Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 105

Văn bản gốc(Tây Tạng)

Trang 5 / 22 (50.000 ký tự/trang)
འོ། །དེའི་ནད་གཡོག་ནི་ནད་པ་དེའི་རིམ་གྲོ་བྱེད་པའོ། །ནད་སོས་གྱུར་གྱི་བར་ཞེས་པ་ནི་ཇི་སྲིད་དུ་ནད་མེད་པར་གྱུར་གྱི་བར་དུའོ། །བཀྲེས་པ་ནི་ལྟོགས་པའོ། །སྐོམ་པ་ནི་ཁ་སྐོམ་
པ་སྟེ། དེ་དག་གིས་གནོད་པའོ། །དེ་གཞོམ་པ་ནི་བཟློག་པའོ། །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། བཟའ་བ་དང་བཏུང་བ་ཕུན་སུམ་ཚོགས་པའི་རྒྱུན་རྣམས་ཀྱིས་སོ། །མུ་གེའི་བསྐལ་པ་བར་མའི་ཚེ་ཞེས་པ་ལ། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་
ཚར་ཕྱིན་བྱེད། །ཅེས་བྱ་བ་ཡིན་ཏེ། དེ་ལ་སྐྱེ་དགུ་རྣམས་ཚེ་ལོ་བཅུ་པ་ན་བར་གྱི་བསྐལ་པ་མཐའ་མ་ལ་མུ་གེས་འཇིག་པའོ། །ལོ་བདུན་དང་། ཟླ་བ་བདུན་དང་། ཉི་མ་བདུན་འབྱུང་བར་འགྱུར་ཏེ། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་བྱེད། །ཞག་རྣམས་དང་ནི་

ཟླ་བ་དང་། །ལོ་བདུན་དག་སྟེ་གོ་རིམས་བཞིན། །ཞེས་གང་བསྟན་པའོ། །དེར་ཟས་དང་སྐོམ་མེད་པས་གཅིག་ལ་གཅིག་གིས་ཤ་དང་རུས་པ་ཟ་བ་ཉིད་ཟས་ཡིན་ནོ། །གཅིག་གིས་དེ་ཡང་མི་རྙེད་ལ་ཟས་མེད་པས་འཆི་བར་འགྱུར་ཏེ། དེར་ཟས་དང་སྐོམ་དུ་གྱུར་ཅིག་པའོ། །
དབུལ་བ་ཞེས་བྱ་བ་ནི་ནོར་མེད་པ་རྣམས་སོ། །མི་ཟད་ཅེས་བྱ་བ་ནོར་གང་གིས་ཕྲོགས་ཀྱང་ཟད་པ་མེད་པའོ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ་ཞེས་པ་ནི་མལ་ཆ་དང་། སྟན་དང་། གནས་དང་། ན་བཟའ་དང་། རྒྱན་དང་། བྱུག་པ་ལ་སོགས་པ་གང་དང་གང་སེམས་ཅན་
རྣམས་འདོད་པ་དེ་དང་དེའི་ཡོ་བྱད་དེ་ཉེ་བར་མཁོ་བའི་བྱེ་བྲག་གི་རྣམ་པར་རོ། །བདག་ཉིད་ཉེ་བར་གནས་གྱུར་ཅིག་སྟེ་སོ་སོར་ཉེ་བར་གནས་པར་གྱུར་ཅིག་པའོ། །སེམས་ཅན་དབུལ་པོ་དེ་རྣམས་ཀྱི་མདུན་དུ་ནི་སྔོན་དུའོ། །ཡོངས་སུ་བསྔོ་བ་ན་འདི་ཡང་འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་
མདོ་ལས་རྒྱ་ཆེར་བསྟན་ཏེ། དེ་ལས་འདི་སྐད་དུ། དེས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བ་ན་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་བདག་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་ཅིག །ཉོན་
མོངས་པ་ཐམས་ཅད་ལས་ཡོངས་སུ་དགྲོལ་བའི་ཕྱིར་སེམས་ཅན་ཐམས་ཅད་སྐྱོབ་པར་གྱུར་ཅིག །འཇིགས་པ་ཐམས་ཅད་ལས་བསྲུང་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཅིག །ས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཅིག་
ཤིན་ཏུ་གྲུབ་པ་དང་བདེ་བ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་ཅིག །རབ་རིབ་མེད་པའི་ཡེ་ཤེས་ཀུན་ཏུ་བསྟན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་སྣང་བར་གྱུར་ཅིག །མ་རིག་པའི་མུན་པ་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྒྲོན་མར་
གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། དེ་ལྟར་བསྟན་ནས། ཡང་འདི་སྐད་དུ། དེ་ཡང་ལྷག་པའི་བསམ་པ་ཐག་པ་ནས་ཡོངས་སུ་བསྔོའི། ཚིག་ཙམ་གྱིས་ནི་མ་ཡིན་ནོ། །དེ་ཡང་དགའ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །མགུ་བའི་སེམས་ཀྱིས་

ཡོངས་སུ་བསྔོའོ། །རབ་ཏུ་དད་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །རབ་ཏུ་དགའ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ། །མཉན་པའི་སེམས་ཀྱིས་ཡོངས་སུ་བསྔོའོ། །བྱམས་པའི་སེམས་དང་། མཛའ་བའི་སེམས་དང་། ཕན་གདགས་པའི་
སེམས་ཀྱིས་ཡོངས་སུ་བསྔོའོ་ཞེས་རྒྱ་ཆེར་གསུངས་སོ། །ད་ནི་ལུས་ལ་སོགས་པ་ཡོངས་སུ་གཏོང་བར་བྱེད་པ། ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་། སྐྱེ་བ་དང་། བྱ་བ་ཐམས་ཅད་ལ་ལྟོས་པ་མེད་པར་ཏེ། རྣམ་པ་ཐམས་
ཅད་དུ་ཆགས་པ་མེད་པར་ཞེས་བྱ་བའི་དོན་ཏོ། །གཏང་བར་བྱ་ཞེས་པ་ནི་དབུལ་བར་བྱ་བ་སྟེ་སྦྱིན་པར་བྱ་ཞེས་པའི་དོན་ཏོ། །ལོངས་སྤྱོད་ཅེས་བྱ་བ་ནི་ཉེ་བར་སྤྱད་པར་བྱ་བའི་དངོས་པོ་རྣམས་ཏེ། རྟ་དང་གླང་པོ་ཆེ་དང་། ཤིང་རྟ་དང་། ཁང་བཟངས་ལ་སོགས་པའི་གནས་དང་།
མེ་ཏོག་གི་ཕྲེང་བ་དང་། ཙནྡན་དང་། གོས་དང་། རྒྱན་དང་། བུ་མོ་ལ་སོགས་པའོ། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་ཞེས་བྱ་བ་ནི་ཁམས་གསུམ་པར་བསྡུས་པའི་བསོད་ནམས་དང་། མི་གཡོ་བའི་རང་བཞིན་ཐམས་ཅད་དོ། །ཡང་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་
པ་དང་། བསྒོམས་པ་ལས་བྱུང་བ་སྟེ་དུས་གསུམ་དུ་གཏོགས་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའོ། །འོ་ན་མ་འོངས་པའི་རང་བཞིན་ཡོད་པ་མ་ཡིན་པ་འདི་ཇི་ལྟར་གཏང་དུ་རུང་ཞེ་ན། བདེན་མོད་ཀྱི་འོན་ཀྱང་དེ་ཡོད་པའི་དུས་སུ་དེ་ལ་ཞེན་པ་བཟློག་པའི་དོན་དུ་དེ་
སྐད་དུ་བརྗོད་པ་དང་། ད་ལྟ་ན་ཡང་དེ་ཡོངས་སུ་བཏང་བས་བསམ་པ་རྣམ་པར་དག་པ་འཕེལ་བར་བྱ་བའི་དོན་དུ་ཡང་ཡིན་ནོ། །དེ་ཉིད་ནི་ལྟོས་པ་མེད་པ་ཞེས་གསུངས་པ་ཡིན་ཏེ། དེའི་རྣམ་པར་སྨིན་པ་ལ་རང་གི་དོན་དུ་ལྟོས་པ་མེད་པའོ། །དེ་ལྟར་ན་སུའི་དོན་དུ་ཉམས་སུ་ལེན་
པར་བྱེད་ཅེ་ན། སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཞེས་གསུངས་ཏེ། སེམས་ཅན་ཀུན་ཏེ་ཁམས་གསུམ་པར་གནས་པ་རྣམས་ཀྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཀྱི་དོན་རྫོགས་པར་བྱ་བའི་ཕྱིར་རོ། །འདས་པ་དང་། མ་འོངས་པའི་དགེ་

བའི་རྩ་བ་བཏང་བ་ནི། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་བསྟན་པ། དགེ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་རྗེས་སུ་དྲན་ལ་རྗེས་སུ་དྲན་ནས་ཀྱང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་འདས་པ་ལ་མཁས་པའོ། །གང་མ་འོངས་པའི་དགེ་བའི་རྩ་བ་ངེས་པར་
སེམས་ཤིང་བྱང་ཆུབ་ལ་མངོན་དུ་ཕྱོགས་པའི་ལས་སེམས་པ་སྟེ། བདག་ལ་དགེ་བའི་སེམས་བསྐྱེད་པ་འབྱུང་བ་གང་ཡིན་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་མ་འོངས་པ་ལ་མཁས་པའོ་ཞེས་རྒྱ་ཆེར་གསུངས་པ་དང་། ཐམས་
ཅད་གཏོང་བ་ལ་མོས་པ་ཡོངས་སུ་རྫོགས་ཏེ། གཏོང་བའི་སེམས་ཀྱི་ཤུགས་ཀྱིས་ལུས་ཀྱི་སྦྱོར་བ་དེས་ཡོངས་སུ་འཛིན་པ་ཐམས་ཅད་གཏོང་སྟེ། ཡོངས་སུ་འཛིན་པ་ཐམས་ཅད་ཀྱི་རྩ་བ་སྲིད་པའི་སྡུག་བསྔལ་ལས་གྲོལ་བ་ལ་གྲོལ་བ་ཞེས་རྒྱ་ཆེར་གསུངས་པ་གང་
ཡིན་པའོ། །འོ་ན་བདག་གི་དོན་དུ་ཡང་ཅུང་ཟད་བསྲུང་བར་རིགས་པ་མ་ཡིན་ནམ་སྙམ་པའི་སེར་སྣ་ཟློག་པར་བྱེད་པ། ཐམས་ཅད་བཏང་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟག་པ་དང་བཅས་པའི་ལུས་ལ་སོགས་པ་ཐམས་ཅད་ཀྱི་མྱ་ངན་ལས་འདས་པ་ནི་ཐར་པ་ཡིན་ལ།
བདག་གི་སེམས་པ་ནི་དེ་དོན་དུ་གཉེར་བ་ཡིན་ཏེ། གཏང་བྱ་ན་ཞེས་བྱ་བ་ནི་གལ་ཏེ་མྱ་ངན་ལས་འདས་པའི་ཚེ་ལུས་ལ་སོགས་པ་ཐམས་ཅད་བདག་གིས་ངེས་པར་བཏང་ལ་འགྲོ་བར་བྱ་བ་ཡིན་པ་དེའི་ཚེ་སེམས་ཅན་རྣམས་ལ་བཏང་བ་མཆོག་ཡིན་ན། སེར་སྣའི་རྒྱུ་འདིས་བཟུང་ལ་ཅི་ཞིག་
བྱ་སྙམ་དུ་དགོངས་པའོ། །དེ་ལྟ་བས་ན་འདི་དག་ལ་འདི་འཚམ་པ་ཡིན་ནོ་ཞེས། བདག་གིས་ལུས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཅན་ཐམས་ཅད་དེ། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཇི་ལྟར་འདོད་པ་དང་མཐུན་པར་བྱ་བ་ལ་བདག་གིས་རང་གི་ལུས་སྦྱར་བར་
བྱའོ། །དེ་ཉིད་སྟོན་པར་བྱེད་པ་ནི། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དབྱིག་པ་ལ་སོགས་པས་རྡེག་པར་བྱེད་པའམ། བསྔགས་པ་མ་ཡིན་པ་བརྗོད་པས་སྨད་དུ་ཆུག་ལ། ལུད་ཀྱིས་ཀྱང་གཏོར་དུ་ཆུག་སྟེ། རྡུལ་གྱིས་ཀྱང་འཐོར་ཅིག་པའོ། །བདག་

གིས་དེ་ལ་ལུས་བྱིན་གྱིས། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བདག་གིས་དེ་རྣམས་ལ་ཡོངས་སུ་བཏང་བ་ཡིན་ལ། བདག་ལ་བདེ་བ་དང་སྡུག་བསྔལ་བས་ཁ་དས་ཅི་ཞིག་བྱ། ལས་རྣམས་ཀྱང་ནི་བྱེད་དུ་ཆུག །ཅེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་
དག་སྟེ། དེ་ཉིད་ནི་བདག་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། བདག་ལ་བརྟེན་ནས་ནམ་དུ་ཡང་སྟེ། འདིའམ་ཕ་རོལ་དུ་སྲོག་ཆགས་འགའ་ལ་ཡང་མི་འདོད་པར་མ་གྱུར་ཅིག་ཅེས་པའོ། །གང་དག་གི་ཁྲོ་བའམ་གང་དག་གི་མ་དད་པའི་སེམས་ཏེ། བློ་བྱུང་བ་དེ་དག་གི་ནི་སྟེ།
ཁྲོ་བའམ་མ་དད་པའི་བློ་ཅན་རྣམས་ཀྱིའོ། །དེ་ཉིད་ནི་རྒྱུར་གྱུར་ཅིག་ཏེ། ཁྲོ་བའམ་མ་དད་པའི་སེམས་དེ་ཉིད་དོ། །དོན་ཀུན་འགྲུབ་པའི་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་རྫོགས་པའི་ཆེད་དུའོ། །སྐུར་འདེབས་པ་ཞེས་བྱ་བ་ནི་ལོག་པར་
བརྟགས་པའི་ཉེས་པས་སུན་འབྱིན་པར་འགྱུར་བ་དང་། གཞན་དུ་ཡང་གང་དག་ལུས་སམ་ཡིད་ཀྱིས་གནོད་པ་བྱེད་པར་འགྱུར་བའོ། །ཁ་ཟེར་བ་ཞེས་བྱ་བ་ནི་བཞད་གད་དུ་བྱེད་པའམ། ཅོ་འདྲི་བར་བྱེད་པའོ། །དེ་བཞིན་གཞན་ཞེས་བྱ་བ་ནི་ཐ་མལ་པ་ཙམ་མམ། དད་པ་རྣམས་ཏེ།
ཐམས་ཅད་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིག་པའོ། །མགོན་མེད་རྣམས་ཀྱི་ཞེས་བྱ་བ་ནི་མགོན་དང་བཅས་པར་འདོད་པ་རྣམས་ཀྱིའོ། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །ཞེས་བྱ་བ་ནི་ལམ་དུ་ཉེ་བར་ཞུགས་པ་རྣམས་ཀྱི་དེད་དཔོན་གྱི་གཙོ་བོར་རོ། །རྒལ་འདོད་རྣམས་ཀྱི་
ཞེས་བྱ་བ་ནི་འབབ་ཆུ་ལ་སོགས་པ་རྣམས་ཀྱི་ཕ་རོལ་གྱི་འགྲམ་དུ་འགྲོ་བར་འདོད་པ་རྣམས་ཀྱིའོ། །སྒྲོན་མ་ཞེས་བྱ་བ་ནི་མུན་པ་ན་གནས་པ་རྣམས་ཀྱིའོ། །གནས་མལ་འདོད་པ་ཞེས་བྱ་བ་ནི་མལ་ཆ་འདོད་པ་རྣམས་ལའོ། །བྲན་འདོད་པ་ཞེས་བྱ་བ་ནི་གང་དག་རིམ་གྲོའི་དོན་དུ་བྲན་
དང་ལས་བྱེད་པ་འདོད་པའོ། །ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ནི་བསམས་པའི་འབྲས་བུ་སྟེར་བར་བྱེད་པའི་རིན་པོ་ཆེའི་ཁྱད་པར་རོ། །བུམ་པ་བཟང་ཞེས་བྱ་བ་ནི་དངོས་པོ་གང་དང་གང་འདོད་པའི་བསམ་པས་དེར་ལག་པ་བཅུག་ན་དེ་དང་དེ་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་པའོ། །

