མཐའ་དག་དང་བས་སྐྱེད་པར་བྱེད་པའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་ཀྱི་མཐུ་ལས་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་
རྣམས་ལ་འགའ་ཞིག་གིས་གནོད་པ་བྱེད་པའི་སེམས་སྐྱེ་བར་མི་འགྱུར་རོ། །འདིར་ཡང་འཕགས་པ་འཇམ་དཔལ་གྱི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་དཔེར་ན་རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་ཅོད་པན་ལ་བཏགས་པའི་ཀླུའི་རྒྱལ་པོ་རྣམས་ལ་ཕ་རོལ་གྱི་གནོད་པ་
དང་འཇིགས་པ་མི་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་ཅོད་པན་ལ་བཅིངས་པའི་བྱང་ཆུབ་སེམས་དཔའ་ལ་ངན་སོང་དང་ངན་འགྲོའི་ཕ་རོལ་གྱི་གནོད་པ་དང་འཇིགས་པ་མི་འབྱུང་ངོ་ཞེས་གསུངས་པ་ཡིན་ན།
དེའི་ཕྱིར་དེ་རྣམས་ལ་དོན་མ་ཡིན་པ་འཕེལ་བའི་འབྲས་བུ་རྩུབ་པ་ཅིའི་ཕྱིར་འབད་ཅིང་རྩོལ་བར་བྱེད། དེ་ཉིད་ཀྱི་ཕྱིར། དགེ་བ་ངང་གིས་ཏེ། བསྡུ་བའི་དངོས་པོ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལས་བྱེད་པའི་ཕྱིར་དང་། ལས་ཡོངས་སུ་དག་

པས་གང་དུ་ཡང་འཁྲུལ་པ་མེད་པའི་ཕྱིར་དེ་རྣམས་ལ་ངང་གིས་དགའ་བ་དང་། དང་བ་དང་མཆོག་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཡང་འབད་པ་མེད་པར་དགེ་བ་ཉིད་སྐྱེད་པ་ཡིན་ནོ། །ད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་བསྟན་བཅོས་བྱེད་པ་བདག་ཉིད་ཀྱི་ཤིན་
ཏུ་ཡང་ཡིད་རབ་ཏུ་དང་བ་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་བ། གང་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་གླང་པོ་དེའི་སྐུ་ལས་ཏེ། སྐུ་ལུས་ལའོ། །ཕྱག་འཚལ་ཞིང་ཞེས་པ་ནི་རབ་ཏུ་འདུད་པའོ། །གང་ལ་སྟེ། དེ་རྣམས་ཀྱི་རྒྱུད་ལའོ། །སེམས་ཀྱི་དམ་
པ་རིན་ཆེན་དེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཕྱིར་སེམས་ཉིད་རིན་པོ་ཆེའོ། །དབུལ་བའི་སྡུག་བསྔལ་ཐམས་ཅད་སེལ་བའི་ཕྱིར་རབ་དམ་པ་སྟེ་མཆོག་གོ། །དེ་ནི་བསྟན་པའི་ཕན་ཡོན་ཅན་ཏེ་སྐྱེས་པ་ནི་བྱུང་བའོ། །དེ་ཡང་ཡིན་ལ་སེམས་ཀྱི་དམ་པ་རིན་ཆེན་ཡང་དེ་ཡིན་པས་
ཞེས་ཚིག་བསྡུ་བའམ། དེ་ཞེས་བྱ་བ་ནི་ལོགས་ཤིག་པའོ། །འདི་ནི་ཡོན་ཏན་གྱི་གཞི་ལ་ལྷག་པར་བཀུར་བ་ཡིན་ནོ། །དེའི་ཁྱད་པར་གཞན་ཡང་། གང་ལ་གནོད་པ་བྱས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ནི་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགེ་བའི་ཐུགས་མངའ་
བ་རྣམས་ལའོ། །གནོད་པ་བྱས་ཀྱང་ནི་བརྙས་པ་བྱས་ཀྱང་ངོ་། །བདེ་འབྲེལ་པ་ནི་དེ་བྱེད་པ་ལ་བདེ་བ་གོང་ནས་གོང་དུ་འཕེལ་བར་འགྱུར་བའོ། །དགོངས་པ་ནི་འདི་ཡིན་ཏེ། དེ་ལ་གནོད་པ་ནི་བྱ་བར་མི་ནུས་ལ། བརྒྱ་ལ་སྲིད་ན་ཡང་དེ་ལ་གནོད་པ་བྱེད་པ་ཉིད་རྒྱུ་མཚན་དུ་བྱས་ནས་
འཇུག་པ་དང་བའི་བསམ་པ་དང་ལྡན་པ་རྣམས་ལ་ཡང་རྒྱུ་མཚན་འགའ་ཞིག་གིས་དེ་ལ་སེམས་དང་བ་སྐྱེས་པས་དེ་ལ་གནོད་པ་བྱེད་པ་མྱ་ངན་ལས་འདས་པའི་བདེ་བ་དང་འབྲེལ་པར་འགྱུར་ཏེ། དཔེར་ན་བྱམས་པའི་སྟོབས་ཀྱི་སྐྱེས་པའི་རབས་སུ་ལྔ་དབང་དུ་བྱས་ནས་བརྗོད་པ་ལྟ་བུའོ། །
ཡང་ན་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་གནོད་པ་བྱས་པ་ཉིད་བདེ་བ་དང་འབྲེལ་པར་བརྗོད་དོ། །ཡང་ན། གང་དག་ལ་བདག་ཁ་ཟེར་བའམ། །གཞན་དག་གནོད་པར་བྱེད་པའམ། །དེ་བཞིན་ཕྱར་ཀ་གཏོང་བའང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །ཞེས་འཆད་པར་

འགྱུར་རོ། །གང་ལ་གནོད་པ་བྱས་ཀྱང་ནི། །གང་དག་བདག་ལ་གནོད་པ་བྱས་ཀྱང་སྟེ། བུ་སྡུག་པས་བྱས་པ་བཞིན་དུ་ཐུགས་རྗེ་ཆེན་པོའི་ལྷག་པའི་བསམ་པས་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱང་བདེ་བ་ཉིད་སྐྱེད་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ་བཟོད་པའི་ལེའུ་ལས་འཆད་པར་
འགྱུར་བ་བཞིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་དུ་བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་བརྟེན་པར་བྱ་བ་ཡིན་ཏེ། རིན་པོ་ཆེ་དོན་དུ་གཉེར་བ་རྣམས་ཀྱིས་རིན་པོ་ཆེའི་འབྱུང་ཁུངས་བཞིན་ནོ་ཞེས་བསྟན་པའི་ཕྱིར། བདེ་བའི་འབྱུང་གནས་དེ་ལ་
སྐྱབས་སུ་མཆི། ཞེས་པ་ལ། བདེ་བའི་འབྱུང་གནས་ནི་གཅིག་ཏུ་བདེ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ལ་སྟེ། ཇི་སྐད་དུ་བསྟན་པའི་རིམ་པས་གནོད་པ་བྱས་ཀྱང་བདེ་བའི་རྒྱུར་གྱུར་པ་ལ་སྐྱབས་སུ་མཆི་བ་ཡིན་ལ། དེ་ལ་བསྟན་པར་བགྱི་བ་སྟེ། དེ་རྣམས་ཀྱིས་བདག་གི་སྐྱབས་
མཛོད་ཅིག་ཅེས་བྱ་བར་དགོངས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱས་པ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་གྱི་ལེའུ་སྟེ་དང་པོའོ།། །།བམ་པོ་གསུམ་པ། ད་ནི་དེ་ལྟར་དལ་བ་ཕུན་སུམ་
ཚོགས་པ་རྙེད་པར་དཀའ་བ་ཐོབ་ཅིང་། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རིག་ནས། བྱང་ཆུབ་ཀྱི་སེམས་བླང་བའི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བྱས་ཏེ་ཕྱག་འཚལ་བ་དང་། མཆོད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་
དང་། རྗེས་སུ་ཡི་རང་བ་དང་། སངས་རྒྱས་ལ་བསྐུལ་བ་དང་། གསོལ་བ་གདབ་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་རྣམས་བྱ་བའི་ཕྱིར། རིན་ཆེན་སེམས་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཞེས་བྱ་བ་ནི་ཕན་ཡོན་བསྟན་མ་ཐག་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་
ལ། གཟུང་བའི་ཕྱིར་ནི་བདག་གིར་བྱ་བའི་ཕྱིར་ཏེ། དེ་སྐྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ནི་སངས་རྒྱས་རྣམས་ཏེ། བཅོམ་ལྡན་འདས་ལ་མཆོད་པའོ། །བདག་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ལེན་པ་པོར་བདག་ཉིད་བསྟན་པ་ཡིན་ཏེ། འདི་ནི་སངས་

རྒྱས་དཀོན་མཆོག་བསྟན་པ་ཡིན་ནོ། །དམ་པའི་ཆོས་དཀོན་མཆོག་ཅེས་པ་ནི་ལུང་དང་རྟོགས་པའི་མཚན་ཉིད་ཡིན་ལ། དྲི་མ་མེད་ཅེས་བྱ་བ་ནི་དགེ་བ་གསུམ་གྱིས་འཁོར་གསུམ་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། ཐམས་ཅད་དུ་དྲི་མ་ཐམས་ཅད་ཀྱི་གནས་མ་ཡིན་
པའི་ཕྱིར་དང་། ཉོན་མོངས་པ་ཞེས་བྱ་བ་ལ་གློ་བུར་བ་ཡིན་པའི་ཕྱིར་དང་། དྲི་མ་ཐམས་ཅད་སྤོང་བ་ལ་མཁས་པའི་ཕྱིར་རོ། །འདིས་ནི་དམ་པའི་ཆོས་དཀོན་མཆོག་བསྟན་པ་ཡིན་ནོ། །དེ་སངས་རྒྱས་སྲས་ཏེ། སངས་རྒྱས་ཀྱི་སྲས་པོ་ཡིན་ལ། ཡོན་ཏན་རྒྱ་མཚོ་རྣམས་ནི་ཡོན་ཏན་
རིན་པོ་ཆེའི་རྒྱ་མཚོ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་དབྱངས་ལ་སོགས་པ་ཡིན་ཏེ། འདིས་ནི་དགེ་འདུན་དཀོན་མཆོག་བསྟན་ཏོ། །འདི་ནི་དང་པོ་དཀོན་མཆོག་གསུམ་ལ་མཆོད་པའི་ཆོ་ག་ཡིན་ནོ། །མཆོད་ཅེས་པ་ནི་ཐམས་ཅད་དུ་སྦྱར་བར་
བྱའོ། །ལེགས་པར་ཞེས་པ་ནི་མཆོད་པ་ཉིད་ཀྱི་ཁྱད་པར་ཡིན་ཏེ། ལེགས་པར་ཕྱིན་ཅི་མ་ལོག་ལ་ཇི་ལྟ་བ་བཞིན་དུ་གྱུར་པའམ། སེམས་དང་བ་དྲག་པོས་སོ། །ཡང་ན་གཟུང་བའི་ཁྱད་པར་ཡིན་ཏེ། ལེགས་པར་ཞེས་པ་ནི་ཤིན་ཏུ་དང་བའི་སེམས་ཀྱིས་ལེགས་པར་གཟུང་བའི་ཕྱིར་ཡིན་ལ།
གཞན་གྱི་ངོ་བོ་ལ་སོགས་པར་ནི་མ་ཡིན་ཏེ། ཇི་ལྟར་བཟུང་བ་བཞིན་དུ་ཉམས་པར་མི་འགྱུར་བ་ཡིན་ནོ། །མཆོད་པ་ཉིད་བསྟན་པའི་ཕྱིར། མེ་ཏོག་འབྲས་བུ་ཇི་སྙེད་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་དག་གི་ཚད་གང་ཡིན་པ་ནི་ཇི་སྙེད་ཡོད་པ་སྟེ། ལྷག་མ་མ་ལུས་པའི་མེ་ཏོག་དང་འབྲས་
བུ་རྣམས་ཡིན་ནོ། །ནམ་མཁའ་རབ་འབྱམ་ཁམས་ཀྱི་མཐར་གཏུགས་པ། །ཡོངས་སུ་གཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་པར་དབུལ། །ཞེས་པ་གོང་མ་ཐམས་ཅད་ལ་སྦྱར་བར་བྱའོ། །སྨན་
གྱི་རྣམ་པ་ནི་སྨན་གྱི་བྱེ་བྲག་གོ། །དང་བ་ཡིད་དུ་འོང་བ་ཞེས་བྱ་བ་ནི་རིན་པོ་ཆེའི་ཁྱད་པར་རོ། །ས་འཛིན་ནི་རི་བོའོ། །རིན་ཆེན་རང་བཞིན་ནི་རིན་པོ་ཆེའི་རིའོ། །དབེན་ཞིང་ཉམས་དགའ་ཞེས་པ་ནི་ཡིད་འཕྲོག་ཅིང་དབེན་པ་སྟེ་རྗེས་སུ་མཐུན་པ་ཞེས་པའི་དོན་ཏོ། །མེ་ཏོག་མཛེས་

