Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 105
Văn bản gốc(Tây Tạng)
Trang 19 / 22 (50.000 ký tự/trang)
་བདེ་བ་སྒྲུབ་པར་མཛད་པ་ཡིན་ཞིང་། དེ་བཞིན་འཇིག་ཚོགས་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཀྱིས་ ནི་གདུལ་བྱ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དག་གིས་འཁོར་བར་སྐྱེ་བའི་གནོད་པ་སེལ་བར་མཛད་ཅིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་བདེ་བ་སྒྲུབ་པར་མཛད་པ་ཡིན་ལ། དེ་བཞིན་དུ་ཐེག་པ་དམན་པ་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཀྱིས་ནི་གདུལ་བྱ་རིགས་མ་ངེས་པ་དག་ཐེག་ པ་དམན་པར་ལྟུང་བའི་གནོད་པ་སེལ་བར་མཛད་ཅིང་། ཐེག་པ་ཆེན་པོའི་བདེ་བ་ཡང་སྒྲུབ་པར་མཛད་ལ། དེ་བཞིན་དུ་གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་དག་ལ་ནི་ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོབ་པའི་ཕྲིན་ལས་ཀྱིས་ནི་ཐེག་པ་ཆེན་པོའི་ཐབས་མ་ཡིན་པར་འཇུག་པའི་གནོད་པ་སེལ་ ཅིང་། ཡང་དག་པའི་ཐེག་པ་ཆེན་པོའི་ཐབས་ཉིད་ལ་འགོད་པའི་བདེ་བ་སྒྲུབ་པར་མཛད་པའི་ཕྱིར། སེམས་ཅན་མ་ལུས་གནོད་པ་སེལ་མཛད་ཅིང་། །བདེ་བ་རྣམ་མང་སྣ་ཚོགས་སྒྲུབ་མཛད་པ། །ཞེས་འབྱུང་བ་ཡིན་ནོ། །ད་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་གཞིའི་གཞུང་བཤད་ པའི་ཕྱིར། དེ་ཡང་སྒྲུབ་པ་པོ་གང་ཟག་གི་དབང་དུ་བྱས་ནས། དལ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་སྤྱོད་པ་སྒྲུབ་པའི་ལྷན་ཅིག་བྱེད་པའི་རྐྱེན། དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བའི་ཕྱིར། དེ་ཐོབ་པ་ཆུད་མི་ཟ་བར་བསྟན་ཏེ། ཚིགས་སུ་བཅད་པ་གཉིས་པས་ནི་སྤྱོད་པ་སྒྲུབ་པའི་ཉེ་བར་ལེན་པའི་རྒྱུ་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་རྒྱུད་ལས། བདག་དང་གཞན་མཉམ་པ་ཉིད་དུ་བྱ་བའི་དགེ་བའི་ཆོས་ལ་འདུན་པ་རྙེད་པར་དཀའ་བས་དེ་ཆུད་མི་ཟ་བར་བྱ་བ་ཉིད་དུ་ བསྟན་ཏེ། དེ་ཡང་བསླབ་པ་ཀུན་ལས་བཏུས་པ་ལས། སྐྱེས་བུའི་དོན་རྣམས་བསྒྲུབ་པའི་དལ་འབྱོར་འདི་ཞེས་བྱ་བ་ལ་སོགས་པ་དང་། དེ་ལྟ་བུ་དང་ཕྲད་པ་ལ་བརྟེན་ནས་སེམས་ཅན་ཆེན་པོ་དག་ལ་འདི་ལྟ་བུའི་རྣམ་པར་རྟོག་པ་འབྱུང་ངོ་། །འདི་ལྟར་བདག་དང་གཞན་མཉམ་པར། །འཇིགས་དང་ སྡུག་བསྔལ་མི་འདོད་ན། །བདག་དང་བྱེ་བྲག་ཅི་ཡོད་ཀྱིས། །གང་དེ་བསྲུང་ལ་དེ་མི་སྲུང་། །སྙམ་སྟེ། ཞེས་འབྱུང་བ་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དལ་འབྱོར་ཞེས་བྱ་བ་ནི་བདག་གི་འབྱོར་པ་ལྔ་སྟེ། མིར་གྱུར་པ་དང་། དབང་པོ་ཚང་བ་དང་། ཡུལ་ གྱི་དབུས་སུ་སྐྱེས་པ་དང་། གནས་ལ་དད་པར་གྱུར་པ་དང་། ལས་ཀྱི་མཐའ་མ་ལོག་པ་དང་། དེ་བཞིན་དུ་གཞན་གྱི་འབྱོར་པ་ལྔ་སྟེ། སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང་། དམ་པའི་ཆོས་སྟོན་པ་དང་། དམ་པའི་ཆོས་འཇིག་རྟེན་ན་གནས་པ་དང་། གཞན་དག་ཀྱང་དེའི་རྗེས་སུ་ འཇུག་པ་དང་། གཞན་རྗེས་སུ་སྙིང་བརྩེ་བ་སྟེ། བཅུ་པོ་འདི་དག་ནི་ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་རྙེད་པར་ཤིན་ཏུ་དཀའ་བ་ནི་མདོ་ཀུན་ལས་བཏུས་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེ་ཉིད་ནི་སྐྱེས་བུའི་དོན་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྒྲུབ་ པའི་རྟེན་ཡིན་ཏེ། དེ་ལྟར་ཅི་ཞིག་ལྟར་ཐོབ་པར་གྱུར་པ་དང་། གལ་ཏེ་དེ་ཐོབ་པའི་གནས་གནས་སྐབས་འདི་ལ་ཕན་པ་སྟེ། དགེ་བའི་ལས་མ་བསྒྲུབས་ན་ཐོབ་པ་ཆུད་ཟོས་པ་ཉིད་དུ་འགྱུར་བས་དེ་ཐོབ་པ་ཆུད་མི་ཟ་བར་བྱ་བའི་ཕྱིར། དེའི་ལས་ལ་འབད་པར་བྱའོ་ཞེས་བྱ་བར་བསྟན་ཏོ། ། དེ་ལྟར་ཡིན་ཡང་ཕྱིས་བསྒྲུབ་པར་བྱ་མོད་ཅེ་ན། ཕྱིས་ནི་འགྲུབ་པར་ངེས་པ་མེད་པའི་ཕྱིར། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་སོ། །ད་ནི་སྤྱོད་པ་སྒྲུབ་པའི་རྟེན་ཉེ་བར་ལེན་པའི་རྒྱུའི་དབང་དུ་བྱས་ནས། ཇི་ལྟར་མཚན་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ཏེ་ཐེག་པ་ཆེན་པོའི་རིགས་ཅན་དག་གི་རྒྱུད་ལ་དལ་འབྱོར་ཕུན་སུམ་ཚོགས་པ་དང་ཕྲད་པ་ལ་བརྟེན་ནས་བསོད་ནམས་ཏེ་དགེ་བའི་ཆོས་བདག་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྡུག་བསྔལ་དང་བྲལ་ཞིང་། བདེ་བ་བསྒྲུབ་པར་བྱའོ་སྙམ་པའི་བྱམས་པ་དང་སྙིང་ རྗེའི་བདག་ཉིད་ཀྱི་བློ་གྲོས་ཐང་འགའ་ཞིག་འབྱུང་གི་གཏན་དུ་འབྱུང་བ་མ་ཡིན་པས། དེ་ཐོབ་པ་ཆུད་མི་ཟ་བར་བྱའོ་ཞེས་བསྟན་ཏོ། །དེ་ནི་རྟེན་ཁྱད་པར་ཅན་ཐོབ་པའི་གང་ཟག་དེས་ཉམས་སུ་བླང་བའི་རིམ་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་བདག་ཉིད་ཀྱི་དབང་དུ་ བྱས་ནས། རེ་ཞིག་སྤྱོད་པ་བསྒྲུབ་པའི་སྔོན་དུ་འགྲོ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པས་དེའི་ཕན་ཡོན་བསྟན་པ་དང་། དེ་ལྟར་དགེ་བ་ཉམ་ཆུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྡུས་པའི་དོན་ཏོ། །དགེ་བ་བསྒྲུབ་པའི་རྟེན་ནི་དལ་འབྱོར་ཕུན་སུམ་ཚོགས་པ་ཡིན་ལ་འདི་ནི་ ཤིན་ཏུ་རྙེད་པར་དཀའ་བས་དེ་ལ་བརྟེན་པའི་དགེ་བའི་ཆོས་ནི་ཤིན་ཏུ་ཉམ་ཆུང་བའི་ཕྱིར་དང་མི་དགེ་བ་སྒྲུབ་པའི་རྟེན་མི་ཁོམ་པའི་གནས་ནི་ཤིན་ཏུ་རྙེད་པར་སླ་བས་དེ་བསྟན་པའི་མི་དགེ་བའི་ཆོས་ནི་དཔག་ཏུ་མེད་པ་རྒྱུད་ལ་གནས་པ་ཡིན་ལ། དེ་རྣམས་ནི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་རྣམ་པ་ གཉིས་ཀྱིས་སྤོང་བར་འགྱུར་ཏེ། དེ་ནི་རྟེན་གྱི་སྟོབས་དང་ཉེས་པ་ལས་བཟློག་པའི་སྟོབས་ཁྱད་པར་ཅན་ཡིན་པའི་ཕྱིར་དང་། ལྷག་མ་ཉན་ཐོས་ལ་སོགས་པར་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པའི་དགེ་བ་གཞན་དག་གིས་ནི་དེ་ལྟར་མ་ཡིན་ཏེ། དེ་དག་ནི་རྟེན་གྱི་སྟོབས་དང་ཁྱད་པར་ཅན་མ་ ཡིན་པའི་ཕྱིར་རོ། །དེ་བས་ན་དུས་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་ལ་དགོངས་པའི་ཐུབ་པའི་དབང་པོ་དངོས་ཀྱིས་ཀྱང་ཉན་ཐོས་སུ་སེམས་བསྐྱེད་པ་ལ་སོགས་པའི་ནང་ནས་ཐེག་པ་ཆེན་པོར་སེམས་བསྐྱེད་པ་ཉིད་མཆོག་ཏུ་ཕན་པར་གཟིགས་སོ་ཞེས་བྱ་བ་ཡིན་ནོ། །ཕན་ཡོན་གཞན་ཡང་ བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིས་ནི་གདུལ་བྱ་ཚད་མེད་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས། བདེ་བ་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའི་སངས་རྒྱས་ཀྱང་མེ་ལྔ་བསྟེན་པ་ལ་སོགས་པ་ལྟ་བུའི་ལུས་གདུང་བའི་དཀའ་ཐུབ་དྲག་པོ་བྱ་མི་དགོས་པར་གྲུབ་པར་བྱེད་པས་བདེ་བླག་ཉིད་དུ་ཐོབ་པར་བྱེད་ཅེས་ བཤད་དོ། །འདི་ཙམ་གྱིས་སྡིག་པ་སྤོང་ཞིང་བདེ་བ་ཐོབ་པར་བྱེད་པའི་རྒྱུ་ཉིད་དུ་བསྟན་ཏོ། །ཕན་ཡོན་བསྟན་པའི་སྒོ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་གཟུང་བར་བྱ་བ་ཉིད་དུ་གདམས་ངག་བསྟན་པ། འཇིགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་གི་རྒྱུད་ལ་ཚེ་འདིའི་རྒྱལ་ པོའི་ཆད་པ་ལ་སོགས་པའི་འཇིགས་པ་དང་། ཚེ་ཕྱི་མའི་འཁོར་བའི་སྡུག་བསྔལ་བརྒྱ་ཕྲག་དཔག་ཏུ་མེད་པ་གཞོམ་པར་འདོད་ཅིང་། དེ་བཞིན་དུ་སེམས་ཅན་གཞན་གྱི་རྒྱུད་ལ་ཚེ་འདི་དང་ཕྱི་མའི་མི་བདེ་བ་བསལ་བར་འདོད་པ་དང་། བདག་དང་གཞན་གྱི་རྒྱུད་ལ་ཚེ་འདི་དང་ཕྱི་མའི་བདེ་བ་མང་པོ་བརྒྱ་ ཕྲག་དཔག་ཏུ་མེད་པ་སྤྱོད་པར་འདོད་པས་ཀྱང་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་རྟག་ཏུ་གཏོང་བར་མི་བྱ་སྟེ། གདོན་མི་ཟ་བར་སེམས་བསྐྱེད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གྱུར་ན། དེ་བསྐྱེད་པའི་སྐད་ཅིག་གིས་གང་ ཟག་དེ་འཁོར་བའི་བཙོན་རར་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱིས་བསྡམས་པ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ཀྱང་། བདེ་བར་གཤེགས་པ་རྣམས་ཀྱི་སྲས། །ཞེས་བརྗོད་པར་བྱ་ཞིང་། དེ་ཉིད་ཀྱིས་ན། འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་ སྨོས་ཏེ། མཆོད་པའི་གནས་སུ་འགྱུར་རོ། །ཕན་ཡོན་གཞན་ཡང་གསེར་འགྱུར་རྩིའི་ཞེས་པ་ལ་སོགས་པ་སྨོས་ཏེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཇི་སྐད་དུ་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲང་གཅིག་གིས་ཀྱང་ ལྕགས་སྲང་སྟོང་གསེར་དུ་བསྒྱུར་ཏེ། དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ་ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཁུ་བའི་འབྱུང་ཁུངས་དགེ་བའི་རྩ་བ་ཡོངས་སུ་བཟུང་བའི་ལས་དང་ཉོན་མོངས་ པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་ཁུ་བའི་འབྱུང་ཁུངས་གཅིག་པོ་དེ་ནི་ལས་དང་འབྲས་བུ་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཀུན་ནས་ ཉོན་མོངས་པར་བྱ་བའམ་ཟད་པར་བྱ་བར་མི་ནུས་སོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི་དཔག་ཏུ་མེད་པ་དང་ལྡན་པར་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས་པ་རྟོགས་པ་དང་ལྡན་པ་གང་ཞིག་བདག་དང་གཞན་གྱི་རྒྱུད་ལ་སྤངས་པ་དང་ ཡེ་ཤེས་ཐོབ་པར་འདོད་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་དཀོན་པ་དང་རིན་ཆེ་དང་། དགའ་བར་བྱེད་པ་དང་། ཕན་འདོགས་པ་དང་། མི་མ་ཡིན་པ་ལ་སོགས་པའི་གནོད་པ་ལས་སྐྱོབ་པ་སྟེ། དལ་འབྱོར་ཕུན་སུམ་ཚོགས་པ་ལ་སོགས་པ་བསྟན་པའི་ཕྱིར་དང་གོ་ རིམས་བཞིན་དུ་ལུས་དང་ལོངས་སྤྱོད་དང་། དགེ་བའི་རྩ་བ་བཏང་དགོས་པའི་ཕྱིར་དང་། འགྱོད་པ་མེད་པའི་རིམ་གྱིས་བདེ་བ་ལ་རེག་པར་བྱེད་པའི་ཕྱིར་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་སྐྱེད་པའི་ཕྱིར་དང་། དེ་ཉིད་ཀྱིས་ན་གཞན་དག་གི་གནོད་པས་མི་ཚུགས་ པའི་ཕྱིར་ཏེ། དེ་བས་ན་ཡོངས་སུ་གཟུང་བར་བྱ་དགོས་པས། འགྲོ་བའི་དེད་དཔོན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་དགེ་བ་གཞན་ཀུན་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་བསྟན་ཏེ། ཇི་ལྟར་ཆུ་ཤིང་འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་བཞིན་དུ་བྱང་ཆུབ་ཏུ་སེམས་ བསྐྱེད་པའི་རྟེན་དམ་པ་དང་། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དམ་པས་མ་ཟིན་པའི་དགེ་བ་དེ་དག་གིས་ནི་རང་རང་གི་འབྲས་བུ་བསྐྱེད་ནས། དེའི་རྗེས་ལ་ཡོངས་སུ་ཟད་པར་འགྱུར་གྱི། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྟེན་དམ་པ་དང་། ཡོངས་སུ་བསྔོ་བ་དམ་པས་ཡོངས་སུ་ཟིན་པའི་དགེ་ བའི་རྩ་བ་རྣམས་ཀྱིས་ནི་ཇི་སྲིད་དུ་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་མངོན་པར་མཐོ་བའི་འབྲས་བུ་འབྱིན་ཞིང་དེ་ཟད་པར་མི་འགྱུར་ཏེ། མཐར་བྱང་ཆུབ་ཆེན་པོ་ཐོབ་པས་འཕེལ་བར་འགྱུར་རོ་ཞེས་བྱ་བའམ། ཡང་བྱང་ཆུབ་ཆེན་པོའི་འབྲས་བུ་འབྱིན་ཞིང་འཁོར་བ་ཇི་སྲིད་མ་སྟོངས་པར་གཟུགས་ཀྱི་སྐུ་རྣམ་པ་ གཉིས་འགྲོ་བའི་དོན་མཛད་པའི་ཕྱིར་རམ། ཡང་ན་བདག་གི་དོན་གྱི་འབྲས་བུ་འབྱིན་ཅིང་། གཞན་གྱི་དོན་ཡང་སྒྲུབ་པར་བྱེད་པའི་ཕྱིར། འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་བཤད་དོ། །འདིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཉིད་དགེ་བའི་རྩ་བ་མི་ཟད་ པར་བསྲུང་ཞིང་ལུས་ལ་སོགས་པ་སྤེལ་བའི་ཐབས་ཉིད་དུ་ཡང་སྟོན་ཏོ། །ཕན་ཡོན་གཞན་ཡང་། སྡིག་པ་ཤིན་ཏུ་མི་ཟད་ཅེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། གྲོགས་ཁྱད་པར་ཅན་ལ་བརྟེན་ནས་དགྲ་ལ་སོགས་པའི་འཇིགས་པ་ཆེན་པོ་ལས་སྐྱོབ་པ་བཞིན་དུ་སྨོན་པའི་ སེམས་བསྐྱེད་པའི་བདག་ཉིད་ཀྱི་ཉེས་པ་ལས་བཟློག་པའི་སྟོབས་ཀྱིས་ཀྱང་སྡིག་པ་ལས་གྲོལ་བའི་ཕྱིར། སྡིག་པ་སྦྱང་བར་འདོད་པ་རྣམས་ཀྱིས་གདོན་མི་ཟ་བར་བསྟེན་པར་བྱ་དགོས་ཏེ། དེས་ན་བསྐལ་པའི་མེ་བཞིན་དུ་ཉེས་བྱས་རྣམས་སྲེག་པའི་ཕྱིར་རོ་སྙམ་དུ་བསམ་པ་སྟེ། འདི་ཙམ་གྱི་ཕན་ཡོན་ རིག་པའི་སྒོ་ནས་བསྟན་ཏོ། །ད་ནི་ལུང་གི་སྒོ་ནས་བསྟན་པའི་ཕྱིར། དེའི་ཕན་ཡོན་ཞེས་བྱ་བ་ལ་སོགས་པ་སྟེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་ འཕེལ་བས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་རྟེན་པས་ས་ལྟ་བུའོ། །དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བསྲུང་བས་ཕ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་འགྲུབ་པས་ཡིད་བཞིན་གྱི་ནོར་ བུའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཉོན་མོངས་པའི་དགྲ་ཕམ་པར་བྱེད་པས་མདུང་ཐུང་ལྟ་བུའོ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགེགས་པས་གོ་ཆ་ལྟ་བུའོ། །ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ ལྟ་བུའོ། །ཉོན་མོངས་པའི་ཤིང་གཅོད་པར་བྱེད་པས་སྟ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱབ་པས་མཚོན་ཆ་ལྟ་བུའོ། །འཁོར་བའི་ཆུའི་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་པ་ཐམས་ཅད་ཁེབས་པའི་ས་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་ འཁོར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དག་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་ པ་གཞན་དག་དང་ལྡན་ནོ་ཞེས་འབྱུང་བ་ལྟ་བུའོ། །འོ་ན་ཡོན་ཏན་དེ་ལྟ་བུ་དང་ལྡན་ཡང་བདག་ཅག་ལྟ་བུ་སོ་སོའི་སྐྱེ་བོ་ལ་སྐྱེར་རུང་ངམ་ཞེ་ན། སྐྱེར་རུང་བ་ཉིད་དུ་རིག་པར་བྱ་སྟེ། བསླབ་པ་ཀུན་ལས་བཏུས་པ་ལས་ཇི་སྐད་བཤད་པ་བཞིན་ནོ། །ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ བསྟན་པའི་ཕྱིར། བྱང་ཆུབ་སེམས་སུ་མདོར་བསྡུ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་བྱ་བ་ལ་སོགས་པ་ཉི་ཤུ་རྩ་གཉིས་ཉིད་དུ་འབྱུང་བ་ལས་འདི་ནི་སེམས་བསྐྱེད་པ་དང་པོ་འདུན་ པ་དང་ལྡན་པ་ལྟ་བུའི་དབང་དུ་བྱས་པ་ཡིན་ལ། ཡང་སེམས་བསྐྱེད་པ་ནི། མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་ཇི་སྐད་བཤད་པ་ལྟ་བུར་རྣམ་པ་བཞི་ཉིད་དུ་དབྱེ་བ་ལས་འདི་ནི་མོས་པའི་སེམས་བསྐྱེད་པའི་དབང་དུ་བྱས་པ་ཡིན་ ཞིང་། ཡང་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་པ་རྣམ་པ་གཉིས་ལས་འདི་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དབང་དུ་བྱས་པ་ལས་དེ་ཉིད་ལ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་དང་ཆོས་ཉིད་ཀྱིས་ཐོབ་པ་དང་རྣམ་པ་གཉིས་ལས། འདི་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་ བའི་དབང་དུ་བྱས་ཏེ། དེ་ལྟར་ཡང་སྡོང་པོ་བཀོད་པའི་མདོ་ལས་གསུངས་པ། རིགས་ཀྱི་བུ་སེམས་ཅན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྨོན་པ་དེ་དག་ཀྱང་དཀོན་ན། དེ་བས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི་སེམས་ ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་འབྱུང་བ་ལྟ་བུའོ། །དེ་ལ་སྨོན་པའི་སེམས་བསྐྱེད་པའི་ངོ་བོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་སྙམ་དུ་བྱང་ཆུབ་དང་སེམས་ཅན་གཉིས་ལ་དམིགས་ པའི་དོན་དུ་གཉེར་བའི་འདུན་པ་དང་། མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་དཔེར་ན་འགྲོ་བར་འདོད་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའི་ས་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེ་ལ་འཇུག་པའི་སེམས་བསྐྱེད་པའི་ངོ་བོ་ཉིད་ནི་སྤོང་བའི་སེམས་པ་དང་འཇུག་པའི་སེམས་མཚུངས་ པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དང་བཅས་པ་སྟེ། དེ་སྡོམ་པའི་ཚུལ་ཁྲིམས་ནི་སྤོང་བའི་སེམས་པའི་ངོ་བོ་ཉིད་ཡིན་ལ། ལྷག་མ་གཉིས་ནི་འཇུག་པའི་སེམས་པའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་དཔེར་ན་ལམ་དུ་ཞུགས་ཏེ་ཆས་པ་ལྟ་བུའོ། །འོན་ཏེ་སྨོན་པའི་སེམས་ བསྐྱེད་པས་ཆོག་མོད། འཇུག་པའི་སེམས་བསྐྱེད་པས་ཅི་ཞིག་བྱ་ཞེ་ན་མ་ཡིན་ཏེ། འཇུག་པའི་སེམས་བསྐྱེད་པ་ནི་སྨོན་པ་ལས་ཀྱང་འབྲས་བུ་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་ཆེ་བའི་ཕྱིར་ཏེ། ཇི་ལྟར་ཞེ་ན། བྱང་ཆུབ་སྨོན་པའི་སེམས་ལས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨོན་པའི་སེམས་བསྐྱེད་ པ་ལས་འཁོར་བ་ན་འཁོར་བའི་ཚེ་འབྲས་བུ་ཆེན་པོ་འབྱུང་བར་ཅི་མངོན་ཞེ་ན། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་གསུངས་པ་བཞིན་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རིན་པོ་ ཆེའི་མིང་ཡང་མི་འདོར་ཞིང་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནི་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། འཁོར་བའི་དབུལ་བ་ ཐམས་ཅད་ཀྱང་རྣམ་པར་བཟློག་གོ་ཞེས་འབྱུང་བ་དང་། དེ་བཞིན་དུ་རྒྱལ་པོ་ལ་གདམས་པའི་མདོ་ལས་ཀྱང་། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ནི་བྱ་བ་མང་བ་བྱེད་པ་མང་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱིས། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་དོན་དུ་གཉེར་བ་དང་། སྨོན་པ་འགྲོ་ཡང་རུང་འགྲེང་ཡང་རུང་འདུག་ཀྱང་རུང་སད་ཀྱང་རུང་རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་ཟུང་སྟེ་སྒོམས་ཤིག་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་ཐམས་ཅད་དང་། བདག་ཉིད་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཤིང་གཞོལ་ཏེ་རྩིས་ལ་རྗེས་སུ་ཡི་རང་བ་མཆོག་དང་ནམ་མཁའ་ དང་འདྲ་བ་དང་། མྱ་ངན་ལས་འདས་པ་དང་མཚུངས་པར་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱ་བ་ཕུལ་ཅིག །ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་ དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་བར་དུ་འཐོབ་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ན་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང་བྱང་ཆུབ་ཀྱི་ཚོགས་ཀྱང་རྫོགས་པར་འགྱུར་རོ་ཞེས་གསུངས་སོ། །མདོ་སྡེ་དེ་ཉིད་ལས་རྣམ་པར་སྨིན་པ་ཡང་གསུངས་ཏེ། རྒྱལ་པོ་ཆེན་པོ་ཁྱེད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་ བའི་རྩ་བའི་རྣམ་པར་སྨིན་པས་ལན་དུ་མར་ལྷའི་ནང་དུ་སྐྱེ། ལན་དུ་མར་མིའི་ནང་དུ་སྐྱེ་སྟེ་ལྷ་དང་མིའི་སྐྱེ་བར་འགྱུར་བ་ན་དབང་པོ་བྱེད་པར་འགྱུར་ཀྱང་། ད་དུང་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ལ་བྲི་བའམ་གང་བར་མི་མངོན་ནོ། ། འོན་ཀྱང་རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་གཅིག་ཀྱང་སེམས་ཅན་ཐམས་ཅད་དགའ་བར་དམིགས་པ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བར་དམིགས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་དམིགས་པའི་ ཕྱིར་རོ། །དགེ་བའི་རྩ་བ་གྲངས་མེད་དཔག་ཏུ་མེད་པ་ལ་སོགས་པར་འགྱུར་ན། གང་དེ་ལྟར་མང་དུ་བྱེད་པ་ལྟ་ཅི་སྨོས་ཞེས་འབྱུང་ངོ་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་བྱ་བ་ནི་ཇི་ལྟར་འཇུག་པའི་སེམས་བསྐྱེད་པ་བཞིན་དུ་བསོད་ ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འབྱུང་བ་ནི་མ་ཡིན་ནོ། །འོ་ན་འཇུག་པའི་སེམས་བསྐྱེད་པ་ལས་དུས་གང་ནས་ཇི་སྲིད་ཀྱི་བར་དུ་གྲངས་དུ་ཞིག་རྒྱ་ཇི་སྙེད་འབྱུང་ཞེ་ན། གོ་རིམས་བཞིན་དུ་ལན་བཏབ་པའི་ཕྱིར་གང་ནས་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེང་ནས་བཟུང་སྟེ་ཞེས་བྱ་བའི་ བར་གྱིས་དུས་གང་ནས་འབྱུང་བ་བསྟན་ཏོ། །རྒྱུན་མི་འཆད་པར་ཞེས་བྱ་བའི་བར་གྱིས་དུས་ཇི་སྲིད་འབྱུང་བར་བསྟན་ཏོ། །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་བྱ་བས་ནི་རྒྱ་ཇི་སྙེད་ཅིག་འབྱུང་བར་བསྟན་ཏོ། །སེམས་ཅན་ཁམས། མཐའ་ཡས་རབ་ཏུ་དགྲོལ་བའི་ཕྱིར། ། ཞེས་བྱ་བས་ཆེད་དུ་བྱ་བ་དམ་པ་བསྟན་ཏོ། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །ཞེས་བྱ་བས་ནི་སྲོག་ལ་བབ་ཀྱང་གཏང་བར་མི་བྱའོ་སྙམ་པའི་བསམ་པ་སྟེ། བསམ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །སེམས་དེ་ཞེས་བྱ་བས་ནི་དངོས་པོ་དམ་པ་སྟེ། སྡོམ་པའི་ངོ་བོ་ཉིད་བསྟན་ ཏོ། །ཡང་དག་ཅེས་བྱ་བས་ནི་ཡང་དག་པར་ལེན་པའི་ཆོ་ག་ཕུན་སུམ་ཚོགས་པ་བསྟན་ཏོ། །བསོད་ནམས་དེ་སྙེད་ཅིག་འབྱུང་བར་ཅི་མངོན་ཞེ་ན། འདི་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དམན་པ་ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་རྣམས་ཐེག་པ་ཆེན་པོ་ལ་དྲང་ བའི་ཕྱིར། སེམས་ཅན་དཔག་ཏུ་མེད་པའི་དོན་དུ་ཡང་དག་པར་བླངས་པའི་ཕྱིར་འབྲས་བུ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་གསུངས་ཏེ། ལག་བཟངས་ཀྱི་མདོ་ཉིད་ལས་ཤེས་པར་བྱའོ། །འཕགས་པ་དཔས་བྱིན་གྱིས་ཞུས་པ་ལས་ཀྱང་། བྱང་ཆུབ་སེམས་ཀྱི་བསོད་ནམས་ གང་། །དེ་ལ་གང་དེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འཕེལ། །ཞེས་བྱ་བ་འབྱུང་བ་དང་། དེ་བཞིན་དུ་འཕགས་པ་ཕུང་པོ་གསུམ་པའི་མདོ་ལས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ། བསྐྱེད་མ་ཐག་པ་དེ་བསོད་ནམས་ཀྱི་ཕུང་པོ་ ནི་རབ་ཏུ་མང་གི །འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བ་དང་། འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་སུ་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ཙམ་མ་ལགས་སོ་ཞེས་འབྱུང་བས། བྱང་ཆུབ་ཏུ་སེམས་ བསྐྱེད་པ་ཉིད་ཀྱིས་ཀྱང་ཉན་ཐོས་ལ་སོགས་པའི་བསོད་ནམས་ཀྱི་ཕུང་པོ་ཐམས་ཅད་དེ་ལྟར་ཟིལ་གྱིས་གནོན་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས་ཏེ། དེ་ལྟ་བས་ན་བདག་གིས་ཐེག་པ་དམན་པ་འདོད་པར་མི་བྱའི་ཐེག་པ་ཆེན་པོ་འདོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་བའི་ཕྱིར་ གསུངས་སོ། །དེས་ནི་ཆེད་དུ་བྱ་བ་དམ་པས་ཟིན་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་བསྟན་ཏོ། །ད་ནི་བྱེད་པའི་སྒོ་ནས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་བསྟན་པའི་ཕྱིར། ཕའམ་ཡང་ན་ཞེས་བྱ་བ་སྨོས་ཏེ། འདིར་བསྡུས་ པའི་དོན་ནི་ཤིན་ཏུ་རྙེད་པར་དཀའ་བར་གྱུར་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པས་ཀུན་ནས་བསླང་བའི་ཕྱིར་འཇུག་པའི་སེམས་བསྐྱེད་པ་འདིས་བདག་དང་གཞན་ཐམས་ཅད་ལ་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་སྤོང་ཞིང་། བདེ་བ་ དང་ཡིད་བདེ་བ་ཐོབ་པར་བྱེད་པས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་ནོ་ཞེས་བྱ་བ་ཡིན་ནོ། །ཡང་བསོད་ནམས་ཞེས་བྱ་བ་ནི་མཆོད་པ་ལས་འབྱུང་བ་ཡིན་ལ། མཆོད་པ་བླ་ན་མེད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཡིན་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་ མདོ་ལས། གསུམ་པོ་འདི་དག་ནི་མཆོད་པ་བླ་ན་མེད་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཞེས་འབྱུང་བས། འདི་ནི་མཆོད་པ་བླ་ན་མེད་པ་ཡིན་པའི་ཕྱིར། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་བསྟན་པ་ཕན་པར་བསམ་པ་ཙམ་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ཉིད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཐོབ་པར་བྱེད་ཅིང་སྡུག་བསྔལ་དང་ཡིད་མི་བདེ་བ་རྒྱུད་དང་བཅས་པ་སྤོང་བར་བྱེད་པའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ ལྷག་པའི་བསམ་པས་ཀུན་ནས་བསླང་ཞིང་། དེ་དང་མཚུངས་པར་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པ་བསྟན་པ། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །ཞེས་བྱ་བ་ནས། བསོད་ནམས་དེ་འདྲ་ག་ལ་ཡོད། །ཅེས་བྱ་ བའི་བར་དུ་གསུངས་སོ། །ད་ནི་འཇུག་པའི་སེམས་བསྐྱེད་པའི་གང་ཟག་དེ་ཡང་ཐམས་ཅད་ཀྱི་བསྔགས་པའི་གནས་ཉིད་དུ་བསྟན་པའི་ཕྱིར། ཕན་བཏགས་ལན་ལོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ད་ནི་གང་ཟག་དེ་སེམས་ཅན་ཐམས་ཅད་ལ་མཐོ་རིས་དང་ཐར་པའི་བདེ་བ་སྦྱིན་པར་བྱེད་ པའི་ཡོན་ཏན་དང་ལྡན་པའི་ཕྱིར། དེ་ལ་ངན་སེམས་བསྐྱེད་པའི་ཉེས་དམིགས་བསྟན་པའི་སྒོ་ནས་དེ་སྤོང་དུ་གཞུག་པར་བྱ་བའི་ཕྱིར། གང་ཞིག་དེ་འདྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ནི་དེ་ལ་སེམས་དང་བའི་ཕན་ཡོན་བསྟན་པའི་སྒོ་ནས་སེམས་དང་བ་བསྐྱེད་དུ་གཞུག་པར་བྱ་བའི་ཕྱིར། འོན་ཏེ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པས། ཕྱག་འཚལ་བའི་གནས་ཡིན་པའི་ཕྱིར་དང་། གནོད་པ་བྱས་པས་ཀྱང་བདེ་བས་ཕན་འདོགས་པའི་ཕྱིར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བའི་གནས་ཡིན་པར་བསྟན་པའི་ཕྱིར། གང་ལ་སེམས་ཀྱི་དམ་པ་ ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡན་ལག་གི་དོན་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཞེས་བྱ་བ་ལ་སོགས་པ་འདིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་སྟོན་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ནི་གང་། སྤྱོད་པ་ལ་འཇུག་པ་ནི་གང་། གང་གིས་སྟོན་ཅེ་ན། དེ་ལ་བྱང་ཆུབ་སེམས་དཔའ་ནི་བདུན་ཏེ། རིགས་ལ་གནས་པ་དང་། སེམས་བསྐྱེད་པ་དང་། མོས་པ་སྤྱོད་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྤོང་བ་ཐ་མ་པའོ། །དེ་ལ་རིགས་ལ་གནས་ པའི་སྤྱོད་པ་ནི། བྱང་ཆུབ་སེམས་དཔའི་ས་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རིགས་ཀྱི་རྟགས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱའོ། །སེམས་བསྐྱེད་པའི་ཆོ་ག་ནི་སྡོམ་པ་ཉི་ཤུ་པའམ། གཞུང་འདི་ཉིད་ལས་ཇི་སྐད་འབྱུང་བ་བཞིན་ནོ། །མོས་པས་སྤྱོད་པ་ཡང་སྔ་མ་དང་མཐུན་པར་རིག་པར་བྱའོ། ། སྤྱོད་པ་ལ་ཞུགས་པའི་སྤྱོད་པ་ནི་ས་དང་པོ་ནས་ས་བདུན་པའི་བར་གྱི་སྤྱོད་པ་སྟེ། མདོ་སྡེ་ས་བཅུ་པ་ལས་ཇི་སྐད་འབྱུང་བ་བཞིན་ཏེ། འདིར་ཡི་གེ་མངས་ཀྱིས་དོགས་ནས་མ་བྲིས་སོ། དེ་ལ་འདིར་ནི་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བཟུང་སྟེ། གང་གི་དོན་དུ་འཇུག་ པ་དང་། ཐབས་གང་ལ་བརྟེན་ཏེ་འཇུག་པ་དང་། གང་དུ་འཇུག་པ་དང་། ཚུལ་ཇི་ལྟར་འཇུག་པ་སྟེ། ལྔ་པོ་དེ་རྣམས་ནི་གོ་རིམས་བཞིན་དུ་གང་གིས་འཇུག་པ་སྟེ། དལ་འབྱོར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་དང་། གང་གི་དོན་དུ་འཇུག་པ་སྟེ། ལེའུ་དང་པོ་ལས། འཇིགས་དང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་དང་། ལེའུ་དྲུག་པ་ལས་བདག་དང་གཞན་མཉམ་པར་བསྟན་པ་དང་། ལེའུ་བརྒྱད་པ་ལ་སོགས་པ་འདི་དག་ཐམས་ཅད་ཀྱང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་དང་། ཡང་དེ་ཉིད་ལས། ཉོན་མོངས་པ་ དང་ཤེས་བྱའི་སྒྲིབ་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་དང་། ཐབས་གང་ལ་བརྟེན་ནས་འཇུག་པ་སྟེ། ལེའུ་བཞི་པ་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཞེས་བྱ་བ་ནས། དེའི་འོག་ཏུ་བསྟན་པར་བྱ་སྟེ་ཞེས་བྱ་བའི་བར་དང་། གང་ལ་འཇུག་པ་སྟེ། སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་དེའི་གཞུང་མཐའ་དག་གིས་དང་། ཚུལ་ཇི་ལྟར་འཇུག་པ་སྟེ། ལེའུ་གཉིས་པ་ནས་བཞི་པའི་བར་གྱིས་བསྟན་ཏོ། །ཡང་བྱང་ཆུབ་ཀྱི་སྤྱོད་པ་ནི་སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྡོམ་པ་གསུམ་དང་། བསླབ་པ་ གསུམ་ལ་སོགས་པ་ཡིན་ལ། དེ་ལ་འཇུག་པ་ནི་དེ་རྗོད་པར་བྱེད་པའི་སྒོ་ནས་འཇུག་པ་དང་། ཤེས་པར་བྱེད་པའི་སྒོ་ནས་འཇུག་པ་དང་། ཉམས་སུ་ལེན་པའི་སྒོ་ནས་འཇུག་པ་དང་། དེ་ལ་འདིར་ནི་རྗོད་པར་བྱེད་པའི་སྒོ་ནས་འཇུག་པ་གཟུང་བ་སྟེ། ཇི་ལྟར་བརྗོད་པར་བྱ་ཞེ་ན། ལེའུ་དང་ པོ་ནས་ལེའུ་གཉིས་པས་ནི་སེམས་བསྐྱེད་པ་རྗོད་པར་བྱེད་ལ། ལེའུ་གཉིས་པ་ལས། དེ་ལྟར་འདི་དག་ཀུན་བྱས་ནས། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་བྱ་བའི་བར་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྗོད་པར་བྱེད་ཅིང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ཞེས་བྱ་བ་ནས། ལེའུ་བཞི་པའི་བར་གྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗོད་པར་བྱེད་ལ། ལྷག་མ་ལེའུ་བཞིས་ནི་བཟོད་པ་ལ་སོགས་པ་གོ་རིམས་བཞིན་དུ་རྗོད་པར་བྱེད་དེ། དེ་ལ་སྡོམ་པ་གསུམ་ལས་ཆེ་ལོང་རྣམ་པར་གཞག་པའི་དབང་དུ་བྱས་ནས། སྡོམ་པ་དང་། དགེ་བ་དང་། སེམས་ཅན་གྱི་དོན་བྱེད་པའི་ ཚུལ་ཁྲིམས་ནི་ཤེས་བཞིན་བསྲུང་བའི་ལེའུ་ལས། བྲེ་མོའི་གཏམ་ནི་སྣ་ཚོགས་དང་། །ཞེས་བྱ་བ་ནས། དེས་ནི་ཤིང་བཞིན་གནས་པར་བྱ། །ཞེས་བྱ་བའི་བར་དང་། མི་བཟོད་ལེ་ལོའི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་དང་། ཤིན་ཏུ་ངེས་དང་ཞེས་བྱ་བ་ལ་སོགས་པའི་ ཚིགས་སུ་བཅད་པ་གཅིག་གིས་གོ་རིམས་བཞིན་དུ་བསྟན་ཏོ། །དེ་ལ་ཞིབ་མོ་རྣམ་པར་གཞག་པའི་དབང་དུ་བྱས་ནས། ཐོག་མར་སེམས་བསྐྱེད་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཀྱང་སོ་སོའི་མི་མཐུན་པའི་ཕྱིར་སྡོམ་པའི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན་ལ། དེ་བཞིན་དུ་ཐམས་ཅད་ ཀྱང་བྱང་ཆུབ་ཆེན་པོའི་རྒྱུར་བསྔོས་པ་ཡིན་ཞིང་། དངོས་བརྒྱུད་ནས་སེམས་ཅན་གྱི་དོན་དམིགས་པའི་ཕྱིར། དགེ་བའི་ཆོས་སྡུད་པ་དང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་ཡིན་ཏེ། དེ་བས་ན་གཞུང་མཐའ་དག་སྡོམ་པའི་བསླབ་པ་གསུམ་སྟོན་པར་རིག་པར་བྱའོ། །དེ་ལ་བསླབ་པ་ གསུམ་གྱི་དབང་དུ་བྱས་ནས། ལེའུ་དང་པོ་བཞིས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་ཏེ། སྦྱིན་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་རྒྱུ་ཡིན་ཏེ། ལུས་ལ་སོགས་པ་བཏང་ན་ཚུལ་ལ་འཇུག་པའི་ཕྱིར་དང་། སྡོམ་པ་ལེན་ཅིང་བསྲུང་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ངོ་བོ་ཉིད་ཡིན་ པའི་ཕྱིར། ལེའུ་ལྔ་པ་དང་བདུན་པས་ནི་ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཏེ། སྐྱེ་བ་བཟོད་པ་ཐོབ་པ་ལ་བརྩོན་འགྲུས་རྩོམ་པས་བསམ་གཏན་བསྒོམ་པའི་ཐབས་ཤེས་པའི་ཕྱིར། བཟོད་པ་དང་བརྩོན་འགྲུས་ནི་ལྷག་པའི་སེམས་ཀྱི་བསླབ་པའི་རྒྱུ་ཡིན་པའི་ཕྱིར་དང་། བསམ་གཏན་ནི་དེའི་ངོ་བོ་ ཉིད་ཡིན་པའི་ཕྱིར་རོ། །ལེའུ་བརྒྱད་པས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏེ། དེ་ལྟར་ན་བསྟན་བཅོས་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་མ་ཐག་པ་དེ་དག་ལ་བརྗོད་པའི་ཚུལ་གྱིས་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱའོ། །དེ་ལ་ཤེས་ པར་བྱེད་པའི་སྒོ་ནས་འཇུག་པ་ནི་བསྟན་བཅོས་འདི་ཉིད་ལ་བརྟེན་ལ། ཉན་པ་པོས་ཤེས་པ་ཡིན་ལ། དེའི་རྗེས་ལ་དངོས་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། སློབ་པའི་ལམ་གྱི་གནས་སྐབས་སུ་ཅི་རིགས་པ་བསྒྲུབས་པ་ནི་ཉམས་སུ་ལེན་པའི་ཚུལ་གྱིས་འཇུག་པ་ཞེས་བྱའོ། །བྱང་ཆུབ་ སེམས་ཀྱི་ཕན་ཡོན་བསྟན་པ་ཞེས་བྱ་བ་ནི་ཉན་པ་པོས་འཇུག་པར་བྱ་བའི་དོན་དུ་གཙོ་བོར་ཕན་ཡོན་ཐོག་མར་བསྟན་པའི་ཕྱིར་རོ། །ལེའུ་དང་པོའི་བཤད་པ་རྫོགས་སོ།། །།དེ་ལྟར་ཕན་ཡོན་ཐོས་པས་སྤྲོ་བ་སྐྱེས་པ་ལ་འཇུག་པ་འབྱུང་བས། ད་ནི་བྱང་ཆུབ་ཀྱི་སེམས་ཡོངས་ སུ་གཟུང་བའི་ཐབས་བརྗོད་པར་བྱ་སྟེ། དེ་ལ་སྔོན་དུ་བྱ་བའི་ཆོ་གའི་དབང་དུ་བྱས་ནས། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུན་བསྟན་པར་བྱ་དགོས་པས་བསོད་ནམས་ཀྱི་ཚོགས་བསྐྱེད་པའི་ཕྱིར། རིན་ཆེན་སེམས་དེ་ཞེས་བྱ་བ་ལ་སོགས་པ་ནས། བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། ། ཞེས་བྱ་བའི་བར་གྱིས་ནི། དང་པོར་མཆོད་པ་བསྟན་ཏེ། དེ་ཚིགས་སུ་བཅད་པ་དང་པོས་དགོས་པ་གང་གི་དོན་དུ་གང་ལ་ཇི་ལྟར་མཆོད་པ་མདོར་བསྟན་ཏོ། །ལྷག་མ་རྣམས་ཀྱིས་རྒྱས་པར་བསྟན་ཏོ། །དེ་ལ་ཡོ་བྱད་དབུལ་བའི་མཆོད་པའི་དབང་དུ་བྱས་ནས། མེ་ཏོག་ འབྲས་བུ་ཞེས་བྱ་བ་ནས། ཉིད་ཀྱི་མཐུས་བཞེས་ཤིག་ཅེས་བྱ་བའི་བར་གྱིས་ནི་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་བསྟན་ཏོ། །རྒྱལ་དང་དེའི་སྲས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ལུས་དབུལ་བ་ཕན་ཡོན་དང་བཅས་པ་བསྟན་ཏོ། །ཁྲུས་ཀྱི་ཁང་པ་ཞེས་བྱ་བ་ནས་ ཐུབ་དབང་རྣམས་ལ་དབུལ་བར་བགྱི་ཞེས་བྱ་བའི་བར་གྱིས་ནི་ཡིད་ཀྱི་མཆོད་པ་བསྟན་ཏོ། །འདི་ཙམ་གྱིས་མཆོད་པ་བཤད་ནས། ད་ནི་དེ་ཀུན་དུ་གནས་པར་བྱ་བའི་ཕྱིར། དེ་ལས་གཞན་ཡང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་སོ། །ཇི་ལྟར་འཇམ་དཔལ་དབྱངས་ཞེས་ བྱ་བ་ལ་སོགས་པ་གཅིག་གིས་བླ་ན་མེད་པའི་མཆོད་པ་བསྟན་ཏོ། །ཡོན་ཏན་རྒྱ་མཚོ་ཅན་དག་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ཕྱག་འཚལ་ཞེས་བྱ་བས་ནི་བསྟོད་པའི་དུས་བསྟན་ཏོ། །དབྱངས་ཀྱི་ཡན་ལག་ནི། རྒྱ་མཚོ་སྙེད་ཀྱི་བསྟོད་པས་བསྟོད། །ཅེས་བྱ་བས་ནི་བསྟོད་པ་དངོས་ བསྟན་ཏོ། །དུས་གསུམ་ཞེས་བྱ་བ་ལ་སོགས་པས་ནི་བསྟོད་པ་དེ་ཀུན་དུ་གནས་པར་བྱ་བའི་ཕྱིར་སྨོན་ལམ་གདབ་པ་བསྟན་ཏོ། །བྱང་ཆུབ་ཀྱི་སེམས་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ཕྱག་འཚལ་བའི་མཆོད་པ་བསྟན་ཏོ། །དེ་ལ་མཆོད་པ་མདོར་བསྟན་པའི་སྐབས་ནས་ ལེགས་པར་མཆོད་ཅེས་བྱ་བ་ནི་དམ་པ་རྣམ་པ་དྲུག་གིས་ཟིན་པ་སྟེ། བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བའི་བསམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱ་བ་དང་། ཡིད་དུ་འོང་བའི་དངོས་པོ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། མི་མཐུན་པའི་ཕྱོགས་ཀྱི་དྲི་མ་དང་བྲལ་བ་དང་། བྱང་ཆུབ་ ཆེན་པོར་བསྔོ་བ་དང་། གོ་རིམས་བཞིན་དུ་རྟེན་དང་། ཆེད་དུ་བྱ་བ་དང་། དངོས་པོ་དང་ཐབས་ལ་མཁས་པ་དང་། རྣམ་པར་དག་པ་དང་། ཡོངས་སུ་བསྔོ་བ་དམ་པས་ཟིན་པ་ནི་ལེགས་པར་རིག་པར་བྱའོ། །ལྷག་མ་ནི་གོ་སླའོ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །ཞེས་བྱ་བ་ནི་ འཕགས་པ་ཆོས་བཅུ་པའི་མདོ་ལས་གསུངས་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུ་བཞི་སྟེ། གཞན་དག་གིས་བསྐུལ་བའམ། བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་བརྗོད་པ་ཐོས་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་སྐྱེས་པ་དང་། དེ་བཞིན་གཤེགས་པའི་ཆེ་བའི་ ཡོན་ཏན་ཐོས་པ་སྟེ། དེ་ལྟར་ན་བདག་ལ་སྐུལ་བར་བྱེད་པ་དང་། བསྔགས་པ་ཇི་ལྟ་བ་བཞིན་སྟོན་པ་དང་། གང་ཟག་གང་སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པའི་དེ་བཞིན་གཤེགས་པ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གཞི་ཞེས་བྱའོ། །ད་ནི་བསོད་ནམས་སྤེལ་ བའི་རྒྱུ་གཉིས་པ་སྐྱབས་སུ་འགྲོ་བའི་དབང་དུ་བྱས་ནས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱུ་གསུམ་པ་སྡིག་པ་རྣམ་པར་སྦྱང་བའི་དབང་དུ་བྱས་ནས། རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པས་སྡིག་པ་རྣམ་པར་སྦྱང་བ་ནི། ཕྱོགས་རྣམས་ཀུན་ནས་ཞུགས་ པ་ཡི། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་རྩ་བ་དང་པོ་གསུམ་གྱིས་བཤགས་པའི་ཡུལ་བསྟན་ཏོ། །ཐལ་མོ་སྦྱར་ཏེ་ཞེས་བྱ་བས་ནི་སྤྱོད་ལམ་ཇི་ལྟ་བུས་བཤགས་པ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་གང་ཇི་ལྟར་བཤགས་པ་བསྟན་ཏེ། དེ་ལ་ཐོག་མ་མེད་ལྡན་ཞེས་བྱ་བ་ལ་སོགས་ པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། ལྟུང་བ་འབྱུང་བའི་རྒྱུ་བཞི་ལས། མི་ཤེས་པའི་རྒྱུ་ལས་འབྱུང་བའི་ལྟུང་བ་བཤགས་པ་བསྟན་ཏོ། །བདག་གིས་དཀོན་མཆོག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ཉོན་མོངས་པ་མང་པོའི་རྒྱུ་ལས་བྱུང་བའི་ལྟུང་བ་བཤགས་པ་ བསྟན་ཏོ། །ཉེས་པ་དུ་མ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་མ་གུས་པ་དང་། བག་མེད་པའི་རྒྱུ་ལས་བྱུང་བའི་ལྟུང་བ་བཤགས་པ་བསྟན་ཏེ། ཉེས་པ་དུ་མ་ཞེས་བྱ་བ་ནི་མ་གུས་པ་དང་། བག་མེད་པ་སྟེ་ཉེས་པ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ད་ནི་རྟེན་གྱི་ སྟོབས་ཀྱིས་སྡིག་པ་རྣམ་པར་སྦྱང་བའི་ཕྱིར་མྱུར་དུ་སྐྱབས་སུ་འགྲོ་བའི་རྒྱུ་དང་བཅས་པ་མདོར་བསྟན་པ། བདག་ནི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། དེ་ལ་རྩ་བ་དང་པོ་གཉིས་ཀྱིས་ནི་མྱུར་དུ་སྐྱབས་སུ་འགྲོ་བའི་རྒྱུ་བསྟན་ཏོ། །འོག་མ་གཉིས་ཀྱིས་ནི་མྱུར་དུ་སྐྱབས་ སུ་འགྲོ་བ་དངོས་བསྟན་ཏོ། །ད་ནི་རྒྱས་པར་བཤད་པའི་ཕྱིར། ཡིད་བརྟེན་མི་རུང་ཞེས་བྱ་བ་ལ་སོགས་པ་ནས། དེ་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་བྱ་བའི་བར་གྱིས་སྐྱབས་སུ་འགྲོ་བའི་རྒྱུ་རྒྱས་པར་བཤད་དོ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །ཞེས་བྱ་བ་ནས། འཇིགས་ པ་མྱུར་དུ་བསལ་དུ་གསོལ། །ཞེས་བྱ་བའི་བར་གྱིས་སྐྱབས་སུ་འགྲོ་བ་དངོས་རྒྱས་པར་བཤད་དོ། །བདག་གིས་མི་ཤེས་པ་ལ་སོགས་པའི་དབང་གིས་ཐོག་མ་མེད་པ་ནས་སྡིག་པ་དཔག་ཏུ་མེད་པ་བསགས་པའི་ཕྱིར་དང་། བདག་གི་ཚེ་ལ་ངེས་པ་མེད་པའི་ཕྱིར། མྱུར་དུ་སྐྱབས་སུ་མ་སོང་བའི་སྡིག་ པ་དང་བཅས་བཞིན་དུ་འཆི་བར་འགྱུར་བའི་ཉེས་དམིགས་ཡོད་པའི་རྒྱུ་དེའི་ཕྱིར། མྱུར་དུ་སྐྱབས་སུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཅིའི་ཕྱིར་མྱུར་དུ་སྐྱབས་སུ་འགྲོ་བར་བྱ་ཞེ་ན། ཡིད་བརྟན་མི་རུང་བའི་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། ཚེ་ལ་ངེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡིན་དུ་ཟིན་ཀྱང་བདག་མི་ལྡན་པའི་ཕྱིར་མྱུར་དུ་སྐྱབས་སུ་འགྲོ་བ་མ་སོང་ཡང་ཉེས་པ་མེད་དོ་ཞེ་ན། ཐམས་ཅད་བོར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡིན་དུ་ཟིན་ཀྱང་དེ་དག་གི་དོན་དུ་བྱས་པའི་སྡིག་པ་ནི་དེ་དག་ ཉིད་ཀྱིས་ཉམས་སུ་མྱོང་བར་འགྱུར་གྱི། བདག་ལ་མི་གནོད་པའི་ཕྱིར་མྱུར་དུ་སྐྱབས་སུ་འགྲོ་བར་མི་བྱའོ་ཞེ་ན། མི་མཛའ་བ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་དང་ནི་བྲལ་ནས་མེད་པར་འགྱུར་བའི་ཕྱིར་དེ་དག་གིས་ནི་ཉམས་སུ་མྱོང་བར་མི་འགྱུར་ཏེ། དེ་དག་གི་དོན་དུ་ བྱས་པའི་སྡིག་པ་ནི་འཆི་བའི་དུས་སུ་དྲན་པའི་ཡུལ་དུ་འགྱུར་རོ་ཞེས་བསྟན་ཏོ། །དེ་ལྟར་ཡིན་དུ་ཟིན་ཀྱང་སྡིག་པ་དང་བྲལ་བས་མེད་པར་འགྱུར་རོ་ཞེ་ན། དེ་དག་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་བདག་ནི་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་དོ། །དེ་ལྟ་ཡིན་དུ་ཟིན་ཀྱང་ བདག་ཐམས་ཅད་དུ་མི་འཆི་བའི་ཕྱིར་སྐྱབས་སུ་འགྲོ་བར་མི་བྱེད་དོ་ཞེ་ན། ཉིན་མཚན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡིན་དུ་ཟིན་ཀྱང་ཚུལ་འདི་ལྟར་འཆི་བའི་ཕྱིར་དེས་བདག་མི་འཇིགས་སོ་ཞེ་ན། བདག་ནི་མལ་ན་ཞེས་པ་ལ་སོགས་པ་སྨོས་སོ། །འོ་ན་དེའི་ཚེ་གང་ཕན་ ཞེ་ན། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་དེ་ཉིད་ཀྱིས་ཆོག་མོད་ཅེ་ན། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་སློབ་དཔོན་བདག་ཉིད་ཀྱིས་འདོད་པའི་ལྷ་ལ་སྨྲ་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་བསྟན་པའི་མགོན་པོ་ཞེས་པ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡིན་དུ་ཟིན་ཀྱང་ དེ་ནི་ཐམས་ཅད་ལ་འབྱུང་བའི་ཕྱིར་བདག་མི་འཇིགས་སོ་ཞེ་ན། སྐྱེ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡིན་དུ་ཟིན་ན་དེ་ཉིད་ཀྱི་ཚེ་སྐྱབས་བཙལ་བས་ཆོག་མོད་ཀྱི་ཞེ་ན། སུ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་ཚོལ་བར་བྱེད་མོད་ཀྱི་མི་རྙེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ནད་ ལྟར་ཉིད་ནས་སྐྱབས་བཙལ་བར་བྱ་དགོས་པས། དེ་བས་རྒྱལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་སྐྱབས་སུ་སོང་བས་ཆོག་མོད། དེའི་བཀའ་མནོད་ཅི་དགོས་ཤེ་ན། ཐ་མལ་ནད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་ནད་དེ་ཙམ་དུ་ཉེས་དམིགས་ཆེ་བས་སྨན་པའི་ངག་མནོད་ པར་བྱ་ཞེ་ན། དེ་གཅིག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྨན་པ་གང་གི་བཀའ་ནོད་པར་བྱ་ཞེ་ན། དེ་དག་གསོ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཅིའི་ཕྱིར་དེའི་བཀའ་ནོད་པར་བྱ་ཞེ་ན། ཟུག་རྔུ་ཐམས་ཅད་འབྱིན་པ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོན་ཏེ་བཀའ་ ནོད་པས་ཆོག་མོད་བསྒྲུབ་ཅི་དགོས་སྙམ་ནས། གཡང་ས་ཐ་མལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡིན་ཡང་དེ་ལྟ་ཉིད་ནས་བསྒྲུབ་མི་དགོས་སོ་ཞེ་ན། དེ་རིང་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་འདོད་པ་ལ་ལོངས་སྤྱད་པར་བྱ་དགོས་པས་ད་ལྟ་ཉིད་ནས་བསྒྲུབ་པར་བྱར་མེད་ཅེ་ ན། སྔོན་ཆད་མྱོང་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་གཉེན་དགྲ་ལ་སོགས་པ་ལ་ཕན་པ་དང་གནོད་པ་བྱར་ཡོད་དོ་ཞེ་ན། གསོན་ཚེ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་མི་དགེ་བའི་ལས་ཀྱི་ཉེས་དམིགས་ཤེས་པར་བྱས་ནས། དེ་ལས་ཐར་པ་ཉིད་གཙོ་ཆེར་བསྟན་ གྱི། གཞན་བསམ་པར་མི་རིགས་པས་མྱུར་དུ་སྐྱབས་སུ་འགྲོ་བར་བྱ་དགོས་སོ། །ཞེས་མཇུག་སྡུད་པའི་ཕྱིར། མི་དགེ་བ་ལས་ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་བཤད་དོ། །ད་ནི་བསྡུས་པའི་ཚུལ་གྱིས་སྡིག་པ་བཤགས་པ་ཡན་ལག་དང་བཅས་པ་བསྟན་པའི་ཕྱིར། བདག་ ནི་མི་ཤེས་པ་ལ་སོགས་པ་སྨོས་སོ། །གང་ཞིག་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བས་ལུས་ངག་ཡིད་གསུམ་གྱིས་གང་བྱས་པ་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བ་ཡང་མ་ཡིན་ལ། དེའི་རྐྱེན་གྱིས་གཞན་དག་མི་མོས་པར་འགྱུར་ བའམ། དགོས་པའི་ལས་སུ་བྱས་པ་དེ་ཐམས་ཅད་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཞིང་། གོང་མ་དེ་དག་ལས་བཟློག་པ་ནི་དགེ་བའི་ལས་ཡིན་པར་རིག་པར་བྱའོ། །ཡང་ནས་ཡང་དུ་ཕྱག་འཚལ་ཏེ། །ཞེས་བྱ་བ་ནི་སྡིག་པ་བཤགས་པའི་ཡན་ལག་ཡིན་ཏེ། ཉེ་བ་འཁོར་གྱིས་ཞུས་པ་ལས་ཕྱག་ འཚལ་ནས་སྡིག་པ་བཤགས་སོ་ཞེས་འབྱུང་བའི་ཕྱིར། དེ་ལ་ཡུལ་ཇི་སྙེད་ལ་ཕྱག་འཚལ་བ་དང་། ལུས་ཇི་སྙེད་དང་། ངག་ཇི་སྙེད་དང་། དགོས་པ་གང་གི་དོན་དུ་དང་། ཚུལ་ཇི་ལྟར་བཤགས་པ་རྣམས་ནི། །འཕགས་པ་ཕུང་པོ་གསུམ་པའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། མདོར་ན་འདི་ཡང་དམ་པ་རྣམ་པ་དྲུག་གིས་ཟིན་པར་བྱའོ། །འདི་ནི་ཕུང་པོ་གསུམ་ལས་བཤགས་པ་སྟེ་དང་པོའོ། །འོན་ཏེ་དེ་སྡིག་པ་རྣམ་པར་སྦྱང་བའི་ཐབས་ནི། འཕགས་པ་ཆོས་བཞི་བསྟན་པའི་མདོ་ལས་ཆོས་བཞི་ཉིད་དུ་གསུངས་པ་མ་ཡིན་ནམ། ཅིའི་ཕྱིར་རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་ པ་དང་། རྟེན་གྱི་སྟོབས་ཀྱིས་ཕྱོགས་གཅིག་སྐྱབས་སུ་འགྲོ་བ་འབའ་ཞིག་བཤད་ཀྱི་གཞན་དག་ཅིའི་ཕྱིར་མ་བཤད་ཅེ་ན། རྟེན་གྱི་སྟོབས་ཀྱིས་ཕྱོགས་གཅིག་སྨོན་པའི་སེམས་བསྐྱེད་པ་དང་ཉེས་པ་ལས་བཟློག་པའི་སྟོབས་སྡོམ་པ་ཡང་དག་པར་ལེན་པ་ནི་དངོས་གཞིའི་ཆོ་ག་ཡིན་པའི་ཕྱིར། འདིར་ སྔོན་རོལ་གྱི་ཆོ་གར་མ་བཤད་དོ། །གཉེན་པོ་ཀུན་དུ་སྤྱོད་པ་ནི་མཆོད་པ་ལ་སོགས་པ་སྔར་ཡང་བཤད་ལ། རྗེས་སུ་ཡི་རང་བ་ལ་སོགས་པ་འོག་ནས་ཀྱང་སྟོན་པས་འདིར་ལོགས་ཤིག་ཏུ་མ་བཤད་དེ། དེ་ལྟར་ཡིན་ན་ནི་སྐྱབས་སུ་འགྲོ་བ་ཡང་གོང་དུ་བཤད་ཟིན་པའི་ཕྱིར་འདིར་བཤད་པར་མི་བྱའོ་ཞེ་ན། དེ་ནི་མ་ཡིན་ཏེ། གོང་དུ་བཤད་པ་ནི་སྡོམ་པ་ཡང་དག་པར་བླངས་པའི་རྟེན་ཉིད་དུ་ཡིན་ལ། འདིར་མྱུར་དུ་སྡིག་པ་རྣམ་པར་སྦྱང་བའི་ཐབས་ཉིད་དུ་བཤད་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ད་ནི་རྒྱུ་བཞི་པ་རྗེས་སུ་ཡི་རང་བ་བསྟན་པའི་དབང་དུ་བྱས་ནས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ལ་རྗེས་ སུ་ཡི་རང་བ་བསྟན་པ། སེམས་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ཆད་པ་དང་རིགས་དང་ལྡན་པའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་སྟེ། ཚིག་རྐང་གཉིས་དང་གོ་རིམས་བཞིན་ནོ། །ལུས་ཅན་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་ཀྱིས་ནི། ཉན་ཐོས་དང་། རང་སངས་ རྒྱས་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་བསྟན་ཏོ། །སྐྱོབ་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་དྲུག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་བསྟན་ཏོ། །དེ་ཡང་ཉིད་ཀྱིས་དོན་རྙེད་པ་དང་། གཞན་གྱི་དོན་མཛད་པའི་ཐུགས་བསྐྱེད་པའོ། ། དེ་ཡང་དངོས་སུ་གཞན་གྱི་དོན་མཛད་པའི་ཐུགས་བསྐྱེད་པ་དང་། དངོས་སུ་གཞན་གྱི་དོན་མཛད་པའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་སྟེ། ཚིག་རྐང་གཉིས་གཉིས་དང་གོ་རིམས་བཞིན་དུ་སྦྱར་རོ། །བསོད་ནམས་ཀྱི་ཚོགས་བསྐྱེད་པའི་ཐབས་ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ་བའི་ དབང་དུ་བྱས་ནས། ཕྱོགས་རྣམས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ནི་མཚོན་པ་ཙམ་དུ་ཟད་ཀྱི་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོ་སྐྱེ་བོ་དག་ལ་བསྐུལ་བར་ཤེས་པར་བྱ་སྟེ། འཕགས་པ་ཕུང་པོ་གསུམ་པའི་མདོ་ནས་ཇི་སྐད་འབྱུང་བ་བཞིན་ནོ། །ད་ནི་དྲུག་པ་མྱ་ངན་ལས་མི་ འདའ་བར་གསོལ་བ་གདབ་པའི་དབང་དུ་བྱས་ནས། རྒྱལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བའི་རྩ་བ་སེམས་ཅན་རྣམས་ལ་གཏོང་བ་ཞེས་བྱ་བ་འདི་མཚོན་པ་ཙམ་དུ་ཟད་ཀྱི། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ དབུལ་ཞིང་བཏང་བ་སྟེ། དེ་ཡང་འཕགས་པ་ཕུང་པོ་གསུམ་པ་དང་། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བ་ལས་ཇི་ལྟར་འབྱུང་བ་བཞིན་ནོ། །དེ་ནི་དགེ་བའི་རྩ་བ་བཏང་བ་བཤད་ནས། དེ་ཅི་འབའ་ཞིག་བཏང་བར་ཟད་དམ་སྙམ་པ་བསྩལ་བའི་ཕྱིར། ལུས་དང་ཞེས་བྱ་བ་ལ་སོགས་ པ་སྨོས་ཏེ། འདིས་ནི་གང་བཏང་བ་སྟེ་དངོས་པོ་དམ་པ་བསྟན་ཏོ། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ཞེས་བྱ་བས་ནི་གོ་རིམས་བཞིན་དུ་ཆེད་དུ་བྱ་བ་དང་། རྣམ་པར་དག་པ་དམ་པ་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་རྟེན་དང་ཡོངས་སུ་བསྔོ་བ་ དམ་པ་བསྟན་ཏེ། ཅིའི་ཕྱིར་ཐམས་ཅད་གཏོང་ཞེ་ན། ཐམས་ཅད་བཏང་བས་མྱ་ངན་འདའ། །ཞེས་བྱ་སྟེ། ཐམས་ཅད་བཏང་ན་ཚུལ་ཁྲིམས་ལ་འཇུག་ཅིང་དེས་བཟོད་པ་ཡོངས་སུ་རྫོགས་པར་འགྱུར་ལ། དེ་མང་དུ་ཐོས་པ་ལ་སོགས་པ་བརྩོན་འགྲུས་རྩོམ་ཞིང་དེའི་དབང་གིས་ བསམ་གཏན་ལ་མཉམ་པར་འཇོག་པར་འགྱུར་ལ། དེས་ཤེས་རབ་འབྱུང་བའི་སྒོ་ནས་མྱ་ངན་ལས་འདའ་བར་འགྱུར་བའི་ཕྱིར་རོ། །ཐབས་ལ་མཁས་པ་དམ་པ་ནི་དོན་གྱིས་ཤེས་པར་བྱ་སྟེ། དེ་དང་མི་ལྡན་ན་བྱང་ཆུབ་ཆེན་པོ་ཐོབ་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡིན་དུ་ཟིན་ཀྱང་ཅིའི་ ཕྱིར་ཐམས་ཅད་གཏོང་ཞེ་ན། བདག་བློ་མྱ་ངན་འདས་པ་བསྒྲུབ། །ཅེས་བྱ་བ་སྨོས་ཏེ། བདག་ནི་དེ་དོན་དུ་གཉེར་བའི་ཕྱིར་རོ། །དེ་ལྟ་ཡང་དེ་མི་ཕོད་དོ་ཞེ་ན། ཐམས་ཅད་གཏོང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཆི་བའི་དུས་ལ་སོགས་པ་ནི་ངེས་པར་གཏོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ དོན་མེད་པ་ཡིན་ལ། གོང་དུ་བཤད་པ་བཞིན་བཏང་ན་ནི་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བས་མཆོག་ཡིན་པའི་ཕྱིར། དོན་མེད་པར་གཏང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ལུས་ལ་སོགས་པ་ཇི་ལྟར་བཏང་ཞེ་ན། བདག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་འདི་ཞེས་བྱ་བ་ནི་ མཚོན་པ་ཙམ་དུ་ཟད་ཀྱི་ལོངས་སྤྱོད་ཀྱང་གཟུང་བར་བྱའོ། །བསམ་པ་ཐག་པའི་སྒོ་ནས་མི་མོས་པར་བྱེད་པའི་གང་ཟག་ལ་སོགས་པའི་མདུན་དུ་ངག་གིས་ཀྱང་བཏང་ཞིང་སྤྱོད་ལམ་ཐམས་ཅད་དུ་ཡིད་ཀྱིས་ཀྱང་དེ་ལྟར་བཏང་གི །ལས་དང་པོ་པའི་སྐབས་སུ་ལུས་ཀྱིས་དེ་ལྟར་གཏོང་བར་མི་བྱ་སྟེ། སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བས་དགེ་བའི་བར་ཆད་དུ་འགྱུར་བའི་ཕྱིར། འོག་ནས་ཀྱང་སྙིང་རྗེའི་བསམ་པ་མ་དག་པར་ལུས་ནི་གཏོང་བར་མི་བྱ་སྟེ་ཞེས་གསུངས་པའི་ཕྱིར་རོ། །ལུས་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་དེ་སྲོག་དང་ཚངས་པར་སྤྱོད་པའི་རྟེན་དུ་གྱུར་པའི་ལོངས་ སྤྱོད་དག་ཀྱང་གཏང་བར་མི་བྱ་སྟེ། བསླབ་པ་ཀུན་ལས་བཏུས་པ་ལས་ཚེ་འདིའི་ལོངས་སྤྱོད་བསྲུང་བའི་སྐབས་སུ་ཇི་སྐད་བཤད་པ་དང་། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང་། རབ་ཏུ་བྱུང་བས་གསུམ་རྣམ་པ་ཐམས་ཅད་དུ་སྦྱིན་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། ། ཚིག་གི་དོན་ནི་གོ་སླའོ། །ད་ནི་དངོས་གཞིའི་ཆོ་གའི་དབང་དུ་བྱས་ནས། ཇི་ལྟར་སྔོན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་གང་ཟག་ཁྱད་པར་ཅན་གྱི་དབང་དུ་བྱས་ནས། སྨོན་པ་དང་འཇུག་པའི་སེམས་བསྐྱེད་གཉིས་ཀ་དུས་གཅིག་ཏུ་བྱེད་པའི་ཆོ་ག་བཤད་དེ། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ ཞིང་། །ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ། །ཞེས་བྱ་བ་ནས་གོ་རིམས་བཞིན་དུ་བསྟན་པའི་ཕྱིར་རོ། །འོ་ན་རིམ་པ་བཞིན་དུ་ཞེས་བྱ་བའི་དོན་ཅི་ཞེ་ན། རྟེན་དང་བརྟེན་པའི་དབང་དུ་བྱས་པ་སྟེ། སྨོན་པ་མེད་པར་འཇུག་པ་མི་འབྱུང་བའི་ཕྱིར་དང་། འབྱུང་ཡང་བྱང་ཆུབ་སེམས་ དཔའི་སྡོམ་པ་ཉིད་དུ་མི་འགྱུར་བའི་ཕྱིར་དང་། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེའོ་ཞེས་དམ་པའི་ཆོས་འདུལ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེ་ལྟར་རྟེན་དང་བརྟེན་པ་ཉིད་ཡིན་དུ་ཟིན་པ་ཉིད་ཀྱི་ཕྱིར་དུས་གཅིག་ཏུ་སྐྱེར་མི་རུང་ངོ་སྙམ་ན། འགལ་བ་མེད་དེ་འདུལ་བ་ ལས་ཅིག་ཅར་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དུས་གཅིག་ཏུ་བྱར་རུང་བ་བཞིན་ནོ། །དེ་ནི་གང་ཟག་ཁྱད་པར་ཅན་གྱི་དབང་དུ་བྱས་པ་ཡིན་ནོ་ཞེ་ན། དེ་འདིར་ཡང་མཚུངས་སོ། །འོན་ཏེ་ཉན་ཐོས་ཀྱི་སྡོམ་པ་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་སྐྱེར་རུང་ངམ་ཞེ་ན། ཅིའི་ཕྱིར་མི་རུང་། བརྟེན་པའི་ཕྱིར་རོ་ཞེ་ན། ཅིའི་ཕྱིར་རྟེན་མེད་པའི་ཕྱིར་རོ་ཞེས་བརྗོད་དམ། འོན་ཏེ་རྟེན་སྡོམ་པ་ཞིག་མེད་པའི་ཕྱིར་ཞེས་རྗོད་པར་བྱེད། ཕྱོགས་དང་པོའི་ནི་རིགས་པ་མ་ཡིན་ཏེ། སྨོན་པའི་སེམས་བསྐྱེད་པ་ཉིད་རྟེན་ཡིན་པའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་རིགས་པ་མ་ཡིན་ཏེ། ཡོད་ན་མི་མཐུན་ པ་མེད་པར་འགྱུར་རོ། །འོན་ཏེ་ཉན་ཐོས་ཀྱི་སྡོམ་པ་ཞིག་རྟེན་དུ་དགོས་ན་ནི་དེའི་ཚེ་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ལ་ལར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མིང་ཡང་མེད་པའི་ཕྱིར། ཆོས་ཉིད་ཀྱིས་ཐོབ་པ་འབའ་ཞིག་ལས་བརྡ་བྱུང་ཡང་མེད་པར་ཐལ་བར་འགྱུར་རོ། ། དེ་ནི་འདོད་པ་ཡིན་ནོ་ཞེ་ན། དེ་སྒྲུབ་པའི་ཚད་མ་མེད་པའི་ཕྱིར་རོ། །གཞན་ཡང་ཤི་འཕོས་པའི་དུས་སུ་རྟེན་ཞིག་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་འཇིག་པར་ཐལ་བར་འགྱུར་རོ། །འོན་ཏེ་དེ་ནི་ཐོབ་པའི་རྟེན་ཡིན་གྱི་གནས་པའི་རྟེན་མ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། མ་ཡིན་ཏེ་དེ་ཉིད་ ལ་སྒྲུབ་པའི་རིགས་པ་མེད་པའི་ཕྱིར་རོ། །འོན་ཏེ་གནས་པའི་རྟེན་མ་ཡིན་པའི་ཕྱིར་ཤི་འཕོས་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་པ་མི་འཇོག་ན་ནི། དེའི་ཚེ་འདིར་ཉན་ཐོས་ཀྱི་སྡོམ་པ་ཞིག་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་པ་མི་འཇིག་པར་ཐལ་བར་འགྱུར་ཏེ། གནས་པའི་རྟེན་མ་ ཡིན་པའི་ཕྱིར། དཔེར་ན་ཚེ་ཕྱི་མ་བཞིན་ནོ། །འོན་ཏེ་ཚེ་ཕྱི་མ་ལ་ནི་གནས་པའི་རྟེན་མ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། འོ་ན་ནི་ཚེ་འདི་ལ་ཡང་གནས་པའི་རྟེན་མ་ཡིན་པ་ཉིད་དུ་མཚུངས་སོ། །འོན་ཏེ་ཚེ་འདིར་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར་གནས་པའི་ཕྱིར་རྟེན་ཡིན་ནོ་ ཞེ་ན། དེ་ནི་ཚེ་ཕྱི་མ་ལ་ཡང་མཚུངས་ཏེ། དེའི་ཚེ་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར་རོ། །འོན་ཏེ་ཉན་ཐོས་ཀྱི་སྡོམ་པ་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་བའི་ཕྱིར་རྟེན་དུ་དགོས་སོ་ཞེ་ན། མི་སྐྱེ་བ་ཉིད་སྒྲུབ་པའི་རིགས་པ་མེད་པའི་ཕྱིར་རོ། །འོན་ཏེ་ཉན་ཐོས་ཀྱི་ སྡོམ་པ་མེད་པར་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་མི་སྤོང་བའི་ཕྱིར་ཉན་ཐོས་ཀྱི་སྡོམ་པ་རྟེན་དུ་དགོས་སོ་ཞེ་ན། དེ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཀྱི་ཁ་ན་མ་ཐོ་བ་རྣམ་པ་གཉིས་མི་སྤོང་ངམ་ཅི་ཉན་ཐོས་ཀྱི་སྡོམ་པ་ཞིག་རྟེན་དུ་ཚོལ་བར་བྱེད། ཉན་ཐོས་ཀྱི་སྡོམ་པ་ནི་སྤོང་བ་ བདུན་གྱིས་བསྡུས་པ་ཡིན་ལ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སྤོང་བ་བཅུས་བསྡུས་པ་མ་ཡིན་ནམ། གཞན་ཡང་ཉན་ཐོས་ཀྱི་སྡོམ་པ་ནི་བདག་ཉིད་འབའ་ཞིག་སྤོང་བ་ཡིན་ཞིང་། ཚེ་འདི་འབའ་ཞིག་ཏུ་སྤོང་བར་བྱེད་པའི་བདག་ཉིད་ཡིན་ལ། བྱང་ཆུབ་སེམས་དཔའི་ སྡོམ་པ་ནི་གཞན་དག་ཀྱང་སྤོང་དུ་འཇུག་པར་བྱེད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སྤོང་བའི་བདག་ཉིད་ཡིན་བཞིན་དུ་དེ་བོར་ནས་ཉན་ཐོས་ཀྱི་སྡོམ་པ་རྟེན་དུ་ཚོལ་བར་བྱེད་པ་ནི་བདག་ཉིད་བླུན་པོར་སྟོན་ཅིང་མཁས་པ་རྣམས་ཀྱིས་བཞད་གད་དུ་བྱ་བར་རིགས་སོ། །དེ་བས་ན་སྡོམ་པའི་རྟེན་ ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཚུལ་ཁྲིམས་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ལས་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་གང་ཞེ་ན། སྡོམ་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ལ་བརྟེན་ནས་ཞེས་འབྱུང་བ་དང་། རྣམ་པར་གཏན་ལ་དབབ་པ་བསྡུས་པ་ལས་ཀྱང་། དེ་དགེ་བའི་ཆོས་ ཐམས་ཅད་སྡུད་པར་བྱེད་པ་དང་འབྱོར་པར་བྱེད་པའི་ཞེས་འབྱུང་བ་དང་། ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་། མི་དགེ་བའི་ལས་བཅུ་སྤང་བའི་ཕྱིར་སྡོམ་པའི་ཚུལ་ཁྲིམས་ཉིད་རྟེན་དུ་གསུངས་ཀྱི། ཉན་ཐོས་ཀྱི་སྡོམ་པ་ནི་དེ་ལྟར་མ་ཡིན་ཏེ། དེ་ལས་གཞན་པའི་དགེ་བའི་རྩ་བ་ཆོས་ཐམས་ཅད་སྡུད་པར་བྱེད་ པ་དང་འབྱོར་པར་བྱེད་པ་མ་ཡིན་པའི་ཕྱིར་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་ཐམས་ཅད་དུས་ཐམས་ཅད་དུ་བདག་ཀྱང་སྤོང་ཞིང་གཞན་དག་ཀྱང་སྤོང་དུ་འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་སྡོམ་པའི་ཚུལ་ཁྲིམས་དེ་དགེ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པ་ཡིན་ཞེ་ན། དགེ་བའི་ ཆོས་ཐམས་ཅད་ནི་མདོར་བསྡུ་ན་རང་གི་རྒྱུད་ལ་དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་ཡིན་ལ། དེ་ལ་རང་གི་རྒྱུད་ལ་དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་སྟེ། དེ་ལ་སྡོམ་པའི་ཚུལ་ཁྲིམས་ ལ་གནས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པར་མ་ཟད་ཀྱི། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་སྲོག་གཅོད་པ་ལ་སོགས་པ་སྤོང་བའམ་སྤོང་དུ་འཇུག་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་པ་དང་། གཞན་དག་གནོད་པར་བྱེད་པ་ལ་མི་ བཟློགས་པ་དང་། དེ་ཉིད་ལ་གོང་ནས་གོང་དུ་མངོན་པར་སྤོང་བ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་སར་སེམས་མི་སྐྱེད་ཀྱི་བྱང་ཆུབ་ཆེན་པོ་ཉིད་ཡིད་ལ་བྱ་བ་དང་མི་འབྲལ་བ་དང་། དེ་ཡང་འཁོར་གསུམ་ཡོངས་སུ་དག་པའི་མི་དམིགས་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་གོ་ རིམས་བཞིན་སྦྱིན་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ངོ་བོ་ཉིད་ཀྱང་ཡིན་པའི་ཕྱིར་དང་། ཚུལ་ཁྲིམས་གང་བསྲུང་བ་དེ་ཡང་དངོས་སམ་བརྒྱུད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་བའི་ཕྱིར་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱི་ ངོ་བོ་ཉིད་ཀྱང་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་དེ་ལས་དགེ་བའི་ཆོས་ཐམས་ཅད་འབྱོར་པར་བྱེད་པ་ཡིན་ཞེ་ན། གོང་མ་ལྟ་བུའི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པས་འགྱོད་པ་མེད་པའི་སྒོ་ནས་སེམས་བདེ་བ་ལ་རེག་པར་གནས་པའི་ཕྱིར། དགེ་བའི་ཆོས་སྡུད་པ་དང་སེམས་ཅན་གྱི་དོན་ བྱེད་པའི་ཚུལ་ཁྲིམས་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་སྡོམ་པའི་ཚུལ་ཁྲིམས་ཉིད་རྟེན་ཡིན་གྱི། ཉན་ཐོས་ཀྱི་སྡོམ་པ་ནི་རྟེན་མ་ཡིན་པར་རྟོགས་པ་དང་ལྡན་པ་རྣམས་ཀྱིས་གཟུང་བར་བྱའོ། །འོན་ཏེ་དེ་ལྟར་སྡོམ་པའི་ཚུལ་ཁྲིམས་རྟེན་དུ་བཤད་པ་ཉིད་ཉན་ཐོས་ ཀྱི་སྡོམ་པ་ཉིད་དུ་འགྲུབ་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ལས་སྡོམ་པའི་ཚུལ་ཁྲིམས་གང་ཞེ་ན། སོ་སོར་ཐར་པའི་སྡོམ་པ་ནི་ས་བདུན་གྱིས་བསྡུས་པ་སྟེ་ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། དེ་ཉིད་ཉན་ཐོས་ཀྱི་སྡོམ་པ་རྟེན་ཉིད་དུ་གྱུར་པའི་ཁུངས་སུ་མི་རུང་སྟེ། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ ལས་ཉན་ཐོས་ཀྱི་སོ་སོར་ཐར་པའི་སྡོམ་པ་དང་། རང་སངས་རྒྱས་ཀྱི་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་སྡོམ་པ་དང་ཞེས་གསུམ་དུ་གསུངས་པའི་ཕྱིར་རོ། །དེ་ནི་བདེན་མོད་ཀྱི་ཉན་ཐོས་ཀྱི་སོ་སོར་ཐར་པའི་སྡོམ་པ་ཞེས་གསུངས་པ། དེ་ཉིད་བྱང་ཆུབ་སེམས་དཔའི་སོ་སོར་ཐར་ པའི་སྡོམ་པ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་གཞན་རྗེས་སུ་མི་སྲུང་བ་དང་། མཐར་ཆགས་པ་དང་རྗེས་སུ་འཇུག་པ་དང་། བཅོས་སུ་རུང་བའི་སྒོ་ནས་ཁྱད་ཕྱེད་པའི་ཕྱིར་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །འོན་ཏེ་མདོ་ལས་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་སྡོམ་པ་ཞེས་གསུངས་པ་ནི་ དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ཡིན་གྱི། སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་ལ་རིགས་པ་མེད་པའི་ཕྱིར་དང་། དེ་ལྟར་ཁྱད་པར་ཕྱེ་བ་ནི་སྡོམ་པའི་ཚུལ་ཁྲིམས་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པ་སྟེ། མདོ་ ཉིད་ལས་བཅོས་སུ་རུང་བའི་ཁྱད་པར་སྟོན་པའི་སྐབས་སུ་མཚམས་མེད་པ་ལྔ་ལ་སོགས་པ་བཅོས་སུ་རུང་བ་ཉིད་དུ་བསྟན་པའི་ཕྱིར་རོ། །འོ་ན་སློབ་དཔོན་ས་མུ་དྲ་མེ་གྷས་ཚུལ་ཁྲིམས་ཀྱི་ལེའུའི་འགྲེལ་པ་ལས་ཉན་ཐོས་ཀྱི་སྡོམ་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གཞི་ཡིན་ནོ་ཞེས་བཤད་པ་འདི་ཇི་ ལྟར་དྲང་ཞེ་ན། དེ་ནི་ཉན་ཐོས་ཀྱི་སྡོམ་པས་ཇི་ལྟར་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤོང་བཞིན་དུ་སྡོམ་པའི་ཚུལ་ཁྲིམས་ཀྱིས་ཀྱང་སྤོང་བས། བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཉིད་ལ་སྤོང་བྱ་ཐུན་མོང་བ་སྤོང་བར་འདྲ་བའི་ཕྱིར་ཉན་ཐོས་ཀྱི་སྡོམ་པ་ཞེས་བསྟན་ཏེ། དཔེར་ ན་དེ་བཞིན་གཤེགས་པ་ལ་མངའ་བའི་བསམ་གཏན་ལ་སོགས་པ་ལ་འཇིག་རྟེན་པའི་ཡོན་ཏན་ཞེས་བཤད་པ་བཞིན་དུ་ཡིན་གྱི། དངོས་སུ་ཉན་ཐོས་ཀྱི་སྡོམ་པ་རྟེན་ཉིད་དུ་བཤད་པ་མ་ཡིན་ཏེ། གོང་དུ་བསྒྱུར་ཡང་ཉེ་བར་མི་འགྲོ་ཞེས་བཤད་པའི་སྐབས་སུ་ས་བོན་ནམ་ལྡང་བའི་གཞི་ཡང་མ་ཡིན་པའི་ ཕྱིར་རོ་ཞེས་བཤད་པའི་ཕྱིར་རོ། །ད་ལྟ་མ་ཡིན་ན་སྔ་ཕྱི་ཡང་འགལ་བ་ཉིད་དུ་འགྱུར་རོ། །འོན་ཏེ་ད་ལྟར་དེ་ལྟར་ཉན་ཐོས་ཀྱི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་གཉིས་ལ་མི་འདྲ་བའི་ཁྱད་པར་ཅི་ལྟ་བུ་ཞིག་ཡོད་དེ་སྔ་མ་རྟེན་མ་ཡིན་ལ་ཕྱི་མ་ནི་རྟེན་ཉིད་དུ་གཞག་ཅེ་ན། ཁོ་བོས་ནི་ བྱང་ཆུབ་སེམས་དཔའི་སྡོམ་པ་དང་ཉན་ཐོས་ཀྱི་སྡོམ་པའི་ཁྱད་པར་ནི་དཔག་ཏུ་མེད་པ་ཡོད་ཀྱང་། གཙོར་ན་རྟེན་ཡང་དག་པར་ལེན་པའི་བསམ་པའི་སྒོ་ནས་མི་འདྲ་བ་ཉིད་དུ་ཤེས་ཏེ། དཔེར་ན་གང་ཟག་འགའ་ཞིག་ལྷའི་ཡུལ་དུ་འགྲོ་བར་བྱ་སྙམ་པའི་བསམ་པས་ལམ་དུ་ཞུགས་པའི་ཚེ་རྫུ་འཕྲུལ་ལ་ སོགས་པ་དང་མི་ལྡན་པའི་དབང་གིས། ལྷའི་ཡུལ་དུ་ཕྱིན་པར་མི་འགྱུར་ཡང་དེར་ལམ་དུ་ཞུགས་པ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ། འདི་ན་གང་ཟག་ཁ་ཅིག་ཉན་ཐོས་ཐོབ་པར་བྱ་བའི་བསམ་པ་སྔོན་དུ་བཏང་ནས་སྲོག་གཅོད་པ་སྤོང་བ་ལ་སོགས་པའི་སྡོམ་པ་ཡང་དག་པར་བླངས་པའི་ཚེ། རིགས་དང་ མི་ལྡན་པའི་དབང་གིས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་མི་འགྱུར་ཡང་ཉན་ཐོས་ཀྱི་སྡོམ་པ་ཞེས་བྱ་བ་ཡང་དཔེར་ན་རྫུ་འཕྲུལ་ལ་སོགས་པ་དང་ལྡན་པ་ཡིན་དུ་ཟིན་ཀྱང་ལྷ་ཡུལ་དུ་འགྲོ་བ་མ་བསམས་ཀྱི་གངས་རིའི་རྩེ་མོར་འགྲོ་བ་ནས་ལམ་དུ་ཞུགས་པ་དེ་ནི་གངས་རིར་ལམ་དུ་ཞུགས་པ་ཞེས་བྱའོ། །ལྷ་ ཡུལ་དུ་མ་ཞུགས་པ་ཞེས་བྱ་བ་ལ་སོགས་པ་འདི་ནི་གང་ཟག་ཁ་ཅིག་རིགས་དང་མི་ལྡན་ཡང་བྱང་ཆུབ་སེམས་དཔའི་བསམ་པས་སྲོག་གཅོད་པ་ལ་སོགས་པའི་སྡོམ་པ་ཡང་དག་པར་བླངས་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཞེས་བྱ་བར་འགྱུར་གྱི། དེ་ཉིད་ཉན་ཐོས་ཀྱི་སྡོམ་པར་ནི་མི་འགྱུར་ ཏེ། བྱང་ཆུབ་ཆེན་པོ་ཐོབ་པའི་བསམ་པ་ཡོད་པའི་ཕྱིར་དང་། ཉན་ཐོས་ཐོབ་པར་བྱ་བའི་བསམ་པ་མེད་པའི་ཕྱིར་རོ། །འོན་ཏེ་ཐེག་པ་ཆེན་པོའི་རིགས་དང་མི་ལྡན་པའི་དུས་དེའི་ཚེ་བསམ་པ་དེ་ལྟ་བུའི་སྡོམ་པ་བླངས་ཀྱང་ཉེ་བར་ལེན་པའི་རྒྱུ་མེད་པས་སྡོམ་པ་མི་སྐྱེའོ་ཞེ་ན། ཉེ་བར་ལེན་ པའི་རྒྱུ་གང་མེད་པར་འདོད། འོན་ཏེ་ཐེག་པ་ཆེན་པོའི་རིགས་མེད་པའི་ཕྱིར་རོ་ཞེ་ན། རིགས་ཞེས་བྱ་བ་ནི་བསམ་པ་ཉེ་བར་ལེན་པའི་རྒྱུ་ཡིན་ནམ། འོན་ཏེ་སྡོམ་པ་ཉེ་བར་ལེན་པའི་རྒྱུ་ཡིན། ཕྱོགས་སྔ་མ་ནི་རིགས་པ་མ་ཡིན་ཏེ། འཕགས་པ་ཤཱ་རིའི་བུ་ལ་སོགས་པ་རིགས་ དང་མི་ལྡན་པ་ཡང་དགེ་བའི་བཤེས་གཉེན་ལ་སོགས་པ་དང་ཕྲད་པའི་དབང་གིས་སེམས་བསྐྱེད་པ་འབྱུང་བའི་ཕྱིར་དང་། དེ་བཞིན་དུ་སེམས་ཅན་མཐའ་དག་ལ་ཡང་རྐྱེན་གྱི་དབང་གིས་སེམས་བསྐྱེད་པ་མཐོང་བའི་ཕྱིར་དང་། སེམས་བསྐྱེད་པ་ཙམ་གྱིས་དེ་དག་ཐེག་པ་ཆེན་པོའི་རིགས་སུ་མ་ངེས་པའི་ཕྱིར་ དང་། སེམས་བསྐྱེད་ཀྱང་དེ་དག་ལས་ལྡོག་པར་མཐོང་བའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་རིགས་པ་མ་ཡིན་ཏེ། དམ་པའི་ཆོས་འདུལ་བ་ལས་ཀྱང་མྱ་ངན་ལས་འདས་པའི་བསམ་པ་རྟེན་ཉིད་དུ་གསུངས་ཀྱིས་སྡོམ་པ་ཉེ་བར་ལེན་པའི་རྒྱུ་རྟེན་ཉིད་དུ་མ་གསུངས་པའི་ཕྱིར་དང་། བྱང་ཆུབ་སེམས་ དཔའི་ས་ལས་ཀྱང་སྡོམ་པ་ཡང་དག་པར་ལེན་པའི་དུས་སུ་བསམ་པ་རྟེན་ཡིན་པའི་ཕྱིར། །ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་འདྲི་བའི་ཚིག་གསུངས་ཀྱི། ཐེག་པ་ཆེན་པོའི་རིགས་དང་ལྡན་ནམ་ཞེས་འདྲི་བའི་ཚིག་མ་གསུངས་པའི་ཕྱིར་དང་། གཞན་ ཡང་གལ་ཏེ་རིགས་ཁོ་ན་སྡོམ་པ་འཐོབ་པའི་རྒྱུ་ཡིན་ན་ནི་བདག་ཅག་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་རིགས་ཇི་ལྟ་བུ་མི་རྟོགས་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་བསམ་པ་ཡང་ཇི་ལྟ་བུ་བསྐྱེད་པར་བྱ་བ་མི་ཤེས་ལ་སྡོམ་པ་ཡང་གང་ལེན་པར་བྱེད་པ་མི་ཤེས་ཤིང་། དགེ་བའི་རྩ་བ་ཡང་འབྲས་བུ་གང་དུ་ ཡོངས་སུ་བསྔོ་བ་ཡང་མི་ཤེས་པ་གཅིག་ཏུ་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གལ་ཏེ་རིགས་དང་མི་ལྡན་ན་མྱ་ངན་ལས་འདས་པའི་བསམ་པ་དང་ལྡན་ཡང་སྡོམ་པ་མི་སྐྱེ་བའི་ཕྱིར་དང་། སྡོམ་པ་མ་སྐྱེས་པའི་གང་བསྔོ་བར་བྱ་བ་ཉིད་ཀྱང་མེད་པའི་ཕྱིར་རོ། །དེའི་ཕྱིར་སྡོམ་པ་ཐ་དད་པ་ཉིད་རྣམ་པར་ གཞག་པ་ནི་ཡང་དག་པར་ལེན་པའི་བསམ་པའི་དབང་གིས་ཡིན་གྱི་རིགས་ཀྱི་སྒོ་ནས་དང་འབྲས་བུའི་ཐོབ་པར་བྱ་བའི་སྒོ་ནས་གཞག་པ་ནི་མ་ཡིན་ནོ། །འོ་ན་རིགས་དང་མི་ལྡན་པ་ལ་ཡང་སྡོམ་པ་སྐྱེ་བ་ཡིན་ན། དེའི་ཚེ་དེའི་ཉེ་བར་ལེན་པའི་རྒྱུ་གང་ཞེ་ན། དེ་ལྟར་རིགས་དང་མི་ལྡན་པ་ལ་ཡང་ སྡོམ་པ་སྐྱེ་བ་དེ་ནི་རྐྱེན་ཇི་ལྟ་བ་བཞིན་དུ་བསམ་པ་སྐྱེས་པའི་སྒོ་ནས་སྡོམ་པ་ལེན་པ་ལ་འཇུག་པར་བྱེད་པའི་སྤྲོས་པའི་བག་ཆགས་ཐོག་མ་མེད་པའི་དུས་ཅན་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡོད་པ་ཉིད་ཡིན་ཏེ། དཔེར་ན་མུ་སྟེགས་ཅན་གཞན་རྣམས་ཀྱི་བདག་ལ་སོགས་པ་གྲོལ་བར་བྱ་བའི་ཕྱིར་སྡོམ་པ་ལེན་པ་ལ་ འཇུག་པར་བྱེད་པ་ཉིད་བཞིན་དུ། དེ་ཡང་བདག་གྲོལ་བ་ཞེས་བྱ་བའི་འབྲས་བུ་ཐོབ་པར་བྱེད་པ་ཉིད་དམ། བདག་ཅེས་བྱ་བ་རང་གི་རིགས་དང་ལྡན་པ་ཞེས་བྱ་བ་མེད་ཀྱང་། སྤྲོས་པའི་བག་ཆགས་ཀྱི་སྡོམ་པ་ལེན་པ་ལ་འཇུག་པ་ལྟ་བུའོ། །གཞན་ཡང་སྡོམ་པ་ཞེས་བྱ་བ་ནི་ཆོས་འདི་ཉིད་ལས་ཀྱང་། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཤད། །ཅེས་གསུངས་པའི་ཕྱིར། སྤོང་བའི་སེམས་པ་བག་ཆགས་དང་བཅས་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱིས་རྣམ་པར་བཤད་པ་ཉིད་མ་ཡིན་ནམ། དེ་ལྟར་མ་ཡིན་ན་ནི་རིགས་དང་མི་ལྡན་པ་དག་ལ་ཡང་དེ་ལྟ་བུའི་སྡོམ་པ་ ནི་སྐྱེ་བར་མི་འགལ་ལོ་སྙམ་དུ་བསམས་པའོ། །ཞར་ལ་འོངས་པས་ཆོག་གོ། །ད་ནི་ཡང་དག་པར་བླངས་པ་མི་ཉམས་པར་བསྲུང་བའི་ཚུལ་གྱིས་འཇུག་པ་རྒྱས་པར་བྱ་བའི་ཕྱིར། མི་ཞུམ་པའི་བརྩོན་འགྲུས་ཀྱི་དབང་དུ་བྱས་ནས། དེ་ལྟར་བློ་དང་ལྡན་པ་ཡིས། །ཞེས་བྱ་བ་ལ་སོགས་པའི་ ཚིགས་སུ་བཅད་པ་གཉིས་བསྟན་ཏོ། །ད་ནི་ཇི་ལྟར་ཡང་དག་པར་བླང་བའི་སྡོམ་པ་ཉམས་སུ་བླང་བ་ལ་གོ་ཆའི་བརྩོན་འགྲུས་ཀྱི་དབང་དུ་བྱས་ནས། ད་ནི་ཅི་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་སེམས་ཅན་མགྲོན་ཆེན་པོ་ཚིམ་པར་བྱེད་པ་ཞེས་བྱ་བའི་བར་དུ་བསྟན་ཏོ། །དེ་ལ་ཚིགས་སུ་བཅད་པ་དང་ པོས་བདག་ནི་རིགས་ཐམས་ཅད་ཀྱི་མཆོག་ཏུ་སྐྱེས་པའི་ཕྱིར། རིགས་སུན་འབྱིན་པར་མི་བྱ་བའི་དོན་དུ་བསླབ་པ་ལ་འབད་པར་བྱ་བར་སེམས་ལ་གོ་བགོ་བར་བསྟན་ཏོ། །ལྷག་མས་ནི་ཕན་ཡོན་བསྟན་པའི་སྒོ་ནས་ཡང་དག་པར་མི་ཉམས་པར་སེམས་ལ་གོ་བགོ་བ་ཉིད་དུ་བསྟན་ཏེ། དེ་ཡང་ ལོང་བས་ཞེས་བྱ་བ་ལ་སོགས་པས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར་པའི་ཕྱིར་དེ་སྙེད་ཀྱི་དཀའ་བ་ལས་རྙེད་པར་བསྟན་ཏོ། །འགྲོ་བའི་འཆི་བདག་ཅེས་བྱ་བ་ཚིག་རྐང་གཉིས་ཀྱིས་ནི་རིགས་དང་ལྡན་པ་དག་གིས་འཆི་བདག་གི་བདུད་སྤོང་བར་བྱེད་པའི་གཉེན་པོ་ཉིད་དུ་བསྟན་ཏོ། །འགྲོ་ བ་དབུལ་བ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་བཞིས་ནི་རིགས་ཅན་རྣམ་པ་ལྔ་ཆར་གྱི་རྒྱུད་ལ་མཐོ་རིས་དང་ཐར་པའི་བདེ་བ་སྦྱིན་ཞིང་འཁོར་བའི་སྡུག་བསྔལ་སྤོང་བར་བྱེད་པའི་རྒྱུ་ཉིད་བསྟན་ཏོ། །སྲིད་ལམ་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་ཀྱིས་ཉན་ཐོས་དང་རང་སངས་ རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་རྒྱུ་ཉིད་བསྟན་ཏོ། །འགྲོ་བ་ཐམས་ཅད་ཅེས་བྱ་བ་ཚིག་རྐང་གཉིས་ཀྱིས་རིགས་ཆད་པ་ཉིད་བདེ་འགྲོ་ལ་དགོད་པའི་རྒྱུ་ཉིད་དུ་བསྟན་ཏོ། །འགྲོ་བའི་ཉོན་མོངས་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་བཞིས་ཐེག་པ་ཆེན་པོའི་རིགས་ཅན་དག་གི་ཉོན་མོངས་པ་དང་ཤེས་ བྱའི་སྒྲིབ་པ་གཉིས་སྤོང་བའི་རྒྱུ་ཉིད་དུ་བསྟན་ཏོ། །བསྡུས་པའི་དོན་ནི། བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསླབ་པ་ལ་བསླབས་པས་ཅི་རིགས་པར་བདག་དང་གཞན་ཉིད་ཀྱི་དོན་འགྲུབ་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དམ་ཆོས་འོ་མ་ཞེས་བྱ་བ་རྐང་པ་གཉིས་ཀྱིས་ནི་ ཆོས་ཀྱི་རྗེས་སུ་འབྲང་བའི་འཇུག་པའི་གང་ཟག་ནི་ལམ་གྱི་སྙིང་པོ་ཉིད་དུ་བསྟན་ཏེ། ཇི་ལྟ་ཞེ་ན། གང་ཟག་དེ་དག་གིས་ཆོས་མཉན་པ་ལ་སོགས་པས་ཆོས་ཀྱི་མཚན་ཉིད་ཇི་ལྟར་གནས་པ་ཁོང་དུ་ཆུད་པ་ནི་འོ་མ་བསྲུབས་པ་ཡིན་ལ། དེ་མ་གཏོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ་སྟེ། དེ་དག་གི་དོན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་མར་གྱི་སྙིང་པོ་ཕྱུང་བ་ལྟ་བུ་ཡིན་པའི་ཕྱིར་རོ། །འགྲོ་བའི་མགྲོན་པོ་ཞེས་བྱ་བ་ལ་སོགས་པ་བཞིས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགྲོན་ཆེན་པོ་རིགས་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་མཐོ་རིས་དང་ཐར་པའི་སྟོན་མོ་སྟེར་བའི་ ཐབས་དམ་པ་ཉིད་དུ་བསྟན་ཏོ། །བདག་གིས་དེ་རིང་ཞེས་བྱ་བ་རྐང་པ་བཞིས་ནི་མགྲོན་དེ་དག་མི་སླུ་བའི་ཕྱིར། བྱང་ཆུབ་སེམས་དཔའི་བསླབ་པ་ལ་འབད་པར་བྱའོ་ཞེས་གདམས་པ་བསྟན་ཏོ། །ཡན་ལག་གི་དོན་ནི་གོ་སླའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་ཚིག་གི་དོན་ནི་སྔ་ མ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་སེམས་བསྐྱེད་པའི་ཆོ་གའོ། །ལེའུ་གཉིས་པའི་བཤད་པ་རྫོགས་སོ།། །།དེ་ལྟར་སྡོམ་པ་ཡང་དག་པར་བླངས་པའི་ལས་ནི་བསྲུང་བ་ལ་འཇུག་པ་འབྱུང་བས། ད་ནི་དེའི་ཐབས་བསྟན་པའི་ཕྱིར་ཐོག་མར་ མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱིས་བག་ཡོད་པ་ལ་གནས་པར་བྱ་དགོས་པས། ལེའུ་གསུམ་པ་གསུངས་སོ། །བག་ཡོད་པ་ལ་གནས་ན་རང་གི་ངང་གིས་བྱང་ཆུབ་སེམས་དཔའི་བསླབ་པ་མི་ཉམས་པར་འགྱུར་རོ་སྙམ་དུ་དགོངས་སོ། ། འོན་ཏེ་དེ་ལྟར་སྡོམ་པ་མནོས་པས་ཆོག་གམ། འོན་ཏེ་བསྲུང་དགོས་སྙམ་པ་ལ་བསྲུང་དགོས་པ་ཉིད་དུ་བསྟན་པའི་ཕྱིར། རྒྱལ་བའི་སྲས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྲུང་བར་བྱ་བ་ཉིད་དུ་དམ་བཅས་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །འོན་ཏེ་དམ་བཅས་སུ་ཟིན་ཀྱང་བརྟགས་ནས་ བསྲུང་བར་བྱ་བའི་ཕྱིར་མ་བརྟགས་པ་མ་ཡིན་ནོ་ཞེ་ན། བབ་ཅོལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཐམས་ཅད་མ་བརྟགས་པའམ། ཅུང་ཟད་བརྟགས་ཀྱང་ལེགས་པར་བརྟགས་པ་དེ་ཉིད་གཟོད་བརྟགས་ལ་སྒྲུབ་ཀྱི། འདིར་ནི་དེ་མ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ དང་བདག་ཉིད་ཀྱིས་ཀྱང་ཡང་ནས་ཡང་དུ་སྡོམ་པ་ཡང་དག་པར་ལེན་པའི་སྔོན་རོལ་དུ་བརྟགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མ་བསྒྲུབས་ན་ཉེས་དམིགས་ཅི་ཡོད་སྙམ་པ་ལ། སྨོན་པའི་སེམས་བསྐྱེད་པ་ལས་འདས་པའི་ཉེས་དམིགས་ཀྱི་དབང་དུ་བྱས་ནས། གལ་ཏེ་དེ་ལྟར་ཞེས་བྱ་ བ་ནས། བདག་གིས་གུས་པར་བསྒྲུབ་པར་བྱ། །ཞེས་བྱ་བའི་བར་དུ་སྨོས་པས། འདི་སྐད་སྟོན་ཏོ། །གོང་དུ་ཇི་སྐད་བསྟན་པའི་ཚུལ་གྱིས་བདག་གིས་བྱང་ཆུབ་ཆེན་པོ་ཐོབ་པར་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་ཞེས་དམ་བཅས་ནས་དེ་བཞིན་དུ་མ་བསྒྲུབས་ཏེ། ཡང་བདག་གིས་ སེམས་ཅན་གྱི་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་བྱ་བར་མི་ནུས་ཀྱི་དེ་བས་ན་བདག་གིས་ཉན་ཐོས་ལ་སོགས་པ་ཐོབ་པར་འདོད་སྙམ་དུ་སེམས་བསྐྱེད་ན་དེའི་ཚེ་དེ་དག་བསླུས་པ་ཡིན་པའི་ཕྱིར། སྐྱེ་བ་ཕྱི་མ་ལ་བདག་གིས་འགྲོ་བ་ཅི་འདྲར་འགྱུར་ཞེས་བྱ་བ་ནི་སྤོང་བ་སྟེ། བཟང་པོར་འགྲོ་བའི་ཐབས་ མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཕལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐ་མལ་པ་ལས་གང་ཟག་འགའ་ཞིག་ལ་ཚིག་ཏུ་དམ་མ་བཅས་པར་ཡོད་ཀྱི་སྦྱིན་པར་དམ་བཅས་ནས་མ་བྱིན་པར་དེ་ཡང་ཡི་དགས་ཀྱི་རྒྱུ་ཉིད་དུ་བཤད་ན་ཐ་མལ་པའི་དངོས་པོ་མ་ ཡིན་ཏེ། བླ་ན་མེད་པའི་སངས་རྒྱས་ཀྱི་བདེ་བ་ལ་ཡིད་ཀྱིས་བསམ་པ་ལྟ་བུ་མ་ཡིན་གྱིས་ཚིག་ཏུ་དམ་བཅས་ནས་སེམས་ཅན་འགའ་ཞིག་བསླུས་པ་མ་ཡིན་ཏེ། ཐམས་ཅད་བསླུས་པར་བྱས་པས་གདོན་མི་ཟ་བར་ངན་སོང་དུ་འགྱུར་གྱི། བདེ་འགྲོར་སྐྱེ་བའི་ཐབས་མེད་དོ་ཞེས་བྱ་བའི་ཐ་ ཚིག་གོ། །འོ་ན་དེ་ཐམས་ཅད་དུ་ཐར་པར་མི་འགྱུར་རམ་ཞེ་ན། མི་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྡུས་པའི་དོན་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་ སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་ངོ་ཞེས་གསུངས་པ་དེ་དག་ཀྱང་ཐར་པར་མཛད་པ་ནི། དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཉིད་ཁོ་ནས་མཁྱེན་གྱི། བདག་ཅག་གིས་ནི་མི་ ཤེས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ། ངས་ནི་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་ཡང་། །ས་ཡི་ཁོང་ན་ཡོད་པའི་གསེར། །བག་ལ་ཉལ་བ་བཞིན་དུ་གཟིགས། །ཞེས་གསུངས་པ་ལྟ་བུའོ། །དེ་ཙམ་དུ་ཐར་བར་དཀའ་བ་ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨོན་པའི་སེམས་བསྐྱེད