རིག་སྔགས་གྲུབ་ཅེས་བྱ་བ་ནི་གསང་སྔགས་གྲུབ་པ་སྟེ། གང་དང་གང་ལས་སུ་བྱ་བ་དེ་ཐམས་ཅད་འགྲུབ་པའོ། །སྨན་ཆེན་དང་ཞེས་བྱ་བ་ནི་གནོད་པ་དང་གཟིར་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་རྒྱུ་གཅིག་པུ་ཉིད་གང་ཡིན་པའོ། །དཔག་བསམ་གྱི་ནི་ཤིང་དག་དང་། །ཞེས་བྱ་བ་
ནི་དཔག་ཅིང་བསམ་པའི་དོན་གྲུབ་པར་བྱེད་པའི་ཤིང་གི་ཁྱད་པར་རོ། །འདོད་འཇོར་ཞེས་བྱ་བ་ནི་གང་འདོད་པ་བཞོར་ཡོད་པའོ། །ས་སྩོགས་ཞེས་བྱ་བ་ལ་ས་ནི་ནོར་འཛིན་ནོ། །སྩོགས་པའི་སྒྲས་ཆུ་དང་མེ་དང་། རླུང་བཟུང་སྟེ། འབྱུང་བ་ཆེན་པོ་བཞི་པོ་དག་གོ། །དེ་དག་
ཀྱང་ཇི་ལྟར་མལ་ཆ་དང་། སྟན་དང་། འབྲུ་དང་། སྨན་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་ལ་སོགས་པའི་རྟེན་ཉིད་དང་། དེ་བཞིན་དུ་བཏུང་བ་དང་ཞུགས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་གཞན་ལ་ཡང་སྦྱར་བར་བྱའོ། །ནམ་མཁའ་མཐའ་ཡས་པར་ཁྱབ་
པའི་སེམས་ཅན་གྲངས་མེད་པ་རྣམས་ཀྱི་ཡོངས་སུ་སྤྱོད་པ་ཉེ་བར་འགྱུར་བ་དེ་བཞིན་དུ་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྣམ་པ་དུ་མ་ཡིས་ཉེ་བར་སྤྱོད་པར་གྱུར་ཅིག་པའོ། །ཐམས་ཅད་མྱ་ངན་འདས་བར་དུ། །ཞེས་བྱ་བ་ནི་ཇི་སྲིད་དུ་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་
རྣམ་པར་མ་གྲོལ་གྱི་བར་དུ་སྟེ། དེ་ལྟ་བས་ན་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱི་ལུས་ལ་སོགས་པ་འདི་དག་གཏོང་བར་བྱའོ། །སྦྱིན་པ་འདི་དག་ཀྱང་བསླབ་པ་ཀུན་ལས་བཏུས་པ་ལས་ཤིན་ཏུ་རྒྱ་ཆེ་བར་བསྟན་ཏེ། དེ་ནི་འདི་ལྟར་དེ་ཉིད་ལས་བྱང་ཆུབ་སེམས་དཔའི་སོ་སོར་ཐར་
པ་ལས་གསུངས་པ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་གཞན་གྱིར་འདུ་ཤེས་སྐྱེད་པར་བྱེད་དེ། དངོས་པོ་འགའ་ཡང་མི་ལེན་ཏོ། །དེ་ཅིའི་ཕྱིར་ན། ཉེ་བར་ལེན་པ་ནི་དོར་བྱ་ཡིན་ནོ་ཞེས་དེ་སྐད་བསྟན་ནས། ཡང་དེ་ཉིད་ལས་འདི་སྐད་ཅེས་
ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་དཔའ་བ་ཡིན་ཏེ། རང་གི་ལག་པའི་བར་དུ་ཡོངས་སུ་གཏོང་བ་ཡིན། རྐང་པ་ཡོངས་སུ་གཏོང་བ་དང་། སྣ་ཡོངས་སུ་གཏོང་བ་དང་། མགོ་ཡོངས་སུ་གཏོང་བ་དང་། ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་

ནས། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་བཞིན་དུ་སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང་གསུངས་ཏེ། དངོས་པོ་གང་ལ་དེ་གཏོང་བའི་སེམས་མི་སྐྱེ་བ་དང་། གཏོང་བའི་བློ་མི་འཇུག་པའི་དངོས་པོ་དེ་བསྲེལ་བར་མི་
བྱའོ། །རིགས་ཀྱི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་བྱིན་ཞིང་ཡོངས་སུ་བཏང་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་ཀྱི་ཞེས་པ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་། །དེ་བཞིན་དུ་
འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ལུས་འདི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་ངེས་པར་བྱས་ཏེ། དཔེར་ན་སའི་ཁམས་དང་། མེའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་དང་། འབྱུང་བ་ཆེན་པོ་བཞི་པོ་འདི་དག་སྒོ་སྣ་ཚོགས་དང་།
རྣམ་གྲངས་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་ཉེ་བར་ལོངས་སྤྱོད་པ་དང་། ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དེ་བཞིན་དུ་བདག་གིས་ཀྱང་འབྱུང་བ་ཆེན་པོ་བཞི་འདུས་པའི་ལུས་འདི་སྒོ་སྣ་ཚོགས་དང་།
རྣམ་གྲངས་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱ་ཆེར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ་ཞེས་རྒྱ་ཆེར་བསྟན་ཏོ། །རིན་ཆེན་སེམས་དེ་ཞེས་བྱ་བ་ལ་སོགས་པ་ནས་བརྩམས་ཏེ། འདི་དག་ཐམས་ཅད་ནི་བྱང་ཆུབ་
ཀྱི་སེམས་གནོད་པའི་ཕྱིར་སྔོན་དུ་སྦྱོར་བ་ཡིན་པར་རིག་པར་བྱའོ། །དེ་ལྟར་མཆོད་པ་ལ་སོགས་པ་བྱས་ལ་ལུས་ལ་སོགས་པ་སྦྱིན་པར་བཏང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྫོགས་པས་དལ་བ་ཕུན་སུམ་ཚོགས་པ་མཆོག་ཏུ་རྙེད་དཀའ་བར་རིག་ནས་དད་པའི་རྩ་བ་བརྟེན་
པོར་ཉེ་བར་གཞག་སྟེ། སེམས་ཅན་སྐྱབས་མེད་པ་དང་། དཔུང་གཉེན་མེད་པ་རྣམས་ལ་སྙིང་རྗེ་དང་ལྡན་ཞིང་རང་གི་བདེ་བ་ལ་ལྟོས་པ་མེད་པར་གཞན་སྡུག་བསྔལ་བས་སྡུག་བསྔལ་བ་དེ་དག་གདོན་པའི་བསམ་པ་དང་དགོངས་པ་ཅན་སངས་རྒྱས་ཉིད་ཀྱི་ཐབས་འདི་དག་

ལེགས་པར་མཐོང་ནས། དེ་ལ་གོ་བགོས་པ་འདི་ལྟར་བདག་དང་གཞན་དག་ཀྱང་འཇིགས་པ་དང་སྡུག་བསྔལ་མི་འདོད་ན་བདག་དང་བྱེ་བྲག་ཅི་ཡོད་ཀྱིས། གང་དེ་བསྲུངས་ལ་གཞན་དེ་ནི་མི་བསྲུང་སྙམ་སྟེ། དེས་བདག་དང་སེམས་ཅན་གྱི་ཁམས་རྣམས་ཀྱི། སྡུག་
བསྔལ་མཐར་འབྱིན་འདོད་པ་དང་། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །སྙམ་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་པ་ནི། ཇི་ལྟར་སྔོན་གྱི་ཞེས་
བྱ་བ་ལ་སོགས་པ་སྟེ། བསམ་པ་གང་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སྤང་བའི་དོན་དུའམ། ཡང་ན་ཇི་ལྟར་གཟུང་བ་དེ་ཉིད་བཅོམ་ལྡན་འདས་ཀྱིས་མཁྱེན་པའོ། །བྱང་ཆུབ་ཐུགས་ནི་ཞེས་པ་ལ། བྱང་ཆུབ་ནི་སངས་རྒྱས་ཉིད་
ཡིན་ཏེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཐུགས་སུ་ཆུད་པའོ། །འདི་ཡང་སྤྲོས་པ་དང་བཅས་པར་ཤེས་རབ་ཀྱི་ལེའུར་བཤད་པར་བྱའོ། །དེར་ཐུགས་ནི་ལྷག་པའི་བསམ་པས་ཐོབ་པར་
བྱ་བའི་ཕྱིར་ཡིད་ལ་བྱེད་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱེད་སྔ་མས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་ནས། བསླབ་པ་སྡོམ་པ་གཟུང་བ་བསྟན་པ་ནི། བྱང་ཆུབ་སེམས་
དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་གིས་རྟག་ཏུ་བྱ་བར་འོས་པ་སྟེ། དེ་ལ་ཞེས་བྱ་བའི་དོན་ཏོ། །རིམ་བཞིན་ཞེས་བྱ་བ་ནི་གོ་རིམས་བཞིན་དུའོ། །གང་གི་ཚེ་ལས་
དང་པོ་པས་དང་པོར་བྱ་བར་ནུས་པ་ནི་དེ་ཉིད་རེ་ཞིག་བྱ་བར་འོས་པ་སྟེ། དེ་བས་དཀའ་བ་ནི་བྱ་བ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །གནས་སྐབས་བར་མ་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། སྙིང་རྗེའི་བསམ་པ་མ་དག་པས། །ལུས་འདི་གཏང་བར་མི་བྱ་སྟེ། །ཞེས་གང་འཆད་

པར་འགྱུར་བ་ཡིན་ནོ། །དེ་ལྟར་གཞན་ལ་ཡང་བལྟ་བར་བྱའོ། །ད་ནི་བདག་ཉིད་ཀྱི་སྡོམ་པ་གཟུང་བ་བརྗོད་པ་ནི། དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གི་བཞིན་དུའམ། དེ་དག་བཞིན་དུའོ། །སྡོམ་པ་གཟུང་བ་ཡང་བྱང་ཆུབ་སེམས་དཔའི་
བསླབ་པའི་གནས་ལ་གོམས་པ་ལྷུར་བྱེད་པ་སྡོམ་པ་དང་ལྡན་པའི་ཐད་ནས་མནོད་དོ། །དེ་ལྟར་བྱས་དང་དེ་བསླབ་པ་ལས་འདས་ན་ནི་ཤིན་ཏུ་ཡང་ཁྲེལ་ཡོད་པར་འགྱུར་ཞིང་བླ་མ་ལ་བསླུས་པར་དོགས་པའི་འཇིགས་པ་ཡང་སྐྱེ་བས་དེ་ལ་ནི་ནན་ཏན་བྱ་མི་དགོས་པར་དགའ་བ་དང་
གུས་པ་འགྲུབ་པར་འགྱུར་ཏེ། འདི་ནི་སྡོམ་པའི་ཆོས་ཀྱི་སྤྱིའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྤྱན་སྔ་ནས་བསླབ་པ་རྣམས་ལས་བསླབ་པ་གང་ཡང་རུང་བ་འགྲུབ་པར་འདོད་པ་རྣམས་ཡི་དམ་འཆའ་བར་བྱེད་དོ། །དེ་བས་ན་སྡོམ་པ་ནོད་པར་
འདོད་པ་རྣམས་དགེ་བའི་བཤེས་གཉེན་ལ་གསོལ་བ་བཏབ་ལ། དེས་གསུངས་པ་དང་མཐུན་པར་སྨྲས་པས་ཤིན་ཏུ་མཉམ་པར་གཞག་པས་བརྗོད་པར་བྱའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཞེས་བརྗོད་ནས། ཇི་ལྟར་འཕགས་པ་འཇམ་
དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་སྔོན་གྱི་རྟོགས་པ་བརྗོད་པ་ལས་སྤྱོད་པ་དང་ལྡན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བསྐྱེད་པར་བྱའོ། །དེས་འདི་སྐད་ཅེས་བརྗོད་དེ། །འཁོར་
བ་ཐ་མ་མེད་པ་ཡི། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །འགྲོ་བ་ཐམས་ཅད་མགྲོན་གཉེར་ཏེ། །དབུལ་ཞིང་ཕོངས་
ལས་དགྲོལ་བར་བགྱི། །བྱང་ཆུབ་ནམ་ཞིག་ཐོབ་བར་དུ། །གནོད་སེམས་དང་ནི་ཐ་བའམ། །ཕྲག་དོག་དང་ནི་སེར་སྣའང་རུང་། །དེ་རིང་ཕན་ཆད་མི་བགྱིད་དོ། །སྡིག་པའི་འདོད་པ་སྤངས་ནས་ནི། །ཚངས་པར་སྤྱོད་པ་སྤྱད་པར་བགྱི། །ཚུལ་ཁྲིམས་སྡོམ་དང་

ངེས་པ་ལ། །སངས་རྒྱས་རྗེས་སུ་བསླབ་པར་བགྱི། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་། །རྣམ་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བསྒོམས་ལ་སྡོམ་པ་གཟུང་སྟེ། སྡོམ་
པ་རང་གི་ནུས་པ་དང་སྦྱར་ལ་བླང་ངོ་། །གཞན་དུ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་བཅས་པའི་འཇིག་རྟེན་རྣམས་བསླུས་པར་འགྱུར་རོ། །སྡོམ་པ་འདི་ནི་བུད་མེད་ཉོན་མོངས་པ་ཆུང་ངུ་སེམས་བྱང་ཆུབ་ལ་མོས་པ་རྣམས་ལ་ཡང་སྐྱེ་བར་
འགྱུར་ཏེ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་བ་ལས། ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
སེམས་བསྐྱེད་ནས་བརྩོན་འགྲུས་བརྩམས་ཏེ་གནས་པ་དང་། དགེ་བའི་ཆོས་ཡོངས་སུ་ཚོལ་བའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ་གདམས་པ་ཐམས་ཅད་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཡང་རྒྱུ་བཞིས་སྐྱེ་བར་འགྱུར་ཏེ། དེ་ནི་འདི་ལྟར་ཆོས་བཅུ་པའི་
མདོ་ལས་བསྟན་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རིགས་ལ་གནས་པར་གྱུར་པ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ན་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་བསྐུལ་ཞིང་སྐྱོ་བར་བྱས། ཡང་དག་པར་འཛིན་དུ་བཅུག་སྟེ་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་ཀྱི་སེམས་ལ་མོས་པའི་རྒྱུ་དང་པོའོ། །རྫོགས་པའི་བྱང་ཆུབ་བམ། བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་བརྗོད་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་
ནི་རྒྱུ་གཉིས་པའོ། །དེ་སེམས་ཅན་སྐྱོབ་པ་མེད་པ་དང་། སྐྱབས་མེད་པ་དང་། གླིང་མེད་པ་རྣམས་མཐོང་ནས་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་སེམས་བསྐྱེད་པ་འདི་ནི་རྒྱུ་གསུམ་པའོ། །དེ་བཞིན་གཤེགས་