རྒྱན་འབར་བ་ཞེས་བྱ་བ་ནི། མཛེས་པའི་མེ་ཏོག་ཉིད་རྒྱན་ཡིན་ཏེ། བརྒྱན་པ་དེ་ཉིད་ཀྱིས་འབར་བ་སྟེ་ཤིན་ཏུ་ལྷག་གེ་བའོ། །འབྲས་བཟང་ཡལ་ག་དུད་པ་དང་། །ཞེས་པ་ལ། བཟང་བ་ནི་མཛེས་པ་སྟེ། ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པའི་འབྲས་བུ་དེ་དག་ཡིན་ཏེ།
དེ་རྣམས་ཀྱིས་དུད་པ་ནི་དམའ་བར་གྱུར་པ་སྟེ། ཡལ་ག་གང་ཞིག་ས་ལ་རེག་པ་བཞིན་དུ་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔག་བསམ་གྱི་ཤིང་ནི་དཔག་བསམ་གྱི་ལྗོན་པའོ། །པདྨས་བརྒྱན་པ་ནི་པདྨའི་རྒྱན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ངང་པ་ཤིན་ཏུ་སྐད་སྙན་ཡིད་
འོང་ལྡན། །ཞེས་པ་ནི་ངང་པ་རྣམས་ཀྱི་སྐད་ནི་སྒྲའོ། །ཤིན་ཏུ་ཡིད་དུ་འོང་བ་ནི་ཉམས་དགའ་བ་སྟེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མ་རྨོས་འཁྲུངས་པའི་ཞེས་པ་ནི་མ་རྨོས་པ་ཉིད་དེ་ཐོང་གཤོལ་གྱིས་གློགས་པ་མེད་པར་སྐྱེས་པ་རྣམས་ཡིན་ལ། སྐྱེས་པའི་ལོ་
ཐོག་གི་རྣམ་པ་ནི་འབྲུའི་ཁྱད་པར་རོ། །གཞན་ཡང་མཆོད་པར་ནི་འོས་པའི་རྒྱན་རྣམས་ཞེས་པ་ལ། གཞན་ཡང་ནི་ལོགས་ཤིག་པའོ། །མཆོད་པར་བྱ་བ་ནི་མཉེས་པར་བྱ་བ་ཡིན་ཏེ། རྒྱན་རྣམས་ནི་མཛེས་པར་བྱེད་པ་རྣམས་སོ། །ནམ་མཁའི་ཁམས་ཀྱི་རབ་འབྱམས་མཐར་
གཏུགས་པ། །ཞེས་བྱ་བ་ལ། ནམ་མཁའི་ཁམས་རབ་འབྱམ་ནི་སྐབས་སམ་རྒྱ་ཆེ་བའོ། །དེ་སྲིད་ཀྱི་མཐར་གཏུགས་པ་ནི་དེའི་མཐར་ཐུག་པའོ། །དེ་དག་ཀུན་ནི་བརྗོད་པ་དང་མ་བརྗོད་པ་དང་འདྲ་བ་ཡིན་ལ། ཡོངས་སུ་གཟུང་བ་མེད་པ་ནི་བདག་གི་བ་མ་ཡིན་པ་རྣམས་ཏེ། གང་
གིས་ཀྱང་རང་གིར་མ་བྱས་པ་ཞེས་བྱ་བའི་དོན་ཏོ། །བློ་ཡིས་བླངས་ནས་ཞེས་པ་ནི་ཡིད་ཀྱིས་ཞེས་པའོ། །ཐུབ་པ་སྐྱེས་ཀྱི་མཆོག་ནི་ཐུབ་པའི་ཁྱུ་མཆོག་སྟེ། སྲས་དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་དང་ངོ་། །ལེགས་འབུལ་ནི་ལེགས་པར་སྦྱིན་པའོ། །ཡོན་གནས་དམ་པ་ནི་ཡོན་
གྱི་སྣོད་བླ་ན་མེད་པའོ། །ཐུགས་རྗེ་ཆེན་པོ་རྣམས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དགོངས་པ་ཅན་ནོ། །བདག་ལ་ཞེས་པ་ནི་ཞན་ཅིང་སྡུག་བསྔལ་བའི་སེམས་ཅན་ལའོ། །བརྩེར་དགོངས་ནི་ཐུགས་རྗེ་མཛོད་ཅིག་པ་སྟེ། བདག་

རྗེས་སུ་གཟུང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་དག་ནི་འདི་དག་ཐམས་ཅད་དེ་དག་གིས་མཆོད་པར་སྦྱར་བའི་དངོས་པོའོ། །བཞེས་ཞེས་པ་ནི་བདག་གིར་མཛོད་ཅིག་པའོ། །དེ་ལྟར་ཡིན་ན་ཡང་འདི་ལྟར་ཡིད་ལས་བྱུང་བའི་མཆོད་པ་ཙམ་ཅིའི་ཕྱིར་བྱེད་དེ། །རེ་ཞིག་དངོས་པོ་ཡིད་དུ་
འོང་བ་དེ་དང་དེ་དངོས་སུ་ཅིའི་ཕྱིར་འབུལ་བར་མི་བྱེད་ཅེ་ན། བདག་ནི་བསོད་ནམས་མི་ལྡན་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་བསོད་ནམས་མ་བྱས་པ་དེ་ཉིད་ཀྱི་ཕྱིར་བཀྲེན་ཆེན་ཏེ། བསོད་ནམས་དག་གིས་ཡོ་བྱད་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ལ་དེ་དང་བྲལ་བའི་ཕྱིར་མཆོད་པའི་
ནོར་གཞན་ཏེ། ཡོ་བྱད་གང་ཅིའང་བདག་ལ་མ་མཆིས་པའོ། །དེས་ན་བདག་གི་དོན་སླད་ཅེས་བྱ་བ་ནི་བདག་གི་བསོད་ནམས་བཞེད་པ་སྟེ། བཅོམ་ལྡན་འདས་ཀྱང་གཞན་དོན་དགོངས་པ་ནི་གཞན་ལ་ཕན་པ་དང་བདེ་བར་བཞེད་པ་ཡིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །མཆོད་
པའི་ཡོ་བྱད་བརྗོད་པ་འདི་བདག་གིས་ཕུལ་བ་དེས་ན་མགོན་པོ་ཉིད་ཀྱི་མཐུས་ཏེ་ཉིད་ཀྱི་སྟོབས་བཞེས་ཤིག་པའོ། །ཡང་བདག་དབང་བའི་ལུས་འདི་ཡོད་པས་དེ་འབུལ་བར་བྱའོ་ཞེས་རྒྱལ་དང་ཞེས་པ་ལ་སོགས་པ་ལ་གསུངས་པ་ལ། རྒྱལ་བ་རྣམས་ལ་བདག་ཉིད་ཀྱང་དབུལ་
བར་བགྱི་སྟེ། རྣམ་པ་ཀུན་གྱིས་ཞེས་པ་ནི་རྣམ་པ་ཐམས་ཅད་དུ་བདག་གིར་ཁས་བླངས་པ་ཡོངས་སུ་དོར་ནས་སོ། །དེའི་སྲས་རྣམས་ལའང་སྟེ། སེམས་དཔའ་མཆོག་རྣམས་ལའོ། །བདག་ནི་ཡོངས་བཞེས་ཤིག་ཅེས་པ་ནི་བདག་སོ་སོ་ནས་ཡོངས་སུ་བཞེས་ཤིག་པའོ། །སྐྱེས་
བུ་ཁྱུ་མཆོག་ཁྱེད་ཀྱི་འབངས་སུ་བྲན་གྱི་དངོས་པོར་ཁས་བླང་བར་བགྱི་བ་སྟེ། འཚོ་བ་ལ་སོགས་པ་འཚོལ་བ་མ་ལགས་ལ། འོན་ཀྱང་གུས་པས་ནི་མཆོག་ཏུ་གུས་པ་སྟེ། སེམས་དད་པའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཡང་འདིར་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། བདག་
ནི་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱེད་ཀྱིས་ནི་ཁྱེད་རྣམས་ཀྱིས་སོ། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི་སྟེ། ཆེན་པོ་ལ་བརྟེན་ནས་འཇིགས་པ་དང་བྲལ་ནས་འཁོར་བར་འཇིག་རྟེན་པ་རྣམས་ལ་ཕན་པའི་དོན་བསྒྲུབ་པར་བགྱི་སྟེ། ཆེན་པོ་ལ་བརྟེན་ནའང་

ལས་མི་དགེ་བས་བསྒྲིབས་པ་དག་རང་ལ་ཕན་པ་བྱེད་པའི་ནུས་པ་ཡང་མེད་པས་སྔོན་གྱི་ཞེས་པ་ལ་སོགས་པ་གསུངས་ཏེ། སྔོན་མ་ཤེས་ནས་ལས་མི་དགེ་བ་བྱས་པ་ལས་ཡང་དག་པར་འདའ་བར་བགྱིད་ཅིང་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ལ་སོགས་པ་རྣམས་
ཀྱིས་སྤང་བར་བགྱིའོ། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ་ཞེས་པ་ནི་ཡང་སླན་ཆད་མི་བྱེད་པར་སྡོམ་པ་ལེན་པའོ། །དེ་ལྟར་ལུས་འབུལ་བ་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཕུལ་ནས་ཡང་མཆོད་པའི་ཁྱད་པར་བྱ་བ་བཞེད་ནས། རིན་ཆེན་འབར་བ་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། རིན་ཆེན་ནི་ཨིནྡྲ་ནཱི་ལ་ལ་སོགས་པའོ། །འབར་བ་ནི་འོད་གསལ་བའོ། །གང་ཀ་བ་ཡིད་དུ་འོང་བ་དེ་ནི་འདོད་པར་བྱ་བ་སྟེ། ཁྲུས་ཀྱི་ཁང་པ་དེར་དེ་བཞིན་གཤེགས་པ་རྣམས་ལ་བདག་གིས་ཁྲུས་གསོལ་ལོ་ཞེས་སྦྱར་རོ། །ཡང་ཇི་ལྟ་བུར་གྱུར་པ་ཞེ་ན། མུ་ཏིག་
རང་བཞིན་ཞེས་པ་མུ་ཏིག་གིས་སྤྲས་ཤིང་བཀོད་པའོ། །འོད་ཆགས་ནི་འོད་གསལ་བ་སྟེ། བླ་རེ་ཉིད་ནི་བླ་རེ་ཡིན་ལ། གང་དེ་དག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གསལ་བ་ནི་ཤིན་ཏུ་དྲི་མ་མེད་པ་སྟེ། འཚེར་བ་ནི་འོད་ཟེར་དང་ལྡན་པའོ། །འདི་ཤེལ་གྱི་ཡིན་པས་ཤེལ་ཞེས་པ་
སྟེ། བསྟར་བ་ནི་ས་གཞི་སྤྲས་པའི་ཁྱད་པར་རོ། །གང་དྲི་ཞིམ་པ་དེར་ཏེ་ཨ་ཀ་རུ་ནག་པོ་དང་ཙན་དན་ལ་སོགས་པས་བདུགས་ཤིང་བསྒོས་པའི་ཁྲུས་ཀྱི་ཁང་པ་དེར་ཡིད་འོང་དྲི་ཆུ་མེ་ཏོག་གིས་བཀང་བ་ནི་ཆུ་དང་། མེ་ཏོག་དང་། ཡིད་དུ་འོང་བའི་དྲི་དེ་རྣམས་ཀྱིས་བཀང་བའོ། །
རིན་ཆེན་རང་བཞིན་བུམ་པ་ནི་དེ་དག་བཻ་ཌཱུརྱ་ཆེན་པོ་ཡང་ཡིན་ལ་རིན་པོ་ཆེའང་ཡིན་ཏེ། དེའི་རང་བཞིན་ནོ། །དུ་མ་ཡིན་ཞེས་པ་ནི་བརྒྱ་དང་སྟོང་དང་བྱེ་བ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །གླུ་དང་རོལ་མོར་བཅས་པས་བདག་ཁྲུས་གསོལ། །ཞེས་པ་
ནི་ཡིད་འཕྲོག་པའི་གླུ་དང་གར་དང་རྫ་རྔ་ལ་སོགས་པའི་རོལ་མོ་དང་བཅས་པ་རྣམས་ཀྱིས་སོ། །དེ་དག་ནི་དེ་བཞིན་གཤེགས་པ་མཐའ་ཡས་པ་དང་དེའི་སྲས་སོ། །མཚུངས་པ་མེད་པ་ནི་མཉམ་པ་མེད་པ་སྟེ། གོས་ནི་དུ་ཀུ་ལའི་རས་ཡིན་ལ། གཙང་བ་ནི་དྲི་མ་བཀྲུས་པ་སྟེ། དྲི་

