Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 105
Văn bản gốc(Tây Tạng)
Trang 6 / 22 (50.000 ký tự/trang)
ོང་བའི་ཕྱིར་ཡུལ་ན་མི་གནས་སོ། །མིག་ལ་སོགས་པའི་དབང་པོའི་ཚོགས་ལ་ཡང་སྔ་མ་བཞིན་དུ་མི་གནས་ཏེ། ཆོས་ལ་སེམས་པ་ལ་སོགས་པའི་གནས་སྐབས་ན་དབང་པོའི་དངོས་པོ་ཡོད་ཀྱང་མི་དམིགས་པའི་ཕྱིར་རོ། །ཡུལ་དང་དབང་པོ་དག་གི་བར་ ན་སྟེ། དབུས་ན་གནས་པའང་མིན་སྟེ། སྣང་དུ་རུང་བ་མི་དམིགས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ལས་གནས་གཞན་འགའ་ཞིག་ཏུ་ཡང་གནས་པའི་ངེས་པ་མེད་དོ། །དེ་བས་ན་རྩ་བ་མེད་པའི་ཕྱིར་དེ་ཁོ་ན་ཉིད་དུ་སྟོང་པ་སྟེ་གློ་བུར་བ་ཉིད་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་ རྟོགས་པ་ཙམ་ལས་བྱུང་བའི་ཕྱིར་རོ། །དེ་ལྟ་བུར་གྱུར་ན་ཡང་འགྲོ་བ་ཀུན་གནོད་བྱེད་དེ་འཁྲུག་པར་བྱེད་དོ། །དེ་ལྟར་ཡིན་ན་ཅི་ལྟར་བྱ་བར་རིགས་ཤེ་ན། གསུངས་པ་འདི་ནི་སྒྱུ་འདྲ་སྟེ། དཔེར་ན་སྒྱུ་མ་ནི་དེའི་རྣམ་པས་སྟོང་ཡང་སྔགས་དང་སྨན་གྱི་མཐུ་ལས་དེ་རྐྱེན་འདི་ཙམ་ གྱིས་དེ་ཁོ་ན་ཉིད་དུ་མེད་ཀྱང་གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྣང་བ་དེ་བཞིན་དུ་ཉོན་མོངས་པ་འདི་རྣམས་ཀྱང་ཕྱིན་ཅི་ལོག་གི་རྒྱུ་མཚན་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་སྟེ། རྐྱེན་འདི་དག་ཙམ་གྱིས་དེ་ཁོ་ན་ཉིད་དུ་མེད་པ་ཉིད་དུ་སྣང་ངོ་། །དེའི་ཕྱིར་སྙིང་ལ་འཇིགས་པ་ སྤངས་ཏེ་ཉོན་མོངས་པ་རྣམས་ལས་སོ། །དོན་དམ་པར་རྣམ་པར་དཔྱད་ན་བརྫུན་པ་འདི་ཅི་ཞིག་ཏུ་རུང་སྟེ། དེའི་ཕྱིར་བརྩོན་པ་བསྟེན་ཅིག་སྟེ་སྤྲོ་བར་གྱིས་ཤིག་པའོ། །ཤེས་ཕྱིར་ནི་དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་འབྱེད་པས་རྟོགས་པའི་དོན་དུའོ། །དོན་མེད་ཉིད་དུ་དགོས་པ་མེད་པ་ཉིད་ དུའོ། །དམྱལ་བ་རྣམས་སུ་ནི་བསྡུས་འཇོམས་ལ་སོགས་པ་རྣམས་སུའོ། །ཉོན་མོངས་པའི་དབང་དུ་གྱུར་པས་བདག་ལ་གནོད་པ་ནི་གཟིར་བ་སྟེ་ཅི་སྟེ་བྱ་བའོ། །ད་ནི་སྔར་བསྟན་པའི་དོན་མ་ལུས་པ་ཉེ་བར་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་ བསྟན་མ་ཐག་པའི་ལེའུ་མ་ལུས་པས་བསྟན་པའི་དོན་ནམ། བསྟན་མ་ཐག་པའི་སྒྱུ་མའི་རང་བཞིན་ལ་རྣམ་པར་བསམས་ཏེ་བརྟེན་པར་བྱས་ནས་འབད་པར་བྱའོ། །ཅིའི་དོན་དུ་ཞེ་ན། ཇི་ལྟར་བཤད་པའི་བསླབ་པ་བསྒྲུབ་པའི་རྒྱུར་ཏེ་ཇི་སྐད་གསུངས་པའི་བསླབ་པ་ནི་མདོ་དེ་དང་དེ་དག་ ལས་བྱང་ཆུབ་སེམས་དཔའི་བྱ་བར་འོས་པ་གང་ཞིག་བསྟན་པའམ། བསྟན་བཅོས་འདི་ཉིད་ལས་མདོར་བསྡུས་ནས་དེ་དང་དེར་ཉེ་བར་བསྟན་པ་དེ་དག་བསྟན་པའི་དོན་དུའོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་སུ་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་གསུངས་པ་ནི། ཇི་ སྐད་དུ། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། སོ་སོ་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱིས་དེ་བཞིན་གཤེགས་པས་གང་འདི་མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཅས་པ་དེ་དག་ལ་བདག་གིས་བསླབ་པར་བྱའོ་ཞེས་ རྒྱ་ཆེར་གསུངས་པ་ལྟ་བུ་སྟེ། དེ་བས་ན་བདག་ལྟ་བུ་བློ་ཞན་པས་རྒྱ་ཆེར་གསུངས་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་ཤེས་པར་དཀའ་ན། དེས་ན་ཇི་ལྟར་བྱ་བའི་རིགས། །གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནས་རྣམས་འདིས་རིགས་བྱ། ། གནད་ཀྱི་གནས་དེ་གང་ཞེ་ན་འདི་ལྟ་སྟེ། བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་གསུངས་སོ། །གང་ལ་བྱང་ཆུབ་སེམས་དཔའ་རྣམས་གོམས་པ་གློད་ཅན་ཡང་ལྟུང་ བར་རྣམ་པར་གཞག་པ་འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་མདོར་བསྡུས་པ་ཡིན་ནོ། །ཇི་སྐད་དུ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་མདོ་ལས་གསུངས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྡུག་བསྔལ་ཟད་པར་འགྱུར་བའི་ལམ་གང་ཡོངས་སུ་ བཟུང་བ་སྟེ། གལ་ཏེ་བྱང་ཆུབ་སེམས་དཔས་ལམ་དེ་ཡོངས་སུ་བཟུང་ནས་གནས་པ་ན། བསྐལ་པ་བྱེ་བ་འདས་ནས་ཐ་ན་འདུག་པ་ཙམ་གྱི་བདེ་བ་འདོད་པའི་སེམས་གཅིག་བསྐྱེད་ན་ཡང་དེ་ལ་བྱང་ཆུབ་སེམས་དཔས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། བདག་གིས་སེམས་ཅན་ཐམས་ ཅད་ཀྱི་ཉེས་པ་དང་དུ་བླངས་ནས་འདུག་པ་གང་ཡིན་པ་དེ་ཡང་མངས་པ་ཡིན་ནོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར། སྨན་པའི་ངག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལ། དཔེར་ན་སྨན་པའི་ངག་ལྟར་མི་བྱེད་ན་གང་ལ་སྨན་བསྒྲུབ་པར་བྱ་བའི་སྨན་གྱིས་བསྒྲུབ་པར་བྱ་བའི་ནད་པ་སྐྱོན་མེད་ཅིང་ནད་ མེད་པར་འགྱུར་བ་ག་ལ་ཡོད། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་སྨན་པ་ཆེན་པོས་ལུང་ཕོག་པའི་བསླབ་པ་བསྒྲུབ་པར་མ་བྱས་པར་སྐྱོན་མེད་པར་འགྱུར་བ་ལས་དང་ཉོན་མོངས་པས་བསྐྱེད་པའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་ལས་རྣམ་པར་གྲོལ་བར་ འགྱུར་བ་ལྟ་ག་ལ་ཡོད། དེ་ལྟར་སྡོམ་པ་ཡང་དག་པར་བཟུང་བ་ལ་ལྟུང་བའི་མཚན་ཉིད་གང་དང་ལྡན་པའི་དངོས་པོ་བདག་ཉིད་ཀྱིས་བརྟགས་ཤིང་སྤོང་བ་དང་། ལྟུང་བའི་གཟུགས་བརྙན་དང་། ལྟུང་བ་མ་ཡིན་པའི་གཟུགས་བརྙན་ལ་རྨོངས་པར་མི་འགྱུར་བའི་ལྟུང་བ་སྤྱིའི་ མཚན་ཉིད་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཀྱི་ད་ལྟར་དང་མ་འོངས་པའི་སྡུག་བསྔལ་དང་། ཡིད་མི་བདེ་བ་ཐམས་ཅད་ཞི་བར་བྱ་བ་དང་། ད་ལྟར་དང་མ་འོངས་པའི་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་ཕྱིར་གཡོ་མེད་པར་ལུས་དང་། ངག་ དང་། ཡིད་བརྩོན་པས་ནན་ཏན་མི་བྱེད་པ་དང་། དེའི་རྐྱེན་ཚོགས་པ་མི་ཚོལ་བ་དང་། དེའི་བར་དུ་གཅོད་པའི་འཆོས་པ་པོ་ལ་མི་འབད་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ཆུང་ངུས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་འཆོས་པར་འགྱུར་བ་མི་སྐྱེད་པ་དང་། དོན་ཆེན་པོ་བསྒྲུབ་པའི་ཕྱིར་ དོན་ཆུང་ངུ་ཉམས་པར་མི་བྱེད་པ་དང་། སྐད་ཅིག་གཅིག་ཙམ་ཡང་ཡལ་བར་འདོར་ན་ལྟུང་བ་དང་བཅས་པ་ཡིན་ནོ། །མདོར་ན་རང་གི་ནུས་པ་མ་ཡིན་པའི་བྱ་བའི་ཡུལ་རྣམས་ལ་ལྟུང་བ་མེད་དེ། དེ་ལ་འབྲས་བུ་མེད་པས་བསླབ་པ་བཅས་པ་མེད་པའི་ཕྱིར་རོ། །གཞན་ནི་རང་བཞིན་གྱིས་ཁ་ ན་མ་ཐོ་བ་དང་བཅས་པ་ཡིན་པས་བཟུང་བ་ཉིད་དོ། །རང་གི་ནུས་པའི་སྤྱོད་ཡུལ་མ་ཡིན་པ་གང་ལ་བརྩོན་པ་ནི་ཤུགས་ཀྱིས་ལྟུང་བར་འགྱུར་ཏེ། དེ་བསམ་མི་དགོས་པར་སྤྱིར་སྡིག་པ་བཤགས་པའི་ནང་དུ་འདུས་པས་དེ་ལས་གྲོལ་བར་འགྱུར་རོ། །དེ་དག་ནི་མདོར་ན་བྱང་ཆུབ་སེམས་དཔའི་ བསླབ་པའི་ལུས་ཡིན་ཏེ། རྒྱས་པར་བཤད་ན་བསྐལ་པ་དཔག་ཏུ་མེད་པའི་མཐས་བསྟན་དགོས་པས་སོ། །ཡང་ན་མདོར་བསྡུ་ན་བྱང་ཆུབ་སེམས་དཔའི་ལྟུང་བ་གཉིས་ཏེ། ཅི་ནུས་ཀྱིས་རིགས་པ་དང་མི་རིགས་པ་བརྟགས་ནས་རྩོམ་པའམ། མི་ལྡོག་པའམ། བཏང་སྙོམས་སུ་འཇོག་པ་ ནི་ལྟུང་བ་དང་བཅས་པ་ཡིན་ནོ། །བརྟགས་ཏེ་ཇི་ལྟར་འོས་པ་ལས་འདའ་བར་བྱེད་ལ། ཐ་ན་གདོལ་པའི་བྲན་གྱིས་དཔྱས་ནའང་ལྟུང་བ་དང་བཅས་པ་ཡིན་ནོ། །གང་ཞིག་དེ་དག་གོམས་པར་བྱ་བའི་དོན་དུ་བྱེ་བྲག་ཏུ་རྟོགས་པར་འདོད་པ་དེས་རེ་ཞིག་བསླབ་པ་ཀུན་ལས་བཏུས་པ་ལས་སྤྱོད་ པའི་སྒོ་ཙམ་བསླབ་པའི་དོན་དུ་མངོན་པར་བརྩོན་པར་བྱའོ། །བསླབ་པ་ལ་རྩོམ་པ་ཙམ་ཡང་འབྲས་བུ་ཆེ་བ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ལས་བསྔགས་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་བསླབ་པ་མདོར་བསྡུས་ནས་བསྟན་པ་ བརྗོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་བྱས་པ་ལས་ལེའུ་བཞི་པའོ།། །།དེ་ལྟར་ལུས་ལ་སོགས་པ་བཏང་བ་དང་བསྲུང་བ་བསྟན་ནས། ཡང་རྒྱས་པར་ བསྲུང་བ་དང་སྦྱང་བ་དང་དག་པར་བྱ་བ་རྒྱས་པར་བསྟན་པར་བྱ་བའི་ཕྱིར་རྩོམ་པར་བྱེད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔས་ལུས་བཏང་བ་ཡང་བསྲུང་བ་དང་སྦྱང་བ་དང་སྤེལ་བ་དག་བྱ་སྟེ། གང་གི་ཕྱིར། སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཕྱིར། །ལུས་ལ་ སོགས་པ་སྦྱིན་པར་བྱ། མ་བསྲུངས་ལོངས་སྤྱོད་དག་ལས་འོང་། །གང་མི་སྤྱོད་ལ་ཅི་ཞིག་སྦྱིན། །དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར། །དགེ་བའི་བཤེས་གཉེན་མི་གཏོང་ཞིང་། །མདོ་སྡེ་དག་ལ་རྟག་ལྟ་བས། །ལུས་ལ་སོགས་པ་བསྲུང་བར་བྱ། །ཞེས་བསྟན་ཏོ། །ལུས་ལ་སོགས་པ་ ཡོངས་སུ་བསྐྱང་བ་ལ་སོགས་པ་དེ་ཡང་བསླབ་པ་བསྲུངས་པ་ལས་འགྱུར་བ་ཉིད་ཡིན་ཏེ། གཞན་དུ་ན་མི་འགྱུར་ཏེ། སེམས་ཅན་དམྱལ་བ་ལ་སོགས་པ་ལོག་པར་ལྟུང་བར་འགྲོ་བའི་ཕྱིར་རོ། །དེ་བས་ན་འདི་བརྗོད་པར་བྱ་སྟེ། བསླབ་པ་ཞེས་བྱ་བ་ལ་སོགས་པ་ལ་བསླབ་པ་ནི་བླང་ བར་བྱ་སྟེ། སྡོམ་པ་བཟུང་བས་གནང་བ་རྣམས་ལ་བྱ་བ་དང་། བཀག་པ་རྣམས་ལ་མི་བྱེད་པར་བསླབ་པའོ། །དེ་བསྲུང་བར་བྱ་སྟེ། ཡོངས་སུ་བསྐྱང་བར་རོ། །འདོད་པས་ནི་འདོད་པའི་བྱང་ཆུབ་སེམས་དཔས་ཏེ། བདག་གི་སེམས་བསྲུང་བར་བྱའོ། །རབ་ཏུ་བསྒྲིམས་ནས་ནི་འཆད་པར་འགྱུར་བ་ དག་གིས་སོ། །ཅི་སྟེ་བསླབ་པ་བསྲུང་བའི་སྐབས་སུ་ཅིའི་ཕྱིར་སེམས་བསྲུང་བར་བྱ་བ་ཞེ་ན། བསླབ་པ་ཞེས་བྱ་བ་གསུངས་ཏེ། གཞན་དུ་ན་བསླབ་པ་བསྲུང་བ་ཉིད་དུ་མི་ནུས་སོ། །གཡོ་ཞིང་དབང་དུ་མ་གྱུར་པའི་སེམས་མ་བསྲུངས་ན་སེམས་གཡོ་བའི་བསླབ་པ་ལ་བསྟན་པ་མི་རིགས་ པའི་ཕྱིར་རོ། །འདི་ལས་ཀྱང་སེམས་ཁོ་ན་བསྲུང་བར་བྱའོ་ཞེས། །གླང་ཆེན་མ་དུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་བར་མ་བྱས་པའོ། །མྱོས་པ་ནི་གླང་པོ་ཆེ་མཆོག་སྟེ། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་དུ་མནར་མེད་པ་ལ་སོགས་པ་གང་བྱེད་པའི་གནོད་པ་དེ་མི་ བྱེད་དོ། །རང་འདོད་པ་ལ་སྤྱོད་ཅིང་གནས་པའི་སེམས་ཉིད་ནི་གླང་པོ་ཆེ་མྱོས་པ་དང་འདྲ་བའང་ཡིན་ཏེ། དེ་བཞིན་གཤེགས་པའི་བཀའི་ལྕགས་ཀྱུས་ཇི་ཞིག་ལྟར་དབང་དུ་བྱེད་པའི་ཕྱིར་རོ། །དེ་དབང་དུ་བྱས་པའི་ཡོན་ཏན་ནི། བཏགས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་གལ་ཏེ་ཇི་ ཞིག་ལྟར་བཅིངས་པར་གྱུར་ནའོ། །དྲན་པར་ནི་འཆད་པར་འགྱུར་བའི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་ཐག་པ་དང་འདྲ་བ་སྟེ། འཆིང་བའི་ཐབས་ཡིན་པའི་ཕྱིར་རོ། །ཀུན་ནས་ནི་རྣམ་པ་ཐམས་ཅད་དུ་སྟེ། དམ་པ་མ་ཡིན་པའི་ཕྱོགས་ལ་འཇུག་པ་འགེགས་པའི་ཕྱིར་རོ། །དེའི་ཚེ་ འཇིགས་པ་མེད་འགྱུར་ཏེ་ནུབ་པར་འགྱུར་བའོ། །ཐམས་ཅད་ནི་མ་ལུས་པའོ། །དགེ་བ་ཐམས་ཅད་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་མཚན་ཉིད་དོ། །འོངས་པ་ནི་ཐོབ་པ་སྟེ། དཔེར་ན་ཆར་བབ་པ་ན་འབྲས་སཱ་ལུ་སྐྱེས་སོ་ཞེས་ཟེར་བ་ལྟ་བུའོ། །གཅན་གཟན་ ཁྲོ་བོ་དང་སྦྲུལ་ལ་སོགས་པ་ཉེ་བར་འཚེ་བར་བྱེད་པ་མང་པོ་ཡོད་པ་མ་ཡིན་ནམ། དེ་དག་ལས་སེམས་དབང་དུ་བྱས་པས་ཇི་ལྟར་འཇིགས་པ་འབྱུང་བར་མི་འགྱུར་ཞེ་ན། སྟག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཡང་འདི་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་འཕེན་པའི་དབང་གིས་འདི་དག་ཐམས་ཅད་མི་འདོད་པ་སྟེར་བར་བྱེད་པ་ཡིན་ནོ། །ལས་ཀྱང་སེམས་ཉིད་ཡིན་ཏེ། སེམས་པ་ལས་ཡིན་ཏེ་ཞེས་གསུངས་པའི་ཕྱིར་རོ། །ངག་དང་ལུས་ཀྱི་ལས་ཀྱང་སེམས་ཉིད་ཀྱིས་ཀུན་ནས་སློང་བར་བྱེད་ པ་ཡིན་པས་དེ་མེད་པར་དེ་དག་མི་འབྱུང་སྟེ་བསམས་པའི་ལས་ཞེས་བརྗོད་པའི་ཕྱིར་རོ། །དེ་བས་ན་འདི་དག་ཐམས་ཅད་ནི་ལས་ཀྱི་སྤྲུལ་པ་ཡིན་ལ། དེ་ཡང་སེམས་ལས་གཞན་ན་མེད་པའི་ཕྱིར་རོ། །དེ་ནི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་པ་དང་དེས་ བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་སྐྱེད་ལུས་དང་ངག་གི་ལས། །ཞེས་བསྟན་ཏོ། །གནོད་པ་བྱེད་པའི་སེམས་མེད་པ་ལ་ནི་སུ་ཡང་གནོད་པ་བྱེད་པར་མི་འགྱུར་ཏེ། གང་གི་ཕྱིར། འཇིག་རྟེན་ན་ནི་སྡིག་པའི་སེམས། །མེད་ལ་སྡང་དང་འཇིགས་པ་མེད། །གང་ གི་སེམས་ནི་དབང་བྱས་པ། །དེ་ཡི་བདེ་བ་ཉམས་པ་མེད། །དེའི་ཕྱིར་འདི་སྐད་དུ། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བ་ནི་བདེ་བ་འཐོབ། །ཅེས་གསུངས་སོ། །ཡང་དག་གསུངས་པ་ནི་བཅོམ་ལྡན་འདས་ཏེ། དངོས་པོའི་དེ་ཁོ་ན་ ཉིད་གསུངས་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །དེས་དེ་ཁོ་ན་ཉིད་འདི་བསྟན་པ་ནི་ཐམས་ཅད་སེམས་ལས་བྱུང་བ་ཡིན་ནོ་ཞེས་རབ་ཏུ་གསལ་བར་བྱས་པའོ། །དེ་བས་ན་ཐམས་ཅད་དུ་སེམས་ཉིད་གཙོ་བོ་ཡིན་ནོ། །དེ་ལྟར་དེ་དག་ནི་གཞན་མ་ཡིན་ནོ་ཞེས་རབ་ཏུ་ བསྒྲུབ་པའི་ཕྱིར་རོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམྱལ་བའི་སྲུང་མ་རྣམས་ཀྱིས་མདུང་དང་། རལ་གྲི་དང་། གཏུན་ཤིང་ལ་སོགས་པ་འམ། ལོ་མ་རལ་གྲི་ལྟ་བུའི་ནགས་བྱུང་བ་དག་སུ་ཡིས་བྱས་ཏེ་དེ་ལ་དབང་ཕྱུག་ལ་སོགས་པ་བྱེད་པ་པོ་འགའ་ ཡང་མེད་དེ། དེ་བྱེད་པ་པོ་གཞན་དུ་བཀག་པའི་ཕྱིར་དང་། འདིར་ཡང་འགེགས་པར་འགྱུར་བའི་ཕྱིར་རོ། །ལྕགས་བསྲེགས་པའི་རང་བཞིན་གྱི་ས་གཞི་སུ་ཡིས་བྱས། བུད་མེད་དེ་དག་གི་རྒྱུའི་ཚོགས་པ་གཞན་གྱི་བུད་མེད་ལ་སྤྱོད་པ་རྣམས་ཀྱིས་ཤལ་མ་ལིའི་ཤིང་གི་འོག་དང་སྟེང་ དུ་སྣང་བ་དང་། ཤལ་མ་ལི་གང་ཡིན་པ་དེ་ཡང་ག་ལས་སྐྱེས་ཏེ་དེའི་ཕྱིར་འདིར་སེམས་ལས་གཞན་པའི་རྒྱུ་ཡོད་པར་བརྟག་པར་མི་བྱའོ། །གང་། སེམས་ཅན་འཇིག་རྟེན་སྣོད་ཀྱི་འཇིག་རྟེན་དག །སྣ་ཚོགས་སེམས་ཉིད་ཀྱིས་ནི་སྤྲོས་པ་སྟེ། །འགྲོ་བ་མ་ལུས་ལས་ལས་ སྐྱེས་པར་བསྟན། །སེམས་ལས་མ་གཏོགས་ལས་ནི་ཡོད་པ་མིན། །ཞེས་གསུངས་པའོ། །དེ་བས་ན་འདིར་སེམས་ཉིད་རྒྱུ་ཡིན་ཏེ། གཞན་མེད་དོ་ཞེས་དེའི་ཕྱིར། སྡིག་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པའི་ལས་ཉེ་བར་འདུས་བྱས་པའི་སེམས་ཉིད་དེ་དག་ གི་རྒྱུ་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་ཉིད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་འཇིག་རྟེན་གསུམ་ན་སྡིག་པའི་སེམས་ལས་གཞན་འཇིགས་པའི་རྒྱུ་འགའ་ཡང་མེད་དོ། །དེའི་ཕྱིར་སེམས་ཁོ་ན་དབང་དུ་བྱའོ། །གང་ འཕགས་པ་དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་གསུངས་སོ། །གཞན་ཡང་། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་སེམས་ནི་མི་མཐོང་ངོ་། །དགེ་ བའམ་ཡང་ན་མི་དགེ་བའི། །ལས་ནི་སེམས་ཀྱིས་སོགས་པའོ། །སེམས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རླབས་དང་འདྲ་བར་གཡོ། །སེམས་ནི་ནགས་ཀྱི་མེ་བཞིན་སྲེག །སེམས་ནི་ཆུ་ཆེན་བཞིན་དུ་བསྐྱེད། །ཅེས་སོ། །དེས་དེ་ལྟར་ཉེ་བར་བརྟགས་པས་ ན་སེམས་ལ་དྲན་པ་ཉེ་བར་གཞག་ནས་གནས་ཏེ། སེམས་ཀྱི་དབང་དུ་མི་འགྲོའོ། །འོན་ཀྱང་སེམས་དེའི་དབང་དུ་སེམས་ཉིད་འགྲོ་བར་འགྱུར་ཏེ། དེའི་དབང་དུ་སེམས་གྱུར་པ་ན་ཆོས་ཐམས་ཅད་དབང་དུ་གྱུར་པ་ཡིན་ནོ། །དེ་ལྟར་ཡིན་ན་ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ སོགས་པ་ལས་སེམས་གཙོ་བོ་ཡིན། དེ་ནི་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་སེལ་བར་བྱེད་པའི་མཚན་ཉིད་ཡིན་ནོ་ཞེ་ན། གལ་ཏེ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུལ་པོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་བདེ་བའི་ལོངས་སྤྱོད་ཀྱིས་བཀྲེན་ཞིང་སེམས་བཀྲེན་ པའམ་ཡོ་བྱད་མེད་པ་སྟེ། གལ་ཏེ་དེ་དང་འགྲོ་བ་བྲལ་བར་བྱས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཡིན་ནོ་ཞེས་བརྗོད་ན། དེའི་ཚེ་སྔོན་སྐྱོབ་པ་སྟེ་སྔོན་མངོན་པར་རྫོགས་པར་སངས་རྒྱས་པའི་བཅོམ་ལྡན་འདས་རྣམས་ཀྱི་དེ་ཇི་ལྟར་ཏེ། ཇི་ལྟར་ཡང་རིགས་པར་མི་འགྱུར་རོ། །ཅིའི་ ཕྱིར་ཞེ་ན། ད་དུང་འགྲོ་བཀྲེན་ཡོད་ན་སྟེ། ད་དུང་ཡང་ཇི་སྲིད་དུ་འགྲོ་བའི་དབུལ་པོ་ཉེ་བར་ཞི་བ་མེད་དོ། །གལ་ཏེ་དེ་ལྟར་མི་འདོད་ན་འོ་ན་དེ་ཇི་ལྟར་འགྱུར་ཞེ་ན། བདོག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདོག་པ་ཐམས་ཅད་ནི་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དེ་སྦྱིན་པ་དང་། སྦྱིན་ པའི་འབྲས་བུ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་བ་གོམས་པའི་རབ་ཀྱི་མཐར་ཕྱིན་པའི་ཕྱིར། གང་གི་ཚེ་ཆགས་པ་མེད་པས་སེར་སྣའི་དྲི་མ་དང་བྲལ་བའི་སེམས་སྐྱེ་བ་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཞེས་བརྗོད་དོ། །དེ་བས་ན་སེམས་ཉིད་ལས་གཞན་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤིན་ཏུ་སེམས་ཉིད་ཡིན་ནོ་ཞེས་བྱ་བ་དེའི་ཕྱིར། ཉ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲོག་གཅོད་པ་ལ་སོགས་པ་ཁ་ན་མ་ཐོ་བ་ཐམས་ཅད་སྤོང་བའི་སེམས་ཉིད་ནི་ཚུལ་ཁྲིམས་ ཡིན་ཏེ། དེའི་རྟེན་དུ་གྱུར་པ་ཕ་རོལ་གྱི་ཡུལ་བཟློག་པའི་རང་བཞིན་ནི་མ་ཡིན་ནོ། །གལ་ཏེ་གསད་པ་ལ་སོགས་པའི་ཡུལ་གྱི་དངོས་པོ་མེད་པས་དེ་གསོད་པ་ལ་སོགས་པ་མེད་པའི་ཕྱིར་ཚུལ་ཁྲིམས་སུ་འགྱུར་རོ་ཞེ་ན། དེའི་ཚེ་ཉ་ལ་སོགས་པ་དང་། གཞན་གྱི་བདོག་པ་དང་། བུད་མེད་ དང་ཆང་ལ་སོགས་པ་དེ་དག་གང་ཞིག་ཏུ་དེ་དག་མི་མཐོང་བར་འགྱུར་བར་བསྐྲད་པར་བྱ། གཞན་དུ་ན་དེ་དག་གསད་པ་ལ་སོགས་པ་ལ་འཇུག་པར་བྱེད་པ་ན་ཚུལ་ཁྲིམས་སུ་མི་འགྱུར་རོ། །དེ་ལྟར་མ་ཡིན་པ་དེའི་ཕྱིར་དེ་དག་ཡོད་པ་རྣམས་ལ་ཡང་སྤོང་བའི་སེམས་ནི་ཐོབ་པ་སྟེ། སེམས་ ལྡོག་པར་ཡིད་ལ་བྱེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འདོད་དེ་དེའི་རང་བཞིན་རིགས་པ་རྣམས་འདོད་དོ། །དེ་བས་ན་དེ་ཡང་སེམས་ཉིད་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ལས་ཐ་དད་པ་མ་ཡིན་ནོ་ཞེས། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ གནོད་པ་བྱེད་པ་ལ་སོགས་པ་ཡོད་ནའང་སེམས་འཁྲུགས་པ་མེད་པ་ཉིད་ནི་བཟོད་པ་ཡིན་ནོ། །གཞན་དུ་ན་གལ་ཏེ་དགྲ་ཐམས་ཅད་ལོག་པར་ལྟུང་བར་བྱེད་པས་དགྲ་ཚར་ཕྱིན་པར་བྱས་པར་གྱུར་པ་ནི་གང་གིས་ཀྱང་དགྲ་མེད་པས་ཉེ་བར་ཞི་བ་དང་། དགྲ་ལ་ཡང་གནོད་པ་བྱེད་པ་མེད་པར་འགྱུར་ བས་བཟོད་པ་ནི་བཟོད་པ་ཡིན་ན་དེའི་ཚེ་དེ་དག་ནི་བསྒྲུབ་པར་མི་ནུས་ཏེ། དགྲ་བོ་རྣམས་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་མཐའ་ཡས་པ་ཉིད་ཡིན་ཏེ། དེ་དག་གསད་པར་མི་ནུས་སོ། །དེ་ལྟ་བས་ན་ཁྲོ་བ་ལ་སོགས་པ་ལས་སེམས་ལོག་པ་ཉིད་དེ་དག་ཐབས་ཀྱིས་བསད་པ་དང་འདྲ་ བ་ཡིན་ཏེ། དེས་གནོད་པ་བྱས་པར་མི་བརྩི་བའི་ཕྱིར་དང་། ཚེ་རབས་གཞན་ལ་དགྲ་བོ་མི་འབྱུང་བའི་ཕྱིར་དེ་དག་བསད་པ་དང་འདྲ་བ་ཡིན་ན། །མི་ནུས་པ་འདི་ལ་ཡང་ཐབས་ཀྱིས་འཇུག་པ་ན་དཔེ་ཉེ་བར་བསྟན་པས་ནུས་པ་ཉིད་དུ། ས་སྟེངས་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། ཚེར་མ་ལ་སོགས་པའི་གནོད་པ་བསྲུང་བའི་དོན་དུ་ས་སྟེངས་གཡོགས་པར་ནི་རིགས་ན་དེ་ནི་མི་ནུས་ཏེ། དེ་སྙེད་ཀྱི་ཀོ་བ་མེད་པའི་ཕྱིར་དང་། ཡོད་དུ་ཟིན་ཀྱང་གཡོགས་པར་བྱེད་མི་ནུས་པའི་ཕྱིར་རོ། །ཡང་ཐབས་ཀྱིས་ནུས་པ་ནི། ལྷམ་མཐིལ་ཙམ་གྱི་གོ་བས་ནི་ས་སྟེངས་ཐམས་ ཅད་གཡོགས་པ་དང་འདྲ་བར་འགྱུར་རོ། །དཔེ་བསྟན་ནས་དོན་རྣལ་མ་ལ་སྦྱར་བ། དེ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་ནི་ས་སྟེངས་ཀོ་བས་གཡོགས་པ་ལྟ་བུར་རོ། །དགྲ་ལ་སོགས་པའི་དངོས་པོ་བདག་གིས་ཕྱིར་བཟློག་པར་མི་ལང་གི་གནོད་པ་བྱེད་པའི་བྱ་ བ་ལས་རང་གི་སེམས་ཀྱི་ནུས་པ་ཉིད་ཕྱིར་བཟློག་པ་སྟེ། གཞན་བཟློག་པ་ལ་དོན་མེད་པའི་ཕྱིར་དང་། རང་གི་སེམས་བཟློག་པ་ཁོ་ནས་དེ་འགྲུབ་པའི་ཕྱིར་རོ། །དེ་བས་ན་དེ་ནི་སེམས་ཉིད་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགེ་བའི་ལས་ལ་སྤྲོ་བའི་རང་བཞིན་ཡང་ སེམས་ཉིད་ཡིན་པར་ཤིན་ཏུ་གསལ་བས། སེམས་གསལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བའི་ཕྱོགས་ལ་ལུས་དང་ངག་དང་བཅས་ཀྱང་སེམས་ཀྱི་འཇུག་པ་ཞེན་པས་བསམ་གཏན་ལ་སོགས་པ་ཡུལ་ལ་གསལ་བར་རབ་ཏུ་འཇུག་པ་སེམས་གཅིག་པུ་ཞིག་ན་ཡང་ འབྲས་བུ་ཚངས་པ་ལ་སོགས་པ་འབྱུང་བ་ཇི་ལྟ་བ་དེ་ལྟར་འབྲས་བུ་མི་སྐྱེ་སྟེ། དེ་ལྟ་བས་ན་དེ་ཡང་སེམས་ཉིད་ཡིན་ནོ། །བསམ་གཏན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཡིན་ཏེ། སེམས་ལས་གཞན་དུ་སྨྲ་བར་མི་ནུས་པས། བཟླས་བརྗོད་ཅེས་བྱ་བ་ལ་སོགས་པ་གསུངས་ ཏེ། གསང་སྔགས་ལ་སོགས་པ་ཟློས་པའི་མཚན་ཉིད་དག་གིས་བྱེད་པ་ནི་བཟླས་བརྗོད་དོ། །དཀའ་ཐུབ་ནི་ལུས་ཀྱིས་ཏེ་དབང་པོ་འདུལ་བའི་མཚན་ཉིད་དོ། །དེ་རྣམས་ཞེས་བྱ་བ་ནི་དུས་རིང་པོར་གོམས་པར་བྱས་པ་རྣམས་ཀྱང་ངོ་། །གཞན་དུ་ན་ནི་སེམས་ཆགས་པས་སམ། གཉིད་ཀྱིས་ བཅོམ་པའི་སེམས་ཀྱིས་ཏེ། བསམ་གཏན་ལ་གསལ་བ་མེད་པས་ཞེས་བྱ་བའི་དོན་ཏོ། །དོན་མེད་པ་ནི་འབྲས་བུ་མེད་པ་ཉིད་དོ། །འབྲས་བུ་ཤིན་ཏུ་ཉུང་བའི་ཕྱིར་རམ། འདོད་པའི་དོན་ལ་མཁོ་བ་མེད་པའི་ཕྱིར་རོ། །དཔེར་ན་བུའི་བྱ་བ་མི་བྱེད་པའི་ཕྱིར། བུ་ཡང་བུ་མིན་པ་དང་ འདྲ་བ་ཡིན་པ་ལྟ་བུའོ། །ཐམས་ཅད་མཁྱེན་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟ་བས་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་སེམས་ཉིད་ཡིན་ནོ། །ཤེས་རབ་ནི་རྩོད་པ་མེད་པར་སེམས་ཉིད་ཡིན་པས། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། འགྲོ་བ་ལྔའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྤངས་པའི་ཕྱིར་དེ་སྤོང་བར་བྱེད་པ་དང་། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱ་བར་འདོད་ཀྱང་སེམས་ཅན་དེ་དག་འཁོར་བར་འབྲས་བུ་མེད་ཅིང་དོན་མེད་པ་གྱི་ན་ཉིད་དུ་ནམ་མཁའ་ལ་མེ་ཏོག་ཀ་ཤི་བཞིན་དུ་འཁྱམ་མོ། ། དེ་ཉིད་ཀྱིས་མེ་ལྔ་བསྟན་པ་དང་སྐྲ་བསལ་བ་ལ་སོགས་པའི་བརྟུལ་ཞུགས་འབད་པར་བྱས་པ་གང་དུ་ཡང་འབྲེལ་པ་མེད་པར་བརྗོད་པ་ཡིན་ནོ། །སུ་ཞིག་དེ་ལྟར་འཁྱམ་ཞེ་ན། གང་གིས་ཏེ་འཁོར་བའི་འཇིགས་པས་བྲེད་པས་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་ཆོས་ཀྱི་བདོག་པ་ཀུན་ཏེ་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་གཏེར་དུ་གྱུར་པའོ། །སེམས་ཅན་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར་གསང་བ་སྟེ། གང་གིས་མ་བསྒོམས་པ་ནི་དེ་ཁོ་ན་ཉིད་ཀྱི་སེམས་ཀྱིས་ཡང་ནས་ཡང་དུ་བརྟན་པར་མ་བྱས་པའོ། །དེ་བས་ན་འདི་ནི་ ཤིན་ཏུ་ཡང་སེམས་ཉིད་ཡིན་ནོ། །ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་བསྔགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ། སེམས་ཅན་ཐམས་ཅད་སྨིན་པར་བྱ་བ་དང་། གདུལ་བ་ནི་རང་གི་སེམས་ལ་བརྟེན་ཏོ། །དེ་བཞིན་དུ་ སྦྱར་རོ། །རིགས་ཀྱི་བུ་དེ་ལ་བདག་འདི་སྙམ་དུ་སེམས་ཏེ། དགེ་བའི་རྩ་བ་རྣམས་ཀྱིས་རང་གི་སེམས་ཉིད་ཉེ་བར་བརྟེན་པར་བྱའོ། །ཆོས་ཀྱི་སྤྲིན་རྣམས་ཀྱིས་རང་གི་སེམས་ཡོངས་སུ་བརླན་པར་བྱའོ། །སྒྲིབ་པར་འགྱུར་བའི་ཆོས་ཅན་རྣམས་ལས་རང་གི་སེམས་ཡོངས་སུ་ སྦྱང་བར་བྱའོ། །བརྩོན་འགྲུས་ཀྱིས་རང་གི་སེམས་ཉིད་བརྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཐམས་ཅད་དུ་སེམས་ཀྱི་རང་བཞིན་ཡིན་པར་བསྟན་ནས་མཇུག་བསྡུ་བ་དེ་ལྟ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པས་བསླབ་པ་ལ་ བསྲུང་བ་ལ་འབད་པ་དང་ལྡན་པར་ཡིད་ལ་བྱའོ། །འཆད་པར་འགྱུར་བའི་ཚུལ་གྱིས་དྲན་པས་ཤིན་ཏུ་བརྟན་པ་དང་། ཤེས་བཞིན་གྱིས་ཤིན་ཏུ་བསྲུང་བས་བདག་གིས་རང་གི་སེམས་རྩེ་གཅིག་པའི་ཡིད་དུ་བྱ་སྟེ། འདི་ཉིད་ཀྱི་ནང་དུ་ཐམས་ཅད་འདུས་པའི་ཕྱིར་རོ། །དེ་བས་ན་སེམས་བསྲུང་བ་ ཉིད་བརྟུལ་ཞུགས་གཙོ་བོ་ཡིན་ཏེ། དེ་བོར་ནས་བརྟུལ་ཞུགས་མང་པོ་གཞན་གྱིས་ཀྱང་བདག་ལ་ཅི་ཞིག་དགོས་ཏེ། ཕན་པ་ཅུང་ཟད་ཀྱང་མེད་དེ། དེ་དང་བྲལ་ན་དེ་ལ་འབྲས་བུ་མེད་པའི་ཕྱིར་རོ། །རེ་ཞིག་བྱང་ཆུབ་སེམས་དཔའི་བསླབ་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་སེམས་ཡོངས་སུ་ སྦྱང་བར་བྱའོ། །དེ་ནི་སེམས་ཅན་གྱི་དོན་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །དེ་ནི་འདི་ལྟར་ཆོས་ཡང་དག་པར་སྡུད་པ་ལས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པའི་བློ་གྲོས་ཀྱིས་གསོལ་བ། ཆོས་ཆོས་ཞེས་བགྱི་བའི་ཆོས་གང་ལགས་པ་དེ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། ཆོས་རང་གི་སེམས་ལ་རག་ལས་པ་ནི་མ་གཏོགས་པས་དེ་ལྟ་བས་ན་དེ་དག་གིས་རང་གི་སེམས་ཤིན་ཏུ་གཟུང་བ་དང་། ལེགས་པར་མགུ་བ་དང་། ཤིན་ཏུ་མཐར་གཏུགས་པ་དང་ཤིན་ཏུ་དུལ་བ་དང་ཤིན་ཏུ་མཉམ་པར་བརྩམས་པ་དང་། ཤིན་ཏུ་ཚར་གཅོད་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་གང་ན་མཆིས་པ་དེ་ནི་ཡོན་ཏན་དང་ཉེས་པ་རྣམས་མཆིས་ཀྱི། སེམས་མ་མཆིས་པ་ལ་ནི་ཡོན་ཏན་དང་ཉེས་པ་རྣམས་མ་མཆིས་སྙམ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཉིས་པ་རྣམས་ལས་སེམས་བཟློག་ནས་ཡོན་ཏན་རྣམས་ལ་འཇུག་སྟེ། དེ་ལྟ་བས་ན་ ཆོས་ནི་སེམས་ལ་རག་ལས། བྱང་ཆུབ་ནི་ཆོས་ལ་རག་ལས་ཞེས་བགྱིའོ་ཞེས་སོ། །དེ་ལྟར་ཐམས་ཅད་དུ་སེམས་ལ་རག་ལས་པ་ཉེས་པར་བྱས་ནས་སེམས་བརྟན་པར་བྱ་བའི་དཔེ་བརྗོད་པ། མ་གྲངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བོ་མཉམ་པར་མ་བཞག་པའི་ཁྲོད་ན་ ཡང་ཉེ་བར་གནོད་པའི་འཇིགས་པས་དེར་བརྟད་པའི་ཡིད་ཀྱིས་བག་ཡོད་པ་འགའ་ཞིག་ཇི་ལྟར་སྲུང་བ་རྨའི་བག་བྱེད་པ་བཞིན་དུ་དེ་བཞིན་ཏེ་དེ་ལྟར་བསླབ་པ་བསྲུང་བར་འདོད་པས་དོན་མེད་པར་བྱིས་པའི་སྐྱེ་བོའི་ནང་ན་གནས་པ་ན་བརྩོན་པས་སེམས་ཀྱི་རྨ་དུས་ཐམས་ཅད་དུ་བསྲུང་ངོ་། ། གྲགས་པ་ཇི་བཞིན་དུ་འདིར་དཔེར་བརྗོད་པ་ཡིན་ཏེ། ཡང་ཅུང་ཟད་དུ་ཡང་འདྲ་བ་མེད་པར་གསུངས་པ། རྨའི་ཞེས་བྱ་བ་ལ་སོགས་པས་ཏེ། རྨ་ཡིས་བྱས་པའི་སྡུག་བསྔལ་ཅུང་ཟད་ཙམ་ནི་སྡུག་བསྔལ་ཆུང་ངུའོ། །དེ་ཡིས་སྐྲག་པའང་རྨའི་བག་བྱེད་ནའང་སྟེ། གུས་པས་ནི་ལྷུར་བླང་བ་ནས་སོ། །བསྡུས་འཇོམས་ནི་སེམས་ཅན་དམྱལ་བར་ལྷུང་བའི་སྡུག་བསྔལ་ལོ། །སྟོང་ཕྲག་དུ་མར་མྱོང་བར་འགྱུར་བའི་རིས་འཇོམས་པ་ཐམས་ཅད་དུ་ཁྱབ་པའི་བསྣུན་པའི་སྐྲག་པ་ཡིས། སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་སྟེ་བསྲུང་བར་བྱའོ་ཞེས་སྐབས་ཀྱིས་ འབྲེལ་ཏོ། །ཡང་ན་བདག་གིས་ཅིས་ཏེ་བསྲུང་བར་མི་བྱ་ཞེས་སྒྱུར་ཏེ་སྦྱར་བར་བྱའོ། །ཡང་ན་བྱང་ཆུབ་ཏུ་སེམས་བསྐྱེད་པས་དེ་ལྟར་ཡིད་ཀྱིས་བསམ་པར་བྱའོ་ཞེས་དྲངས་ལ། དེའི་ཚེ་བསྲུང་བར་བྱའོ་ཞེས་གདོན་ཅིང་སྦྱར་བར་བྱའོ། །དེ་ལྟར་གྱུར་པ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། ཡོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཁང་བཟངས་ཀྱི་སྟེང་ན་བུད་མེད་ཀྱི་འགྲོ་བའི་ཁྲོད་ན་ཡིད་ལ་བྱེད་པ་འདི་ལྟ་བུས་གནས་པ་ན་འདོད་པ་རྣམས་ལས་ཤིན་ཏུ་བཟློག་པར་མི་ནུས་པ་འདི་ཡིན་པ་དེའི་ཕྱིར། སྡོམ་བརྩོན་བརྟེན་པ་ཞེས་བྱ་བ་གསུངས་པ་ཡིན་ཏེ། ཡིད་ ལ་བྱེད་པ་འདི་ལ་ངེས་པར་སེམས་པའོ། །ཉམས་མི་འགྱུར་ཏེ། བསླབ་པ་བསྲུང་བའི་ཡིད་ལ་བྱེད་པ་འཁྲུལ་པར་མི་འགྱུར་བའོ། །ཡང་དེ་ལྟར་བྱ་བར་འོས་པ་ཡིན་ནོ་ཞེས་དོན་འདི་ལ་མངོན་པར་ཞེན་པ་བརྟན་པར་བྱ་བ་བསྟན་པ། བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་གོས་དང་། བསོད་སྙོམས་ལ་སོགས་པ་རྙེད་པ་ཉམས་བླ་ཞིང་ནི་བརླག་ཀྱང་བླའིའོ། །བདག་གི་འདོད་པ་ནི་ཇི་ལྟར་འདོད་པའོ། །བཀུར་སྟི་ནི་གུས་པས་སྟན་གདིང་བ་དང་། ཞབས་ལ་ཕྱག་འཚལ་བ་ལ་སོགས་པའི་མཆོད་པའོ། །ལུས་དང་འཚོ་བ་སྟེ་དེ་དག་ཐམས་ཅད་ ཉམས་པ་བླ་ཞིང་གཞན་ཡང་སྟེ། བདེ་བ་དང་། ཡིད་བདེ་བའི་རྒྱུ་མཚན་གང་ཅི་ཡང་རུང་བ་དེ་དག་ཉམས་སུ་ཆུག་གི། བདག་གི་སེམས་དགེ་བ་ནི་དུས་ནམ་དུ་ཡང་ཉམས་པར་མི་བྱ་བའོ། །ཡང་འདིར་གུས་པ་བསྐྱེད་པར་བྱ་བའི་ཕྱིར་བསྟན་བཅོས་མཛད་པས་སེམས་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། ཐལ་མོ་སྦྱར་ཏེ་གསོལ་བ་འདེབས། ཅིའི་དོན་དུ་ཞེ་ན། དྲན་པ་དང་ནི་ཤེས་བཞིན་དག་སྟེ། དྲན་པ་འབའ་ཞིག་ཀྱང་མ་ཡིན་ལ། ཤེས་བཞིན་འབའ་ཞིག་ཀྱང་མ་ཡིན་ནོ་ཞེས་པ་སྟེ། རང་གི་དོན་ནི་ཕན་ཚུན་དུ་ལྟོས་པས་སོ། །དེ་ལ་དྲན་པ་ནི་འཕགས་པ་ གཙུག་ན་རིན་པོ་ཆེའི་མདོ་ལས་བཤད་དེ། དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དང་། དྲན་པ་གང་གིས་བདུད་ཀྱི་ལས་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་དང་། དྲན་པ་གང་གིས་ལམ་གོལ་བའམ་ངན་པར་མི་འགྲོ་བ་དང་། དྲན་པ་སྒོ་བ་ལྟ་བུར་གྱུར་པ་གང་ གིས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ་ཞེས་སོ། །མདོར་ན་དྲན་པ་ནི་འདི་ཡིན་ཏེ། གནང་བ་དང་བཀག་པ་གཉིས་ཅི་རིགས་པར་དྲན་པ་ནི་དྲན་པ་ཞེས་བྱ་སྟེ། གང་གི་ཕྱིར་དྲན་པ་དམིགས་པ་མ་བརྗེད་ པའོ་ཞེས་བསྟན་པ་ཡིན་ནོ། །ཤེས་བཞིན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཏེ། སྤྱོད་ན་ཡང་བདག་སྤྱོད་དོ་ཞེས་རབ་ཏུ་ཤེས་སོ། །འགྲེང་ན་བདག་འགྲེང་ངོ་སྙམ་དུ་རབ་ཏུ་ཤེས་སོ། །འདུག་ན་བདག་འདུག་གོ་སྙམ་དུ་རབ་ཏུ་ཤེས་སོ། །ཉལ་ན་བདག་ཉལ་ལོ་ སྙམ་དུ་རབ་ཏུ་ཤེས་སོ། །དེའི་ལུས་ཇི་ལྟ་ཇི་ལྟར་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་རབ་ཏུ་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། དེ་འགྲོ་བ་དང་འོང་བ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །ལྟ་བ་དང་རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། ཆོས་གོས་སྣམ་སྦྱར་དང་། ཐང་བ་ དང་། ལྷུང་བཟེད་དང་། ཆོས་གོས་འཆང་བ་དང་། ཟ་བ་དང་། འཐུང་བ་དང་། འཆའ་བ་དང་། གཉིད་དང་། སྙོམ་པ་བསལ་བ་དང་། འོང་བ་དང་། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། གཉིད་ཀྱིས་ལོག་པ་དང་། གཉིད་ཀྱིས་མ་ལོག་པ་དང་། སྨྲ་བ་དང་། མི་སྨྲ་བ་དང་། ནང་དུ་ཡང་དག་པར་འཇོག་པ་ན་ ཤེས་བཞིན་དུ་སྤྱོད་པ་ཡིན་ནོ། །འདི་ཉིད་ནས་ཀྱང་། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་ནས་ཡང་དུ་ལྟ་བ་གང་། །འདི་ཉིད་ཁོ་ན་མདོར་བསྡུས་ན། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་འཆད་པར་འགྱུར་རོ། །གང་གིས་འདི་དག་བསྲུང་བར་བྱ་བར་ བསྟན་པ་འདི་དག་མེད་ན་ཉེས་པ་ཅི་ཞིག་ཡོད་ཅེ་ན། ནད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནད་ཀྱིས་ནུས་པ་ཉམས་པའི་སྐྱེས་བུ་ཇི་ལྟ་བར་ལས་རྣམས་ཀུན་ལ་སྟེ། འགྲོ་བ་དང་སྟོན་མོ་ལ་སོགས་པའི་ལས་རྣམས་ཀུན་ལ་ལས་སུ་རུང་བར་མི་འགྱུར་བ་དེ་ བཞིན་དུ་དྲན་པ་དང་ཤེས་བཞིན་མེད་པའི་སེམས་ཀྱིས་བསམ་གཏན་དང་ཁ་ཏོན་ལ་སོགས་པའི་མཚན་ཉིད་དེ་ལས་རྣམས་ཀུན་ལའོ། །འདི་དག་བསྡོམས་ནས་མེད་པའི་ཉེས་པ་བསྟན་ནས། རེ་རེ་མེད་པར་བརྗོད་པའི་ཕྱིར། ཤེས་བཞིན་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ ཤེས་བཞིན་ཡོད་པ་མ་ཡིན་པ་དེ་ནི་ཤེས་བཞིན་མེད་པ་སྟེ། སེམས་ཅན་དེ་གང་ལ་ཡོད་པ་དེ་ལ་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དངོས་པོ་ཡོངས་སུ་ཤེས་ཀྱང་དྲན་པ་ལ་མི་གནས་སོ། །དེ་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །ཅི་དང་འདྲ་བ་ ཞིག་ཅེ་ན། ཇི་ལྟར་བུམ་པ་གློ་རྡོལ་དུ་ཁ་ནས་ཆུ་བླུགས་པ་འོག་ཏུ་འགྲོ་ཞིང་མི་གནས་པ་བཞིན་ནོ། །གཞན་ཡང་འདི་མེད་པ་ཡི་སྐྱོན། །ཐོས་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མང་བ་ནི་མང་དུ་ཐོས་པའོ། །དེ་བཞིན་དུ་དད་པ་དང་ལྡན་པ་བརྩོན་པ་ལྷུར་ལེན་པ་སྟེ། བསླབ་པ་ ལ་གུས་པར་བྱེད་པ་རྣམས་ཀྱང་། ཤེས་བཞིན་མེད་པའི་སྐྱོན་ཆགས་པས་ལྟུང་བའི་རྙོག་པ་དང་བཅས་པར་འགྱུར་ཏེ། ལུས་དང་སེམས་ཀྱི་སྤྱོད་པ་སོ་སོར་མི་རྟོག་པའི་ཕྱིར་རོ། །དེ་མེད་པའི་སྐྱོན་གཞན་ཡང་། ཤེས་བཞིན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་བཞིན་མེད་ པ་ནི་ཤེས་བཞིན་དང་བྲལ་བའོ། །ཉོན་མོངས་པའི་དངོས་པོའི་ངོ་བོ་ནི་ཆོམ་རྐུན་ཏེ། དགེ་བའི་ནོར་འཕྲོག་པར་བྱེད་པའི་ཕྱིར་རོ། །དེས་དྲན་པ་ཉམས་པའི་རྗེས་སུ་འབྲང་བས་བསྲུང་ཞིང་སྐྱོང་བར་འགྱུར་བའི་དྲན་པ་བརྗེད་པའི་དངོས་པོའི་རྗེས་སུ་འབྲངས་ནས། ཕྲོགས་པ་ནི་དགེ་ བའི་ནོར་ཡོད་པ་དང་བྲལ་བའོ། །བསོད་ནམས་དག་ནི་ཉེ་བར་བསགས་ཀྱང་སྟེ། དགེ་བའི་ནོར་རྣམས་བསགས་པར་བྱས་ནས་ཀྱང་ངན་འགྲོར་གཞོལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ན་བསྟན་པའི་དོན་ཉིད་གསལ་བར་བྱེད་པ་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། ཆོམ་པོ་དང་རྐུན་པོ་དེ་དག་གི་ཚོགས་གླགས་སྐབས་ཚོལ་བར་བྱེད་པ་སྟེ། ཤ་ཟ་བཞིན་དུ་གླགས་སྐབས་ཀྱི་ལམ་ལྟ་ཞིང་སྐྱོན་ཚོལ་བ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །གླགས་རྙེད་གྱུར་ནས་དེ་འཇུག་པའི་ལས་དང་ཕྲད་ནས་དགེ་བ་འཕྲོག་ཅིང་། དེའི་ཕྱིར་འགྲོ་བ་བཟང་པོའི་སྲོག་ ཐོབ་པ་འཇོམས་པར་བྱེད་དེ། དགེ་བའི་བརྒྱགས་མེད་པའི་ཕྱིར་རོ། །ད་ནི་དྲན་པའི་དབང་དུ་བྱས་ཏེ་གསུངས་པ། དེ་བས་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་དྲན་པ་མེད་པའི་ཉེས་པ་དེ་ལྟར་འགྱུར་བ་དེའི་ཕྱིར་ཏེ། འདིར་ཉེས་པ་འདི་མཐོང་ནས་དྲན་པ་དམིགས་པ་མ་བརྗེད་པའི་ མཚན་ཉིད་དོ། །ཡིད་སྒོ་ནས་ཡིད་ཀྱི་ཁྱིམ་གྱི་འཇུག་པའི་སྒོ་ནས་གུད་དུ་མི་གཏང་ཞིང་མ་སྤང་བར་རྟག་ཏུ་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྟེ་བརྒྱ་ཞིག་ལ་བག་མེད་པས་དེ་དེ་ནས་སོང་ནས་དེའི་ཚེ་སོང་ནའང་སླར་བཟློག་ནས་དེ་ཉེ་བར་གཞག་སྟེ། དེ་ཉིད་དུ་གཏད་དེ་གཞག་པར་ བྱའོ། །ཇི་ལྟར་ཞེ་ན། ངན་སོང་སྟེ་སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོའི་གནོད་པ་དྲན་པར་བྱས་ཤིང་ཡིད་ལ་གཞག་ལའོ། །དེ་ལ་དྲན་པ་བཅུ་གཉིས་པོ་འདི་དག་གི་འབྲས་བུ་མེད་པའི་སྤྱོད་པ་སྤང་བའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་བཀའ་ལས་མི་འདའ་བར་སྲུང་ཞིང་རྣམ་ པར་སྨིན་པ་ལ་གུས་པར་བྱ་བའི་དྲན་པ་དང་ཞེས་བྱ་བ་ལ་སོགས་པ་བསླབ་པ་ཀུན་ལས་བཏུས་པ་ལས་རབ་ཏུ་བསྟན་ནས་ཏེ། དེ་ཉིད་ནས་རྣམ་པར་ཕྱེ་སྟེ་གཟུང་བར་བྱའོ། །དྲན་པ་དེ་ཡང་གུས་པ་དྲག་པོས་སྐྱེའོ། །གུས་པ་ཡང་ཞི་གནས་ཀྱི་བདག་ཉིད་ཆེན་པོ་ཁོང་དུ་ཆུད་ནས་ལྷུར་ བླངས་པ་ལས་སྐྱེ་སྟེ། དེ་དག་ཀྱང་སྐབས་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ། །ཁ་ཅིག་ལ་རྣམ་པ་གཞན་དུ་ཡང་དྲན་པ་སྐྱེ་བར་འགྱུར་ཏེ། དེ་བསྟན་པ་ནི་བླ་མ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་དང་མཁན་པོ་དང་ཉེ་བའམ། དེ་ལས་གཞན་ཡང་རུང་སྟེ་མགུ་བར་བྱ་བ་ ཚངས་པ་མཚུངས་པར་སྤྱོད་པ་དང་ཉེ་བར་སྟེ་འགྲོགས་པའོ། །དེའི་རྗེས་སུ་བསྟན་པ་འཇིགས་པ་ནི་དེས་འཇིགས་པ་ལའང་ངོ་། །གུས་པས་ནི་བྱ་བ་རྣམས་ལ་དངོས་པོ་ཀུན་གྱིས་ཕྱོགས་པ་ཉིད་དེ་བརྙས་པའི་གཉེན་པོའི་ཆོས་ཡིན་ནོ། །དེ་བྱེད་པ་ནི་མཁས་པ་འབད་པ་དང་ལྡན་པའོ། ། དེའི་རྗེས་སུ་བསྟན་པ་ནི་ཕན་པ་དང་མི་ཕན་པ་སྒྲུབ་པ་དང་དགག་པ་ངེས་པ་རྗེས་སུ་འཛིན་པ་ཚེགས་ཆུང་ངུས་དྲན་པ་སྐྱེ་བར་འགྱུར་རོ། །འདི་ལྟར་ཡང་གནས་ན་དྲན་པ་ཡིད་ལ་བྱེད་པ་མང་དུ་གནས་པར་འགྱུར་རོ་ཞེས་ཚིག་ལེའུར་བྱས་པ་གཉིས་ཀྱིས་བསྟན་པ། སངས་ རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་ཀུན་ཏུ་དངོས་པོའི་ཡུལ་མཐའ་དག་ཐོགས་པ་མེད་པའི་སྤྱན་མངའ་བ་རྣམས་ཀྱི་སྤྱན་སྔ་ན་དངོས་པོའི་རྣམ་པ་ཐམས་ཅད་དུས་ཀུན་ཏུ་གནས་པ་ཡིན་ཏེ། དངོས་པོ་ཐམས་ཅད་ལྟར་བདག་ཀྱང་ དེ་རྣམས་ཀྱི་སྤྱན་སྔ་ན་འདུག་པ་ཉིད་ཡིན་ནོ་ཞེས་ཡིད་ལ་བཞག་ལ། དེ་བཞིན་དུ་བདག་ཉིད་ལེགས་པར་བསྡམས་ཤིང་བསྡད་དོ། །ངོ་ཚ་ཤེས་གུས་འཇིགས་བཅས་ཞེས་བྱ་བ་ལ། མི་མཐུན་པའི་ལས་ལ་འཇོམ་པ་ནི་ངོ་ཚ་ཤེས་པ་དང་། བསླབ་པ་ལ་གུས་པ་དང་། དེ་ལས་ མི་འདའ་བར་འཇིགས་པའམ། འདིར་ཁྲེལ་ཡོད་པ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གོ་བར་བྱའོ། །དེ་ལྟར་གྱུར་ན་ཁྱད་པར་གཞན་ཡང་ཡོད་པས་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་གནས་པ་དེ་ལ་སྐད་ཅིག་རེ་རེ་ཞིང་མི་འདོད་ བཞིན་དུ་སངས་རྒྱས་རྗེས་སུ་དྲན་པར་ཡང་འགྱུར་རོ། །ཤེས་བཞིན་དུ་སྐྱེ་བ་དང་བརྟེན་པ་དག་གིས་ཡང་རྒྱུ་དྲན་པ་ཉིད་ཡིན་ནོ་ཞེས་བརྗོད་པ། གང་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་དྲན་པ་ཡིད་ཀྱི་སྒོ་ནས་ཉོན་མོངས་པའི་ཆོམ་རྐུན་གྱི་ཚོགས་འཇུག་པ་ཕྱིར་བཟློག་པའི་དོན་ དུ་སྒོ་བ་ལྟར་གནས་པར་གྱུར་པ་ན་དེའི་ཚེ་ཤེས་བཞིན་ཡང་འབད་པ་མེད་པར་འབྱུང་ངོ་། །བྱུང་བ་ཡང་བརྟེན་པར་འགྱུར་རོ། །དེ་ལྟར་རེ་ཞིག་འདི་དག་གི་རྗེས་སུ་འགྲོ་བ་དང་ལྡོག་པ་གང་གི་ཡོན་ཏན་དང་སྐྱོན་བརྗོད་ནས། དོན་མེད་པ་སྤང་བའི་དོན་དུ་དོན་མེད་པའི་སྤྱོད་པ་སྤང་བ་ རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་རེ་ཞིག་འདི་འདྲའི་སེམས། །ཞེས་བྱ་བ་ནང་དུ་བསམ་པར་བྱའོ། རྟག་ཏུ་དུས་ཐམས་ཅད་དུ་འདི་འདྲ་བའི་བསྟན་པའི་རིམ་པ་དང་ལྡན་པར་ཉེ་བར་གནས་པར་བྱ་སྟེ། དེ་ལས་གཞན་འབྲས་བུ་མེད་པའི་སྤྱོད་པ་སྤང་བའི་དོན་དུ་ དབང་པོའི་ཚོགས་དང་བྲལ་བས་གཟུགས་ལ་སོགས་པའི་ཡུལ་འབྲས་བུ་མེད་པ་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་བསྡུས་ལ་བདག་གིས་གནས་པར་བྱའོ། །ཅི་འདྲ་བར་ཞེ་ན། ཤིང་བཞིན་དུ་ཞེས་གསུངས་ཏེ། མིག་ལ་སོགས་པའི་བྱེད་པས་སྟོང་པའི་ཕྱིར་རོ། །འདི་ཉིད་ གསལ་བར་བྱེད་པ། འབྲས་མེད་ཅེས་བྱ་བ་ལ་སོགས་པ་ལ། རྫི་མ་གཉིས་ཅུང་ཟད་ཕྱེ་ལ། སྣའི་རྩེ་མོར་གཏད་པའམ། གཉའ་ཤིང་གང་ཙམ་དུ་རྣམ་པར་བལྟ་བར་བྱ་སྟེ། དང་པོ་རྩོམ་པ་ནའོ། །རྟག་ཏུ་གོམས་པར་བྱེད་བཞིན་དུ་ངལ་བ་སྤང་བའི་དོན་དུ་ལྟ་བ་ཞེས་བྱ་བ་ལ་ སོགས་པ་གསུངས་ཏེ། ལྟ་བ་དང་སེམས་སྐྱོ་བ་སྤང་བའི་ཕྱིར་རེས་འགའ་སྟེ་བར་སྐབས་སུ་ཕྱོགས་སུ་རྣམ་པར་ལྟའོ། །ཇི་སྟེ་བརྒྱ་ལ་འགའ་ཞིག་དེ་དང་ཉེ་བར་འོངས་ན་དེའི་ཚེ་དེའི་འོངས་པའི་ཞད་ཙམ་རིག་པར་བྱས་ལ། ལེགས་པར་བྱོན་ནམ་ཞེས་སྨྲ་བས་ཕེབས་པར་སྨྲ་བའི་དོན་དུ་རྣམ་པར་ བལྟ་བར་བྱའོ། །གཞན་དུ་ན་དེར་དེ་ལ་འཕྱ་བས་མི་དགེ་བ་འབྱུང་བར་འགྱུར་རོ། །ལམ་དུ་འགྲོ་ཞིང་དེ་ལྟར་ལྟ་བ་ན་ཡང་གནོད་པ་བསལ་བའི་དོན་དུ། ལམ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིགས་པའི་རྒྱུ་རྐུན་མོ་ལ་སོགས་པ་རིག་པར་བྱ་བའི་དོན་དུ་རྣམ་པར་བལྟ་བར་བྱ་བའི་ རིམ་པ་བཞིན་དུའོ། །གཞན་དུ་ན་ལུས་བསྲུང་བར་བྱས་པར་མི་འགྱུར་རོ། །ཕྱོགས་ཐམས་ཅད་དུ་རྣམ་པར་ལྟ་བར་བྱེད་པ་ན་རྒོད་པའི་གནོད་པ་སྤང་བར་བྱ་བའི་དོན་དུ་བསྡད་དེ་བྱའོ། །རྒྱབ་ཏུ་རྣམ་པར་ལྟ་བ་ན་ལེགས་པར་ལོག་སྟེ་ཁ་ཕྱིར་བལྟས་པར་འགྱུར་བས་བྱའོ། །མཉམ་ པར་གཞག་པ་བསྲུང་བར་བྱ་བའི་དོན་དུ། མདུན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་ནི་མདུན་དུའོ། །འོང་བ་ནི་ཕྱིར་ལ་སྟེ། གཡང་ས་ལ་སོགས་པའི་གནོད་པ་བལྟ་བར་བྱའོ། །དེ་ལྟར་བསྟན་པའི་རིམ་པའི་ཟུར་གྱིས་རང་དང་གཞན་ལ་ཕན་པ་དང་དགོས་པ་ཁོང་དུ་ ཆུད་པར་བྱས་ན་སྒྲུབ་པ་སྙིང་པོར་གྱུར་པ་ཡིན་ནོ།། །།བམ་པོ་བདུན་པ། ད་ནི་ཤེས་བཞིན་གྱི་བྱ་བ་བསླབ་པའི་ཕྱིར། ལུས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་ལམ་བཞིའི་ནང་ནས་སྤྱོད་ལམ་གང་ཡང་རུང་བ་ཞིག་ལ། ལུས་ཀྱིས་འདི་ལྟར་ ཞེས་བྱ་བ་ནི་འགྲེང་བས་སམ་འདུག་པས་གནས་པར་བྱ་སྟེ། དེ་མ་ཐག་ཏུ་ཁ་ཏོན་ལ་སོགས་པའི་བྱ་བའི་ལས་བརྩམས་ནས་ཡང་ལུས་འདི་ཇི་ལྟ་བུར་གནས་པ་ཡིན་ཞེས་སྐབས་སུ་རྣམ་པར་བལྟ་བར་བྱའོ། །སྤྱོད་ལམ་དེ་ཉིད་ལའམ། དེ་སྟེ་སྤྱོད་ལམ་ལོགས་ཤིག་ ལའོ། །ལོགས་ཤིག་པ་ལ་ཡིན་ན་ཡང་སྔ་མ་བཞིན་དུ་ལེགས་པར་གནས་པར་བྱའོ། །ལུས་ལ་སོ་སོར་རྟོག་པ་བརྗོད་ནས་སེམས་ལ་སོ་སོར་རྟོག་པ། སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་གཞན་ལ་ཕན་པའི་མཚན་ཉིད་ཀྱི་ཆོས་ལ་སེམས་པ་ནི་ཀ་ཆེན་ཏེ། འཆིང་བ་དག་ལས་ཐར་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལ་བཏགས་པ་ཡང་ཡང་དང་ཡང་དུ་བརྟག་པར་བྱ་བ་ཡིན་པས། ཅི་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་བདག་གིས་ཡིད་འདི་གང་ན་སྤྱོད་ཅེས་དམིགས་པ་སྔ་མའམ། དམིགས་པ་བཞིན་དུ་བརྟགས་ལ། སོང་བར་ རྟོགས་ན་དེ་ནས་བཟློག་ལ་དེ་ཉིད་དུ་སྦྱར་བར་བྱའོ། །རང་གི་ངང་གིས་འབབ་ན་ནི་བཏང་སྙོམས་སུ་བྱའོ། །དེ་ལྟར་ཞི་གནས་ཀྱི་ཁུར་སྐད་ཅིག་གཅིག་ཀྱང་ཇི་ལྟར་མི་འཆོར་བ་དེ་ལྟར་གཟུང་བར་བྱའོ། །རེ་ཞིག་དེ་དག་གིས་ནི་ཚུལ་ཁྲིམས་ནི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། ། ཇི་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །དེ་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། །ཞེས་གསུངས་སོ། །དེ་བས་ན་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པའི་སྦྱོར་བ་ཇི་སྙེད་པ་གང་ཅི་ཡང་རུང་། བཟའ་བ་དེ་དག་ནི་ཚུལ་ཁྲིམས་རྗེས་སུ་སོང་བ་ཡིན་པར་རིག་ པར་བྱའོ། །དེ་ལྟ་བས་ན་ཏིང་ངེ་འཛིན་དོན་དུ་གཉེར་བས་དྲན་པ་དང་ཤེས་བཞིན་གྱི་ངང་ཚུལ་ཅན་དུ་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་དོན་དུ་གཉེར་བས་ཀྱང་ཏིང་ངེ་འཛིན་ལ་ནན་ཏན་དུ་བྱའོ། །ཏིང་ངེ་འཛིན་ཡོངས་སུ་སྤོང་བའི་སྐབས་ན། འཇིགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། འཇིགས་པ་ནི་མེའི་སྲེག་པ་ལ་སོགས་པའོ། །དེ་བཞིན་དུ་དཀོན་མཆོག་གསུམ་ལ་མཆོད་པ་ལ་སོགས་པ་ནི་དགའ་སྟོན་ནོ། །དེ་བས་ཆེས་ལྷག་པའི་སེམས་ཅན་གྱི་དོན་ལ་སོགས་པའང་རུང་སྟེ། དེ་དག་བྱུང་བ་ན་གལ་ཏེ་གནས་པར་མི་ནུས་ན་དེའི་ཚེ་འདོད་པ་བཞིན་དུ་སྤྱོད་ དོ་ཞེས་གནང་བ་སྟེ། ལྟུང་བ་དང་བཅས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་འདི་ངེས་པ་མེད་པར་འགྱུར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཡང་ཚུལ་ཁྲིམས་ནི་སྦྱིན་པ་བས་མཆོག་ཏུ་བྱུང་བ་ཡིན་མོད་ཀྱི། དེ་ལྟ་ན་ཡང་བསླབ་པ་གཞན་སློབ་པའི་དེ་མ་ ཐག་ཏུ་ཕྱི་ནས་བསླབ་པའི་གནས་ལ་གོམས་པ་གསལ་བ་མེད་པའི་ཕྱིར། ཇི་ཞིག་ལྟར་དུས་དེ་སྲིད་དུ་དེ་ལས་ལྡོག་པར་བྱེད་ནའང་ལྟུང་བ་མེད་པ་ཡིན་ནོ། །འདི་སྦྱིན་པའི་དུས་ཡིན་གྱི་ཚུལ་ཁྲིམས་ཀྱི་ནི་མ་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། གལ་ཏེ་མི་ནུས་ཞེས་སོ། །དེ་དག་ཙམ་ ཉིད་ཀྱི་དཔེ་བརྗོད་པ་ཡིན་ནོ། །ཇི་སྐད་དུ། དེ་ལ་བསླབ་པ་གཅིག་རྫོགས་པར་བྱེད་པ་བསླབ་པ་ཕྱི་མ་གོམས་པར་མ་བྱས་པས་མི་ནུས་པ་ལ་ལྟུང་བ་མེད་དོ་ཞེས་བསྟན་ཏོ། །འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ཇི་སྐད་དུ། སྦྱིན་པའི་དུས་སུ་ཚུལ་ཁྲིམས་ཉེ་བར་བསྡུས་ ཏེ་བཏང་སྙོམས་སུ་བྱའོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ལྟ་བས་ན་ལྷོད་པར་མི་བྱའོ། །དགེ་བའི་ཕྱོགས་གང་ལ་སྤྱོད་ན་ཡང་ཏིང་ངེ་འཛིན་འགའ་ཞིག་གི་གེགས་སུ་འགྱུར་བ་དེ་བླང་བར་བྱ་བ་མ་ཡིན་པས། གང་ཞིག་བསམས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ཉིད་ཀྱི་རིགས་པ་ དང་ལུང་གིས་སམ་དགེ་བའི་བཤེས་གཉེན་གྱི་གསུང་གི་ནུས་པ་ཇི་ལྟ་བ་བཞིན་དུ་ངེས་པར་བཟུང་ནས་བསམ་གཏན་དང་བསམ་པ་ལ་སོགས་པ་ལས་གང་ཅུང་ཟད་ཅིག་བརྩམས་པ་དེར་ཡིད་གཞོལ་བས་དང་པོར་དེ་ཉིད་རེ་ཞིག་བསྒྲུབ་པར་བྱ་སྟེ། དེ་མ་གྲུབ་བར་དུ་ཡོངས་སུ་དོར་ནས་ གཞན་བརྩམ་པར་ནི་མི་བྱའོ། །གལ་ཏེ་དེ་ལྟར་མ་གྱུར་ན་ཅི་ཉེས་ཤེ་ན། དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་ལྟར་ནན་ཏན་བྱས་པས་ཐམས་ཅད་ལེགས་པར་བྱས་པར་འགྱུར་གྱི་དེ་ལས་བཟློག་པ་ནི་སྔར་ཁས་བླངས་པ་དང་ཕྱིས་དམ་བཅས་པ་གཉི་གར་མ་ འབྲེལ་པར་འགྱུར་རོ། །འཇུག་པ་མི་བརྟན་པ་ནི་ཤེས་བཞིན་མ་ཡིན་པར་རྗེས་སུ་འཇུག་པས་འཕེལ་བར་འགྱུར་རོ། །དེ་ལྟ་ནའང་འབྲས་བུ་མེད་པ་སྤང་བར་བྱའོ་ཞེས་གསུངས་པ། བྲེ་མོའི་གཏམ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འབྲེལ་པ་མེད་པ་རྣམ་པ་དུ་མ་བརྗོད་པ་དང་གཞན་ དག་གིས་བྱས་པ་ལ་འཇུག་པ་ངོ་མཚར་བའི་དངོས་པོ་མཐའ་དག་ལའམ་རང་གིས་ཀྱང་བྱ་བ་དེ་ལ་ལྟ་བ་དང་མཉན་པའི་ཕྱིར་ངག་དང་སེམས་ཞུགས་པ་ལས་བཟློག་པར་བྱའོ། །གཞན་ཡང་འབྲས་བུ་མེད་པ་སྤང་བར་བྱ་བའི་ཕྱིར་སོ་སོར་ཐར་པ་ལས་བསྟན་པར་བྱ་ བ་སྤྱད་པར་བྱའོ་ཞེས་བྱ་བ་ནི། དོན་མེད་ས་རྐོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ས་དང་བྱང་བུ་ལ་སོགས་པ་ལ་སེན་མོ་དང་། དབྱུག་པ་ལ་སོགས་པའི་རི་མོ་འདྲེན་ཅིང་འབྲི་བ་ལ་སོགས་པ་དགོས་པ་མེད་པ་བྱེད་པ་ནི་ལྟུང་བར་འགྱུར་བས། བཅོམ་ལྡན་འདས་ཀྱིས་འདི་ལས་ བཟློག་པར་བྱ་བར་བཀའ་བསྒོ་བ་དྲན་པར་བྱས་ལ་རྣམ་པར་སྤང་བར་བྱ་སྟེ། དེ་ལས་འདིར་ནི་འབྲས་བུ་རྣམ་པར་སྨིན་པ་འཇིགས་པའི་ཕྱིར་རོ། །དེའི་མོད་ལ་ཞེས་བྱ་བ་ནི་དུས་དེར་འགྲོ་བར་མི་བྱའོ། །ཀུན་ནས་ཉོན་མོངས་པའི་སྤྱོད་པ་ལ་ཤེས་བཞིན་དུ་བྱ་བར་བསླབ་པ་ནི་གང་ཚེ་ཞེས་བྱ་བ་ལ་ སོགས་པའི་ཚིགས་སུ་བཅད་པ་བདུན་གྱིས་བསྟན་པ་ཡིན་ཏེ། གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ་དང་པོར་རང་གི་སེམས་བརྟགས་ནས་གསུངས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་གནས་སྐབས་ལྟར་བྱ་བ་བསྟན་པའོ། །དེ་ཉིད་ནི་ཆགས་པའམ་ཞེས་བྱ་བ་ལ་སོགས་པས་བསྟན་པར་བྱེད་ དེ། གང་གི་ཚེ་རང་གི་སེམས་ཆགས་པའམ་སྡང་བར་མཐོང་བ་དེའི་ལག་པ་དང་རྐང་པ་ལ་སོགས་པ་བསྐྱོད་པ་ཙམ་ཡང་མི་བྱ་ཞིང་ངག་གིས་ཀྱང་བརྗོད་པར་མི་བྱ་སྟེ། གཞན་དུ་ན་དེས་བསླང་བའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ། །དེའི་ཕྱིར་ དབང་པོ་ཕྱི་རོལ་གྱི་བྱེད་པའི་རྣམ་པར་རྟོག་པ་བསྡུས་ལ་དེ་ཚེ་ཤིང་བཞིན་དུ་གནས་པར་བྱས་ཏེ། བྱེད་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་བྱེད་པ་པོ་མེད་པའོ་ཞེས་ཡིད་ལ་བཞག་ལ་ཤིང་བཞིན་དུ་གནས་པར་བྱའོ། །གཞན་ཡང་རྒོད་དང་ཞེས་གསུངས་པ་ནི་དམ་པའི་ཆོས་ ལ་སོགས་པ་ཉན་པ་ལ་དད་པ་ལས་ཀྱང་རྒོད་པ་སྟེ། རྣམ་པར་གཡེང་བ་མང་བ་ཞེས་བྱ་བའི་དོན་ཏོ། །གཞར་བཅས་པ་ནི་ངག་གི་ཐོ་འཚམས་པ་ལ་བརྩོན་པར་བྱེད་པ་སྟེ། དེ་དག་ལྡན་པའམ་ང་རྒྱལ་ནི་སེམས་ཁེངས་པའོ། །རྒྱགས་པ་ནི་རང་གི་ཆོས་ལ་སེམས་མངོན་པར་ཞེན་པ་ སྟེ། དེ་དག་དང་ལྡན་པ་ནི་དེ་དག་དང་ཡང་དག་པར་ལྡན་པའོ། །མཚང་འབྲུ་བ་ནི་ལུས་ཀྱི་ཐོ་འཚམས་པ་སྟེ། དེ་དང་ལྡན་པས་རྒོད་པའོ། །སྐྱོར་འབྱིན་ནི་གྱ་གྱུ་ཅན་ནམ་གཡོ་ཅན་ནོ། །སླུ་སེམས་ནི་སླུ་བར་བྱེད་པའམ་སྒྱུ་ཅན་ཏེ། གང་གི་ཚེ་ཡིད་དེ་ལྟར་གྱུར་པ་ན། དེ་ཚེ་ཤིང་བཞིན་ གནས་པར་བྱ། །ཞེས་བྱ་བར་འབྲལ་ཏོ། །བདག་ལ་བསྟོད་པ་ནི་རང་གི་ཡོན་ཏན་ཤིན་ཏུ་ཡང་སྟོན་པའོ། །དེར་སྣང་བ་ནི་དེ་རུ་སྣང་བ་སྟེ། དེར་རྣམ་པར་བརྟགས་པའི་ཕྱིར་རོ། །གཞན་ལ་སྨོད་པ་ནི་གཞན་ཚར་གཅོད་པའམ་ཉེས་པ་བསལ་བར་བྱེད་པ་སྟེ། དེ་དང་ལྡན་པའོ། ། གཤེ་བཅས་ནི་གཞན་གྱི་ཚིག་ལ་སྨོད་པའོ། །འགྱེད་པ་ནི་རྟག་ཏུ་འཐབ་པ་དང་རྩོད་པའི་རྒྱུ་མཚན་ལ་སེམས་པ་སྟེ། འདིར་གཉི་ག་ལ་དེ་དང་བཅས་པར་གནས་པ་ཞེས་ཚིག་བསྡུས་པ་ཡིན་ནོ། །དེ་ལྟར་གང་གི་ཚེ་མཐོང་བ་ན་རང་གི་ཡིད། དེ་ཚེ་ཤིང་བཞིན་གནས་པར་བྱ། ཞེས་སྤྱིར་ བསྟན་པ་དང་སྦྱར་རོ། །གྲགས་པ་ནི་སྙན་པའོ། །འཁོར་ནི་བྲན་ཕོ་དང་བྲན་མོ་དང་ལས་བྱེད་པ་ལ་སོགས་པའོ། །རིམ་གྲོ་ནི་རྐང་པ་འཁྲུ་བ་དང་ཉེད་པ་ལ་སོགས་པའོ། །འདི་དག་དོན་དུ་གཉེར་བ་ནི་འདོད་པ་སྟེ་བདག་གིས་སེམས་དེ་དག་ལས་ཤིང་བཞིན་དུ་གནས་པར་བྱའོ། ། གཞན་དོན་ཡལ་བར་འདོར་བ་ནི་གཞན་གྱི་དོན་ལ་ཕྱིར་ཕྱོགས་པའོ། །རང་དོན་གཉེར་བ་ནི་རང་གི་དོན་ལ་མངོན་པར་ཞེན་པའོ། །གཡོག་འཁོར་ནི་སློབ་མ་དང་ཉེ་གནས་ལ་སོགས་པ་འདུས་པ་སྟེ། འདི་དག་མངོན་པར་འདོད་ཅིང་འཁོར་དེ་དག་དོན་དུ་གཉེར་བའོ། །མི་བཟོད་པ་ ནི་བཟོད་པ་མེད་པའི་ངང་ཚུལ་ལོ། །ལེ་ལོ་ནི་བྱ་བ་ལ་ལས་སུ་མི་རུང་བ་ཡིན་ཏེ་སྙོམ་ལས་ཞེས་བྱ་བའི་དོན་ཏོ། །འཇིགས་པ་ནི་ལུས་དང་འཚོ་བའི་འཇིགས་པའམ་འཇིགས་པའི་རྒྱུ་ལས་སོ། །སྤྱི་བརྟོལ་ནི་སྤྱིས་བརྩོན་པའོ། །མུར་ཅོར་སྨྲ་བ་ནི་ཚིག་ངན་པ་ཅན་ནམ་རིགས་པ་དང་ མི་རིགས་པ་ལ་ལྟོས་པ་མེད་པར་རྗོད་པར་བྱེད་པའོ། །རང་གི་ཕྱོགས་ནི་སློབ་མ་དང་ཉེ་གནས་དང་གཉེན་དང་ཕ་ལ་སོགས་པའོ། །ཞེན་པ་ནི་ཤིན་ཏུ་ཕྱོགས་སུ་ལྟུང་བ་དང་ལྡན་པའོ། །ད་ནི་ཕྱིར་བཅོས་པའི་ཕྱོགས་ཙམ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་བསྟན་པའི་ རིམ་པས་སོ། །ཀུན་ནས་ཉོན་མོངས་ཏེ་ཀུན་ནས་ཉོན་མོངས་པ་དང་ལྡན་པའོ། །རང་གི་སེམས་འབྲས་བུ་མེད་པའི་བྱེད་པ་དང་ལྡན་པ་ཤེས་པར་བྱས་ནས་འཇུག་པ་ཐམས་ཅད་བཀག་ལ་ནུས་པ་མཐུ་ཆུང་བར་བྱས་ནས་ཚར་གཅད་པར་བྱ་ཞིང་ཟིལ་གྱིས་མནན་པར་ བྱའོ། །བསྟན་པ་ནི་ཇི་ནས་སླར་ཡང་འཇུག་པར་མི་འགྱུར་བའི་ཆོས་ཅན་ནོ། །ཉོན་མོངས་པའི་དགྲའི་གཡུལ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་ག་དར་བྱས་པའི་དཔའ་བོ་སྟེ་བྱང་ཆུབ་སེམས་དཔའོ། །གཉེན་པོ་ཡིས་ནི་གང་ཞིག་གང་དུ་གཉེན་པོར་བསྟན་པ་སྟེ། ཇི་ལྟར་འདོད་ ཆགས་པ་ལ་སོགས་པའི་མི་སྡུག་པ་ལ་སོགས་པ་ལྟ་བུའོ། །དེས་དེ་ལས་བཟློག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྟག་ཏུ་ནི་དུས་ཐམས་ཅད་དུ་སྟེ་གང་དང་གང་གི་ཚེ་ཀུན་ནས་ཉོན་མོངས་པ་རྟོགས་པ་ནའོ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པའི་ དབང་དུ་བྱས་ཏེ་གསུངས་པ། དེས་འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤང་བར་བྱ་སྟེ། དེ་ར་རོ་བ་མེད་པ་དང་། མྱོས་པ་མེད་པ་དང་། འཁྲུལ་པ་མེད་པ་དང་། ཚིག་མ་འཆལ་བ་དང་། མི་འཆར་བ་དང་། མི་ཁེངས་པ་དང་། མི་རྒོད་པ་དང་། མི་གཡེང་བ་དང་། དྲན་པ་ཉེ་ བར་གནས་པ་དང་། ཤེས་བཞིན་དང་ལྡན་པར་བྱའོ་ཞེས་སོ། །དེ་ཉིད་ལས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ཏེ་གསུངས་པ། དྲན་པ་དང་ཤེས་བཞིན་ནི་མི་གཡེང་བའོ་ཞེས་སོ། །དེ་བཞིན་དུ་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་བསྟན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ངག་ནི་ཆགས་པའམ། སྡང་བའམ། ཉོན་མོངས་པ་ཅན་ནམ། སྐད་ཅིག་གསལ་བར་བྱས་པའམ། རང་གི་ཕྱོགས་བསྟོད་པའི་ཚིག་གམ་གཞན་གྱི་ཕྱོགས་ཚར་བཅད་པའི་ཚིག་གམ། བདག་ལ་བསྟོད་པ་ལ་རྗེས་སུ་ཆགས་པའི་ཚིག་གམ། གཞན་གྱིས་བསྟོད་པ་ལ་གནོད་པའི་ཚིག་གམ། ཁ་འོག་ཏུ་ལུས་འཁྲུས་པར་མི་བྱེད་པའི་ཚིག་གམ། མངོན་པའི་ང་རྒྱལ་གྱིས་ལུང་སྟོན་པའི་ཚིག་མི་འབྱིན་ཞེས་སོ། །དེ་ལྟར་འབྲས་བུ་མེད་པའི་སྤྱོད་པ་སྤངས་པས། དོན་མེད་པ་སྤང་བའི་ཕྱིར་ལུས་བསྲུང་བ་བསྟན་པ་ཡིན་ནོ། ། དེ་ལྟ་བས་ན་བདག་གིས་ཚུལ་ཁྲིམས་ལ་ལེགས་པར་གནས་པ་དང་། མི་བསྐྱོད་པ་དང་། མི་ལྷོད་པར་གྱུར་པར་བྱའོ། །དེ་དག་ཀྱང་སེམས་མཉམ་པར་གཞག་པས་འགྲུབ་པར་འགྱུར་རོ། །དེའི་ཕྱིར་ཞི་གནས་ཀྱི་བདག་ཉིད་ཆེན་པོ་འདི་རྟོགས་ནས་དེ་ལྷུར་བླངས་ཏེ་བསྒོམ་པར་བྱའོ། །འདིས་ ནི་བསླབ་པ་རྣམས་ལ་གུས་པ་དྲག་པོར་འགྱུར་བ་ཡིན་ལ། དེས་ཀྱང་དྲན་པ་ཉེ་བར་གནས་ཏེ། དྲན་པ་ཉེ་བར་གནས་པས་འབྲས་བུ་མེད་པ་སྤོང་ཞིང་དེ་ལ་དོན་མེད་པ་ཕྱིར་འབྱུང་ངོ་། །དེ་ལྟ་བས་ནི་ལུས་བསྲུང་བར་འདོད་པས་རྩ་བ་དྲན་པ་བཙལ་ཏེ་དྲན་པ་ཉེ་བར་གནས་པར་རྟག་ཏུ་གྱུར་པར་ བྱའོ། །དེ་ཉིད་ནི། དེ་ལ་ལུས་བསྲུང་གང་ཡིན་ན། །གང་ཞིག་དོན་མེད་སྤང་བའོ། །དེ་ཀུན་གང་གིས་འཐོབ་ཅེ་ན། །འབྲས་བུ་མེད་པའི་སྤྱོད་སྤངས་ལས། །དེ་ཡང་རྟག་ཏུ་དྲན་པས་འགྲུབ། །དྲན་པ་ཤིན་ཏུ་གུས་ལས་འབྱུང་། །གུས་ནི་ཞི་བ་ཆེ་བདག་ཉིད། །ཤེས་པར་གྱུར་ནས་ བརྟུན་པ་སྐྱེ། །ཞེས་གསུངས་པ་ཡིན་ནོ། །ཞི་གནས་ཀྱི་ཆེ་བའི་བདག་ཉིད་ཀྱང་སྐབས་ཇི་ལྟ་བ་བཞིན་དུ་འདི་ལས་འཆད་པར་འགྱུར་རོ། །འདིར་དོན་མེད་པ་སྤང་བའི་དོན་དུ་བསྡུས་པའི་དོན་འདི་ཁོང་དུ་ཆུད་པར་བྱའོ་ཞེས་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་པ། ཤིན་ཏུ་ངེས་དང་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་ངེས་པ་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་སྤངས་པའོ། །རབ་དང་ནི་རྟག་ཏུ་དགའ་བ་དང་ཡིད་བདེ་བ་མང་བའོ། །བརྟན་པ་ནི་མ་བརྟགས་པའོ། །གུས་པ་ནི་བཤད་པ་ཉིད་ཡིན་ནོ། །ཞེ་ས་ནི་མཉེས་པར་བྱ་བ་རྣམས་ལ་སེམས་འདུད་པ་སྟེ། དེ་དག་ དང་ལྷན་ཅིག་འཇུག་པའོ། །ངོ་མཚར་བཅས་ནི་སྔ་མ་བཞིན་ནོ། །འཇིགས་བཅས་ནི་འཁྲུལ་པ་བྱུང་བས་འཇིག་རྟེན་ལ་འཇིགས་པའོ། །ཞི་བ་ནི་དབང་པོ་ཡང་དག་པར་སྡོམ་པའོ། །སེམས་ཅན་མགུ་བར་བྱེད་པ་ལ་བརྩོན་པ་དང་ལྡན་པ་དང་། སྐྱེ་བོ་གཅིག་གི་འདོད་པ་གང་ཡིན་པ་ དེ་གཞན་ལ་བཟློག་པ་ཡིན་པས་སོ་སོའི་སྐྱེ་བོའི་འདོད་པ་ཕན་ཚུན་མི་མཐུན་པ་རྣམས་ཀྱིས་མི་སྐྱོ་བ་སྟེ་ཡིད་ལ་གཅགས་པ་མེད་པའོ། །ཇི་ལྟར་ཞེ་ན། བརྩེར་ལྡན་ཏེ། འདི་ནི་གཏན་ཚིགས་ཀྱི་ཚིག་ཡིན་ནོ། །གང་གི་ཕྱིར་ཉོན་མོངས་པ་སྐྱེས་པས་ཏེ་རང་དབང་མེད་པས་སོ། ། འདི་ཞེས་པ་ནི་དེ་དག་སྟེ་བྱིས་པ་འདི་དག་གི་ཕན་ཚུན་མི་མཐུན་པའི་སྤྱོད་པའོ་སྙམ་དུ་ཤེས་པར་བྱས་ནས་སོ། །བདག་དང་སེམས་ཅན་དབང་བྱས་ཤིང་ནི་རང་དང་གཞན་ལ་རག་ལས་པར་ཏེ་དུས་ཐམས་ཅད་དུའོ། །ཅི་ཐམས་ཅད་དུའམ་ཞེ་ན་མ་ཡིན་ཏེ། ཁ་ན་ མ་ཐོ་མེད་དངོས་ལ་སྟེ། ཁ་ན་མ་ཐོ་བ་གཉི་གས་སྟོང་པ་རྣམས་ལའོ། །ཅི་དང་འདྲ་བར་ཞེ་ན། སྤྲུལ་པ་བཞིན་དུ་སྟེ་སྤྲུལ་པ་བྱས་པ་ལྟར་ང་རྒྱལ་དང་བྲལ་བ་སྟེ། ང་རྒྱལ་ལེགས་པར་གཟུང་བར་བྱ་སྟེ་བདག་འདི་ལྟ་བུ་ཡིན་ནོ་སྙམ་དུ་བྱང་ཆུབ་སེམས་དཔའ་ཡིད་ལ་གཞག་པར་བྱའོ། །སྐྱེ་ བ་ཡིད་ལ་བྱེད་པ་འདི་ལས་ཀྱང་སེམས་ཀྱི་དོན་མེད་པ་སྤངས་པས་བསྲུང་བར་བྱའོ་ཞེས་གསུངས་པ། རིང་ཞིག་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དུས་ཤིན་ཏུ་མང་བ་ཞིག་གིས་ཐོབ་པའི་དལ་བ་མཆོག་བསྟན་པ་དྲན་པའི་སེམས་ཀྱིས་ཡང་དང་ཡང་དུ་བར་མེད་པར་བྱས་ཤིང་བརྟན་པར་བྱའོ། ། དེ་ལྟ་བུར་ནི་བརྟན་པའི་རང་བཞིན་ཅན་དུའོ། །རབ་ཏུ་མི་གཡོ་ནི་འདོད་པ་ལ་སོགས་པ་རྣམ་པར་རྟོག་པའི་རླུང་རྣམས་ཀྱིས་རིའི་རྒྱལ་པོ་ལྟར་བསྐྱོད་པར་མི་ནུས་པའོ། །དེ་ལྟར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཕན་ཚུན་འཕེལ་བར་བྱེད་པ་དེ་དག་གིས་སེམས་ཀྱི་ལས་ཡོངས་སུ་བསྒྲུབ་པ་ཡིན་ ནོ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་བསླབ་པ་ནི་སེམས་ཡོངས་སུ་སྦྱང་བ་ཉིད་ཡིན་ནོ་ཞེས་བྱ་བ་དེ་དག་གནས་སོ། །དེས་ན་གང་། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་ཏེ། དེ་གནས་པ་ཡིན་ནོ། །ཡང་དེ་ཉིད་གཅིག་ ཏུ་ངེས་པར་ལེགས་པར་གཟུང་བར་བྱ་བའི་ཕྱིར་ལུས་ལ་སོ་སོར་བརྟགས་པ། བྱ་རྒོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ལ་ནི་རྣམ་པ་ཐམས་ཅད་དུ་གང་ཡང་བྱེད་པ་མེད་དེ། བདག་རང་ཉིད་ལའང་ནུས་པ་མེད་པའི་ཕྱིར་རོ། །གཞན་དུ་སེམས་དང་བྲལ་བའི་ལུས་བྱ་རྒོད་ལ་སོགས་ པ་རྣམས་ཀྱིས་ཕན་ཚུན་ཀུན་ཏུ་དྲངས་ཤིང་གློངས་ཀྱང་བདག་ཉིད་བསྲུང་བའི་དོན་དུ་སླར་བཅོས་པ་ཅི་སྟེ་མི་བྱེད་ཅེས་འདྲི་བའོ། །ནུས་པ་ཐམས་ཅད་མེད་པའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་ནི་སེམས་ཡོངས་སུ་སྦྱང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཡོངས་སུ་སྦྱངས་ནས་འབད་པ་མེད་ པར་ལུས་ཡོངས་སུ་སྦྱངས་པ་འགྲུབ་སྟེ་དེ་ནི་དེ་ལ་རག་ལས་པའི་ཕྱིར་རོ། །ཞེས་བསྟན་པར་འགྱུར་རོ། །དེ་ལྟར་རྣམ་པ་ཐམས་ཅད་དུ་མཁོ་བ་མ་ཡིན་པའི་ལུས་ལ་ལྟོས་པ་དང་བཅས་པ་དགག་པ། ལུས་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀྱེ་ཡིད་བདག་ཉིད་མ་ཡིན་པ་ལ་བདག་ཉིད་ དུ་ཁས་བླངས་ནས་ཤ་དང་རུས་པའི་ཚོགས་ལུས་ཀྱི་མིང་ཅན་ལ་ཅིའི་ཕྱིར་ན་ཁྱོད་སྲུང་བར་བྱེད། ཅི་སྟེ་དེ་ལྟར་མི་བྱ་ཞེ་ན། གལ་ཏེ་ཁྱོད་དང་ལུས་འདི་ཐ་དད་པ་ཡིན་ན། དེ་སྟེ་འདི་གོད་པས་ཁྱོད་ལ་ཅི་ཞིག་གོད་པར་འགྱུར། སྔར་ནས་ཡུན་རིང་པོར་བདག་གིར་བྱས་པས་སོ་ཞེ་ན། གསུངས་པ། རྨོངས་པ་ཀྱེ་བདག་གིར་མི་བྱེད་པ་སྟེ། ཁྱོད་རྨོངས་པས་འགྱིངས་པ་འདི་གཙང་མ་ནི་དག་བྱེད་དོ། །འདི་ནི་མི་གཙང་བ་ཡིན་ནོ། །མི་གཙང་ཞེས་བྱ་བ་འདི་གསུངས་ཏེ། རུལ་པ་ནི་སུམས་པའི་ཆོས་སོ། །འོ་ན་དེ་ལྟ་ན། ཅི་གཞན་ལ་མེད་པའི་ངང་སྐྱོན་བརྗོད་དམ་ཞེ་ན། འདིར་རེ་ཞིག་ཅེས་བྱ་ བ་ལ་སོགས་པ་གསུངས་ཏེ། པགས་པའི་རང་བཞིན་གྱི་རིམ་པའོ། །རང་གི་བློ་གྲོས་ཀྱི་ཁྱད་པར་གྱིས་ཐ་དད་ཕྱི་ཞིག་པ་ནི་རང་གི་ལུས་རུས་པ་ལས་བྱས་པའི་དྲ་བའི་འཁྲུལ་འཁོར་ལས་སོལ་ཅིག་པའོ། །ཤེས་རབ་ཀྱི་བདག་ཉིད་ཀྱིས་མཚོན་གྱིས་ཤ་ཆོད་ལ། དེ་མ་ཐག་ཏུ་རུས་པ་ རྣམས་ཀྱང་དུམ་བུར་སོ་སོར་ཐ་དད་པར་གྱིས་ལ་རྐང་ལ་བལྟ་བར་བྱ་སྟེ། རྣམ་པར་ལྟོས་ཤིག །ལུས་ཀྱི་ནང་གང་ཡིན་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ། སྡུག་བསྔལ་གྱི་རང་བཞིན་བྱས་པ་མི་གཟོ་བའོ་ཞེས་རྒྱ་ཆེར་རྟོགས་པར་བྱའོ། ། འདི་ལ་སྙིང་པོ་ཅི་ཡོད་ཅེས་བྱ་བ་ནི་མཁས་པས་བསྔགས་པའམ་རིག་པ་དང་ལྡན་པར་ཏེ། དེ་ལྟར་བདག་ཉིད་ཀྱིས་བརྟགས་པར་གྱིས་ཤིག །དེ་ལྟར་ནི་བརྗོད་པའི་ཚུལ་དུའོ། །ལེགས་པར་སྨྲས་པ་ཡིན་ནོ་ཞེ་ན། ད་དུང་དུ་ཅིའི་ཕྱིར་ཏེ་ཁྱོད་ད་དུང་ཡང་ཡོན་ཏན་ཐམས་ཅད་དང་བྲལ་ བར་དེ་ལྟར་རིགས་བཞིན་དུ་ཡང་ལུས་སྲུང་བར་བྱེད་སྨྲོས་ཤིག །དེ་ལྟ་མོད་ཀྱི། འདི་ལས་ཅུང་ཟད་བླང་བར་བྱ་བ་ཡོད་དོ་ཞེ་ན། བཟར་མི་རུང་ཞེས་བྱ་བ་སྟེ། མདོར་ན་གང་ཞིག་ཡོད་པ་དེ་ནི་མཁོ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེའི་ཕྱིར་མི་མཁོ་བའི་ལུས་ཀྱིས་ཅི་བྱེད། འདི་ལ་ཆགས་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དགོས་པ་གཞན་མེད་པའི་ཕྱིར། འདི་ནི་རིགས་པར་བལྟ་བར་བྱའོ་ཞེས་གསུངས་པ་ནི། ཉིས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གང་གི་ཕྱིར་ལས་ལ་གང་གིས་ཀྱང་ལྷན་ཅིག་བྱེད་པར་དངོས་ པོས་སྦྱར་བར་བྱ་བ་ཡིན་པས་ན་མཁོ་བ་ནི་ཆགས་པར་བྱའོ་ཞེ་ན། དེ་ལྟ་མོད་ཀྱི། འདི་ལ་མངོན་པར་ཞེན་པར་མི་བྱའོ་ཞེས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཆི་བདག་སྙིང་བརྩེ་བ་མེད་པས་ཁྱོད་ཀྱི་ལུས་ཕྲོགས་ཏེ་ཞེས་བྱ་བ་སྟོབས་ཀྱིས་ཁྱེར་ཏེ་བྱ་རྒོད་རྣམས་ལ་བྱིན་ པ་ན། དེའི་ཚེ་ན་ཡང་འགའ་ཡང་སླར་འཆོས་པར་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་གྱུར་པ་ཡིན་མོད་ཀྱི། ཟས་དང་བགོ་བ་ལ་སོགས་པ་ཙམ་གྱིས་བསྐྱང་བར་བྱའོ་སྙམ་ན། འདིར། བྲན་གཡོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་བྲན་གཡོག་ལ་ སོགས་པ་བཀོལ་བར་བྱ་བ་ཡིན་དུ་ཟིན་ན། དེ་ལྟ་མོད་ཀྱི། དེ་ལ་འཁོར་དུ་མི་བཏུབ་པའི་རང་བཞིན་མཛངས་པས་ཤེས་པར་བྱེད་ནས་འཇུག་པར་བྱེད་དོ། །དེ་བཞིན་དུ་སྐབས་སུ་བབ་པར་ཡང་དེའི་ཆོས་ཅན་ཡིན་ན། ཀྱེ་ཡིད་ཁྱོད་བསམ་པ་གང་གི་ཡོ་བྱད་ཟད་ཟད་དུ་ཤ་ཐང་གསོ། འོ་ན་ཅི་ དེ་ལ་རྣམ་པ་ཐམས་ཅད་དུ་སྐབས་མི་དབྱེ་འམ་ཞེ་ན། མ་ཡིན་ཏེ། འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླ་རྔན་ནི་ལས་ཀྱི་རིན་ནོ། །དེ་སྙེད་ཙམ་ལུས་འགྲོ་བའི་ཚུལ་ཅན་འདི་ལ་བྱིན་ལ་སྟེ། ལས་ལ་མཁོ་བར་བྱ་བའི་ཕྱིར་རོ། །ཀྱེ་ཡིད་རང་གི་དགོས་པ་སྒྲུབས་ཤིག ། ཅིའི་ཕྱིར་འདི་ལ་ཉིད་ཀྱིས་བསགས་པ་ཅིའི་ཕྱིར་འདི་ལ་སྦྱིན་པར་མི་བྱ་ཞེ་ན། གང་གི་ཕྱིར་གང་ཅུང་ཟད་བྱེད་པས་སྒྲུབ་པ་ལས་བྱེད་པ་དེ་ལ་སྦྱིན་པར་བྱའོ་ཞེས་བྱ་བའི་རིགས་པ་ནི་ཡོད་པ་མ་ཡིན་ཏེ། དེ་བས་ན་འཇུག་པ་དང་ཟློག་པའི་རྒྱུར་ལུས་ལ་གྲུའི་བློར་བཞག་ནས་ཉེ་བར་ རྟོན་པ་ཙམ་བྱིན་ནས། སེམས་ཅན་གྱི་དོན་བསྒྲུབ་ཅིང་རྫོགས་པར་བྱ་བའི་ཕྱིར་འདོད་པ་ལ་རག་ལས་པའི་ལུས་སུ་གྱུར་ཅིག་པ་སྟེ། ཀྱེ་ཡིད་ཅེས་སྐབས་ཡིན་པར་སྦྱར་བར་བྱའོ། །དེ་ལྟར་ལུས་སོ་སོར་བརྟགས་ནས་དེའི་རང་བཞིན་མཁོ་བ་ཡང་དཔྱད་དེ། ལུས་ཀྱི་དགོས་པ་ ངེས་པའི་ཉེ་བར་བསྡུ་བ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྟན་པའི་ཚུལ་དུའོ། །བདག་གི་སེམས་དང་ལུས་ཀྱི་མཚན་ཉིད་རག་ལས་པར་གྱིས་ཏེའོ། །དུས་ཐམས་ཅད་དུ་དང་བའི་བཞིན་དུ་གྱིས་ཤིག་པ་སྟེ། སྨིན་མ་དཔྲལ་བར་བསྡུས་ལ་གཉེར་བ་སྟེ། དང་བ་ ཉམས་པར་བྱས་པ་ཐང་ཞིག་པའོ། །དེ་བཞིན་དུ་གཞན་གྱིས་སྔར་མ་བསྐུལ་བ་ཉིད་དུ་ལེགས་པར་འོངས་སམ་ཞེས་བྱ་བ་ལ་སོགས་པའི་ངག་གིས་ཕེབས་པར་སྨྲ་བའི་ངང་ཚུལ་དང་། རྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་གཉེན་དུ་གྱུར་པར་གྱིས་ཤིག་པའོ། །དེ་ལྟར་ཡང་དོན་མེད་པ་སྤངས་ པའི་ཕྱིར་བསླབ་པའི་བྱ་བ། ཁྲི་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བབ་ཅོལ་དུ་རྟབ་རྟབ་པོར་དགོས་པ་མེད་པར་ལག་པ་དང་དབྱུག་པ་ལ་སོགས་པས་སྒོ་གླེགས་ཀྱང་བརྡུང་བར་མི་བྱའོ། །མདོར་ན་རྟག་ཏུ་སྒྲ་མེད་པར་བཅོམ་བསྐྱུང་བ་ལ་མངོན་པར་དགའ་ བར་གྱུར་པར་བྱའོ། །དེ་ལྟར་བྱས་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། ཆུ་སྐྱར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཐམས་ཅད་ཀྱིས་བཅོམ་བསྐྱུངས་ཤིང་སྒྲ་མེད་པ་དང་མི་རྒོད་པར་གནས་པས་བརྗོད་པར་འདོད་པའི་དོན་འཐོབ་པ་དེ་བཞིན་དུ་བརྟུལ་ཞུགས་ཅན་གྱིས་ཀྱང་ ཏིང་ངེ་འཛིན་གྱི་ཚེར་མ་སྤངས་ལ་གནས་པར་བྱའོ། །འདི་ལྟར་བསླབ་པར་བྱའོ། །གཞན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་འགྱོད་པ་སེལ་བ་དང་། གདམས་ངག་དང་། རྗེས་སུ་བསྟན་པ་ལ་གུས་པ་ཅན་འདུལ་བ་ལ་སོགས་པ་མཁས་པ་གསོལ་བ་མ་ བཏབ་པར་ཕན་པར་འདོད་ཅིང་ཕན་འདོགས་པའི་ཚིག་ནི་སྤྱི་བོས་བླང་བར་བྱ་སྟེ། དེ་དག་ལ་སེམས་སུན་དབྱུང་བར་མི་བྱ་སྟེ་ཁྱད་དུ་གསད་པར་ཡང་མི་བྱའོ་སྙམ་དུ་དགོངས་སོ། །སེམས་ཅན་ཐམས་ཅད་ལ་བླ་མར་གུས་པའི་བློས་ལེགས་པར་དཔྱད་པར་བྱའོ་སྙམ་པས་ཐམས་ཅད་ ལ་ཐམས་ཅད་བསླབ་པར་བྱའོ། །ཕྲག་དོག་གི་དྲི་མ་རབ་ཏུ་བཀྲུ་བའི་ཕྱིར། ལེགས་པར་གསུངས་པ་ཞེས་བྱ་བ་གསུངས་པ་ལ། གཞན་དག་ལ་ཡོན་ཏན་དང་ལྡན་པར་བརྗོད་པ་ལ་དེ་མགུ་བར་བྱ་བའི་ཕྱིར་ལེགས་སོ་ལེགས་སོ་འདི་ནི་བཟང་ངོ་ཞེས་བྱ་བའི་སྒྲ་ལྷག་པའི་བསམ་ པས་བརྗོད་པར་བྱའོ། །དགེ་བའི་ལས་བྱེད་པ་དག་མཐོང་ན་ཡང་ལེགས་པར་བྱས་སོ། །སྐལ་བ་དང་ལྡན་པའོ། །ལེགས་པར་བྱ་བའི་ལས་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་བརྗོད་པ་རྣམས་ཀྱིས་སྤྲོ་བ་བསྐྱེད་པར་བྱའོ། །ཁ་གསག་ཏུ་ དགོས་པ་བཟློག་པའི་དོན་དུ། ལྐོག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ལ་ཡོན་ཏན་ཡོད་པར་གྱུར་པ་ཡིན་ནའང་ལྐོག་ཏུ་བརྗོད་པར་བྱ་སྟེ། མངོན་སུམ་དུ་ནི་མ་ཡིན་ནོ། །གཞན་དུ་ན་ཁ་ཅིག་ཁ་གསག་ཡིན་སྙམ་པར་འགྱུར་རོ། །གཞན་གྱིས་དེའི་མངོན་སུམ་དུ་གཞན་ གྱི་ཡོན་ཏན་སྨྲ་བར་བྱེད་པ་ན། དེ་དང་མཐུན་པར་སྨྲ་བར་བྱེད་པས་དེའི་མངོན་སུམ་དུ་བརྗོད་པར་བྱའོ། །གཞན་དུ་ན་འདི་དེ་ལ་མ་དགའོ་སྙམ་ནས་ཕ་རོལ་རང་གི་སེམས་སུན་འབྱིན་པར་བྱེད་དོ། །རང་གི་ཡོན་ཏན་ལ་ཡོན་ཏན་གྱི་ཕྱོགས་སུ་ལྷུང་བས་དང་བ་འགའ་ཞིག་གིས་མངོན་སུམ་ དང་ལྐོག་ཏུ་གྲགས་པར་བྱེད་པ་ན་སེམས་ཀྱི་ཁེངས་པ་བཟློག་ཅིང་ཡོན་ཏན་རྗོད་པར་བྱེད་པ་དེ་ལ་ཡོན་ཏན་ལ་རྗེས་སུ་ཆགས་པ་ཡིན་པར་ཡིད་ལ་བྱའོ། །གཞན་གྱི་ཡོན་ཏན་ལ་མི་བཟོད་པ་སྤང་བ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐ་མ་དང་འབྲིང་དང་ ཕུལ་དུ་བྱུང་བ་ཐམས་ཅད་ཀྱིའམ། ཡང་ན་བརྩོན་པའོ། །སྡུག་བསྔལ་ཡོངས་སུ་སྤོང་བས་དགའ་ཕྱིར་ཏེ། ཡོངས་སུ་ངལ་བའི་རྩོམ་པ་ཐམས་ཅད་ཀྱིས་ནི་དགའ་བ་ཉིད་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏེ། དགའ་བ་དེ་ཡང་ནོར་བཏང་བས་ཀྱང་རྙེད་པར་དཀའ་སྟེ་རྙེད་པར་འགྱུར་བ་ མ་ཡིན་པའོ། །འདིར་ནི་འབད་པ་མེད་པར་གྲུབ་ཅིང་ཉེ་བར་གནས་པ་ཡིན་ན་ཅིའི་ཕྱིར་འདོར་བར་བྱེད་སྙམ་དུ་ཤེས་པར་བྱས་ལ་དགའ་བའི་བདེ་བ་ལ་ལོངས་སྤྱད་པར་བྱ་སྟེ་ཉམས་སུ་མྱོང་བར་བྱའོ། །ཅི་སྟེ་གཞན་གྱིས་འབད་པས་བསྒྲུབས་པའི་ཡོན་ཏན་རྣམས་ཀྱིས་ བསྐྱེད་པ་ལ་མ་ཡིན་ན། བུ་སྡུག་པའི་ཡོན་ཏན་སྲུང་བ་ནི་མི་རིགས་སོ་སྙམ་དུ་བསྒོམས་ལ་གཞན་གྱི་ཡོན་ཏན་ཐོས་པ་ལས་སེམས་རྩུབ་པར་འགྱུར་བ་སྤང་བར་བྱའོ། །འདི་ལ་སོགས་པ་ཡིན་པས་བདག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་འདི་ལ་འཇུག་པར་འགྱུར་བ་ བདག་ལ་འཇིག་རྟེན་འདིར་ཟད་པའི་ཞད་ཙམ་ཡང་འབྱུང་བ་མ་ཡིན་ལ་བསགས་པ་ནི་ཡོད་དོ་ཞེས་སྟོན་པར་བྱེད་པ་ཕ་རོལ་དུའང་བདེ་བ་ཆེ་སྟེ། གཞན་གྱི་ཡོན་ཏན་ལ་མངོན་པར་དགའ་བའི་ཕྱིར་རོ། །དེ་ལྟར་མི་བྱེད་པ་ལ་འགྲིབ་པ་འཇིག་རྟེན་གཉི་གར་ཡང་སྡུག་བསྔལ་བ་མཐོང་སྟེ། གཞན་གྱི་ཡོན་ཏན་མ་བཟོད་པའི་ཕྱིར་རོ། །དེ་བས་ན་སྡིག་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། རིགས་པའི་ལས་བྱ་བ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ནི། སྨྲ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁ་ན་མ་ཐོ་བ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་ཡིད་ཕེབས་པའོ། ། རིམ་པར་རྣམ་པར་གནས་པའི་ཚིག་དང་། ཐེ་ཚོམ་མེད་པའི་དོན་དང་། ཡིད་ཚིམ་པར་བྱེད་པ་དང་། མཉན་ན་ཚིམ་པར་བྱེད་པ་དང་། སྙིང་རྗེའི་རོའི་རྒྱུ་མཐུན་པ་ལས་བྱུང་བ་དང་། འདོད་ཆགས་ལ་སོགས་པ་རྒྱུ་མ་ཡིན་པ་དང་། འཇམ་པ་ནི་རྩུབ་པའི་ཚིག་སྤངས་པ་དང་། རན་པའི་ཚིག་ནི་ སྒྲ་ཇི་ཙམ་གྱིས་གོ་བར་བྱ་བ་རྟོགས་པར་འགྱུར་བ་སྟེ། དེ་ལས་གཞན་པ་ཡང་མ་ཡིན། ཧ་ཅང་ལྷུག་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །དྲང་པོར་ལྟ་བ་ནི་ཡོན་པོ་མ་ཡིན་ཞིང་གྱ་གྱུ་ཅན་མ་ཡིན་པ་སྟེ། མཆོག་ཏུ་དགའ་བའི་རོའི་ཁུར་གྱིས་དུད་པར་གྱུར་པའི་མིག་གིས་སྐོམ་ པ་ཆུ་གྲང་མོ་མཆོག་ཏུ་ཚིམ་པར་བྱེད་པ་ལེགས་པར་འཐུང་བ་བཞིན་དུ་སེམས་ཅན་རྣམས་ལ་རྣམ་པར་བལྟ་བར་བྱ་སྟེ། ཆགས་པས་མ་ཡིན། སྡང་བས་མ་ཡིན། རྨོངས་པས་མ་ཡིན་ཏེ། དེ་དག་ནི་མཆོག་ཏུ་ཕན་འདོགས་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ སེམས་ཅན་དེ་དག་ལ་བརྟེན་ནས་རྙེད་པར་དཀའ་བའི་སངས་རྒྱས་ཉིད་འཐོབ་པར་བདག་འགྱུར་བ་སྟེ་སྐྱེ་བར་འགྱུར་རོ། །དེ་ལྟར་གནས་པ་ན་དེང་སང་ཉིད་ནས་ཀྱང་སེམས་ཅན་གྱི་དོན་ནུས་པ་ཉིད་ཡིན་ཏེ། གང་། ཀུན་དུ་མི་རྒོད་འཇམ་པ་དང་། །རན་ཅིང་མཉན་པར་སྨྲ་བ་ཡིས། །སྐལ་ ཅན་སྐྱེ་བོ་འདུན་པར་འགྱུར། །གཟུང་བར་འོས་པའང་སྐྱེ་བར་འགྱུར། །ཞེས་གསུངས་པ་ཡིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའི་ཆོས་ལ་ཡང་དག་པར་སྡུད་པ་ཡིན་ནོ། །དེ་ལྟར་མི་བྱེད་ན་ཅི་ཉེས་ཤེ་ན། དེ་ནི་གཟུང་འོས་མ་ཡིན་ན། འཇིག་རྟེན་རྒྱལ་བའི་མྱུ་གུ་ བརྙས། །ཐལ་བས་གཡོགས་པའི་མེ་བཞིན་དུ། །སེམས་ཅན་དམྱལ་ལ་སོགས་པར་བསྲེག །ཅེས་སོ། །དེ་ལྟ་བས་ན་སེམས་ཅན་མགུ་བར་བྱ་བ་ཉིད་བྱང་ཆུབ་སེམས་དཔའི་ལས་ཡིན་ནོ། །ཕན་འདོགས་པའི་ཞིང་ནི་བསོད་ནམས་ འབྱུང་བའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པས་དེའི་ཞར་ལ་འོངས་པ་གཞན་ཡང་བསྟན་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་ཞེན་པ་ལས་བྱུང་བ་ནི་ཡི་དམ་དུ་བྱས་པའི་དང་བ་དྲག་པོས་བསྐྱེད་པའོ། །གཉེན་པོའི་ཕྱོགས་ཀྱི་ཉོན་མོངས་པའི་གཉེན་པོ་སྟོང་པ་ ཉིད་ལ་སོགས་པ་བསྒོམས་པ་ལས་བྱུང་བའོ། །ཡོན་ཏན་གྱི་ཞིང་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །ཕན་འདོགས་པའི་ཞིང་ནི་ཕ་མ་ལ་སོགས་པའོ། །སྡུག་བསྔལ་བའི་ཞིང་ནི་ནད་པ་ལ་སོགས་པ་སྟེ། དེ་དག་ལ་ཉུང་ངུ་ཞིག་བྱས་པས་ཀྱང་ དགེ་བ་ཚད་མེད་པའི་རྒྱུ་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཏེ་འདི་ཡང་གོམས་པར་བྱ་བ་ཡིན་ནོ་ཞེས་གསུངས་པ། མཁས་ཤིང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཐམས་ཅད་དུ་སྤྱོད་པ་སྒྲིན་པའོ། །ལྡང་དང་ལྡན་པ་ནི་ལེ་ལོ་སྤངས་པའི་ཕྱིར་ཏེ་བརྩོན་ འགྲུས་དང་ལྡན་པར་གྱུར་པའོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་ཀྱིས་ཐམས་ཅད་བྱ་བ་སྟེ། ལས་འགའ་ལ་ཡང་གཞན་ལ་ལྟོས་པ་མེད་པར་བྱའོ་ཞེས་པ་འདི་ཉིད་སྐབས་དབྱེ་བར་ཞེས་བྱ་བ་ལ་སོགས་པར་བསྟན་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་གོམས་པར་བྱེད་པ་ན་དོན་མེད་པ་ སྤང་བར་བྱ་བའི་ཕྱིར་མཐར་གྱིས་བྱ་བ་སྦྱིན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་ནས་གོང་དུ་ནི་སྦྱིན་པ་བས་ཚུལ་ཁྲིམས་ཁྱད་ཞུགས་ལ། ཚུལ་ཁྲིམས་པས་བཟོད་པའོ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་གཞན་གྱི་རྒྱུར་གོང་མ་མི་བཏང་སྟེ། དེ་དང་འགལ་བས་མི་བསྟེན་སྙམ་དུ་དགོངས་པའོ། །ཅི་རྣམ་པ་ཐམས་ཅད་དུ་འམ་མ་ཡིན་ཞེ་ན། སྤྱོད་པའི་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་བསླབ་པ་སྡོམ་པ་མཚན་ཉིད་གང་ཡིན་པ་དེ་ཉིད་ནི་དགེ་བའི་ཆུ་བསྲུང་བའི་ཆེད་དུ་ཆུ་ལོན་བྱས་པའོ། །དེ་བས་ ན་ལས་གཞན་དུ་ཞེས་བྱ་བ་ནི་མ་གཏོགས་པ་སྟེ། དེ་ཇི་ལྟར་མི་ཉམས་པར་ཞེ་ན། བྱ་བའི་དོན་ཏོ། །དེ་བས་ཚོགས་བསགས་པར་འདོད་པ་སྙིང་རྗེ་གཞན་གྱི་དབང་དུ་གྱུར་པས་ཐམས་ཅད་བྱ་བར་གསུངས་པ་ཡིན་ནོ་ཞེས་བརྗོད་པ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ བླ་ན་མེད་པ་ཤེས་པར་བྱས་ལ་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བ་བསྒྲུབ་པར་བྱ་བའི་ཕྱིར། རྟག་ཏུ་བརྩོན་འགྲུས་བརྩམས་པར་འགྱུར་བར་བྱའོ། །དོན་བཀག་པ་ལ་འཇུག་པ་དག་ཇི་ལྟར་ན་ལྟུང་བར་བཅས་པ་མ་ཡིན་ཞེ་ན། འགའ་ཞིག་བཀག་པ་ཡང་བྱ་བར་འོས་པ་བཅོམ་ ལྡན་འདས་ཀྱིས་གནང་སྟེ། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་ངེས་པར་འབྱུང་བ་དང་བཅས་པ་ཡིན་ནོ། །དེ་ཡང་ཐམས་ཅད་ལ་མ་ཡིན་གྱི། འོན་ཀྱང་ཐུགས་རྗེ་མངའ་བ་སྟེ་ཐུགས་རྗེ་རབ་ཀྱི་མཐར་ཕྱིན་པ་ལ་འཇུག་པའི་ཕྱིར་རོ། །དེའི་གཞན་དབང་དུ་གྱུར་ཅིང་གཞན་གྱི་དོན་ལ་ རོ་གཅིག་པ་ཅན་རང་གི་དགོས་པ་ལ་ཕྱིར་ཕྱོགས་པར་བལྟ་སྟེ། དེ་ལྟར་ཤེས་རབ་དང་སྙིང་རྗེ་ལས་བྱུང་བས་གཞན་གྱི་དོན་ལ་འཇུག་པ་ཐབས་མཁས་པས་རབ་ཏུ་འཇུག་པར་བྱེད་པ་ལ་ནི་ལྟུང་བ་མེད་དོ། །འདིར་ཡང་ཉེ་བ་འཁོར་གྱིས་ཞུས་པ་ལས་ལྟུང་བ་དང་ལྟུང་བ་མེད་པའི་རྣམ་པར་ འབྱེད་པར་རིག་པར་བྱའོ། །དེ་བཞིན་དུ་ཐབས་ལ་མཁས་པའི་མདོ་ལས། བྲམ་ཟེའི་ཁྱེའུ་སྐར་མའི་དབང་དུ་བྱས་ཏེ་ལྟུང་བ་དང་ལྟུང་བར་མི་འགྱུར་བའི་ཆ་ཤེས་པར་བྱའོ། །འདི་ནི་བདག་ལུས་བསྲུང་བ་སྟེ་སྨན་དང་གོས་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བ་དེ་དག་བསྟན་པར་བྱ་ བའི་ཕྱིར། ལོག་པར་ལྟུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨན་དང་གོས་ལ་སོགས་པས་བདག་གི་ལུས་ཡོངས་སུ་བསྐྱང་བར་བྱ་སྟེ་གཞན་གྱི་དོན་ལ་མཁོ་བའི་ཕྱིར་རོ། །ཇི་སྐད་དུ་སྔར་བསྟན་པ་ལྟ་བུ་སྟེ། དེ་ལ་སྨན་ནི་རྣམ་པ་གཉིས་ཏེ། རྟག་ཏུ་བྱ་བའི་སྨན་དང་། ན་བའི་གསོས་སྨན་ནོ། །དེ་ལ་རྟག་ཏུ་བྱ་བའི་སྨན་ནི་ཟན་ལ་སོགས་པའོ། །ཟས་དེ་ནི་དོན་དུ་སྤྱོད་ཡུལ་དུ་སྤྱོད་པ་གྲོང་དུ་འཇུག་པ་ན་ཇི་སྐད་དུ་བསྟན་པའི་བསླབ་པ་ལ་དྲན་པ་གཞག་སྟེ་རྒྱུ་བར་བྱའོ། །དེ་ནས་བསོད་སྙོམས་རྙེད་པ་ལས་ཆ་བཞིར་བགོས་ལ། ལོག་པར་ལྟུང་བར་གྱུར་པ་དང་། མགོན་མེད་པ་ དང་བརྟུལ་ཞུགས་ལ་གནས་པ་ལ་ལེགས་པར་བགོ་བར་བྱ་སྟེ། བགོ་སྐལ་གཅིག་ནི་ལོག་པར་ལྟུང་བ་རྣམས་ལ། གཉིས་པ་ནི་མགོན་མེད་པ་རྣམས་ལ། གསུམ་པ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བྱིན་ནས། བཞི་པ་བདག་ཉིད་བཟའ་བར་ བྱའོ། །དེ་ཟ་བ་ན་འདོད་ཆགས་མེད་པར་བཟའ་སྟེ། ཆགས་པར་མ་ཡིན། བརྐམ་པར་མ་ཡིན། ཞེན་པར་མ་ཡིན་གྱི། གཞན་དུ་ན་ཇི་ཙམ་དུ་ལུས་འདི་གནས་པར་བྱ་བ་དང་། བསྐྱང་བར་བྱ་བའི་ཕྱིར་རན་པ་ཙམ་དུ་བཟའོ། །ཇི་ལྟར་ཧ་ཅང་ཡང་ཉམས་དམའ་བ་དང་། ཧ་ཅང་ ཡང་ལུས་ལྕི་བར་མི་འགྱུར་བ་དེ་ལྟར་བཟའོ། །དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་ཡང་ཉམས་དམས་ན་ནི་དགེ་བའི་ཕྱོགས་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །ལུས་ཧ་ཅང་ཡང་ལྕིས་ན་གཉིད་ཀྱིས་ནོན་པར་འགྱུར་རོ། །དེས་བསོད་སྙོམས་དེ་ཟོས་ནས་དགེ་བའི་ཕྱོགས་ལ་མངོན་དུ་ཕྱོགས་ པར་བྱའོ་ཞེས་འཕགས་པ་དཀོན་མཆོག་སྤྲིན་ལས་གསུངས་སོ། །འཕགས་པ་རིན་པོ་ཆེའི་ཕུང་པོ་ལས་ཀྱང་ཟས་ཟ་བ་ན་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ལུས་འདི་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་ཡོད་པ་དེ་དག་དེའི་མཐུས་བདེ་བར་གནས་པར་གྱུར་ཅིག །དེ་ལྟ་ན་ནི་འདི་ དག་ཟང་ཟིང་གིས་བསྡུ་བར་བྱའོ། །བྱང་ཆུབ་ཐོབ་ནས་ནི་ཆོས་ཀྱིས་བསྡུ་བར་བྱའོ་ཞེས་རྒྱ་ཆེར་འབ