པའི་སྐུ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་མཐོང་ནས་དགའ་བ་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་བཞི་པའོ་ཞེས་སོ། །འདི་དག་ནི་བྱང་ཆུབ་ཀྱི་སེམས་དང་སྡོམ་པའི་དངོས་གཞིའི་ལས་ཡིན་པར་རིག་
པར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་བསྟན་ནས། མཇུག་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྦྱོར་བ་དང་། དངོས་གཞི་དང་། མཇུག་གསུམ་དང་འབྲེལ་པར་གཟུང་བ་སྟེ། ལས་ཡོངས་སུ་རྫོགས་པ་ནི་འབྲས་བུ་ཡང་ངེས་
པར་འགྱུར་རོ། །ཡན་ལག་གཅིག་མ་ཚང་བས་ནི་དེ་ལས་བཟློག་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་བསྟན་པའི་རིམ་པས་སོ། །བཟུང་ནས་ནི་ཡང་དག་པར་བླངས་ནས་ཏེ་བསྐྱེད་ནས་ཞེས་བྱ་བའི་དོན་ཏོ། །བློ་དང་ལྡན་པ་ཞེས་བྱ་བ་ནི་བློ་གྲོས་དང་ལྡན་པ་སྟེ། བྱང་ཆུབ་སེམས་
དཔའ་ཞེས་བྱ་བའི་དོན་ཏོ། །རབ་དང་བས་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་དང་རབ་ཏུ་མགུ་བ་ཡིས་ཏེ། གཞན་གྱི་རྗེས་སུ་འབྲང་བ་ལ་སོགས་པའམ་འདོད་རྒྱལ་གྱིས་མ་ཡིན་པའོ། །རྒྱས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གཞན་དུ་གལ་ཏེ་བཟུང་ནས་གུས་པ་ཞན་པའམ། ཡིད་ལ་
གཅགས་པར་གྱུར་ན་དེའི་ཚེ་མི་འཕེལ་བ་ཉིད་དམ། ཡོངས་སུ་ཟད་པར་འགྱུར་རོ། །འདི་ལྟར་ནི་དེ་བསྲུང་བ་དང་དག་པ་དང་སྤེལ་བར་འགྱུར་རོ། །འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རིམ་པས་གཟེངས་བསྟོད་དོ་ཞེས་པ་ནི་སྤྲོ་བར་བྱ་བའོ། །དེ་ཉིད་བསྟན་པ་ནི། དེང་དུ་
བདག་ཚེ་འབྲས་བུ་ཡོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འཁོར་བ་ཐོག་མ་མེད་པའི་ཚེ་རབས་བརྒྱུད་པ་དག་ཏུ་ནམ་དུ་ཡང་འདི་འདྲ་བ་ཞིག་ཐོབ་པར་མ་གྱུར་ཏོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །ཞེས་བྱ་བ་ནི་གང་གི་ཚེ་བྱང་ཆུབ་
ཏུ་སེམས་བསྐྱེད་པ་ནའོ། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་བྱ་བ་ནི་ང་རྒྱལ་ཁྱད་པར་དུ་འཕགས་པ་ཡིད་ལ་བྱེད་པས་སེམས་དམན་པ་ཉིད་ཡོངས་སུ་དོར་བའོ། །རང་རིགས་མཐུན་པའི་ལས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གདུང་དང་འཚམ་པའི་ལས་སོ། །སྐྱོན་མེད་

ཅེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མར་ཡོངས་སུ་དག་པའོ། །རྙོག་པར་མི་འགྱུར་ཞེས་བྱ་བ་ནི་བདག་གི་ཉེས་པར་སྤྱད་པས་སྡིག་པ་ཅི་ནས་ཀྱང་མི་འགྱུར་བར་རོ། །འདི་ལྟར་ཡང་རང་གི་སེམས་ཡང་དག་པར་གཟེངས་བསྟོད་པར་བྱ་སྟེ། ལོང་བས་ཞེས་བྱ་བ་ལ་སོགས་པ་གསུངས་པ་
ལ། ལོང་བ་ནི་མིག་མེད་པའོ། །ཕྱག་དར་ཕུང་པོ་ནས་ནི་ལམ་པོ་ཆེའི་ཉལ་ཉིལ་སྤུངས་པ་ནས་སོ། །འདི་དག་ཐམས་ཅད་ནི་ཤིན་ཏུ་ཡང་འཕྲད་པར་དཀའ་བའོ་སྙམ་དུ་དགོངས་པའོ། །འདིར་ཡང་དེ་ཉིད་དཔེ་ཉིད་དུ་དེ་བཞིན་ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན་ཉིད་རྟོགས་པའི་མིག་མེད་
པ་དག་ལ་ཕྱག་དར་གྱི་ཕུང་པོ་ལྟ་བུ་འཁོར་བ་ནས་ཇི་ཞིག་ལྟར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་འདྲ་བ་སྐྱེས་སོ། །ཡང་འདི་ལྟར་རབ་ཏུ་དགའ་བར་བྱ་སྟེ། འགྲོ་བའི་ཞེས་བྱ་བ་ལ། འཇིག་རྟེན་གསོན་པོའི་འཆི་བ་དྲུང་ནས་མེད་པར་བྱ་བའི་དོན་དུ་
བྱང་ཆུབ་ཀྱི་སེམས་འདི་བཅུད་ཀྱིས་ལེན་པ་ཡང་ཡིན་ཏེ། སྨན་གྱི་ཁྱད་པར་སྣ་ཚོགས་པ་ལེགས་པར་སྦྱར་བ་གང་ཞིག་ཆོ་ག་བཞིན་དུ་བསྟེན་ནས་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་འཇིག་རྟེན་ན་གྲགས་པའི་བཅུད་ཀྱིས་ལེན་བཞིན་ནོ། །འདི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །སྐྱེས་པ་
ནི་བྱུང་བའོ། །ཡང་འདི་ལྟར་ཡང་དག་པར་རབ་ཏུ་དགའ་བར་བྱ་སྟེ། འགྲོ་བའི་ནད་ཅེས་བྱ་བ་སྟེ། འགྲོ་བ་རྣམས་ཀྱི་ནད་རྣམས་ནི་ན་ཚ་ཐམས་ཅད་དོ། །མཆོག་ནི་གཙོ་བོ་སྟེ། ལུས་ལས་བྱུང་བ་དང་། ཡིད་ལས་བྱུང་བའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །འདི་
ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །སྲིད་ལམ་འཁྱམ་པ་ནི་སྐྱེ་བའི་སྲིད་པ་དང་། འཆི་བའི་སྲིད་པ་དང་། སྲིད་པ་བར་མ་དོའི་རང་བཞིན་ཏེ། འཁོར་བའི་ལམ་ན་འཕྱན་པའོ། །དེས་དུབ་པ་ནི་ཡོངས་སུ་ངལ་བ་སྟེ། ངན་འགྲོ་ནི་སེམས་ཅན་དམྱལ་བ་དང་། ཡི་དགས་དང་།
དུད་འགྲོ་རྣམས་སོ། །དེ་རྣམས་དགྲོལ་བར་བྱེད་པ་ནི་འདའ་བར་བྱེད་པ་སྟེ། དེའི་རྒྱུ་མཚན་དུ། སྤྱི་སྟེ་ཐུན་མོང་གི་སྟེགས་ཡིན་ནོ་ཞེས་བྱ་བ་འདི་ནི་བྱང་ཆུབ་ཀྱི་སེམས་སོ། །བདག་ལ་སྐྱེས་ཞེས་བྱ་བ་ཐམས་ཅད་དུ་ལྷག་མའོ། །ཉོན་མོངས་གདུང་བ་ནི་ཚ་བའོ། །དེ་སེལ་

བའི་ཕྱིར་ཤར་བ་སྟེ། རབ་ཏུ་སྐྱེས་པའི་སེམས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་ཟླ་བ་ཕྱེད་དེ་ཁ་བའི་འོད་ཟེར་ཅན་ཏེ། གདུང་བ་ཐམས་ཅད་སེལ་བར་བྱེད་པའི་ཕྱིར་རོ། །ཤར་བ་ནི་རབ་ཏུ་སྐྱེས་པའོ། །ཡང་འདི་ལྟར་འགྲོ་བའི་མི་ཤེས་ཞེས་
བྱ་བ་ནི་མི་ཤེས་པ་ཉིད་ནི་རབ་རིབ་ཡིན་ཏེ། དངོས་པོའི་དེ་ཁོ་ན་ཉིད་འགེགས་པའི་ཕྱིར་རོ། །དཔྱིས་འབྱིན་ནི་ངེས་པར་འབྱིན་པའོ། །ཉི་མ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ནང་གི་རབ་རིབ་སེལ་བར་བྱེད་པའི་ཕྱིར་རོ། །ཡང་འདི་ལྟར་དམ་ཆོས་ཞེས་བྱ་བ་ནི་བཅོམ་ལྡན་
འདས་ཀྱི་གསུང་རབ་བོ། །དེ་ཉིད་ནི་འོ་མ་ལྟ་བུ་སྟེ། དེ་བསྲུབས་པ་ནི་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་ཀྱིས་དཀྲོགས་པ་སྟེ་དཀྲུགས་པའོ། །མར་གྱི་སྙིང་ཁུ་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་བྱུང་བ་ཡིན་ཏེ། སྐྱེས་པ་ཡིན་ནོ། །རྣམ་པ་གཞན་ཡང་བདེ་བའི་
ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདེ་བའི་ལོངས་སྤྱད་པར་བྱ་བ་ལ་ལོངས་སྤྱོད་པར་འདོད་པའི་སེམས་ཅན་གྱི་ཚོགས་ཀྱི་བྱེ་བྲག་སྟེ། སྤྱད་པར་འདོད་པ་ལ་ཞེས་བྱ་བ་ནི་ལོངས་སྤྱད་པར་འདོད་པའོ། །འདི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། བདེ་བ་ཐམས་ཅད་
འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །འབྲས་བུ་མ་ཐོབ་པ་ཉིད་ཡིན་ན་ཡང་ལྷག་པའི་བསམ་པ་བརྟན་པས་འབྲས་བུ་ཐོབ་པ་བཞིན་དུ་བརྗོད་དེ། དཔེར་ན་ཆར་པ་འབབ་པ་ན་འབྲས་སཱ་ལུ་སྐྱེས་སོ་ཞེས་ཟེར་བ་ལྟ་བུར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་
བོ་ཞེས་བྱ་བ་ཡང་དེ་བཞིན་ནོ། །འགྲོན་ཆེན་ནི་འགྲོན་པོ་སྟེ། དེ་དང་དེའི་འགྲོ་བར་འགྲོ་བ་དང་། འོང་བར་བྱེད་པའི་ཕྱིར་རོ། །ཚིམ་པར་བྱེད་པ་ཡིན་ཞེས་བྱ་བ་ནི་བདེ་བ་ཐམས་ཅད་ཀྱིས་ངོམས་པར་བྱེད་པའི་ཕྱིར་རོ། །ད་ནི་བྱང་ཆུབ་ཏུ་སེམས་བརྟན་པ་ངེས་པར་བྱས་པ་ལ་སེམས་དང་
བ་བསྐྱེད་པ་ནི། བདག་གིས་དེ་རིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འགྲོ་བ་ནི་སེམས་ཅན་འཇིག་རྟེན་ནོ། །མགྲོན་དུ་བོས་ཟིན་པ་ནི་བདེ་བར་གཤེགས་པ་ཉིད་དང་སངས་རྒྱས་ཉིད་ལའོ། །བར་དུ་བདེ་ལ་ནི་ཇི་སྲིད་དུ་སངས་རྒྱས་ཉིད་དུ་མ་ཐོབ་པ་དེ་སྲིད་ཀྱི་

བར་དུ་ལྷ་དང་མིའི་ཕུན་སུམ་ཚོགས་པའི་བདེ་བ་ལའོ། །སྐྱོབ་པ་ཐམས་ཅད་ཀྱི་སྤྱན་སྔར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མདུན་དུ་སྟེ། འདི་ལ་བཅོམ་ལྡན་འདས་རྣམས་ཁོ་ན་དཔང་དུ་གྱུར་པ་ཡིན་ནོ་སྙམ་དུ་དགོངས་པའོ། །ལྷ་དང་ལྷ་མིན་ལ་སོགས་པ་
དགའ་བར་གྱིས་ཤིག་ཅེས་བྱ་བ་བདག་གི་བསམ་པ་འགྲོ་བ་ཐམས་ཅད་ཀྱི་ཕན་པ་དང་། བདེ་བའི་གཞི་ལ་ཞུགས་པ་འདི་ལ་ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་ལ་སོགས་པ་རྣམས་སེམས་རབ་ཏུ་དང་བས་ཡི་རང་བར་གྱིས་ཤིག་པའོ། །བྱང་ཆུབ་སེམས་ཀྱི་སྤྱོད་པ་ལ་འཇུག་
པའི་དཀའ་འགྲེལ། ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱས་པ་ལས་ལེའུ་གསུམ་པའོ།། །།བམ་པོ་ལྔ་པ། དེ་ལྟར་མཇུག་རྒྱས་པར་བརྗོད་ནས། སྒྲུབ་པ་སྙིང་པོར་བྱེད་པ་ལ་བྱང་ཆུབ་ཡོད་ཀྱི། དེ་ལས་བཟློག་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། རྒྱལ་
བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྟན་མ་ཐག་པའི་ཆོ་གས་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པར་བཟུང་ནས། བྱང་ཆུབ་སེམས་དཔས་བསླབ་པ་ལ་ནན་ཏན་དུ་བྱ་བ་སྟེ། བྱང་ཆུབ་སེམས་དཔར་གྱུར་པས་བསླབ་པར་འོས་པ་གང་ཡིན་པ་ལ་ཞེས་བྱ་བའི་དོན་ཏོ། །
འདའ་བ་ནི་འགོམ་པའོ། །དེ་ལས་བཟློག་པ་ནི་མི་འདའ་བའོ། །དེ་ལ་འབད་པ་ནི་དང་དུ་བླང་བའོ། །གཡེལ་བ་མེད་པ་ནི་ལེ་ལོ་མེད་པའོ། །ཇི་སྐད་དུ་འཕགས་པ་ག་ཡ་གོ་རི་ལས། བྱང་ཆུབ་སེམས་དཔའ་སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ལ་བྱང་ཆུབ་ཡོད་ཀྱི་སྒྲུབ་པ་སྙིང་པོར་བྱེད་པ་
མ་ཡིན་པ་རྣམས་ལ་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གཞོན་ནུ་ཁྱོད་ཀྱིས་དེ་ལྟ་བས་ན་སྒྲུབ་པ་སྙིང་པོར་བྱེད་པར་འགྱུར་བ་དེ་ལྟར་བསླབ་པར་བྱའོ། །གཞོན་ནུ་དེ་ཅིའི་ཕྱིར་ཞེ་ན། སྒྲུབ་པ་སྙིང་པོར་བྱེད་པ་ལ་ནི་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་དཀའ་བ་མ་ཡིན་ནོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་བསླབ་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་དང་། བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་བློ་གྲོས་མི་ཟད་པ་དང་། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་