མ་མེད་པ་ཞེས་བྱ་བའི་དོན་ཏོ། །དྲི་རབ་བསྒོས་པ་ནི་ཨ་ཀ་རུ་ལ་སོགས་པའི་བདུག་སྤོས་རྣམས་ཀྱིས་སོ། །སྐུ་ནི་སྐུ་སྟེ། ཕྱི་བ་ནི་བྱི་དོར་བྱ་བའོ། །དེ་ནས་ཞེས་པ་ནི་ཕྱིས་པའི་འོག་ཏུའོ། །ལེགས་བསྒྱུར་བ་ནི་ལེགས་པའི་ཚོན་གྱིས་ཤིན་ཏུ་ལེགས་པར་བསྒྱུར་བ་སྟེ། ལེགས་པའི་
བདུག་སྤོས་རྣམས་ཀྱིས་བདུགས་པ་རྣམས་འབུལ་བའོ། །ན་བཟའ་དམ་པ་ནི་བླ་ན་མེད་པའི་གོས་སོ། །དེ་ལ་ནི་དེ་རྣམས་ཏེ། བཟང་པོ་ནི་ལྷ་ཡུལ་དུ་བྱུང་བ་ལྷ་ལ་འོས་པའོ། །སྲབ་པ་ཡང་ཡིན་ལ་རེག་བྱ་འཇམ་པ་ཡང་ཡིན་ཏེ། འཇམ་ཞིང་ཕྲ་བའོ། །སྣ་ཚོགས་པ་ནི་ཁ་དོག་དུ་མའོ། །
མཛེས་པར་བྱས་པ་སྟེ། གང་ལ་ན་བཟའ་ཡང་ཡིན་ལ་རྒྱན་མཆོག་ཀྱང་ཡིན་པ་དེས་ཏེ་ལྷབ་ལྷུབ་གཙོ་བོར་གྱུར་པས་སོ། །དེ་དང་དེ་དག་གིས་ཞེས་པ་ནི་ཅོད་པན་དང་། གདུ་བུ་དང་དཔུང་རྒྱན་དང་། དོ་ཤལ་དང་། རྐང་གདུབ་ལ་སོགས་པ་དེ་རྣམས་ཀྱིས་ཀུན་ཏུ་བཟང་པོ་དང་། མི་ཕམ་པ་དང་། འཇམ་
དབྱངས་དང་། འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བརྒྱན་པར་བགྱི་སྟེ་ཆས་སུ་བགྱིའོ། །སྟོང་གསུམ་ཀུན་དུ་ཞེས་པ་ལ། གླིང་བཞི་པ་སྟོང་དང་། དེ་བཞིན་དུ་སོ་སོར་ཟླ་བ་དང་ཉི་མ་དང་། རི་རབ་དང་། འདོད་པའི་ལྷ་དང་། ཚངས་པའི་འཇིག་རྟེན་རྣམས་ནི་སྟོང་སྤྱི་ཕུད་
དུ་འདོད་ལ། དེ་ལྟ་བུ་དེ་སྟོང་དུ་བསྒྲེས་པ་ནི་སྟོང་གཉིས་པ་བར་མ་ཡིན་ཏེ། དེ་སྟོང་ནི་སྟོང་གསུམ་ཡིན་ན་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་ཕྱོགས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དང་། སྟོང་གསུམ་ཐམས་ཅད་དུ་ངད་ལྡང་བར་བྱེད་པའི་
ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པ་དེ་ལྟ་བུའི་དྲིའི་བྱུག་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དྲི་མཆོག་དེ་རྣམས་ཀྱིས་ཏེ། གཞི་མཉམ་པ་དང་། ཙན་དན་ལ་སོགས་པ་རྣམས་ཀྱིས་སོ། །ཐུབ་དབང་གི་སྐུ་དེ་དག་བྱུག་པར་བགྱི་སྟེ་བསྐུ་བར་བགྱིའོ། །
ཇི་ལྟ་བུར་གྱུར་པ་གང་དག་ལ་ཞེ་ན། བཙོ་མ་ནི་ཁ་སྦྱར་དུ་བསྐོལ་བ་ལ་སོགས་པས་ནང་གི་དྲི་མ་ཡོངས་སུ་སྦྱངས་པའོ། །བྱི་དོར་བྱས་པ་ནི་རོ་ཙ་ན་ལ་སོགས་པའི་ནོར་བུས་ཕྱི་བདར་བྱས་པའོ། །སྦྱངས་པ་ནི་བུལ་ཏོག་དང་། སྐྱུ་རུ་ར་དང་། ལན་ཚྭ་ལ་སོགས་པས་ཕྱིའི་དྲི་མ་

བཀྲུས་པའོ། །དེ་ལྟ་བུར་གྱུར་པ་ཡང་ཡིན་ལ། གསེར་ཡང་ཡིན་པ་དེའི་འོད་ཆགས་ནི་འོད་ཟེར་ཞེས་པའི་དོན་ཏོ། །དེ་དང་འདྲ་བར་འབར་ཞིང་འོད་ཟེར་དང་ལྡན་པའོ། །འདི་ཡང་འཇིག་རྟེན་ལ་གྲགས་པས་བཤད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་མཛེས་
པ་ལ་ནི་འཇིག་རྟེན་ན་དཔེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ད་ནི་ཕྲེང་བའི་མཆོད་པ། ཐུབ་དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མན་ད་ར་ནི་ལྷ་རྣམས་ཀྱི་མེ་ཏོག་གི་ཁྱད་པར་རོ། །མ་ལི་ཀ་ནི་བར་ཤི་ཀའོ། །དེ་དག་ལ་སོགས་པ་ཐམས་ཅད་དེ། དྲི་ཞིམ་པའི་མེ་ཏོག་ཡིད་འཕྲོག་པ་
རྣམས་ཀྱིས་མཆོད་གནས་ཀྱི་མཆོག་ཐུབ་པའི་དབང་པོ་རྣམས་ལ་མཆོད་པར་བགྱིའོ། །མེ་ཏོག་ཀྱང་ཡིན་ལ་ཕྲེང་བ་ཡང་ཡིན་ཏེ། སྤེལ་ལེགས་ཡིད་འོང་ཞེས་པ་ནི་ལེགས་པར་བསྒྱུར་ཞིང་སྤྲས་པའི་ཁྱད་པར་ཏེ། འདོད་པར་འོས་པ་རྣམས་ཀྱིས་སོ། །སྤོས་ཀྱི་མཆོད་པ་སྤོས་མཆོག་ཅེས་
བྱ་བ་ལ་སོགས་པ་ལ་གསུངས་པ་ལ། རྒྱས་པ་ནི་སྡུག་པའོ། །ཁྱབ་པ་ནི་འཕྲོ་བའམ་དྲི་ཆེ་བར་ལྡང་བའོ། །དེ་ལྟ་བུའི་དྲི་བདུག་པའི་སྤྲིན་ཚོགས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བདུག་པ་དེ་རྣམས་སྤྲིན་ལྟ་བུར་ནམ་མཁའི་དཀྱིལ་དུ་འཁྲིགས་པའི་གཟུགས་ཅན་ཏེ།
སྐྱེས་བུ་སྟག་ལ་སོགས་པ་རྣམས་ཀྱི་ཞེས་པ་ལྟར་དཔེར་བྱས་པའི་ཚིག་བསྡུ་བའོ། །བདུག་པ་རྣམས་ཀྱི་ཚོགས་ཏེ་སྤྲིན་བཞིན་དུ་གྱེན་དུ་འགྲོ་བ་རྣམས་ཀྱིས་ཞེས་པའི་དོན་ཏོ། །དེ་ལ་ཞེས་པ་ནི་ཐུབ་པའི་དབང་པོ་ལའོ། །བདུག་པར་བགྱི་ཞེས་པ་ནི་བདུག་པ་རྣམས་ཀྱིས་ལྷག་པར་བསྒོ་
བར་བགྱིའོ། །བཤོས་གཙང་གི་མཆོད་པ། ཞལ་ཟལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞལ་ཟས་ནི་གང་ཞིག་ཞལ་བཀང་ནས་གསོལ་བའོ། །བཟའ་བ་ནི་གང་ཁམ་དུ་བཅད་ནས་ཏེ་སྣུམ་ཁུར་ལ་སོགས་པའོ། །བཏུང་བ་ནི་གང་བཏུང་བར་བྱ་བ་དེ་ཉིད་དེ། སྐོམ་ལ་སོགས་
པའོ། །སྣ་ཚོགས་པ་ནི་རྣམ་པ་དུ་མ་ལེགས་པར་སྦྱར་བ་དེ་རྣམས་ཀྱིས་སོ། །དེ་ལ་ཞེས་པ་ནི་ཐུབ་དབང་རྣམས་ལའོ། །དབུལ་བར་བགྱི་བ་ནི་སྦྱིན་པར་བགྱི་བའོ། །མར་མེའི་མཆོད་པ། གསེར་གྱི་པདྨ་ཞེས་པ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་ལས་གྲུབ་པའི་སྒྲོན་མ་

དེ་རྣམས་ཚར་དུ་དངར་བ་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གང་དུ་ཞེ་ན། གསེར་གྱི་པདྨ་རྣམས་སུའོ། །སྤོས་ཀྱིས་བྱུགས་པ་དེར་ཞེས་པ་ནི་ཙནྡན་དང་གུར་ཀུམ་ལ་སོགས་པ་རྣམས་ཀྱིས་བྱུགས་པའོ། །མུ་ཏིག་རིན་ཆེན་རྒྱན་ཕྲེང་ཞེས་པ་ནི་གང་མཛེས་པའི་ཕོ་བྲང་ཡིན་ལ། དཔག་
ཡས་ཞེས་པ་ནི་ཕོ་བྲང་གི་ཚོགས་ཏེ། འཇིག་རྟེན་གསལ་བར་བྱེད་ཅིང་མཛེས་པར་བྱེད་པ་རྣམས་སོ། །གསེར་གྱི་རང་བཞིན་གྱི་ཡུ་བ་ཅན་དབྱིབས་སྡུག་པ་མུ་ཏིག་གིས་མཛེས་པར་བྱས་པ་རིན་པོ་ཆེའི་རང་བཞིན་གྱི་གདུགས་ཡིན་ལ་བསྒྲེང་བ་ནི་ཡུ་བ་གྱེན་དུ་བསྒྲེང་བའོ། །ད་ནི་
མཆོད་པའི་ཡོ་བྱད་ཉེ་བར་བསྡུ་བ་བསྟན་པའི་ཕྱིར། དེ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་པ། འདི་ལ་སོགས་པ་བདག་གིས་ཕུལ་བ་མཆོད་པའི་སྤྲིན་དང་། གཞན་ཏེ་ལྷ་ལ་སོགས་པས་ཕུལ་བ་བསྐལ་པའམ་བསྐལ་པ་ལས་ལྷག་པ་མཆོག་ཏུ་འཇུག་པས་རབ་ཏུ་གནས་པར་
གྱུར་ཅིག་པའོ། །རོལ་མོའི་སྤྲིན་རྣམས་ཀྱང་ཞེས་པ་ནི་རྫ་རྔ་ལ་སོགས་པ་བརྡུང་བར་བྱ་བ་རྣམས་ཡིན་ལ། བསྡུས་དབྱངས་ནི་ཚོགས་པའི་གླུ་ཞེས་བྱ་བའི་དོན་ཏོ། །ཡང་ན་བསྡུས་དབྱངས་ནི་གར་དང་གླུ་དང་རོལ་མོ་རྣམས་ཚོགས་པ་ལ་བརྗོད་དོ། །དེ་རྣམས་ཀྱི་སྤྲིན་ནི་དུ་མ་
ཚོགས་པ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ཚིམ་པ་སྟེ། སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་ཡིན་ལ། མཉན་པར་མི་ནུས་པ་རབ་ཏུ་གནས་པར་གྱུར་ཅིག་ཅེས་འབྲེལ་པ་ནི་མ་ཡིན་ནོ། །དམ་པའི་ཆོས་ལ་སོགས་པ་རྣམས་ལ་སྤྱི་མདོར་བསྡུས་ནས་མཆོད་པ།
དམ་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་དམ་པའི་ཆོས་རིན་ཆེན་ཐམས་ཅད་ལ་ཡིན་ལ། རིན་ཆེན་བཞིན་དུ་རིན་ཆེན་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ཕྱིར་དང་། མཆོག་ཏུ་ཞི་བར་བྱེད་པའི་རྒྱུ་ཡིན་པའི་
ཕྱིར་རོ། །མཆོད་རྟེན་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ཡིན་ལ། སྐུ་གཟུགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུའི་གཟུགས་བརྙན་རྣམས་སོ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །ཞེས་པ་ནི་མེ་ཏོག་གི་ཆར་དང་། རིན་པོ་ཆེའི་ཆར་རོ། །སོགས་

པའི་སྒྲས་ཀྱང་ཙནྡན་གྱི་ཕྱེ་མ་དང་། གོས་ལ་སོགས་པ་བཟུང་ལ། །འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པའོ། །བླ་ན་མེད་པའི་མཆོད་པ་བསྟན་པའི་ཕྱིར། འཇམ་དབྱངས་ཞེས་པ་ལ་སོགས་པ་གསུངས་ཏེ། འཇམ་པའི་དབྱངས་དང་། ཀུན་དུ་བཟང་
པོ་དང་། མི་ཕམ་པ་དང་། འཇིག་རྟེན་མགོན་པོ་ལ་སོགས་པ་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཇི་ལྟར་ཞེས་པ་ནི་གང་གི་ལྷག་པའི་བསམ་པས་དེ་བཞིན་གཤེགས་པ་རྣམས་མཆོད་པ་དེ་བཞིན་དུ་དེའི་མོས་པས་བདག་གིས་ཀྱང་དེ་བཞིན་
གཤེགས་པ་རྣམས་དང་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་མཆོད་དོ། །བསྟོད་པའི་མཆོད་པ། བདག་གི་དབྱངས་ཀྱི་ཡན་ལག་ཅེས་པ་ལ་སོགས་པ་གསུངས་ཏེ། དབྱངས་ནི་ས་འཛིན་བདུན་ལ་སོགས་པ་ཡིན་ལ། དེ་རྣམས་ཀྱི་ཡན་ལག་ནི་རབ་ཏུ་
དབྱེ་བ་ཡིན་ཏེ། ཀ་མོ་ད་ལ་སོགས་པའོ། །དེ་རྣམས་རྒྱ་མཚོ་བཞིན་དུ་ཤིན་ཏུ་མང་བས་ནི་རྒྱ་མཚོའོ། །དེ་རྣམས་ཀྱིས་བསྟོད་པ་ནི་བསྟོད་དབྱངས་དུ་མས་བསྟོད་པ་རྣམས་ཏེ། གླུ་དབྱངས་རྣམས་བསྡུས་པའོ། །དེ་རྣམས་ཀྱི་སྤྲིན་འབྱུང་གྱུར་ཅིག་སྟེ། ཉེ་བར་གནས་པར་གྱུར་ཅིག་
པའོ། །དེ་རྣམས་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། གཞན་ནི་མ་ཡིན་ཏེ། ཇི་ལྟར་བདག་གིས་ཉེ་བར་བརྟགས་པ་དེ་ལྟ་ཉིད་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་མཆོད་
པ། དུས་གསུམ་ཞེས་པ་ལ་སོགས་པ་གསུངས་པ་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་དག་གི་རྡུལ་ཕྲ་མོ་ཇི་སྙེད་པའི་གྲངས་དེ་སྙེད་ཀྱིས་ཏེ། དུས་གསུམ་གཤེགས་པ་ཀུན་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པའོ། །ཇི་
ལྟ་བུར་གྱུར་པ་ཞིག་ལ་ཞེ་ན། ཆོས་དང་ཚོགས་ཀྱི་མཆོག་བཅས་ལ་སྟེ། ཚོགས་རྣམས་ཀྱི་མཆོག་ནི་རྩེ་མོར་གྱུར་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་སོ། །ཆོས་ཀྱང་ཡིན་ལ་ཚོགས་མཆོག་ཀྱང་ཡིན་ཏེ། དེ་དག་དང་ལྷན་ཅིག་པའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་

ལ་ཕྱག་འཚལ་བ། མཆོད་རྟེན་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྟེང་དང་བར་དང་འོག་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་
སེམས་ཀྱི་གཞི་རྣམས་དང་། །ཞེས་བྱ་བ་ནི་སྐྱེས་པའི་རབས་དང་། རྟོགས་པ་བརྗོད་པ་དང་། བལྟམས་པ་ལ་སོགས་པའི་གནས་རྣམས་སོ། །ཕྱག་འོས་ཞེས་པ་ནི་སངས་རྒྱས་རྣམས་ཏེ་མཆོད་པར་འོས་པའོ། །དེ་ལྟར་འདིས་ནི་མཆོད་པ་དང་ཕྱག་འཚལ་བའི་ཆོ་ག་
བརྗོད་དོ། །མཆོད་པའི་ཆོ་ག་འདི་ཡང་དམ་ཚིག་གསུམ་གྱི་རྒྱལ་པོ་ལས་བསྟན་པ་ཡིན་ཏེ། ཐང་ལས་སྐྱེས་པའི་རིན་པོ་ཆེའི་རི་བོ་དང་། ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་བོ་དང་། ཆུ་དང་ཐང་ལས་སྐྱེས་པའི་ཕྱོགས་བཅུ་ན་གནས་པའི་བདག་གིར་ཡོངས་སུ་བཟུང་བ་མེད་པ་
རྣམས་དབུལ་བར་བྱའོ་ཞེས་ཇི་སྐད་བརྗོད་པ་ལྟ་བུའོ། །ཕྱོགས་འདིས་སྨན་ཐམས་ཅད་དང་། བཅུད་ཀྱིས་ལེན་ཐམས་ཅད་དང་། ཆུའི་དཀྱིལ་འཁོར་ཁ་ན་མ་ཐོ་བ་མེད་པ་རྣམས་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ན་རོ་དང་རེག་བྱ་ཕུན་སུམ་ཚོགས་པའི་ས་ཞག་
དང་། བདུད་རྩིའི་ཤིང་དང་། མ་རྨོས་པའི་འབྲས་དཀར་དང་། བྱང་གི་སྒྲ་མི་སྙན་རྣམས་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་རྣམས་ན་ཤིན་ཏུ་ཡིད་དུ་འོང་བའི་ལོངས་སྤྱོད་རྣམས་ཀྱང་ངོ་། །དཀོན་མཆོག་སྤྲིན་ལས་ཀྱང་། མདོ་སྡེ་རྣམས་སུ་བརྗོད་པའི་རྒྱ་ཆེ་བའི་མཆོད་
པའི་ལས་གང་འདི་རྣམས་ལྷག་པའི་བསམ་པ་ཤིན་ཏུ་དྲག་པོས་དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་སྔོ་བར་བྱེད་པ་དང་། དེ་བཞིན་དུ་དེས་སྣ་ཚོགས་པའི་མཆོད་པའི་ལས་རྣམས་ཡོངས་སུ་སེམས་པར་བྱེད་དོ་ཞེས་གསུངས་སོ། །ད་ནི་
དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་སྡིག་པ་བཤགས་པ། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྐྱབས་ཀྱི་དོན་ནི་སྐྱོབ་པའི་དོན་ཡིན་ལ། མཆི་བ་ནི་དེའི་བཀའ་ཡོངས་སུ་སྐྱོང་བ་ཡིན་ཏེ། གང་ཞིག་གང་ལ་སྐྱབས་སུ་འགྲོ་བ་དེ་ནི་

དེའི་བཀའ་ལས་འདས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །བྱང་ཆུབ་སྙིང་པོར་ཞེས་པ་ལ། སྙིང་པོའི་སྒྲ་འདི་ནི་སྙིང་པོའི་ཚིག་སྟེ། མར་གྱི་སྙིང་པོ་དང་འོ་མའི་སྙིང་པོ་ཞེས་པ་བཞིན་ནོ། །དེ་ལྟར་ན་ཇི་སྲིད་དུ་བྱང་ཆུབ་ཀྱི་སྙིང་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་
ཀྱི་བར་དུ་ཞེས་པའི་དོན་ཏོ། །ཕྱོགས་རྣམས་ཀུན་ན་བཞུགས་པའི་ཞེས་པ་ལ། གསོལ་བ་ནི་ཞེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་དམིགས་ནས་བསམ་པ་ཐག་པས་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་པ་འདི་སྟོན་པ་ནི་ཐལ་མོ་སྦྱར་ཏེ་ཞེས་པས་ནི་ལུས་ཀྱི་
རྣམ་པར་རིག་བྱེད་བརྗོད་དོ། །ལག་པ་གཉིས་ཁ་སྦྱར་བར་བྱས་པ་ནི་ཐལ་མོ་སྦྱར་ཞེས་པའི་དོན་ཏོ། །ཐོག་མ་མེད་ལྡན་ཞེས་པ་ནི་སྔོན་གྱི་སྐྱེ་བ་བརྒྱུད་པ་ཡིན་ལ། ཚེ་རབས་འདི་ཞེས་པ་ནི་སྐྱེ་བ་འདི་ཉིད་ལ་ཡང་སྟེ། སྔ་མ་འབའ་ཞིག་ནི་མ་ཡིན་ནོ། །མ་འཚལ་ཞེས་པ་ནི་བདག་
ཉིད་གཏི་མུག་ཆེན་པོ་ཉིད་དུ་བསྟན་ཏོ། །དེ་ལ་ལུས་དང་ངག་དང་ཡིད་གསུམ་པོ་རྣམས་ཀྱིས་རྣམ་པ་གསུམ་བྱས་པའང་སྟེ། བགྱིད་དུ་སྩལ་བ་ནི་ངག་དང་ཡིད་ཀྱིས་ཡིན་ལ་རྗེས་སུ་ཡི་རང་བ་ཡང་ངོ་། །བདག་གནོད་ཕྱིར་ཞེས་པ་ནི་དེའི་ལས་ཀྱི་འབྲས་བུ་བདག་ཉིད་ལ་སྨིན་པའི་ཕྱིར་
རོ། །ནོངས་པ་དེ་ནི་ཞེས་པ་ནི་ལྟུང་བ་སྟེ། བཤགས་པ་ནི་མཐོལ་བ་སྟེ་བསལ་བར་བྱེད་ཅིང་མི་འཆབ་པའོ། །འགྱོད་བགྱིས་ནས་ཞེས་པ་ནི་དམྱལ་བ་ལ་སོགས་པར་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སྡུག་བསྔལ་བ་ཐོབ་པས་སོ། །དེ་ནི་ཇི་ལྟར་གཙོ་བོར་གྱུར་པའི་སྡིག་པ་
བཤགས་པ། དཀོན་མཆོག་གསུམ་ཞེས་པ་ལ་སོགས་པ་གསུངས་པ། དཀོན་མཆོག་གསུམ་ནི་བླ་ན་མེད་པའི་ཞིང་ཡིན་ལ། ཕ་ཞེས་བྱ་བ་ལ་སོགས་པས་ནི་ཕན་འདོགས་པའི་ཞིང་ཡིན་ཏེ། དེ་ལ་གནོད་པས་ནི་སྡུག་བསྔལ་གྱི་རྣམ་པར་སྨིན་པ་རྒྱ་ཆེ་བར་གྲགས་པ་ཡིན་པའི་
ཕྱིར་རོ། །ཉེས་པ་དུ་མས་སྐྱོན་ཆགས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་སྐྱོན་ཆགས་པ་སྟེ། རང་དབང་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྡིག་པའི་ལས་ལ་སྐྱོ་བར་བྱ་བ་གསུངས་པ། ཇི་ལྟར་འདི་ལས་ཏེ་རྣམ་པ་གང་གིས་སོ། །མི་དགེ་བ་འདི་ལས་སོ། །