རྣམས་ལས་རྒྱ་ཆེར་བསླབ་པར་བྱའོ། །དེ་བཞིན་དུ་འཇིག་རྟེན་པའི་བསླབ་པ་ལ་སོགས་པ་ལ་གནས་པ་རྣམས་ཀྱི་བར་ལ་ཡང་བྱང་ཆུབ་སེམས་དཔས་བསླབ་པར་བྱ་ན། འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སོགས་པ་རྣམས་ལ་ལྟ་ཅི་
སྨོས། གཞན་དུ་ན་ཇི་ལྟར་རྣམ་པ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་བར་ནུས་པར་འགྱུར། མདོར་ན་བྱང་ཆུབ་སེམས་དཔའི་ཐབས་དང་ཤེས་རབ་ཀྱི་ངོ་བོ་གྲུབ་པ་འདི་ཡང་ཤེས་རབ་ཙམ་ཡང་མ་ཡིན་ལ། ཐབས་ཙམ་ཡང་མ་ཡིན་ནོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་
གཏོགས་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསྡུ་བའི་དངོས་པོ་ལ་སོགས་པ་འདི་དག་ཐམས་ཅད་ནི་ཞིང་ཡོངས་སུ་དག་པ་དང་། ལོངས་སྤྱོད་ཆེན་པོ་དང་། འཁོར་ཆེ་བ་དང་། ཡང་དག་པར་སེམས་ཅན་ཡོངས་སུ་སྨིན་པ་དང་། སྤྲུལ་པ་ལ་སོགས་པ་
མངོན་པར་མཐོ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པའི་དགེ་བའི་རྩ་བ་ཞེས་བརྗོད་དོ། །ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་མ་ལོག་པའི་རང་བཞིན་དུ་ཡོངས་སུ་གཅོད་པའི་རྒྱུ་ཡིན་ནོ། །དོན་འདི་ཡང་རྒྱས་པར་ནི་ཀ་མ་ལ་ཤཱི་ལའི་བསྒོམ་པའི་རིམ་པར་བལྟ་བར་བྱའོ། །ལེའུ་འདིས་
ཀྱང་དེ་བསྲུང་བ་དང་དག་པ་དང་སྤེལ་བ་རྣམས་སམ། ཡང་ན་དེ་བསྲུང་བ་འབའ་ཞིག་བསྟན་པ་ཡིན་ནོ། །ཐོག་མ་ཉིད་དུ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བདག་ཉིད་ཀྱང་ནུས་པ་ཡོད་དམ་མེད་ཤེས་པར་བྱས་ལ་སྡོམ་པ་མནོད་དོ། །དེ་ནས་སྡོམ་པ་མནོས་པའི་བྱང་ཆུབ་
སེམས་དཔས་འདི་ལྟར་བསམ་པར་བྱའོ་ཞེས་བབ་ཅོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བབ་ཅོལ་ཞེས་བྱ་བ་ནི་བབ་བབ་ཏུའོ། །བརྩམས་པ་གང་ཡིན་པ་ནི་ལེགས་པར་བརྟགས་པའང་མ་ཡིན་པ་སྟེ། དེ་ལ་ནི་ཁས་བླངས་སུ་ཟིན་ཀྱང་བྱ་བའམ་བཏང་ཞེས་རེས་ཀྱིས་འགྲེ་བ་ལ་
བརྟེན་ནས་དེ་ལྟར་བརྟག་པར་རིགས་ན། འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་སངས་རྒྱས་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཞེས་བྱ་བ་ནི་ལག་བཟངས་ཀྱིས་ཞུས་པ་ལ་སོགས་པའི་མདོ་དེ་དང་དེ་རྣམས་ལས་བསྔགས་པའི་ཕྱིར་རོ། །དེའི་སྲས་ནི་ཤེས་རབ་ཆེན་

པོས་ཞེས་བྱ་བ་ནི། འཕགས་པ་མགོན་པོ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པའི་མདོ་རྣམས་ལས་སོ། །བདག་ཉིད་ཀྱིས་ཀྱང་ནུས་པ་བཞིན་ཞེས་བྱ་བ་ནི་རང་གི་ཤེས་རབ་ཀྱི་ནུས་པ་དང་མཐུན་པར་བརྟགས་
པའོ། །དེ་ལ་བཤོལ་དུ་ཅི་ཞིག་ཡོད་དེ་ཅི་སྟེ་བཤོལ་བར་བྱེད་ཅེས་བྱ་བའམ། གང་ལ་ཐེ་ཚོམ་དུ་གྱུར་པའི་ལྷག་མ་ཅི་ཞིག་ཡོད། དེ་བས་ན་ཇི་ལྟར་དམ་བཅས་པ་བཞིན་དུ་ལེགས་པར་བརྩམས་པ་ཉིད་རིགས་པ་ཡིན་ནོ། །གཞན་དུ་ན་འདིར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་
ཅད་དང་། ལྷ་དང་བཅས་པའི་འཇིག་རྟེན་བསླུས་པར་ཡང་འགྱུར་རོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དམ་བཅས་ནས་ཞེས་བྱ་བ་ནི་མ་རྒལ་བ་བསྒྲལ་བར་བྱ་བ་དང་། མ་གྲོལ་བ་དགྲོལ་བར་བྱ་བ་དང་། དབུགས་མ་ཕྱུང་བ་དབུགས་དབྱུང་བར་བྱ་བ་དང་། ཡོངས་སུ་མྱ་
ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་དབུགས་དབྱུང་ནས་ལས་ཀྱིས་བསྒྲུབ་པར་མ་བྱས་ན་སྟེ། གལ་ཏེ་ལས་ཀྱི་བྱ་བ་ཡིས་འདི་རྫོགས་པར་མ་བྱས་ན་འདིས་ལྷ་དང་མི་ལ་སོགས་པའི་སེམས་ཅན་དེ་དག་ཐམས་ཅད་བསླུས་ཤིང་བྲིད་ན་བདག་གི་འགྲོ་བ་
ཅི་འདྲར་འགྱུར་ཏེ། སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་ལས་གཞན་གྱི་འགྲོ་བ་མེད་དོ་སྙམ་དུ་དགོངས་པའོ། །དོན་འདི་ཡང་འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས་བསྟན་པ། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་རྒྱལ་པོའམ་རྒྱལ་པོའི་བློན་པོ་ཆེན་པོས་གྲོང་ཁྱེར་གྱི་སྐྱེ་
བོ་ཐམས་ཅད་ལ་སང་ཟན་སྦྱིན་ནོ་ཞེས་མགྲོན་དུ་བོས་ལ་བཟའ་བ་དང་བཏུང་བ་མ་སྦྱར་ན་དེས་སྐྱེ་བོའི་ཚོགས་དེ་ཐམས་ཅད་བསླུས་པ་ཡིན་ཏེ། དེ་ལ་དེ་དག་ཀྱང་བཟའ་བ་དང་བཏུང་བའི་ཟས་མ་ཐོབ་པས་འཕྱ་ཞིང་སླར་འདོང་བ་དེ་བཞིན་དུ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་མ་
རྒལ་བ་བསྒྲལ་བ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་སེམས་ཅན་ཐམས་ཅད་དབུགས་དབྱུང་ལ་མང་དུ་ཐོས་པ་དང་། དེ་ལས་གཞན་དགེ་བ་བྱང་ཆུབ་ཀྱི་ཕྱོགས་

ཀྱི་ཆོས་རྣམས་ཀྱི་བར་ལ་ཡང་བརྩོན་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་བསླུ་བ་ཡིན་ནོ། །དེ་ལྟ་བུ་དེ་ལ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ནས་འཕྱ་ཞིང་གཞོགས་འཕྱས་བྱེད་ལ་རྣམ་པར་སྨོད་དེ། གང་དག་
མཆོད་སྦྱིན་ཆེན་པོ་བྱ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་མཆོད་སྦྱིན་གྱི་བདག་པོ་དེ་དག་ནི་དཀོན་ནོ། །བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན་ཚིག་གང་གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སླུ་བར་བྱེད་པའི་ཚིག་དེ་ལྟ་བུ་བྱང་ཆུབ་སེམས་དཔས་སྨྲ་བར་མི་
བྱའོ་ཞེས་འབྱུང་ངོ་། །དམ་བཅས་པ་ཤིན་ཏུ་ཆུང་བ་ལས་འདའ་ན་ཡང་འབྲས་བུ་ལྟུང་བ་ལྕི་བར་འགྱུར་བ་ཡིན་ནོ་ཞེས། དངོས་པོ་ཕལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟན་ལ་སོགས་པའི་ངོ་བོའི་དངོས་པོ་ཅུང་ཟད་ཙམ་སྟེ་ཉུང་ཟད་ཙམ་ལ་ཡང་འདི་སྦྱིན་པར་བྱའོ་སྙམ་དུ་
སེམས་ཀྱིས་རྣམ་པར་བསམས་ཏེ། སླར་ཡང་དེ་སྦྱིན་པ་ལ་སོགས་པ་ལས་ལྡོག་པར་བྱེད་པ་དེ་ཡང་འཇིག་རྟེན་ཕ་རོལ་དུ་ཡི་དགས་འགྱུར་གསུངས་ན་ཞེས་བྱ་བ་ནི་ལུང་ནས་བརྗོད་པའོ། །དེ་བཞིན་དུ་ཚིག་ཏུ་དམ་བཅས་ནས་སྦྱིན་པར་མི་བྱེད་པ་སེམས་ཅན་དམྱལ་བར་འགྲོ་བར་གསུངས་
སོ། །བླ་ན་མེད་པ་ནི་གང་ལས་བླ་མ་སྟེ་གོང་ན་མེད་པ་དེ་ནི་བླ་ན་མེད་པའོ། །བདེ་བ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཐུན་མོང་མ་ཡིན་པའོ། །སྐད་གསང་མཐོན་པོ་ནི་རྩོམ་པ་ཆེན་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་བཅས་པའི་འཇིག་
རྟེན་གྱི་མདུན་དུ། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་དང་། བདག་གིས་མ་རྒལ་བ་བསྒྲལ་བར་བགྱིའོ་ཞེས་བྱ་བ་ལ་སོགས་པ་སྐད་ཆེར་བྱས་ནས་སོ། །བསམ་པ་ཐག་པས་ནི་གུས་པ་ཆེན་པོས་སོ། །དོན་དེ་མ་གྲུབ་ན་བདག་གི་འགྲོ་བ་ཅི་འདྲར་འགྱུར།
དེ་དག་ཀྱང་དམ་པའི་ཆོས་དྲན་ཉེ་བར་གཞག་པའི་མདོ་ལས། ཅུང་ཟད་ཙམ་ཞིག་བསམ་པ་ལས་མ་བྱིན་ན་ཡི་དགས་ཀྱི་འགྲོ་བར་སྐྱེ་ལ། དམ་བཅས་པ་ལས་མ་བྱིན་ན་སེམས་ཅན་དམྱལ་བའི་འགྲོ་བར་འགྱུར་རོ་ཞེས་བསྟན་ན། འགྲོ་བ་མ་ལུས་པའི་དོན་བླ་ན་མེད་པ་དམ་བཅས་ནས་སྒྲུབ་

པར་མི་བྱེད་པ་ལྟ་ཅི་སྨོས། དེ་བས་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདེན་པ་ལྷུར་བྱེད་པར་འགྱུར་བར་བྱ་སྟེ། རིགས་ཀྱི་བུ་བདེན་པ་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པའོ། །རིགས་ཀྱི་བུ་དེ་ལ་བདེན་པ་གང་ཞེ་ན།
གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་དེ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་། སེམས་ཅན་རྣམས་ལ་ཡང་ལོག་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའོ། །གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སེམས་ཏེ། ཕྱིས་ཡོངས་སུ་གཏོང་ཞིང་སེམས་ཅན་རྣམས་ལའང་ལོག་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བརྫུན་དུ་སྨྲ་བ་ཐ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་གྱུར་ན་འཕགས་པ་ཤཱ་རིའི་བུས་སྔོན་གྱི་ཚེ་རབས་སུ་བྱང་ཆུབ་
ཏུ་སེམས་བསྐྱེད་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བས་ཚོགས་རྣམས་ལ་འཇུག་པར་བྱས་ཤིང་། སངས་རྒྱས་སྟོང་ཕྲག་བཅུ་ལ་བསྙེན་བཀུར་བྱས་ནས། དེ་ནས་བདུད་ཀྱིས་ཐོ་འཚམས་པས་བྱང་ཆུབ་ཀྱི་སེམས་བཏང་ངོ་ཞེས་ཐོས་ཏེ། དེ་ལྟ་ནའང་ཉན་ཐོས་ཀྱི་བྱང་ཆུབ་
ཐོབ་ནས་སེམས་ཅན་གྱི་དོན་སྒྲུབ་པར་ནུས་པར་འགྱུར་བ་འདི་ཇི་ལྟར་དྲང་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི་ལས་ཚུལ་བསམ་གྱིས་མི་ཁྱབ་པ་སྟེ།
ལས་ཀྱི་ཚུལ་སྣ་ཚོགས་པའི་རང་བཞིན་ཡིན་པའི་ཕྱིར་དོན་འདི་ཚུ་རོལ་མཐོང་བའི་སྤྱོད་ཡུལ་མ་ཡིན་ནོ། །གང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བྱས་ཏེ་ཁས་བླངས་པའི་བྱང་ཆུབ་ཀྱི་སེམས་བཏང་བ་སྔར་དམ་བཅས་པའི་ཡུལ་དུ་བྱ་བའི་སེམས་ཅན་དེ་རྣམས་
འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱེད་པ་ཉིད་ཡིན་ནོ། །འདི་ལ་རིགས་པ་ནི་འདི་སྣང་སྟེ། འཕགས་པ་ཤཱ་རིའི་བུས་ཐར་པའི་སེམས་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཏང་བ་ནི་མ་ཡིན་ཏེ། རྫོགས་པའི་བྱང་ཆུབ་ཀྱི་སེམས་བཏང་ནའང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་