མྱུར་བ་ནི་ཤིན་ཏུ་མྱུར་བར་རོ། །ཁྱེད་ཅིའི་ཕྱིར་རིངས་ཤེ་ན། བདག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྲིད་དུ་སྡིག་པ་བྱང་བར་མ་བྱས་པ་དེ་སྲིད་དུ་བདག་འཆི་བར་མ་གྱུར་ཅིག་ཅེས་པ་སྟེ། གཞན་དུ་ན་ངན་སོང་དུ་འགྲོ་བས་འཇིགས་པའི་ཕྱིར་རོ། །ཅི་སྟེ་སྡིག་པ་བྱང་བར་མ་བྱས་པར་
ཁྱེད་ལ་འཆི་བའི་གོ་སྐབས་མེད་པ་ཡིན་ནམ་ཞེ་ན། བྱས་དང་མ་བྱས་ཞེས་པ་ལ་སོགས་པ་གསུངས་ཏེ། རེ་ཞིག་འདི་ནི་བྱས་ལ་འདི་ནི་མ་བྱས་སོ་ཞེས་ཏེ་འཆི་བས་མི་སྡོད་དོ། །ཡིད་བརྟན་པ་ནི་ཡིད་ཆེས་པར་བྱས་ནས་ཏེ་དེས་འཇོམས་པའོ། །བདག་ནད་མེད་པ་དང་། ལང་ཚོ་དང་།
སྟོབས་དང་ལྡན་པའི་ལུས་ཡིན་ནོ་ཞེས་བརྟན་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། གློ་བུར་ཐོག་ཆེན་ཞེས་ཏེ། མ་བསམས་པར་ཐོག་འབབ་པ་དང་འདྲའོ། །གང་ཞིག་དེ་ལྟར་སྡིག་པས་འཇིགས་ན་འོ་ན་ཅིའི་ཕྱིར་དེ་བྱེད་ཅེ་ན། མཛའ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། མཛའ་བ་
ནི་བདག་དང་བདག་གི་བ་ཡིན་ལ། མི་མཛའ་བ་ནི་དེ་ལ་གནོད་པ་བྱེད་པ་ཡིན་ཏེ། མཛའ་བ་ལ་ཕན་པ་དང་བདེ་བ་དང་། མི་མཛའ་བ་ལ་ཟློག་པར་བྱེད་པའོ། །རྣམ་པ་སྣ་ཚོགས་བྱས་པ་ནི་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་དབྱེ་བ་སྟེ་རྣམ་པ་དུ་མའོ། །འདི་དག་
ཐམས་ཅད་ཡུན་མི་རིང་བར་དོར་བར་བྱ་བ་མ་ཡིན་ནམ། དེ་ཅིའི་ཕྱིར་ན་དོན་མེད་པའི་སྡིག་པ་སོགས་པར་བྱེད་ཅེ་ན། ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི་མཛའ་བ་དང་མི་མཛའ་བ་ཡིན་ལ། དེ་བོར་ནས་འགྲོ་བར་བྱ་བ་ཡིན་པར་བདག་རྨོངས་པས་
འདི་མ་ཤེས་ཏེ་ཡོངས་སུ་མ་བསྒོམས་སོ། །དེ་ནི་ལྷག་མ་ཞིག་གནས་ཤེ་ན། དེ་དེ་ཞེས་པ་ལ་སོགས་པ་གསུངས་ཏེ། དངོས་པོ་གང་དང་གང་ཞེས་པ་ནི་བདེ་བའི་རྒྱུ་དང་སྡུག་བསྔལ་གྱི་རྒྱུ་ཡིན་ལ་སྤྱད་པ་ནི་དེ་མྱོང་བའོ། །ཡང་ཅིའི་ཕྱིར་འདི་ལྟར་ཡིན་ཞེ་ན། རྨི་ལམ་བཞིན་དུ་
ཞེས་པ་ལ་སོགས་པ་གསུངས་ཏེ། དཔེར་ན་རྨི་ལམ་གྱི་གནས་སྐབས་ན་ཉམས་སུ་མྱོང་བ་ཞིག་སྟེ། མི་མཐོང་ཞིང་དེར་དྲན་པ་འབའ་ཞིག་ལྷག་མ་ཡིན་ནོ། །དེ་བཞིན་དུ་གཞན་ཡང་སྟེ། མཛའ་བ་ལ་སོགས་པ་དང་འགྲོགས་པ་ཐམས་ཅད་སྐྱེ་བ་འདི་ཉིད་ལ་མི་བརྟེན་པ་

ཡིན་ནོ་ཞེས་བསྟན་པའི་ཕྱིར། རེ་ཞིག་གནས་པ་ཞེས་པ་ལ་སོགས་པ་གསུངས་ཏེ། གནས་པ་ཞེས་པ་ནི་ཡོད་པ་ཉིད་ནའོ། །འདས་པ་ནི་མི་རྟག་པ་ཉིད་ཀྱིས་བཟུང་བར་བདག་གིས་དེ་ལྟར་མཐོང་ངོ་། །གལ་ཏེ་དེ་ལྟར་ན་དེའི་དོན་དུ་བྱས་པའི་སྡིག་པ་
ཡང་དེ་དང་ལྷན་ཅིག་ཏུ་འགྲོ་བར་འགྱུར་རོ་ཞེ་ན། དེ་དག་དོན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་རྣམས་ནི་མཛའ་བ་ལ་སོགས་པ་ཡིན་ལ། དེའི་དོན་དུ་ནི་དེའི་རྒྱུ་མཚན་དུ་བྱས་པའི་སྡིག་པ་ཡིན་ཏེ། དེ་ཡང་བདག་གི་མདུན་ཉིད་ན་གནས་པ་ཡིན་ལ། དེ་ཡང་བདག་
དང་ལྷན་ཅིག་ཏུ་འགྲོ་ཞེས་པའི་དོན་ཏོ། །ཅི་སྟེ་དེ་ལྟར་མཐོང་ན་ཡང་ཅི་ལྟར་བསླུས་ཤེ་ན། དེ་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ནི་གང་གིས་ཀྱང་ངོ་ཤེས་པ་དང་གང་ཡང་བདག་གིས་ངོ་ཤེས་པ་མ་ཡིན་ནོ་ཞེས་དེ་ལྟར་བདག་གིས་རྟོགས་པར་མ་གྱུར་ཏེ་སྤྱད་པ་མ་ཡིན་ནོ། །
རྒྱུ་དེས་ན་བདག་དང་བདག་གི་བ་ལ་རྗེས་སུ་ཆགས་པ་དང་། དེ་དང་མི་མཐུན་པར་སྤྱོད་པ་ལ་ཞེ་སྡང་བ་ཏེ་ཁོང་ཁྲོ་བའོ། །ཁྱེད་ཀྱི་ཚེ་ནི་ཤིན་ཏུ་ཡུན་རིང་བ་ཡིན་ན། འཆི་བའི་དོགས་པ་ཅི་ལྟར་ཡོད་དེ་ཅིའི་ཕྱིར་འདི་ལྟར་འཇིགས་ཤེ་ན། ཉིན་མཚན་ཞེས་པ་ལ་སོགས་པ་གསུངས་
ཏེ། ཉིན་མཚན་དུ་ཚེ་འགོད་པར་འགྱུར་ཏེ། ཚེའི་འདུ་བྱེད་ཟད་པར་འགྱུར་རོ། །སྡོད་པ་མེད་པར་ཞེས་པ་ནི་སྐད་ཅིག་ཙམ་ཡང་འགོད་པ་ལ་རྒྱུན་ཆད་པ་མེད་དོ། །འོང་བ་ནི་རྗེས་སུ་འཇུག་པ་ཡིན་ལ་དེ་ཡང་བསྣོན་པ་སྟེ། བསྲིང་བའི་ཆ་ཙམ་ཡང་ཡོད་པ་མ་ཡིན་ནོ། །
དེ་ལྟར་ན་བདག་ཅིའི་ཕྱིར་འཆི་བར་མི་འགྱུར་ཏེ། འོན་ཀྱང་རིང་པོར་གནས་ནས་ཀྱང་གསོན་པ་ནི་མཐར་འཆི་བར་འགྱུར་རོ། །དེ་ལྟར་ན་ཡང་གང་གི་དོན་དུ་སྡིག་པ་བྱས་པ་དེ་ཡང་དམྱལ་བ་ལ་སོགས་པར་དེའི་འབྲས་བུ་སྡུག་བསྔལ་ཉམས་སུ་མྱོང་བའི་ཚེ་དེང་ཡང་དེ་དང་ལྷན་
ཅིག་ཏུ་སྐལ་བ་ལེན་པར་འགྱུར་ཏེ། དེ་ཅིའི་ཕྱིར་ན་འཇིགས་པར་བྱེད་ཅེ་ན། རེ་ཞིག་འཇིག་རྟེན་ཕྱི་མ་ལྟ་ཞོག་སྟེ། འདི་ན་ཞེས་པ་ནི་སྲིད་པ་འདི་ཉིད་ནའོ། །འཆི་བ་དང་ཉེ་བའི་སྡུག་བསྔལ་གྱིས་ནོན་པ་གཉེན་འདབ་དང་འཁོར་གྱི་ནང་ན་གནས་ནས་ཡང་ངོ་། །གནད་ཆད་པའི་

ཚོར་བ་དག་ཅེས་པ་ནི་སྐོམ་པ་དང་ལུས་ཚ་བ་ལ་སོགས་པའི་སྡུག་བསྔལ་བདག་ཉིད་གཅིག་པུས་མྱོང་བར་འགྱུར་གྱི། དེའི་ཆ་ཤིན་ཏུ་ཆུང་ངུ་ཡང་གཞན་ལ་འབྱུང་བ་མ་ཡིན་ནོ། །དམྱལ་བ་ལ་སོགས་པར་ཅི་སྨོས་ཞེས་སྟོན་པ་ནི། གཤིན་རྗེའི་ཕོ་ཉ་ཞེས་པ་ལ་སོགས་པ་
གསུངས་ཏེ། དུས་ཀྱི་ཕོ་ཉས་ཟིན་པ་ནི་དེས་བྱིན་གྱིས་བརླབས་པ་ཡིན་ཏེ། སྐེ་ལ་ཞགས་པས་བཅིངས་ནས་ཐོ་བས་བརྡུང་བཞིན་དུ་འབྲོག་དགོན་པའི་ཚེར་མ་སྟུག་པོ་ཅན་དང་ཕ་འོང་ཐག་ཐུག་ཅན་རྣམས་ཀྱིས་རྐང་པ་གཅོད་ཅིང་གྲོགས་མེད་པའི་ལས་ཉམས་སུ་མྱོང་བའི་སར་ཁྲིད་པ་
ན། གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་པ་སྟེ། དེར་གྲོགས་འགའ་ཡང་སྐྱབས་སུ་འགྱུར་བ་མ་ཡིན་ལ། དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟན་ཏོ། །སྐྱབས་སུ་གྱུར་པའི་བསོད་ནམས་དེ་ཡང་བདག་གིས་མ་བསགས་སོ། །ཡང་
སྡིག་པ་ལས་བསྐྱབ་པར་བྱ་བ་མགོན་པོ་ཞེས་པ་ལ་སོགས་པ་གསུངས་པ་ལ། མི་རྟག་པ་ནི་ཚེ་མི་གནས་པའོ། །ཆགས་པས་ནི་འཛིན་པས་སྟེ། འདི་འདྲ་ཞེས་པ་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུར་བ་མ་ཤེས་ཏེ་མ་མཐོང་ནས་སོ། །བག་མེད་
ཅེས་པས་ནི་ལང་ཚོ་དང་གཟུགས་དང་ནོར་དང་། དབང་ཆེ་བ་ལ་སོགས་པས་རྒྱགས་པར་གྱུར་པས་སོ། །ཡང་ཅིའི་ཕྱིར་ཁྱེད་ལ་དེ་ལྟ་བུའི་སྐྱོ་བ་མང་དུ་འབྱུང་ཞེ་ན། སྐྱེ་བོ་ཡན་ལག་གཅོད་ཅེས་པ་ལ་སོགས་པ་གསུངས་ཏེ། དམྱལ་བའི་སྡུག་བསྔལ་བས་རྐང་པ་དང་ལག་
པ་བཅད་པ་ལས་བྱུང་བའི་སྡུག་བསྔལ་འདི་ཤིན་ཏུ་ཆུང་བ་ཡིན་ཏེ། དེ་ལྟ་ན་ཡང་དེ་ལ་གནས་སྐབས་འདི་ལྟ་བུར་འགྱུར་ཏེ། སྐམས་པ་ནི་བདག་ཉིད་ཐམས་ཅད་ཉེ་བར་སྐམས་པར་གྱུར་པ་དང་། སྐོམ་པ་སྟེ་སྐོམ་གྱིས་གདུངས་པ་དང་། མིག་རྩ་ངན་པ་ནི་ཕོངས་པའི་ལྟ་སྟངས་
སོ། །གཞན་དུ་ནི་བཟློག་པར་རོ། །དམྱལ་བའི་སྡུག་བསྔལ་ཤིན་ཏུ་ཆེ་བ་ནི་གཤིན་རྗེའི་ཕོ་ཉ་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིགས་འཇིགས་ལྟའི་ཞེས་པ་ནི་འཇུག་པ་བྱེད་པས་སོ། །བྱིན་གྱིས་བརླབས་པ་ནི་བདག་གིར་བྱས་པའོ། །འཇིགས་ཆེན་ནད་ཀྱིས་

ཐེབས་གྱུར་པ་ནི་ཟིན་པར་གྱུར་པའོ། །མི་གཙང་བྱུང་བ་ནི་དེ་ལས་བྱུང་ཞིང་ལུག་པའོ། །གོས་པ་ནི་ཟགས་པའོ། །བྲེད་ཤ་ཐོན་པ་ནི་ཞན་པ་སྟེ། ཕྱོགས་བཞིར་སྐྱབས་དག་གསོལ་ཅིང་ཚོལ་བར་བྱེད་དོ། །ཇི་ལྟར་བྱེད་ཅེ་ན། སུ་ཞིག་ཅེས་པ་ལ་སོགས་
པ་གསུངས་པ་ལ། ལེགས་པར་ནི་རྒྱུ་མཚན་མེད་པར་བྱས་པའོ། །སྐྱོབ་པ་ནི་ཡོངས་སུ་སྐྱོབ་པར་བྱེད་པའོ། །དེ་ལྟ་ན་ཡང་གང་གི་ཚེ་གང་དུ་ཡང་སྐྱབས་མ་མཐོང་ནས་དེའི་ཚེ་སླར་ཡང་སྐྱབས་མེད་པས་ཀུན་ཏུ་ཡི་མུག་འགྱུར་རོ། །དེའི་ཚེ་དེའི་དུས་ན་ཇི་ལྟར་བྱ་སྟེ་བྱ་བ་
ཐམས་ཅད་ལ་ནུས་པ་མེད་པ་ན། གནས་དེར་ཞེས་པ་ནི་རབ་ཏུ་ཚ་བ་ལ་སོགས་པ་དམྱལ་བའི་སར་རོ། །དེ་ལྟ་བས་ན་ད་ལྟར་ཉིད་དུ་ཕྱིར་བཅོས་པ་ཉམས་སུ་བླང་བར་རིགས་སོ་ཞེས་པ་ནི། དེ་བས་རྒྱལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བའི་མགོན་ནི་དབུགས་
འབྱིན་པ་དང་ཡིད་བརྟན་པའི་གནས་སུ་གྱུར་པའི་འདྲེན་པའོ། །སྟོབས་ཆེན་ནི་ཐམས་ཅད་དུ་ནུས་པ་ཐོགས་པ་མེད་པ་སྟེ། འགྲོ་བ་སྐྱོབ་པའི་དོན་བརྩོན་པ་ཞེས་པ་ནི། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའི་དོན་དུ་བརྩོན་པའོ། །གལ་ཏེ་དེ་ལྟ་མོད་ཀྱི། དེ་ལ་བརྟེན་ན་ཡང་
འཇིགས་པ་ཉེ་བར་ཞི་བར་མི་འགྱུར་ན་དེའི་ཚེ་སྐྱབས་སུ་འགྲོ་བས་ཅི་ཞིག་བྱ་ཞེ་ན། འཇིགས་པ་ཀུན་སེལ་ཞེས་གསུངས་ཏེ། སྡུག་བསྔལ་བ་ཐམས་ཅད་སེལ་བར་བྱེད་པའོ། །ཆོས་དང་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ནི། དེ་ཡིས་ཞེས་པ་ལ་སོགས་པ་
གསུངས་ཏེ། དེ་ཡིས་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །ཐུགས་སུ་ཆུད་པ་ནི་མངོན་དུ་བྱས་པ་སྟེ། མྱ་ངན་ལས་འདས་པའི་ཆོས་ཞེས་པའི་དོན་ཏོ། །འཁོར་བའི་འཇིགས་པ་སེལ་བ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་
རོ། །ཡང་དག་ཅེས་པ་ནི་མཆོག་ཏུ་དད་པས་ཏེ། སྒྱུ་དང་གཡོས་སམ་ཐེ་ཚོམ་གྱི་བསམ་པས་མ་ཡིན་པའོ། །བྱང་ཆུབ་སེམས་དཔའི་ཚོགས་ཞེས་པ་ནི་དགེ་འདུན་ལ་ཡང་དེ་བཞིན་ཡང་དག་པར་རོ། །ད་ནི་ཇི་ལྟ་བ་བཞིན་དུ་གཙོ་བོར་གྱུར་པའི་བྱང་ཆུབ་སེམས་

དཔའ་རྣམས་ལ་ལུས་འབུལ་བ་ནི་བདག་ནི་འཇིགས་པས་ཞེས་པ་ལ་སོགས་པ་གསུངས་ཏེ། འཇིགས་པས་རྣམ་སྐྲག་ནས་ནི་དམྱལ་བ་ལ་སོགས་པའི་འཇིགས་པས་རྣམ་པར་འཁྲུགས་ནས་སོ། །ཀུན་ཏུ་བཟང་པོ་ནི་བྱང་ཆུབ་སེམས་དཔའ་སྟེ། བདག་ཉིད་འབུལ་བ་ནི་ངེས་
པར་དབུལ་བར་བགྱི་བའོ། །འཇམ་པའི་དབྱངས་ལའང་སྟེ་འཇམ་པའི་མགོན་པོ་ལའོ། །བདག་ཉིད་ཀྱིས་ཞེས་པ་ནི་གཞན་གྱིས་བསྐུལ་བས་མ་ཡིན་ཏེ་རང་ཉིད་ཀྱི་སེམས་དང་བས་ཞེས་པའི་དོན་ཏོ། །དེ་ལ་ཡང་ཞེས་པ་ནི་རབ་ཏུ་གྲགས་པ་ཡིན་ལ། སྤྱན་རས་གཟིགས་
མགོན་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ་ཞེས་པ་ནི་འདི་ལ་སྤྱོད་པའི་ངང་ཚུལ་ཡོད་པ་ནི་ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའོ། །འདི་ནི་དེ་ཉིད་ཀྱི་ཁྱད་པར་རོ། །འོ་དོད་འབོད་པ་ནི་ཀློང་ཆེར་འབོད་པའོ། །ཉམ་ཐག་ང་རོས་
ཞེས་པ་ནི་བྱ་བའི་ཁྱད་པར་ཏེ། སྡུག་བསྔལ་ཞིང་ཞན་པས་བྲེད་པའི་ང་རོའོ། །འཇིགས་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་སྐྲག་པའོ། །དེས་ཞེས་པ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱིས་སོ། །སྡིག་ལྡན་བདག་ལ་ཞེས་པ་ནི་སྡིག་པ་བྱས་པ་བདག་ལ་སྐྱོབས་
ཤིག་པའོ། །འཕགས་པ་ནམ་མཁའི་སྙིང་པོ་ཞེས་པ་ནི་བྱང་ཆུབ་སེམས་དཔའོ། །སའི་སྙིང་པོ་ཡང་བྱང་ཆུབ་སེམས་དཔའ་གཞན་ཏེ། འོ་དོད་འབོད་ཅེས་ཕྱི་མ་དང་འབྲེལ་ཏོ། །ཐུགས་རྗེ་ཆེན་པོ་ཐམས་ཅད་ལ་ཞེས་པ་ནི་གང་མཚན་སྨོས་ནས་མ་བརྗོད་པ་གང་ཡིན་པ་
དེ་དག་ཀྱང་མཆོག་ཏུ་ཐུགས་རྗེ་དང་ལྡན་པ་ཡིན་ཏེ། གཞན་སྡུག་བསྔལ་བས་སྡུག་བསྔལ་བར་གྱུར་པའོ། །གང་ཞིག་མཐོང་ནས་ཞེས་པ་ནི་གང་ཞིག་མཐོང་བ་ཙམ་གྱིས་སོ། །ཕོ་ཉ་ལ་སོགས་ཞེས་པ་ལ་སོགས་པའི་སྒྲས་ནི་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་གཞན་
དག་ཀྱང་སྟེ། སྡང་བ་རྣམས་འཇིགས་པར་གྱུར་ནས་འབྱེར་བྱེད་པ་སྟེ་ཐག་རིང་དུ་འབྲོས་པར་བྱེད་པའི་རྡོ་རྗེ་ཅན་ལ་ཕྱག་འཚལ་ཞེས་ཕྱག་འཚལ་བར་བྱེད་པའོ། །རྡོ་རྗེ་ཅན་ནི་གང་ལ་རྡོ་རྗེ་ཡོད་པ་སྟེ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའོ། །དེ་ལྟར་སྐྱབས་སུ་འགྲོ་བ་ལ་སོགས་

པ་འདིས་ནི་སྡིག་པ་ཟད་པར་བྱ་བའི་དོན་དུ་རྟེན་གྱི་སྟོབས་བསྟན་པ་ཡིན་ནོ། །གང་འཕགས་པ་ཆོས་བཞི་པའི་མདོ་ལས། དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་
བའོ། །དེ་སྟོབས་དང་ལྡན་པ་ལ་བརྟེན་ནས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ་ཞེས་གསུངས་སོ། །ཡང་གཞན་དུ་དོགས་པ་བསལ་བའི་དོན་དུ་སྔོན་ཆད་ཅེས་པ་ལ་སོགས་པ་གསུངས་པ་ལ། ཁྱེད་ཀྱི་བཀའ་ལས་ཞེས་པ་ནི་ཁྱེད་ཀྱིས་བཀའ་སྩལ་པ་ལས་འདས་
པར་བྱས་པ་སྟེ། ད་ནི་སྟེ་ད་ལྟའོ། །འཇིགས་པ་ཆེ་མཐོང་ནས་ནི་གང་གི་ཕྱིར་དེ་ལས་འདས་པས་མི་འདོད་པའི་འཇིགས་པ་སྟེ། མི་འདོད་པའི་འབྲས་བུས་སྐྲག་ནས་སྐྱབས་སུ་མཆི་ལགས་ཀྱིས་སོ། །དེ་ལྟ་བས་ན་གཞན་དུ་དོགས་པར་མི་བྱ་བས་དེའི་ཕྱིར་འཇིགས་པ་བསལ་དུ་
གསོལ་ཞེས་པ་ཡིན་ཏེ། སྔོན་བྱས་པའི་སྡིག་པའི་འཇིགས་པ་བསལ་བར་མཛོད་ཅིག་པའོ། །མྱུར་བ་ནི་སྐྱེན་པར་ཏེ། བདག་ནི་ཞེས་ཁོང་ནས་འབྱུང་ངོ་། །དེ་ལྟར་ན་ཡང་ཁྱོད་ཀྱི་ཚིག་ལ་སུ་ཞིག་ཡིད་ཆེས་པར་མི་འགྱུར་བ་མ་ཡིན་ནམ་ཞེས་དོགས་པ་ལ་འདིར་དོན་བསྟན་
པར་བྱ་བའི་ཕྱིར། ཐ་མལ་ནད་ཅེས་པ་ལ་སོགས་པ་གསུངས་ཏེ། ཐ་མལ་ནི་འགྲོ་བཞིན་པར་འཇིགས་པ་སྟེ། ཡུན་རིང་དུ་མི་གནས་ཞེས་པའི་དོན་ཏོ། །ཡང་ནི་ཡང་བའོ། །འདི་དེ་ཡང་ཡིན་ལ་ནད་ཀྱང་ཡིན་པ་སྟེ། དེ་ལ་འཇིགས་པ་ཡིས་སྨན་པའི་ངག་བཞིན་བྱ་
དགོས་ན་སྟེ། བདག་གི་ནད་ནི་འཕེལ་བར་མ་གྱུར་ཅིག་ཅེས་པས་སྨན་པའི་ངག་ལས་འདའ་བར་མི་བྱ་ཞེ་ན་ནད་རྒྱས་ཐེབས་པས་འདའ་བར་མི་བྱ་བ་ལྟ་ཅི་སྨོས་ཏེ། ཡང་ལྟ་སྨོས་ཅི་དགོས། བཞི་བརྒྱ་བཞི་ཡིས་ལྷག་པ་ཡིན་ཞེས་པ་ལ། བཞི་ཡིས་ལྷག་པའི་བཞི་བརྒྱ་
རྣམས་ཀྱིས་ཞེས་པའི་དོན་ཏེ། །དུས་མ་ཡིན་པར་འཆི་བ་བརྒྱ་དང་དུས་སུ་འཆི་བ་གཅིག་ནི་བརྒྱ་རྩ་གཅིག་གོ། །དེ་དག་སོ་སོ་ལ་ཡང་རླུང་དང་མཁྲིས་པ་དང་བད་ཀན་དང་དེ་དག་འདུས་པ་ལས་གྱུར་པ་ནི་ནད་བཞི་བརྒྱ་རྩ་བཞིར་འགྱུར་རོ། །རྒྱུ་ཐ་དད་པས་འབྲས་བུ་ཐ་