པའི་ཕྱིར་རོ། །དེའི་ཕྱིར་ནུས་པ་དེ་ལ་བརྟེན་ནས་བསྐལ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་སྒྲོལ་བར་འགྱུར་བ་ཡིན་ཏེ་ཉེས་པ་མེད་དོ། །ཞར་ལ་འོངས་པ་དོར་ནས་སྐབས་ལ་སྦྱར་བ། དེས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ།
དེས་ན་སྟེ་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁས་བླངས་པ་དེས་ན་རྒྱུ་དེའི་ཕྱིར་ནའོ། །ཡང་ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་འདི་ལ་ལྟུང་བ་དང་བཅས་པར་གྱུར་ན། སེམས་ཅན་ཐམས་ཅད་ཀྱི་དོན་ལ་
དམན་པར་འགྱུར་རོ། །གལ་ཏེ་ཡང་འདི་ལ་གང་ཟག་གཞན་གྱི་བྱེད་པས་སེམས་ཅན་གྱི་དོན་ལ་དམན་པར་གྱུར་པ་དེའི་ཚེ་གཞན་དེ་ཉིད་ཀྱི་ལྟུང་བ་ཡང་ལྕི་བར་གྱུར་པ་ཡིན་ནོ། །གང་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལས་
གཞན་པའོ། །སྐད་ཅིག་ཀྱང་ཞེས་བྱ་བ་ལ་མིག་བཙུམས་པའི་བར་དང་། ཡུད་ཙམ་པ་དང་། ཆུ་ཚོད་ཕྱེད་དང་། ཐུན་ཕྱེད་ལ་སོགས་པའི་དུས་ལྟ་རེ་ཞིག་ཞོག། སྐད་ཅིག་གཅིག་ཙམ་གྱི་བར་དུ་ཡང་སྟེ། བསོད་ནམས་ཀྱི་གེགས་བྱེད་པ་དེའི་ངན་འགྲོའི་གྲངས་བགྲང་བར་མི་ནུས་སོ། །
ཅིའི་ཕྱིར་ཞེ་ན། སེམས་ཅན་དོན་ནི་བཅོམ་གྱུར་པས། །ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་དགེ་བ་རྣམ་པར་འཇོམས་པར་བྱེད་པ་དེས་ཀྱང་སེམས་ཅན་མ་ལུས་པའི་དོན་ཉམས་པར་བྱས་པར་འགྱུར་རོ། །ཇི་ལྟར་ན་འདིའི་ངན་འགྲོ་ལ་མུ་མཐའ་མེད་པ་ཡིན་ཞེ་ན། འདིའི་འཐད་
པ། སེམས་ཅན་གཅིག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། བདེ་བ་ལ་ཡང་བལྟ་བར་བྱའོ། །ཉམས་གྱུར་ན་སྟེ། བདེ་འགྲོ་ཉམས་པར་བྱེད་པའི་ཕྱིར་རོ། །དོན་འདི་ཡང་རབ་ཏུ་ཞི་བ་རྣམ་པར་གདོན་མི་ཟ་བའི་ཆོ་འཕྲུལ་གྱི་མདོ་ལས་
བསྟན་ཏེ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་སྲོག་དང་ཕྲལ་ཞིང་བདོག་པ་ཐམས་ཅད་ཕྲལ་ལ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་དག་གིས་བྱང་ཆུབ་སེམས་དཔའི་དགེ་བའི་

སེམས་ཀྱི་བར་ཆད་བྱེད་དེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཁམ་གཅིག་ཙམ་སྟེར་བ་ལས་བྱུང་བའི་དགེ་བའི་བར་དུ་གཅོད་ན་དེ་ནི་དེ་བས་ཆེས་གྲངས་མེད་པའི་སྡིག་པ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་སངས་རྒྱས་འབྱུང་བ་སྐྱེད་པར་བྱེད་པའི་དགེ་བའི་རྩ་བ་རྣམས་ཀྱི་
བར་ཆད་བྱེད་པར་གནས་པར་གྱུར་པའི་ཕྱིར་རོ་ཞེས་གང་གསུངས་པའོ། །དེ་ལྟ་ཞེས་བྱ་བ་ནི་སྔར་བརྗོད་པའི་རིམ་པས་ཡིན་ཏེ། རང་གི་བྱེད་པས་ལྟུང་བ་དང་བཅས་པར་གྱུར་པ་དང་། བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟེན་པར་མནོས་པའི་ཕྱིར་རྒྱབ་ཏུ་དྲངས་ཤིང་སླར་ཡང་མདུན་དུ་ཁྲིད་པར་
བྱས་པ་དེ་ལྟར་རེས་ཀྱིས་འགྲེ་བར་བྱེད་པས་ས་ཐོབ་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་ལ་ཡུན་རིངས་ཐོགས་ཤིང་དུས་རིང་པོ་འཁོར་བར་ཡོངས་སུ་སྐྱེ་བར་འགྱུར་རོ། །དེ་བས་ན་ཇི་ལྟར་རིགས་ཤེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དམ་བཅས་ནི་
སེམས་ཅན་ཐམས་ཅད་གདོན་པར་བྱ་བའི་ཕྱིར་ཁས་བླངས་པའོ། །བསྒྲུབ་པར་བྱ་བ་ནི་རྫོགས་པར་བྱ་བའོ། །བདག་གིས་བརྩོན་པར་ནི་དང་དུ་བླང་བའོ། །དེ་ནས་ཞེས་བྱ་བ་ནི་ཕྱི་ནས་བྱའོ་སྙམ་དུ་ཡིད་ལའང་མི་བྱའོ། །འོག་ནས་འོག་ཏུ་འགྲོ་བར་འགྱུར་ཞེས་བྱ་བ་ནི་ངན་འགྲོར་བརྒྱུད་ནས་
འོག་ཏུ་འགྲོ་བའི་ཕྱིར་རོ། །དེ་ལྟར་ཡིན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་འགའ་ཞིག་དང་ཕྲད་པ་ལ་བརྟེན་ནས་ཉེས་པ་ཐམས་ཅད་སྤོང་བའི་ཕྱིར་ངན་འགྲོའི་དོགས་པ་ག་ལ་ཡོད་ཅེ་ན། འདིར་སེམས་ཅན་ཕན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲངས་མེད་པ་ནི་འཁོར་བ་ཐོག་མ་མེད་པ་
བཞིན་དུ་སངས་རྒྱས་འབྱུང་བ་ལ་ཐོག་མ་མེད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཚོལ་མཛད་པ་ནི་འགྲོ་བ་མ་ལུས་པ་ལ་ཕན་པ་དང་བདེ་བར་སྦྱར་བའི་ཕྱིར་རྒྱུན་དུ་གཟིགས་པའོ། །དེ་ལྟ་མོད་ཀྱི། རང་གི་ཉེས་པས་ཏེ་བདག་ཉིད་ཀྱི་ཉེས་པར་སྤྱད་པས་དེ་བཞིན་གཤེགས་པ་དེ་དག་གི་གསོ་བའི་
སྤྱོད་ཡུལ་དུ་བདག་མ་གྱུར་ཏེ། གསོ་བར་མི་རུང་བའི་ནད་ཀྱིས་བཏབ་པའི་ནད་པ་བཞིན་དུ་སྨན་པ་ཆེན་པོ་ཡིས་ཀྱང་གསོ་བའི་སྐལ་བ་མེད་པར་གྱུར་པ་ཡིན་ནོ། །གང་ཞིག་ནམ་དུ་ཡང་མ་བྱུང་བ་དེ་ནི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། ད་དུང་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། དེ་བཞིན་ཞེས་བྱ་བ་ནི་བསླབ་པའི་སྡོམ་པ་ལྷོད་པ་སྟེ་མི་དགེ་བ་ལས་མི་ལྡོག་པའོ། །བཅད་དང་ནི་རྐང་ལག་དང་རྣ་བ་དང་སྣ་ལ་སོགས་པའོ། །གཤེགས་པ་ནི་དེ་དག་ཉིད་ལ་མདུང་ཐུང་དང་། གསལ་ཤིང་དང་མདའ་ལ་སོགས་པ་རྣམས་ཀྱིས་
སོ། །སོགས་པའི་སྒྲས་ནི་གསོད་པ་དང་། འཆིང་བ་དང་། བརྡེག་པ་ལ་སོགས་གཟུང་ངོ་། །གཞན་ཡང་འདི་འདྲའི་འདུ་འཕྲོད་ནི་ཤིན་ཏུ་དཀོན་ཞེས་བྱ་བ་ཡིན་པས་དེའི་ཕྱིར་དེང་ནས་བརྩོན་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་
གཤེགས་པ་འབྱུང་བ་ཞེས་བྱ་བ་ནི་སངས་རྒྱས་འབྱུང་བ་ནི་བརྒྱ་ལ་རེས་འགའ་སྲིད་པ་ཙམ་ཡིན་པའི་ཕྱིར་རོ། །དད་པ་ཞེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དོན་དད་པས་སྡུད་པར་བྱེད་པའི་ཕྱིར་རོ། །མི་ཞེས་བྱ་བ་ནི་མི་ཁོམ་པ་སྤངས་པའི་མིའི་དངོས་པའོ། །དགེ་
གོམས་རུང་བ་ཞེས་བྱ་བ་ནི་དབང་པོ་མ་ཚང་བ་མེད་པ་དང་ཉམས་བདེ་བའོ། །དེ་དག་ཐམས་ཅད་ནི་ཤིན་ཏུ་དཀོན་པ་སྟེ། བྱ་སླ་བར་རྙེད་པ་མ་ཡིན་ནོ། །གང་ནམ་ཞིག་ཐོབ་པར་འགྱུར་ཏེ། དུས་གང་གི་ཚེ་འཐོབ་པར་འགྱུར་བའོ། །འདི་ལྟར་ཡང་མྱུར་བ་ཁོ་ནར་འདིར་བྱ་བ་ཉིད་དུ་རིགས་པ།
ནད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ནད་ལས་རྣམ་པར་གྲོལ་བའི་དུས་སོ། །ཟས་བཅས་ཞེས་བྱ་བ་ནི་ཟས་མེད་པ་མ་ཡིན་པའོ། །འཚེ་བ་མེད་པ་ནི་ཆོམ་རྐུན་དང་། སྦྲུལ་དང་། གཅན་གཟན་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། སྡིག་པ་ལ་སོགས་པའི་འཚེ་བ་དང་
བྲལ་བའོ། །ལུས་དང་སྲོག་ལ་ཡིད་ཆེས་པ་མེད་པ་ཡིན་པར་བསྟན་པའི་ཕྱིར། ཚེ་ནི་སྐད་ཅིག་སླུ་བ་སྟེ། གློ་བུར་དུ་ཐོག་ཆེན་པོ་འབབ་པ་ལྟར་སྐད་ཅིག་ཉིད་ལ་སླུ་བར་བྱེད་པའོ། །ལུས་འདི་ཐང་ཅིག་བརྙན་པོ་བཞིན་བདག་ཉིད་ཀྱི་དབང་དུ་མ་གྱུར་པའི་ཕྱིར་ཕ་རོལ་གྱི་བརྙན་པའི་རྒྱན་
དང་འདྲ་བ་སྟེ། གློ་བུར་དུ་འཆི་བདག་གིས་ཕྲལ་ནས་འཁྱེར་བའོ། །མི་ལུས་འཐོབ་པའི་ངེས་པ་ཡང་མེད་པ་ཡིན་པར་བསྟན་པའི་ཕྱིར། །བདག་གི་སྤྱོད་པ་འདི་འདྲས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སྤྱོད་པ་མི་དགེ་བ་བྱེད་པ་རྣམས་ཀྱིས་ཏེ། སླར་ཡང་ཞེས་

བྱ་བ་ནི་ཚེ་རབས་གཞན་དུ་སྟེ། དེའི་ཚེ་ངན་འགྲོ་ཉིད་དོ། །ངན་འགྲོར་ལྷུང་ན་ཡང་སྡིག་པ་འབའ་ཞིག་སོགས་པའོ། །ངན་འགྲོ་ལ་དགེ་བ་སྤྱོད་པའི་སྐལ་བ་ཡོད་པ་མ་ཡིན་ནོ་ཞེས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དགེ་བའི་ནུས་པ་ཡོད་ཀྱང་ངོ་། །ངན་སོང་སྡུག་བསྔལ་གྱིས་
ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་གནོད་པས་ཀུན་ནས་ནོན་པས་ཀུན་ནས་བརྒྱལ་བའམ། ཕན་པ་དང་མི་ཕན་པའི་ཡོངས་སུ་ཤེས་པ་མེད་པས་བྱ་བ་ཐམས་ཅད་ལ་ལས་སུ་རུང་བ་མེད་པའོ། །དེ་སྤྱད་ཚེ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་
བའི་སྐབས་སུའོ། །དགེ་བ་ཞེས་བྱ་བ་ནི་སྤྱོད་པར་མ་གྱུར་ལ། མཐོ་རིས་ནི་བདག་ལས་འབྱུང་བར་ཤོག་ཤིག་སྙམ་དུ་དེ་ལྟ་མ་ཡིན་ནོ་ཞེས་དགེ་བ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་མི་བྱེད་པར་སྡིག་པ་བསགས་པ་ལའོ། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་
བྱ་བ་ནི་བདེ་འགྲོའི་གྲག་པ་ཙམ་ཡང་སྤངས་པའོ། །བདེ་འགྲོའི་རྒྱུ་ནི་དགེ་བ་ཉིད་ཡིན་ན། དེ་མེད་པར་བདེ་འགྲོ་ག་ལས་འབྱུང་སྙམ་དུ་དགོངས་པ་ཡིན་ནོ། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །ཞེས་བྱ་བ་ནི་ངན་སོང་གཅིག་ནས་ངན་སོང་གཞན་དུ་འགྲོ་བའི་ཕྱིར་རོ། །དེ་ཉིད་ལུང་ལས་ཀྱང་བསྟན་ཏོ་
ཞེས། དེ་ཉིད་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཉིད་ཅེས་བྱ་བ་ནི་མི་ཁོམ་པ་བརྒྱད་རྣམ་པར་སྤངས་པའི་མིའི་ལུས་སོ། །འདིར་དཔེར་བརྗོད་པ་བསྟན་པ་ནི། རྒྱ་མཚོ་ཆེར་གཡེངས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དཔེར་ན་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ།
འཛམ་བུའི་གླིང་ཐམས་ཅད་རྒྱ་མཚོ་ཆེན་པོའི་ཆུ་གཅིག་གི་གཞིར་གྱུར་ལ། དེར་ཡང་གཉའ་ཤིང་བུ་ག་གཅིག་པ་ཡོངས་སུ་འཕྱོ་བ་ལ་ཤར་ནས་རླུང་གིས་ནུབ་ཀྱི་འགྲམ་དུ་ནུབ་ནས་རླུང་གིས་ཤར་གྱི་འགྲམ་དུ་ཁྱེར་ཞིང་། དེ་བཞིན་དུ་ལྷོ་ནས་བྱང་དང་། བྱང་ནས་ལྷོའི་འགྲམ་དུ་སྟེ། རྒྱ་མཚོ་
དེར་རུས་སྦལ་ཞར་བ་གཅིག་གནས་ཤིང་། དེ་ཡང་ལོ་བརྒྱ་འདས་པ་དང་། མགྲིན་པ་བཏེགས་ནས་ལྟའོ། །ཇི་ལྟར་འགའ་ཞིག་ཏུ་འདི་འདྲ་བའི་ཚོགས་པ་ཡོད་པར་གྱུར་པ་སྟེ། ཤིང་གང་ཡིན་པ་མིག་ཞར་བ་དེའི་ཕྱོགས་སུ་སོང་བར་གྱུར་པ་དང་། དེ་ལ་མི་ལྟ་ན་ཡང་དེའི་མགྲིན་པ་བུ་ག་