དད་པ་ཡིན་ལ། འབྲས་བུ་ཐ་དད་པས་རྒྱུ་ཐ་དད་པར་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟ་ཡང་གང་ཞིག་མེད་པ་དེ་ལ་ཅིའི་ཕྱིར་འཇིགས་པར་བྱེད་ཅེ་ན། དེ་གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནད་ཀྱིས་འཁྲུགས་པ་དེ་དག་གཅིག་གིས་ཀྱང་ངོ་། །
གང་གི་ཕྱིར་འཛམ་གླིང་ན་གནས་པའི་མི་ཀུན་དེ་སྲོག་ཆགས་རྣམས་སོ། །རླག་བྱེད་པ་ནི་འཆི་བར་བྱེད་པའོ། །གཞན་ཡང་གང་དག་ནད་རྣམས་ཀྱི་སྨན་དེ་རྩི་སྨན་གསོ་བའི་དོན་དུ་གང་ནས་ཀྱང་མི་རྙེད་ནའོ། །འདིར་ཡུལ་ཀ་ཤིའི་རྒྱལ་པོ་པདྨའི་སྐྱེས་པའི་རབས་སུ་བསྟན་པ་འདི་
ལྟར་ཐོས་ཏེ། འདས་པའི་དུས་ན་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཀ་ཤིའི་རྒྱལ་པོ་པདྨ་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་འཛམ་བུའི་གླིང་པའི་མི་ཐམས་ཅད་ལ་ནད་ཆེན་པོས་བཏབ་པར་གྱུར་ནས་འཆི་བ་ན་དེ་དག་གིས་འདི་ལྟར་བགྲོས་ཏེ་བདག་ཅག་གི་རྗེ་
རྒྱལ་པོ་འདི་དག་ཏུ་སྙིང་རྗེ་དང་ལྡན་པ་སླར་འཆོས་པར་མཛད་ལགས་ཀྱི་འདི་ཉིད་ལ་བདག་ཅག་གི་སྡུག་བསྔལ་ཞི་བར་བྱའོ་ཞེས་དེ་དག་གིས་དེ་ལྟར་ངེས་པར་བཟུང་ནས་འདུག་སྟེ། ཀྱེ་རྒྱལ་པོ་ཆེན་པོ་རྗེ་མཆོག་ཏུ་ཕན་པར་བཞེད་པ་ཁྱེད་བཞུགས་བཞིན་དུ་ཡང་བདག་ཅག་འདི་འདྲ་
བའི་གནས་སྐབས་སུ་གྱུར་ཏོ་ཞེས་རྒྱལ་པོ་དེ་ལ་རང་གི་སྡུག་བསྔལ་བསལ་བར་བྱས་པར་གྱུར་ཏོ། །རྒྱལ་པོ་དེ་ཡང་སྙིང་རྗེས་གཞན་གྱི་དབང་དུ་གྱུར་པའི་ཡིད་ཀྱིས་དེ་དག་གི་སྡུག་བསྔལ་མ་བཟོད་ནས་མྱུར་དུ་འདི་དག་གི་ནད་ཀྱི་གདུང་བ་སོལ་ཅིག་ཅེས་སྨན་པ་རྣམས་ལ་བཀའ་
བསྒོའོ། །དེ་དག་གིས་ཀྱང་དེ་བཞིན་བགྱིའོ་ཞེས་སླར་མཉན་ནས་གསོ་བའི་བསྟན་བཅོས་བལྟས་པ་དང་ཉ་རོ་ཧི་ཏའི་འཕྲལ་གྱི་ཤ་ལས་སྐྱབས་གཞན་མ་རྙེད་ནས་དེ་བཞིན་དུ་རྒྱལ་པོ་ལ་སླར་གསོལ་ཏོ་ཞེས་རྒྱ་ཆེར་རོ། །འདི་ཉིད་སློབ་དཔོན་ལཀྵི་ནས་སྐྱེས་པའི་རབས་ཀྱི་བསྟོད་པར་
ཡང་བསྟན་ཏོ། །ཟུག་རྔུ་ཐམས་ཅད་འབྱིན་པ་ཡི། །ཞེས་པ་ནི་ལུས་དང་ཡིད་ལས་བྱུང་བའི་ཟུག་རྔུ་དུ་མ་འདོན་པའིའོ། །བདག་ཉིད་སྨད་པའི་གནས་ཡིན་ཏེ། ཤིན་ཏུ་ངན་ཅིང་གཏི་མུག་པར་གྱུར་པ་ཡིན་ནོ། །དེ་ལྟར་ཤེས་ཀྱང་གལ་ཏེ་དེ་བཞིན་གཤེགས་པའི་བཀའ་ལྟར་མི་

བྱེད་པ་ནི་ཕྱིར་ཕྱོགས་ཤིང་མི་བསྟེན་པ་ཡིན་ལ། དེའི་ཚེ་བདག་ལ་གཏི་མུག་མཐར་ཐུག་པ་ཡོད་པ་ཡིན་ཏེ་བདག་སྨད་པར་བྱ་བ་ཡིན་ནོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། གཡང་ས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡང་ས་
ཐ་མལ་ཆུང་ངུ་ནི་རི་ལ་སོགས་པའི་གཡང་ས་ཆུང་ངུ་ཡིན་ཏེ། གང་དུ་རུས་པ་འཆག་པ་ཙམ་མམ་འཆི་བ་ཙམ་གྱི་སྡུག་བསྔལ་དུ་གྱུར་པ་ཡིན་ལ། དཔག་ཚད་སྟོང་དུ་ལྟུང་བ་ཞེས་ཏེ་དཔག་ཚད་སྟོང་ཕྲག་དུ་མའི་ཚད་ཀྱི་མནར་མེད་པ་ལ་སོགས་པའི་གཡང་ས་ཞེས་པའི་
དོན་ཏོ། །ཡུན་རིང་ཞེས་པ་ནི་གང་དུ་བར་གྱི་བསྐལ་པ་ལ་སོགས་པས་ཚེ་གཏུགས་པའོ། །དེ་ལྟར་འཆི་བ་མ་མཐོང་བ་ཉིད་ཡིན་ཏེ། ཅིའི་ཕྱིར་སྐབས་མ་ཡིན་པར་སྔར་བས་བདེ་བར་གནས་པ་འདོར་ཞེས་པའི་དོགས་པ་སྤང་བར་མི་ནུས་སོ་ཞེ་ན། དེ་རིང་ཞེས་པ་ལ་སོགས་
པ་གསུངས་ཏེ། གདོན་མི་ཟ་བར་ཞེས་པ་ནི་འདི་ངེས་པའོ། །དེ་ལྟ་ནའང་འཇིགས་པར་མི་རིགས་སོ་ཞེ་ན། བདག་ལ་མི་འཇིགས་ཞེས་པ་ལ་སོགས་པ་གསུངས་པ་ལ། གང་གིས་ན་འཇིགས་པར་མི་འགྱུར་བར་གནས་པ་མ་འཇིགས་ཤིག་ཅེས་མི་འཇིགས་པ། སྐྱེས་བུ་དམ་པ་སུ་
ཡིས་བདག་ལ་བྱིན། ཞེས་པའི་དོན་ཏོ། །ཡང་ན་གལ་ཏེ་ངེས་པར་ཐར་པའི་ཐབས་ཡོད་པ་དེ་ལྟར་ན་ཡང་འཇིགས་པར་མི་རིགས་ཏེ། དེ་ཡང་ཡོད་པ་མ་ཡིན་ལ། སྡུག་བསྔལ་འདི་ལས་ཇི་ལྟར་ངེས་ཐར་འགྱུར་ཏེ། འགྱུར་བ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གསོན་པ་
ཐམས་ཅད་འཆི་བའི་མཐར་གཏུགས་པར་འགྱུར་རོ་ཞེས་གསུངས་སོ། །འདིས་ཀྱང་ཡིད་བདེ་བར་གནས་པར་མི་རིགས་སོ་ཞེས་བསྟན་པའི་ཕྱིར། སྔོན་ཆད་མྱོང་སྟེ་ཞེས་པ་ལ་སོགས་པ་གསུངས་པ་ལ། མངོན་ཞེན་ནས་ཞེས་པ་ནི་ཆགས་ནས་སོ། །བླ་མའི་ཞེས་པ་ནི་སངས་
རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དགེ་བའི་བཤེས་གཉེན་རྣམས་ཀྱིའོ། །དེའི་ཕྱིར་འདིར་ཉིན་མཚན་དུ་འདི་ཡིད་ལ་བྱ་བར་རིགས་སོ་ཞེས་གསོན་ཚེ་འདི་དང་ཞེས་པ་ལ་སོགས་པ་གསུངས་པ་ལ། གསོན་ཚེ་ནི་སེམས་ཅན་གྱི་འཇིག་རྟེན་ཡིན་ལ། འདི་ནི་མི་ལ་

སོགས་པ་རིགས་མཐུན་པའི་མཚན་ཉིད་ཡིན་ཏེ། གཅིག་པུ་ཞེས་པ་ནི་གྲོགས་མེད་པའོ། །ག་ཤེད་ཅེས་པ་ནི་ངེས་པ་མེད་པའི་གནས་སོ། །མི་དགེ་བ་ལས་ཞེས་པ་ནི་མི་དགེ་བའི་ལས་ལས་ཏེ། དེ་ལས་ཞེས་པ་ནི་མི་དགེ་བའི་ལས་སོ། །ད་ནི་ལས་དང་འབྲས་བུ་ངེས་པར་
བྱས་པས་མངོན་པར་ཞེན་པ་ཆེན་པོའི་སྒོ་ནས་ཡང་ལྟུང་བ་བཤགས་པར་བྱའོ་ཞེས་བསྟན་པའི་ཕྱིར། བདག་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། བྱིས་པ་ཞེས་པ་ནི་མི་ཤེས་པ་ཉིད་ཡིན་ལ། གཏི་མུག་པས་ཞེས་པ་ནི་གཏི་མུག་གི་མུན་པས་སོ། །གང་ཅུང་ཟད་ཅེས་པ་ནི་
ལུས་དང་ངག་དང་ཡིད་རྣམས་ཀྱིས་སོ། །རང་བཞིན་ཁ་ན་མ་ཐོ་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའི་རང་བཞིན་ཡིན་ལ། བཅས་པའི་སྡིག་པ་ནི་སྡོམ་པ་བླངས་པ་རྣམས་ཉིད་ལ་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་ཟས་ལ་སོགས་པ་བཅས་པའི་རང་བཞིན་
ནོ། །བཤགས་པར་བགྱི་ཞེས་པ་ནི་ངག་གི་རྣམ་པར་རིག་བྱེད་བསླང་བ་ཡིན་ལ། ཐལ་སྦྱར་ཞེས་པ་ནི་ལུས་ཀྱི་རྣམ་པར་རིག་བྱེད་དོ། །ཡང་དང་ཡང་དུ་ཕྱག་འཚལ་ནས་ཞེས་པ་ནི་ཤིན་ཏུ་ཡང་སེམས་སྐྱོ་བར་སྟོན་ཏོ། །ལྟུང་བ་ལ་ཞེས་པ་ནི་དམྱལ་བ་ལ་སོགས་པ་རྣམས་སུ་
འདིས་ཤིན་ཏུ་ལྟུང་བར་བྱེད་པས་ན་ལྟུང་བའོ། །ལས་མི་དགེ་བ་ཡིན་པའི་ཕྱིར་ནོངས་པ་ཉིད་དེ་ཉེས་པ་ཉིད་དུའོ། །གཟུང་དུ་གསོལ་ཏེ་མཁྱེན་པ་དང་། གཟིགས་པ་དང་། རིག་པར་མཛོད་ཅིག་པའོ། །སྒྲིབ་པ་མེད་པའི་སེམས་ཀྱིས་བདག་གིས་བསལ་བར་བྱ་སྟེ། བདག་ལ་
འཆབ་པ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་འཆལ་བར་དོགས་པས་སྤང་བར་འདོད་ནས་ཕྱིན་ཆད་མི་བྱེད་པའི་དོན་དུ་སྡོམ་པ་ལེན་པར་མགོན་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་འཕགས་པ་དགྱེས་ཤིང་གང་དུ་འཕགས་པ་མཉེས་པ། མཁས་པས་བསྔགས་
པ་མ་ཡིན་པས་མགོན་པོ་བཟང་པོ་མ་ལགས་པ་ནི་དམན་པ་སྟེ། འཕགས་པ་མ་ཡིན་པའི་ལས་སུ་བརྗོད་དོ། །དེ་ནས་བཟུང་སྟེ་ཤེས་ཤིང་མཐོང་བཞིན་དུ་བློ་སྔོན་དུ་སོང་བས་ཡང་དེ་བདག་གིས་མི་བྱ་སྟེ། སླན་ཆད་ཀྱང་མི་བགྱིད་པར་སྡོམ་པར་འཚལ་ལ་ཞེས་པའི་དོན་ཏོ། །

དེ་ཡང་ཕུང་པོ་གསུམ་པ་གདོན་པའི་སྐབས་སུ་གསལ་བར་འཆད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱས་པ་ལས་སྡིག་པ་བཤགས་པའི་ལེའུ་སྟེ་གཉིས་པའོ།། །།
བམ་པོ་བཞི་པ། ད་ནི་སྡིག་པ་བཤགས་པའི་དེ་མ་ཐག་ཏུ་བསོད་ནམས་ལ་རྗེས་སུ་ཡི་རང་བ། སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། དམྱལ་བ་ལ་སོགས་པའི་འགྲོ་བར་སྡུག་བསྔལ་ཉམས་སུ་མྱོང་བས་ངལ་བ་རྣམས་ལེགས་པར་བྱས་པའི་རྣམ་པར་
སྨིན་པ་ལ་བརྟེན་ནས་བདེ་བ་ཐོབ་པས་དུས་ཅུང་ཟད་ཅིག་ཏུ་ངལ་བསོ་བའོ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཞེས་བྱ་བ་ནི་སེམས་རབ་ཏུ་དང་བས་ཡང་དག་པར་དགའ་བར་བགྱི་བ་སྟེ། རྗེས་སུ་ཡི་རང་བ་ཡང་རྣམ་པ་གསུམ་སྟེ། ཡིད་དང་ལུས་དང་ངག་གིས་སོ། །དེ་ལ་
ཡིད་ཀྱིས་ནི་སེམས་རབ་ཏུ་དང་བས་ཡང་དག་པར་དགའ་བར་བྱེད་པ་དང་། ལུས་ཀྱིས་ནི་བ་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་འབྱུང་བ་དང་། ལུས་འདར་བ་ལ་སོགས་པ་ཉམས་སུ་མྱོང་བ་དང་། ངག་གིས་ནི་ཡང་དག་པར་དགའ་བའི་སེམས་ཀྱིས་ལེགས་པར་བྱས་སོ། །
རབ་ཏུ་བྱས་སོ། །བཟང་པོ་ཞིག་བྱས་སོ་ཞེས་དེ་ལྟར་ངག་ཏུ་བརྗོད་ཅིང་རྗེས་སུ་ཡི་རང་བར་བྱེད་པའོ། །སྡུག་བསྔལ་ཅན་དག་བདེ་བར་གནས་པ་ཞེས་བྱ་བ་ནི་དེ་དག་གིས་གང་གི་དོན་དུ་ལས་དེ་བྱས་པ་དེ་ཡང་དེ་དག་གིས་ཐོབ་པར་གྱུར་ཅིག་སྙམ་དུ་དགོངས་པའོ། །འཇིག་རྟེན་པའི་
ལས་ལ་རྗེས་སུ་ཡི་རང་བ་བྱས་ནས། འཇིག་རྟེན་ལས་འདས་པ་ལ་རྗེས་སུ་ཡི་རང་བ་ནི་ལུས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྡུག་བསྔལ་ལས་ངེས་པར་ཐར་བ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་བྱང་ཆུབ་བམ། རང་སངས་རྒྱས་ཀྱི་བྱང་ཆུབ་བམ་སེམས་ཀྱང་རུང་སྟེ།
དེའི་དོན་དུ་བསྐྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཚེ་བྱང་ཆུབ་གསུམ་ལ་གནས་པ་དེ་འང་གཟུང་ངོ་། །ལུས་ཅན་ཞེས་པ་ནི་སྲོག་ཆགས་སོ། །བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཉིད་ཅེས་པ་ལ། བྱང་ཆུབ་སེམས་དཔའ་ཉིད་ནི་བཅོམ་ལྡན་འདས་ཀྱི་རྒྱུའི་གནས་

སྐབས་སོ། །སངས་རྒྱས་ཉིད་ནི་འབྲས་བུའི་གནས་སྐབས་ཡིན་ནོ། །སྐྱོབ་པ་རྣམས་ནི་རང་གི་ཐུགས་སུ་ཆུད་པའི་ལམ་སྟོན་པ་པོ་རྣམས་ཀྱིས་ཏེ། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ་ཞེས་གང་གསུངས་པ་སྟེ། དེ་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །ཡང་ན་སྐྱོབ་པ་ནི་རྒྱུན་
གྱི་དོན་ཏོ། །འཁོར་བ་ཇི་སྲིད་པ་མི་གནས་པའི་མྱ་ངན་ལས་འདས་པར་གནས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་བྱེད་པ་ནི་ཐུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་བསྐྱེད་པ་སྐད་ཅིག་རེ་རེ་ལ་བྱུང་བ་ཡང་མཐའ་ཡས་ཤིང་
གཏིང་ཐུག་པ་མེད་པས་རྒྱ་མཚོ་དང་འདྲ་བས་ན་རྒྱ་མཚོའོ། །དེ་ཇི་ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན། སེམས་ཅན་ཐམས་ཅད་བདེ་མཛད་པ། །ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ལ་བདེ་བར་མཛད་པ་ནི་རོ་དེ་ལ་གཅིག་ཏུ་ཞུགས་པའི་རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ། སེམས་
ཅན་ཀུན་ལ་ཕན་མཛད་པ། །ཞེས་བྱ་བ་ནི་ཕན་པ་མཛད་པ་པོ་རྣམས་སོ། །སྟོན་པ་ཞེས་པ་ལ་སོགས་པ་ནི་བསྟན་པ་སྟེ། སངས་རྒྱས་ཉིད་ཀྱི་ཐབས་ལ་གོམས་པ་ཡིན་ཏེ། དེའི་དོན་ཡིན་པས་བཏགས་པའི་ཕྱིར་རོ། །དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྟོན་པ་ནི་བྱང་
ཆུབ་སེམས་དཔའ་རྣམས་སོ། །དེ་སྐད་དུ། འདི་ནི་ཐབས་ལ་གོམས་པ་ཉིད། །དེའི་ཕྱིར་དོན་ནི་བསྟན་པར་འདོད། །ཅེས་བསྟན་ཏོ། །ཡང་ན་འདི་ལ་སྟོན་པའི་ངང་ཚུལ་ཡོད་པས་སྟོན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་
རྣམས་ཀྱིས་སེམས་ཅན་རྣམས་བསྡུས་ནས་ཡང་དག་པའི་ལམ་ལ་འཇུག་པར་བྱེད་པ་ཡིན་ནོ། །དེ་དག་གི་རྗེས་སུ་ཡི་རང་བ་བསྟན་ནས། བསྐུལ་བ་བསྟན་པའི་ཕྱིར། ཕྱོགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཆོས་ཀྱི་སྒྲོན་མ་སྦར་དུ་ཞེས་བྱ་བ་ནི་མི་ཤེས་
པས་བསྒྲིབས་པའི་སེམས་ཅན་གྱི་ལམ་དང་ལམ་མ་ཡིན་པ་ཡོངས་སུ་ཤེས་པ་མེད་པ་རྣམས་ལ་ཆོས་སྟོན་པ་པོའི་བདག་ཉིད་ཀྱིས་སྣང་བ་མཛད་དུ་གསོལ་ཅིག་ཅེས་བྱ་བའོ། །དེ་དག་གིས་བསྐུལ་བ་བརྗོད་དོ། །གསོལ་བ་བཏབ་པ་བསྟན་པ་ནི། རྒྱལ་བ་མྱ་ངན་ཞེས་བྱ་བ་ལ་

སོགས་པ་སྟེ། བྱ་བ་བྱས་པས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པའི་ཐུགས་མངའ་བ་རྣམས་ལ་བསྐལ་པ་མཐའ་ཡས་པར་བཞུགས་པར་གསོལ་བ་འདེབས་པའོ། །ལྡོངས་པས་མི་འགྱུར་བར་ཞེས་པ་ནི་སྔ་མ་བཞིན་དུ་ལམ་མི་ཤེས་པ་དང་།
སེམས་པ་མེད་པར་མ་གྱུར་པའོ། །འདིས་ཀྱང་གསོལ་བ་གདབ་པར་བསྟན་ནས། ད་ནི་གསོལ་བ་གདབ་པའི་དེ་མ་ཐག་ཏུ་ཡོངས་སུ་བསྔོ་བ་ནི། དེ་ལྟར་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྟན་པའི་རིམ་པས་དེ་དག་ཀུན་མཆོད་པ་དང་། སྡིག་པ་བཤགས་
པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་བྱས་ཏེ། བསྒྲུབས་ནས། དགེ་བ་ལེགས་པར་བྱས་པ་བདག་གིས་བསགས་པ་སྟེ། ཐོབ་པ་གང་ཡིན་པའི་དགེ་བ་དེས་ནི་སེམས་ཅན་ཐམས་ཅད་ཀྱི་སྟེ་སྲོག་ཆགས་མཐའ་དག་གིའོ། །སྡུག་བསྔལ་ཐམས་ཅད་
རབ་ཞིར་ནི་ཕོངས་པ་མ་ལུས་པ་རབ་ཏུ་ཞི་བར་བྱེད་ནུས་པར་གྱུར་ཅིག་པ་སྟེ་ཤོག་ནི་གྱུར་ཅིག་པའོ། །དེ་དག་གིས་སྤྱིར་ཡོངས་སུ་བསྔོས་ནས། ཡང་བྱེ་བྲག་ཏུ་འགྲོ་བ་ནད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེས་ནི་ཞེས་བྱ་བ་ཅི་རིགས་པ་ཐམས་ཅད་དུ་སྦྱར་བར་བྱའོ། །ནད་པ་
ཞེས་པ་ནི་ནད་ཀྱིས་གདུངས་པའོ། །སྨན་ཞེས་པ་ནི་སྨན་ནོ། །སྨན་པ་ནི་གསོ་དཔྱད་བྱེད་པ