དེར་ཆུད་པ་བཞིན་དུ་མིའི་ལུས་ཐོབ་པ་ཡང་དཔེ་དེ་བཞིན་ནོ། །ཡང་ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། སྐད་ཅིག་གཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཡང་སྦྱོར་བའི་སྐད་ཅིག་མ་མང་མོད་ཀྱི། དེ་ལྟ་ན་ཡང་དངོས་པོ་གཞི་མཚམས་མེད་པ་ནི་སྐད་ཅིག་མ་གཅིག་ཉིད་
ལ་འགྲུབ་པར་འགྱུར་ཏེ། དེ་ལྟར་གཞན་ལ་ཡང་བལྟ་བར་བྱའོ། །ཡང་ན་ཤིན་ཏུ་མྱུར་བར་བྱེད་པའི་ཕྱིར་སྐད་ཅིག་མ་མང་པོ་ཉིད་ལ་སྐད་ཅིག་མ་གཅིག་ཅེས་བརྗོད་དེ། དཔེར་ན་མིག་བཙུམས་པ་དུ་མའི་བྱ་བ་ལ་ཡང་མྱུར་བར་བསྟན་པར་བྱ་བའི་དོན་དུ་མིག་བཙུམས་པ་ཙམ་གྱིས་བྱེད་དོ་ཞེས་
བརྗོད་པ་ལྟ་བུའོ། །བསྐལ་པར་གནས་གྱུར་ན་ཞེས་བྱ་བ་ནི་བར་གྱི་བསྐལ་པ་གཅིག་སྟེ། མནར་མེད་པ་བར་གྱི་བསྐལ་པར་བརྗོད་དོ་ཞེས་བསྟན་པའི་ཕྱིར་རོ། །འཁོར་བ་ཐོག་མ་དང་ཐ་མ་མེད་པར་ཡང་ཐོག་མེད་དུས་ནས་བྱས་ཤིང་བསགས་པས་ཏེ། བྱས་པ་ཙམ་དང་བསགས་པ་ཙམ་གྱི་
སྡིག་པ་ཡིས་སོ། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས་ཏེ། བདེ་འགྲོའི་གྲག་པ་ཙམ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཉམས་སུ་མྱོང་ཟིན་པའི་ལས་ནི་ལྡོག་པ་མེད་ཅིང་། འབྲས་བུ་ཉམས་སུ་མྱོང་བཞིན་པ་ཡང་རྣམ་པར་སྨིན་པ་ཡོངས་སུ་འཛད་ན། དེ་ཇི་ལྟར་ན་དེ་ལྟར་འགྱུར་བ་
ཡིན་ཞེ་ན། དེ་ཙམ་ཁོ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་འབྲས་བུ་མྱོང་བ་ཙམ་ཁོ་ན་མྱོང་གྱུར་ནས་ཏེ། ཉམས་སུ་མྱོང་ནས་སོ། །དེ་ནི་ཞེས་བྱ་བ་བྱེད་པ་པོས་ཏེ། ལས་དེས་བསྐྱེད་པའི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་མི་འགྱུར་བའོ། །གང་གིས་ན་ཅིའི་ཕྱིར་དེ་དག་
མི་རིགས་པ་ཡིན་ཞེ་ན། གང་གི་ཕྱིར་དེ་ལས་བྱས་ཤིང་བསགས་པའི་སྡིག་པའི་ལས་ཀྱི་འབྲས་བུ་མྱོང་བར་བྱེད་ཅིང་སྡིག་པ་གཞན་སོགས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་བུ་གར་ཞེས་བྱ་བ་ལ་སོགས་པའི་དཔེར་བརྗོད་པ་རིགས་པ་ཡིན་ནོ། །ཡང་དེ་
བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་ཡང་ཤིན་ཏུ་དཀོན་པར་རིག་ནས་གལ་ཏེ་དགེ་བའི་ཕྱོགས་འཕེལ་བར་བྱ་བའི་ཕྱིར་བརྩོན་པར་མི་བྱེད་ན་རྨོངས་པ་ལས་གཞན་འདིར་རྒྱུ་ཅི་ཞིག་ཡོད་སྙམ་དུ་བདག་ཉིད་སྐྱོ་བ་སྐྱེས་ནས་འདི་འདྲའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

བདག་ཉིད་ཀྱིས་ཀྱང་བདག་ཉིད་ལ་སླུ་བ་དགེ་བའི་ནོར་ཉམས་པར་བྱེད་པ་འདི་ལས་བསླུས་པ་ཆེན་པོ་གཞན་མེད་དོ། །གཏི་མུག་ཀྱང་འདི་ལས་ཆེ་ཞིང་མཆོག་ཏུ་གྱུར་པ་འབྱུང་བ་མེད་དེ། །གང་ཞིག་དགེ་བའི་ཆོས་ཀྱི་ནོར་ལག་ན་གནས་པ་མཐོང་བཞིན་དུ་འཕྲོག་པ་ཡིན་ནོ། །དེ་ཉིད་བསྟན་པ་ནི་འདི་འདྲའི་
ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འདི་ལྟར་མི་དགེ་བའི་ཕྱོགས་སྟོབས་ཆེ་བ་དང་། དལ་བ་ཕུན་སུམ་ཚོགས་པ་མཆོག་ཏུ་དཀོན་པ་དང་། གཏི་མུག་ནི་ཤིན་ཏུ་ནུས་པ་དང་ལྡན་པར་རིག་ནས་ཇི་སྐད་དུ་བསྟན་པའི་བསླབ་པ་སྒྲུབ་པའི་ཕྱིར་དང་། རང་གི་སེམས་བརྟན་པར་བྱ་བའི་ཕྱིར། གལ་ཏེ་བདག་གིས་ཞེས་བྱ་བ་ལ་སོགས་
པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བདག་ཉིད་ཀྱི་ཚུལ་འདི་བརྟགས་ནས་བརྩོན་འགྲུས་བསྐྱེད་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་བརྟེན་པར་སྤྱད་པར་བྱའོ། །ཕྱིར་ཡང་སྒྱིད་ལུག་ན་ནི་ལེ་ལོར་གྱུར་པ་སྟེ། དགེ་བའི་ལས་རྣམས་ལ་སྤྲོ་བ་མེད་པའམ་ཡིད་བསད་པར་གྱུར་ནའོ། །
ཅི་ཞིག་གིས་ཤེ་ན། རྨོངས་པ་སྟེ། གལ་ཏེ་རྨོངས་པའི་དབང་དུ་གྱུར་ནས་སོ། །དེའི་ཚེ་མྱ་ངན་ལྡང་བར་འགྱུར་ཏེ། མྱ་ངན་འབྱུང་བར་འགྱུར་བའོ། །སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བར་ཡུན་རིང་དུ་ནི་དུས་རིང་པོར་ཏེ། ཕྱིར་ཞིང་ནི་ཇི་ལྟར་སྔར་མ་བསླབས་པས་མྱ་ངན་དང་ལྡན་པ་བཞིན་
དུ་སླར་ཡང་ངོ་། །གཤིན་རྗེའི་ཕོ་ཉས་ནི་སེམས་ཅན་དམྱལ་བའི་སྲུང་མ་བསྡིགས་པ་དང་བརྡེག་པ་ལ་སོགས་པའི་ལས་བྱེད་པ་རྣམས་ཀྱིས་ཏེ། ཅིའི་ཕྱིར་ཁྱོད་ཀྱིས་སྔར་འདི་ལྟ་བུ་བྱས་ཞེས་བརྗོད་ཅིང་སྔར་བྱས་པའི་ལས་རྗེས་སུ་དྲན་པས་སམ། དེ་བཞིན་དུ་བརྡེག་པ་ལ་སོགས་པ་སྔོན་དུ་འགྲོ་
བས་སོང་ཞིག་སྡོད་ཅིག་ཅེས་ཟེར་བས་བསྐུལ་བས་ནའོ། །བག་མེད་པའི་འབྲས་བུ་གཞན་ཡང་ཡོད་དོ་ཞེས་བསྟན་པ་ནི། དམྱལ་མེ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སེམས་ཅན་དམྱལ་བའི་མེ་དེ་ནི་སེམས་ཅན་དམྱལ་བ་པ་རྣམས་བསྲེག་པའི་ཕྱིར་རབ་ཏུ་སྤང་བ་ཡིན་པས་དམྱལ་བ་པའིའོ། །
བཟོད་དཀའ་ནི་ཤིན་ཏུ་སྡུག་བསྔལ་བས་བསྟན་པར་མི་ནུས་པའོ། །བདག་གིས་དེ་ལྟར་ཅི་སྟེ་བྱ་སྙམ་ནས་ཕྱིས་གདུང་བ་དེ་ཉིད་མེ་དང་འདྲ་བ་སྟེ། སེམས་སྲེག་པར་བྱེད་པའི་ཕྱིར་རོ། །མ་བསླབས་ཞེས་བྱ་བ་ནི་བསླབ་པ་མེད་པ་སྟེ་མ་བསྡམས་པ་ཞེས་བྱ་བའི་དོན་ཏོ། །ཡང་བདག་ཉིད་

ཀྱིས་བརྟགས་པ། ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཕན་པའི་ས་ནི་ཕན་པ་དང་བདེ་བའི་དོན་དུ་དལ་བ་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་གཉེན་དང་ཕྲད་པ་ཤིན་ཏུ་རྙེད་དཀའ་བ་ནི་བསྟན་ཟིན་ཏོ། །ཤེས་དང་ཡང་ལྡན་བཞིན་དུ་སྟེ། དཔྱོད་པ་
ཡང་འབྱུང་བཞིན་དུ་དེར་སླར་ཡང་ཁྲིད་ནས་སོ། །གལ་ཏེ་ཤེས་པ་ཡོད་ན་ཇི་ལྟར་ན་ཁྲིད་ཅེ་ན། སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དོན་འདི་ལ་བདག་གི་སེམས་ཀྱིས་འཕྲིགས་པ་མེད་པའོ། །ཅིའི་ཕྱིར་དེ་ལྟར་འགྱུར། འདིར་རིགས་པ་ནི་ཅི་ཡོད། དེ་དག་
ཏུ་ཡང་ཇི་ལྟར་འགྱུར་ཞེ་ན། འདིར་སྔགས་ཀྱིས་རྨོངས་པར་བྱས་པ་བཞིན་ཞེས་གསུངས་ཏེ། སྔགས་ཀྱང་གང་གིས་རྨོངས་པར་བྱས་ཤེ་ན། ཅིས་རྨོངས་བདག་གིས་ཀྱང་མི་ཤེས་ཏེ་ཞེས་སོ། །ཁྱོད་ཀྱི་ཁོང་ན་གནས་པ་འགའ་ཞིག་ཡོད་པར་འགྱུར་རོ་ཞེ་ན་བདག་གི་ཁོང་ན་ཅི་ཞིག་ཡོད་ཅེའོ། །
ཉོན་མོངས་པའི་དགྲ་ཉིད་དག་ཡོད་པ་མ་ཡིན་ནམ་ཞེ་ན། འདིར་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་མགོ་བོ་ལ་སོགས་པ་མེད་པར་བརྗོད་དེ། འདིས་ནི་དེ་དག་དབང་པོ་ཐམས་ཅད་ཀྱིས་སྟོང་བར་བསྟན་ཏོ། །ཞེ་སྡང་ནི་ཁོང་ཁྲོ་བའོ། །སྲིད་པ་ནི་ཡང་སྲིད་ལ་
མངོན་པར་དགའ་བ་དང་དགའ་བའི་འདོད་ཆགས་ཀྱི་མོད་ལ་སྐྱེས་པའོ། །སོགས་པའི་སྒྲས་ང་རྒྱལ་ལ་སོགས་པ་ཕྲ་རྒྱས་བཅུ་གཟུང་བར་བྱ་སྟེ། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་ཁོང་ཁྲོ་དེ་བཞིན་དུ། །ང་རྒྱལ་དང་ནི་མ་རིག་པ། །ལྟ་བ་ཐེ་ཚོམ་དེ་དག་བཅུ། །ཞེས་
གང་གསུངས་པའོ། །ལྟ་བ་རྣམ་པ་ལྔར་ཕྱེ་བས་བཅུར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །དེ་དག་ནི་ལམ་དང་ཁམས་
བདེན་པའི་རབ་ཏུ་དབྱེ་བས་དགུ་བཅུ་རྩ་བརྒྱད་དུ་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའི་ནི་བརྒྱ་ཉི་ཤུར་འགྱུར་བ་ཡིན་ནོ། །དཔའ་བ་སྟེ་དཔའ་བརྟན་དང་མི་ལྡན་པའོ། །མཛངས་མིན་ཏེ་ཡིད་གཞུངས་པ་དང་ལྡན་པ་མ་ཡིན་པའོ། །དེ་ལྟ་བུར་གྱུར་པའི་ཡན་ལག་ཐམས་ཅད་མ་

ཚང་བ་རྣམས་ཀྱིས་ཀྱང་ཇི་ཞིག་ལྟར་དེ་དག་གིས་བདག་བྲན་བཞིན་བྱས་སོ་སྙམ་དུ་རང་ཉིད་ལ་རྣམ་པར་དཔྱོད་པར་བྱེད་པ་ཡིན་ནོ། །འདི་ནི་ཤིན་ཏུ་ཡང་ངོ་མཚར་ཆེ་བ་ཡིན་ནོ་ཞེས། བདག་གི་སེམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སེམས་ཉིད་ལ་བརྟེན་བཅས་ནས་བདག་
ཉིད་ལ་གནོད་པ་བྱེད་པ་སྟེ། དགའ་མགུར་ཞེས་བྱ་བ་ནི་འཇིག་རྟེན་པ་མེད་པར་རམ་སེམས་པའང་མེད་པར་རོ། །བསྟེན་པ་རྣམས་ནི་དེ་མི་རིགས་སོ། །དེ་ལའང་ནི་དེ་ལྟར་ན་དྲན་ཡང་སྟེ། མི་རིགས་པའི་ཚུལ་ཅན་དེ་དག་ལའང་བདག་མི་ཁྲོའོ་ཞེས་ཚིག་ཟུར་གྱིས་སྟོན་པ་ཡིན་ནོ། །བྱང་ཆུབ་ཏུ་
སེམས་བསྐྱེད་པས་ནི་གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་རིགས་པ་ཉིད་མ་ཡིན་ནམ་ཞེ་ན། འདིར། གནས་མིན་ཞེས་གསུངས་ཏེ། ཡུལ་འདི་ལྟ་བུ་ལ་བཟོད་པའི་ངང་ཚུལ་ཅན་ནི་སྨད་པ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་དེ་དག་ཁྱོད་མི་བཟོད་ཅེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་དག་གིས་ཇི་ལྟར་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལྟར་དགྲ་གཞན་དག་གིས་ཁྲིད་ཅིང་སྤྱོད་པར་མི་ནུས་ཤིང་མི་ལྕོགས་སོ། །མནར་མེད་པའི་མེ་ཅི་འདྲ་བ་ཞིག་ཅེ་ན། རི་རབ་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རི་རབ་ཀྱང་ཞེས་བྱ་བ་ནི་གཞན་ངན་
ངོན་ལྟར་རེ་ཞིག་ཞོག །རིའི་རྒྱལ་པོ་དང་མེ་ཕྲད་ན་ཡང་ཐལ་བ་ཡང་མི་མངོན་པར་བྱེད་དེ། མེ་དྲག་པོའི་འབར་བ་ཆེན་པོས་སྲེག་པར་བྱེད་པའི་ཕྱིར་རོ། །དེར་བདག་སྐད་ཅིག་གཅིག་ལ་འདོར་ཏེ་འདི་འདྲ་བའི་མེར་རོ། །མཚམས་མེད་པའི་ལས་ཀྱི་རྒྱུ་རྣམས་ནི་སྟོབས་ཅན་ནུས་པ་དང་
ལྡན་པ་སྟེ། གཉེན་པོས་ཀུན་ནས་སློང་བ་མེད་པའི་ཕྱིར་རོ། །འོ་ན་ཁྱོད་དེ་དག་ལ་ལ་ནི་དེ་ལྟར་འཁོན་དུ་འཛིན་པ་དམ་པོར་བྱེད་ལ་དགྲ་གཞན་དག་ལ་ནི་མ་ཡིན་པ་ཇི་ལྟ་བུ་ཡིན་ཞེ་ན། བདག་གི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐོག་མཐའ་མེད་པ་ཞེས་བྱ་བ་ནི་སྔོན་དང་ཕྱི་མའི་དུས་
ཏེ། འཁོར་བ་མཐར་ཐུག་པ་མ་ཡིན་པའི་ཕྱིར་རོ། །གཞན་དག་ལ་ནི་ཉི་མ་སོ་སོར་ངེས་པར་གནས་པ་ཡིན་པའི་ཕྱིར་རོ། །དགྲ་གཞན་ཀུན་ནི་ལྷ་དང་མི་ལ་སོགས་པའོ། །འོ་ན་དེ་དང་མཐུན་པར་སྤྱད་ན་དབང་དུ་འགྱུར་བ་དང་ཕན་པ་དང་བདེ་བ་སྒྲུབ་པར་བྱེད་པར་འགྱུར་བ་མ་ཡིན་ནམ་ཞེ་ན།

འདིར་མཐུན་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་འདི་དག་ནི་དེ་བཞིན་དུ་རྗེས་སུ་འབྲང་ན་མི་ཕན་པ་བྱེད་པ་ཡིན་པའི་ཕྱིར་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཤིན་ཏུ་སྐྱེད་པར་བྱེད་པ་ཡིན་ཏེ། རང་བཞིན་མི་སྲུན་པའི་ཕྱིར་ནན་གྱིས་
གཞོམ་པར་བྱ་བ་ཉིད་ཡིན་ནོ། །དེ་བས་ན་ངེས་པར་འདི་དག་ཉིད་བདག་གིས་བྱ་བར་འོས་པ་ཡིན་ནོ་ཞེས་གསུངས་པ། དེ་ལྟར་ཞེས་ཏེ་དེ་བཞིན་དུ་རྒྱུན་ཆགས་ཤིང་བར་མེད་པར་ཏེ། དུས་ཐོག་མཐའ་མེད་པར་ཉེ་བར་གནས་པའི་ཕྱིར་དང་། ཉེ་བར་འཇོམས་པར་བྱེད་པ་ཡིན་པའི་ཕྱིར། ཡུན་
རིངས་དགྲར་གྱུར་པ་ཡིན་ནོ། །གླེགས་བམ་ལ་ལར་རྒྱུན་ཞེས་འདོན་པ་དེར་ནི་རྒྱུན་བར་མ་ཆད་པར་འཇུག་པའི་ཕྱིར་རོ་ཞེས་བཤད་པར་བྱའོ། །ཡང་ཁྱད་པར་དུ་བྱེད་པ་ནི། གནོད་པ་ཞེས་པ་ཡིན་ཏེ། སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གནོད་པ་ཇི་སྙེད་པ་རྣམས་ཏེ། དེ་སྐྱེ་
བའི་རྒྱུ་གཅིག་པུ་ཁོ་ནའི་སྙིང་ལ་ལེགས་པར་གནས་བཅས་པ་དེ་དག་ཉིད། ཡོད་ན་འཁོར་བར་བདག་འཇིགས་པ་མེད་དེ་འཇིགས་པ་དང་བྲལ་ཞིང་དགའ་བར་ག་ལ་འགྱུར་ཏེ། མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ཉོན་མོངས་པའི་དགྲ་བོ་རྣམས་སྤངས་པའི་ཕྱིར། ཤ་ཁོན་ཞུགས་པར་
ཞེན་པ་ཡིད་ལ་བརྟེན་པར་གཞག་པའི་ཕྱིར། འཁོར་བའི་བཙོན་རའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ངེས་པར་འབྱུང་བའི་གནས་བྱེད་པའོ། །དམྱལ་སོགས་ནའང་གསོད་བྱེད་གཤེད་མ་ནི་གཤིན་རྗེའི་སྐྱེས་བུ་དེ་དག་ཡིན་ཏེ། ཉོན་མོངས་པའི་དབང་དུ་གྱུར་པ་ལ་ལས་ཀྱི་རྣམ་པར་
སྨིན་པའི་དབང་གིས་དེ་དག་སྣང་བའི་ཕྱིར་རོ། །དེ་ལྟར་ཞེས་ཉེས་པ་མ་ལུས་པའི་འབྱུང་གནས་སུ་གྱུར་པ་དེ་དག་གལ་ཏེ་ཡིད་ཀྱི་ཁྱིམ་དུ་ཆགས་པའི་རང་བཞིན་གྱི་གཟེབ་གང་ཡིན་པ་དེར་གལ་ཏེ་གནས་པར་གྱུར་ན་སྟེ། རྫོད་ལ་བརྟེན་ནས་གལ་ཏེ་འདུག་ན་བདག་ལ་ག་ལ་བདེ། དེ་བས་ན་
འདིར་བདག་གི་འདི་ཉིད་ནི་རིགས་པ་ཡིན་ནོ་སྙམ་དུ་བསྟན་པར་བྱ་བ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་གི་ཕྱིར་དེ་ལྟར་དེ་དག་ཉེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པ་དེའི་ཕྱིར་རོ། །ཁུར་ཞེས་བྱ་བ་ནི་གླང་གི་རྒྱབ་ཏུ་བཀལ་བའི་ཁལ་ཞེས་བྱའོ། །ཁུར་དང་མཚུངས་པས་ན་ཁུར་ཏེ་

དམ་བཅས་པ་འཛིན་པའོ། །འདི་ཞེས་བྱ་བ་ནི་ཉོན་མོངས་པའི་རང་བཞིན་ཏེ། མདུན་ན་འདུག་པའི་ཕྱིར་མངོན་སུམ་དུ་སྒྲོས་བཏགས་ན་འདི་ཞེས་བསྟན་ཏོ། །མངོན་སུམ་དུ་ཞེས་བྱ་བ་ནི་བདག་གིས་མཐོང་བ་བཞིན་དུའོ། །ངེས་པར་བཅོམ་པ་ནི་རྩ་བ་ནས་མེད་པར་རོ། །ཆུང་ངུ་ལ་ཡང་ནི་གནོད་པ་
ཆུང་ངུ་བྱེད་པ་ལའང་སྟེ་ཕ་དང་མས་བྱས་པའི་འཁོན་གྱི་རྒྱུ་མཚན་ལའང་ངོ་། །ཡང་ན་དངོས་པོ་རྒྱུ་ཆུང་ངུ་ལའོ། །ཁྲོས་གྱུར་པ་ནི་སྙིང་ལ་དགྲར་བྱས་པའི་ཞེན་པ་བརྟན་པོ་གཞག་པ་སྟེ། འཁོན་དུ་འཛིན་པ་ཞེས་བྱ་བའི་དོན་ཏོ། །ང་རྒྱལ་བདོ་རྣམས་ནི་ང་རྒྱལ་འབར་བའི་ང་རྒྱལ་ཅན་རྣམས་
སོ། །དེ་ཞེས་པ་ནི་གནོད་པ་བྱེད་པའོ། །མ་བཅོམ་པ་ནི་དེ་གཞོམ་པར་མ་བྱས་པར་རོ། །གཉིད་མི་འོང་ནི་སེམས་ལས་མེད་པ་དང་བདེ་བ་དང་ལྡན་པར་མི་འགྱུར་བའོ། །སྐབས་སུ་བབ་པ་དོར་ནས་གོ་བགོས་པ་ཉིད་བསྟན་པར་བྱ་བ། རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་
བཞིན་གྱིས་ནི་ངོ་བོ་ཉིད་ཀྱིས་འཆི་བ་སྟེ། གསོན་པའི་མཐའ་ནི་འཆི་བ་ཡིན་ནོ་ཞེས་བྱ་བའི་ཕྱིར་རོ། །གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཡང་ཡིན་ལ་དེ་སྡུག་བསྔལ་བ་ཡིན་པའོ། །དེ་དག་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གཟིར་བར་གྱུར་པའམ། དེས་སྡུག་
བསྔལ་བར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པ་དག་ཡིན་ཏེ། སྙིང་རྗེ་བའོ། །གཡུལ་ངོར་དངར་ཚེ་ནི་གཡུལ་སྤྲད་པར་བྱ་བའི་གནས་གཙོ་བོ་སྟེ། གཡུལ་གྱི་ས་གཞིའི་སྟོབས་དང་ལྡན་པའི་དཔུང་གང་ན་བར་ཞེས་བྱ་བའི་དོན་ཏོ། །ནན་གྱིས་ཞེས་བྱ་བ་ནི་བཙན་ཐབས་སུ་སྟེ། ནུས་
པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །གཞོམ་ཕྱིར་ནི་སྲོག་དང་བྲལ་བའི་ཕྱིར་རོ། །དྲག་ཤུལ་ཅན་ནི་གཟི་མདངས་ཅན་ཏེ། བརྩོན་པ་བརྩམས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། མདའ་མདུང་གི་མཚོན་གྱིས་ཕོག་པའི་སྡུག་བསྔལ་ཁྱད་བསད་ནས་ཏེ།
གཡུལ་ངོར་མཚོན་གྱིས་སྨས་པ་མི་སེམས་པར་ཏེ། སྐྱེས་བུ་དཔའ་བོ་ཞེས་བྱ་བའི་དོན་ཏོ། །ཕྱིར་ཕྱོགས་འབྱེར་བར་མི་བྱེད་ན་ནི་ཁ་ཕྱིར་ལྡོག་པར་མི་འགྱུར་བའོ། །དོན་མ་གྲུབ་པ་ནི་མངོན་པར་འདོད་པར་གྲུབ་པར་མ་བྱས་པར་རོ། །བརྟན་པ་རྣམ་པས་ཉོན་མོངས་པ་

ལྷག་པར་གསུངས་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྟག་ཏུ་ནི་དུས་ཐམས་ཅད་དུའོ། །རང་བཞིན་གྱིས་ཏེ་གནོད་པ་མ་བྱས་ཤིང་རྒྱུ་མེད་པའི་དགྲ་རྣམས་སོ། །བརྩོན་པ་ནི་འབད་པ་སྟེ། བརྩོན་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །དེང་ཞེས་
པ་ནི་དུས་འདིར་ཞེས་པ་སྟེ། འདི་ནི་འཇིག་རྟེན་གྱི་སྨྲ་ལུགས་སོ། །སྒྱིད་ལུག་པ་ནི་བྱ་བར་འོས་པ་རྣམས་ལ་ནི་ནུས་སོ་སྙམ་པའི་ཞན་པའོ། །ཡི་ཆད་ནི་སེམས་ཞུམ་པའམ། དང་བ་མེད་པའམ། བསམ་པ་དམན་པའོ། །འདི་ནི་ཚིག་བསྡུས་པ་སྟེ། ཡི་ཆད་པ་མི་འབྱུང་བ་སྒྱིད་ལུག་པ་
མི་འབྱུང་བ་ཞེས་བྱ་བའོ། །སྨོས་ཅི་དགོས་ཞེས་བྱ་བ་ནི་དེ་བས་ཀྱང་ལྷག་པ་ཞེས་བྱ་བའོ། །སྡུག་བསྔལ་བརྒྱ་ཕྲག་ནི་ངལ་བ་བརྒྱ་ཕྲག་གམ། སྡུག་བསྔལ་བརྒྱ་ཕྲག་གིའོ། །རྒྱུར་གྱུར་པ་གང་གིས་ཀྱང་ཞེས་པ་ནི་རང་གི་སེམས་ཀྱི་རྟོག་པ་སྟེ། མི་རིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
ཇི་ལྟར་ན་མི་རིགས་པ་ཡིན་ཞེ་ན། དོན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་མེད་ཅེས་བྱ་བ་ནི་འདིར་འཇིག་རྟེན་ཕ་རོལ་ལ་སོགས་པར་དག་པར་འགྱུར་བའི་དགོས་པ་གཞན་ཅུང་ཟད་ཀྱང་མེད་པའོ། །དེ་ལྟ་ན་ཡང་དགྲའི་མཚོན་ཆ་ཡིས་སྨས་པའི་རྨ་བརླ་དང་། སྙིང་ག་དང་།
དཔུང་པ་དང་། ལག་པ་ལ་སོགས་པ་ལུས་ལ་རྒྱན་དང་ལྡན་པ་སྟེ། རྒྱན་ཆ་བཞིན་དུ་ཡིད་དགའ་བས་འཆང་བར་བྱེད་ན། འདི་བདག་ལ་ཇི་ལྟར་མི་རིགས་ཤེ་ན། དོན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཆེན་ནི་འགྲོ་བ་ཐམས་ཅད་སངས་རྒྱས་ཉིད་དུ་སྒྲུབ་པ་སྟེ་
སྒྲུབ་པར་བྱེད་པ་དེའི་དོན་དུའོ། །བརྩོན་འགྲུས་བརྩམས་པ་ལ་ཅིའི་ཕྱིར་ཞེས་སྤོང་བར་བྱེད་པ་ཡིན་ནོ། །མཆོག་ཏུ་དད་པའི་རྒྱུ་སྡུག་བསྔལ་དེ་འདྲ་བ་ནི་ཅི་བདག་ལ་རིགས་པ་ཉིད་མ་ཡིན་ནམ། གང་འགྲོ་བའི་གདུང་སེལ་སྡུག་བསྔལ་ལ། དགའ་བ་འབའ་ཞིག་འདིར་བྱ་རིགས། །ཞེས་
བརྗོད་པར་འགྱུར་བའོ། །གལ་ཏེ་དེ་ལྟར་བརྩོན་པར་བྱེད་པ་དེ་ལྟ་ཡིན་ན་ཡང་རང་གི་བདེ་བ་དང་མི་འགལ་བ་ཉིད་དུ་བརྩོན་པར་བྱ་བར་རིགས་པ་ཡིན་ནོ་ཞེ་ན། འདིར་ཉ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ཆུང་མ་དང་བུ་ལ་སོགས་པ་དགང་བ་དང་གསོ་བ་ལ་སོགས་པ་བྱ་

བ་ལ་སེམས་ཆགས་པའི་ཉ་པ་ནི་ཉའི་དགྲ་སྟེ། ཉ་འཚེ་བ་ལ་ཡིད་ཆགས་པའོ། །དགུན་གྱི་དུས་ཀྱི་མཚན་མོ་ཁ་བའི་ཚོགས་སྡུག་པར་འཇུག་པར་བྱེད་པ་དང་། ཆོམ་རྐུན་དང་། སྟག་ལ་སོགས་པའི་འཇིགས་པ་ལ་མི་ལྟོས་པ་དང་། དེ་བཞིན་དུ་ཤན་པ་ལ་སོགས་པ་དང་། དེ་ལྟར་གདོལ་
པ་ཡང་རྟག་ཏུ་ལས་མ་ཡིན་པ་ལ་དགའ་བ། གཞན་གྱི་ནོར་འཕྲོག་པ་ལ་སོགས་པའི་བསམ་པ་ཅན་ནི་ཚེར་མ་ཅན་དང་ཐག་ཐུག་དང་གསེག་མ་ཅན་བགྲོད་དཀའ་བའི་སའི་ཆ་འབྲོག་གི་ལམ་དུ་རླུང་དང་ཚད་པ་དང་། ཐོག་དང་། ཆར་བབ་པ་དང་། མུན་པ་དང་ལྡན་པའི་མཚན་མོ་སྡིག་
སྦྲུལ་ལ་སོགས་པའི་འཇིགས་པའི་སྡུག་བསྔལ་རྩིས་མེད་པར་འགྲོ་བ་ན་སྲོག་ལ་ཐེ་ཚོམ་ཟ་བ་བྱ་དཀའ་བའི་ལས་ལ་འཇུག་པར་བྱེད་དོ། །དེ་བཞིན་དུ་གཞན་གྱི་བུད་མེད་ལ་སྤྱོད་པ་ལ་སོགས་པ་དང་། དེ་ལྟར་ཞིང་པ་སྟེ་རྨོད་པར་བྱེད་པ་པོ་ཞིང་གི་ལས་ཀྱིས་ཉེ་བར་འཚོ་བ་ཞིང་རྨོད་པ་ལ་
སོགས་པའི་བྱེད་པ་བྱས་པ་རྣམས་ཀྱང་ཉིན་མཚན་དུ་གྲང་བ་དང་། ཚ་བ་དང་། རླུང་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བ་མཐོང་བ་ཉིད་ཡིན་ནོ། །དེ་བཞིན་དུ་བདག་གི་གདོང་དུ་ལྟ་ཞིང་འཚོ་བ་ཞབས་འབྲིང་བ་ལ་སོགས་པ་དང་། དེ་ལྟར་དམན་པའི་ལས་ལ་མངོན་པར་དགའ་བ་
དེ་དག་ཀྱང་གྲང་བ་དང་ཚ་བ་ལ་སོགས་པའི་གནོད་པ་བཟོད་ན་འགྲོ་བ་ལ་ཕན་པ་དང་བདེ་བའི་དོན་དང་སྐྱེས་བུ་མཆོག་གི་དོན་གྱི་ཕྱིར་ཇི་ལྟར་ན་བདག་གིས་མི་བཟོད། བདག་གིས་སླར་ཤིན་ཏུ་ཡང་བསྟེན་པར་བྱ་བར་རིགས་པ་ཡིན་ནོ་སྙམ་དུ་དགོངས་པའོ། །འོ་ན་གལ་ཏེ་སེམས་ཅན་
ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཕྱིར་སྨོན་ལམ་བཏབ་པ་དེ་ལྟ་ཡིན་ན། དེའི་ཚེ་དེ་ཉིད་ལ་ནན་ཏན་བྱ་བའི་ཕྱིར་བརྩོན་པར་བྱ་བ་ཉིད་ཡིན་ན། ཅིའི་ཕྱིར་རང་ཉིད་ཀྱི་སྲེད་པ་ལ་སོགས་པ་སྤོང་བ་གཙོ་བོ་མ་ཡིན་ཞིང་དགོས་པ་མེད་པའི་དོན་དུ་བརྩོན་འགྲུས་རྩོམ་པར་བྱེད་ཅེ་ན།
དེའི་ཕྱིར། ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུའི་ནམ་མཁའི་ཚད་ཀྱི་འཚོ་བའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་རྣམ་པར་དགྲོལ་བའི་ཕྱིར་སེམས་བསྐྱེད་ཅིང་ཚིག་ཏུ་ཡང་ཆེར་བཏོན་ནས་གཞན་དག་ལྟ་ཞོག །གང་གི་ཚེ་བདག་ཉིད་ཀྱང་སྲེད་པ་ལ་

སོགས་པའི་ཉོན་མོངས་པ་རྣམས་མ་གྲོལ་བ་དེའི་ཚེ་རང་གི་ནུས་པ་ལ་མ་བལྟས་པ་ཁོ་ནར་ཚིག་ཏུ་རྗོད་པར་བྱེད་པ་ནི་སེམས་རྣམ་པར་འཁྲུགས་པར་གྱུར་པ་ཡིན་ནོ་སྙམ་དུ་བསམས་ནས་ཕྱིར་མི་ལོག་པར་དམ་བཅས་པ་ལས་བརྟན་པར་འགྱུར་བར་བྱའོ། །འདིར་དགོངས་
པ་ནི་འདི་ཡིན་ཏེ། བདག་གི་ཉོན་མོངས་པ་མ་སྤངས་པར་གཞན་གྱི་ཉོན་མོངས་པ་སྤང་བ་ཞེས་བྱ་བ་ནི་མི་ནུས་ཏེ། དེ་བས་ན་དེའི་ཐབས་ཡིན་པའི་ཕྱིར་དེ་ཉིད་དང་པོར་ངེས་པར་ཉམས་སུ་བླང་བར་བྱ་བ་ཉིད་ཡིན་ཏེ། བདག་ཉིད་ཀྱང་མ་དུལ་བར་གཞན་གདུལ་བར་མི་ནུས་པར་མི་འགྱུར་རོ། །
དེ་ལྟ་བས་ན་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས། འདིར་ཞེན་བྱ་ཞིང་སྟེ་འདིར་ཉོན་མོངས་པ་གཞོམ་པའི་དོན་དུ་བརྩོན་འགྲུས་བརྟེན་པ་ལ་ནན་ཏན་དུ་བྱའོ། །ཁོན་དུ་བཟུང་ནས་ནི་ཁོན་མ་བརྗེད་པའོ། །གཡུལ་སྤྲད་ནི་རྩོད་པས་ཡིད་བྱུང་བ་སྤངས་པ་རྣམ་པ་ཐམས་ཅད་དུ་འཐབ་མོ་
བརྩམ་པའོ། །ཡང་ན་འོ་ན་གལ་ཏེ་ཐོག་མ་ཉིད་དུ་བདག་ཉིད་ཀྱི་ཉོན་མོངས་པ་སྤངས་པར་མ་གྱུར་ན་འདི་ལ་མི་རིགས་པ་ཅི་ཞིག་ཏུ་འགྱུར། གང་གིས་ན་གུས་པ་ཆེན་པོས་དེ་ཉིད་ལ་བརྩོན་པར་བྱ་ཞེ་ན། འདིར་ཕྱོགས་བཅུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྡུས་པའི་དོན་ནི་འདི་
ཡིན་ཏེ། ཐམས་ཅད་ལའང་གཞན་པས་རང་འདུལ་བ་ནི་རང་ལ་རག་པ་ཡིན་ལ། གང་ལ་བདག་རང་ལའང་ནུས་པ་མེད་པ་དེ་ལ་གཞན་གྱི་རྒྱུད་ལ་ལྟ་ག་ལ་འགྱུར་ཏེ། འདི་ནི་མི་སྲིད་པའི་ཕྱིར་བཞད་གད་བྱེད་པར་ཟད་དེ། རང་གི་ཚོད་མི་ཤེས་པར་དམ་འཆའ་བར་འགྱུར་བ་སྨྱོན་པའི་
ཚིག་ལྟ་བུ་ཡིན་ནོ། །དེ་བས་ན་བདག་ཉིད་ཡོངས་སུ་སྦྱང་བ་ལ་དང་པོར་འབད་པར་བྱའོ། །གཞན་ཐམས་ཅད་ནི་སྔ་མ་དང་འདྲའོ། །འོ་ན་གལ་ཏེ་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤང་བར་འདོད་པ་དེ་ལྟ་ཡིན་ན་ནི་དེའི་ཚེ་ཉོན་མོངས་པ་སྤང་བ་པོ་མངོན་པར་ཞེན་པ་གང་ཡིན་པ་དེ་ཡང་
སྤང་བར་བྱ་བ་ཉིད་དུ་འགྱུར་ཏེ། དེ་ཡང་བག་ལ་ཉལ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་སྟེ་དེ་ལྟར་ན་ཡང་ཉོན་མོངས་པ་སྤོང་བ་ཉིད་དུ་མི་འགྱུར་རོ་ཞེ་ན། འདིར་མ་གཏོགས་པ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་གང་ཞིག་ཉོན་མོངས་པ་འཇོམས་པར་བྱེད་པའི་གཉེན་པོ་དང་

འབྲེལ་བ་རྣམ་པ་དེ་འདྲ་བ་ནི་རྣམ་པ་དེ་ལྟ་བུ་སྟེ་དེར་སྣང་བ་ཙམ་ཡིན་གྱི་དེ་ཉིད་ནི་ཉོན་མོངས་པ་མཚན་ཉིད་པ་ནི་མ་ཡིན་ཏེ། དེ་དག་ལ་གཞན་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་ནི་ཉོན་མོངས་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྤངས་པས་འཁོར་བར་མི་སྐྱེ་བའི་ཕྱིར། བླ་ན་མེད་པའི་
བྱང་ཆུབ་འཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་ཐལ་བར་འགྱུར་བ་འདི་ཡང་བསལ་བ་ཡིན་ནོ། །ཉོན་མོངས་པ་གང་དག་ངེས་པར་འཆི་བའི་རྒྱུར་གྱུར་པ་དེ་དག་ནི་འདིར་ངེས་པར་གཞོམ་པར་བྱ་བ་ཡིན་ལ། གང་ཡང་ཚོགས་སོག་པའི་རྒྱུ་སྐྱེད་པ་དེ་དག་ཇི་སྲིད་དུ་ཚོགས་རྫོགས་པར་
མ་གྱུར་གྱི་བར་དུ་རྟ་ཤིན་ཏུ་དུལ་བ་བཞིན་དུ་དུལ་བར་བྱས་ཏེ་གཞག་པར་བྱའོ། །ཕྱིས་ནི་དེ་དག་ཀྱང་གཞོམ་པར་བྱ་བ་ཁོ་ན་ཡིན་ཏེ། འདི་ཉིད་གསུངས་པ་ནི་ཉོན་མོངས་འཇོམས་པ་དང་འབྲེལ་པ་ཞེས་བྱ་བ་ཡིན་ནོ། །ཡང་ཉོན་མོངས་མ་བསྲེགས་རྩྭ་ལྟར་ཆུང་ཞིང་ཡང་བ་ཉིད་དུ་བྱ་
ཞེས་གང་གསུངས་པའོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་ཐམས་ཅད་སྤོང་བར་ནི་མི་འདོད་དོ། །དོན་འདི་ནི་བྱ་དཀའ་བ་བརྒྱ་ཕྲག་དུ་མས་ཐོབ་པར་བྱ་བ་ཡིན་ཏེ། དེར་ཡང་སྡུག་བསྔལ་བརྒྱ་ཕྲག་མཐའ་ཡས་པས་འཇོམས་པ་འབྱུང་བར་འགྱུར་བ་མ་ཡིན་ནམ། དེ་བས་ན་དེའི་རྗེས་སུ་
འབྲང་བ་ཉིད་བླ་སྟེ་ལེགས་པར་བྱས་པར་འགྱུར་རོ་ཞེ་ན། བདག་ནི་བསྲོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་ཆུང་བ་བརྗོད་པ་ཡིན་ཏེ། བདག་གི་དམ་བཅའ་འདི་ངེས་པ་ཉིད་ཡིན་པར་ཟུང་ཤིག །རྒྱུ་མ་ཞེས་བྱ་བ་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་འོག་ཏུ་ལྷུག་ལ་དུམ་བུར་
བྲུལ་བུ་བྲུལ་བུ་བྱས་པའམ། ཤ་དང་ཁྲག་ཞིག་ཅིང་ཟགས་པར་བྱས་ཀྱང་ཉོན་མོངས་པའི་དགྲ་བོ་རྣམས་ལ་མགོ་བོ་འདུད་པར་བྱས་ནས་རྗེས་སུ་བསྒྲུབ་པར་མི་བྱ་སྟེ་དེའི་བཀའ་བཞིན་བྱེད་པར་མི་བྱ་ཞེས་བྱ་བའི་དོན་ཏོ།། །།བམ་པོ་དྲུག་པ། རྣམ་པ་ཀུན་ཏུ་ཞེས་
བྱ་བ་ནི་ནམ་དུ་ཡང་ངོ་། །ཁྱོད་ཀྱིས་རང་གི་གནས་ལས་བཏོན་ཡང་གལ་ཏེ་སྟོབས་དང་ལྡན་པའི་གནས་ལ་བརྟེན་ནས་དགྲ་གཞན་བཞིན་དུ་དགྲ་ཚར་གཅོད་དུ་འོང་བ་མ་ཡིན་ནམ། དེའི་ཚེ་འདིར་ཅི་ལྟར་སླར་བཅོས་པར་བྱ་ཞེས་དོགས་པ་ལ། ཐ་མལ་དགྲ་བོ་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། ཐ་མལ་པའི་དགྲ་བོ་གཞན་དག་ནི་ཡུལ་ནས་ཕྱུང་ཡང་གནས་གང་ཞིག་ནས་ནུས་པ་བརྟས་ཤིང་སྟོབས་རྙེད་ནས་དགྲ་ཚར་ཕྱིན་པར་བྱ་བའི་ཕྱིར། ཕྱིར་ལ་ལྡོག་པའི་གནས་ཡུལ་གཞན་དེ་ནི་སྲིད་ཀྱིས་ཉོན་མོངས་པའི་དགྲ་ལ་ནི་མ་ཡིན་ཏེ། དགྲ་གཞན་ལྟར་དེའི་
སྤྱོད་པ་མི་སྣང་ངོ་། །ཡང་དེ་ལྟར་འདོད་ཀྱང་ག་ལ་འགྱུར་ཞེ་ན། ཉོན་མོངས་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སེམས་ལས་ཡུལ་ཕྱུང་ན། ཉོན་མོངས་པའི་དགྲ་འདི་གང་དུ་སོང་ནས་གནས་པར་བྱེད་གང་དུ་གནས་པར་བྱས་ནས་བདག་ལ་གནོད་པ་བྱ་བའི་ཕྱིར་འབད་
རྩོལ་བྱེད་དེ། འདིའི་གནས་ནི་མ་མཐོང་ངོ་། །རྩ་བ་ནས་མེད་པར་གྱུར་པ་ལ་སླར་ལྡང་བར་མི་རིགས་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །བློའི་རྒྱུ་བ་མི་ཟིན་པའི་ཕྱིར་བདག་ལ་སྤྲོ་བ་མེད་པ་འབའ་ཞིག་ཏུ་ཟད་ཀྱི་ཉོན་མོངས་པ་འདི་ནི་རྩ་བ་མེད་པའི་ཕྱིར་དོན་དམ་པ་དེ་ཁོ་ན་ཉིད་མཐོང་བ་
ཙམ་གྱིས་སྤང་བར་བྱ་བ་ཡིན་པས་ན་ཉོན་མོངས་ཡིན་ནོ། །དེ་ཉིད་རབ་ཏུ་བསྒྲུབ་པའི་ཕྱིར་ཉོན་མོངས་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་དུ་འོང་བ་ལ་སོགས་པའི་ཡུལ་མཐོང་ཡང་དབང་པོ་བསྡམས་པ་ཁ་ཅིག་ནི་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་དང་། རྣམ་པར་བརྟགས་ན་
རྡུལ་ཕྲ་རབ་ཀྱང་དེ་ལ་མ་མཐ