Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 104

Văn bản gốc(Tây Tạng)

Trang 24 / 24 (50.000 ký tự/trang)
ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོའོ། །དེ་ལ་འདོད་པའི་ཆུ་བོ་ནི་རྫས་ཉི་ཤུ་རྩ་དགུ་སྟེ་འདོད་པའི་
ཁམས་ཀྱི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་རྣམས་རེ་རེ་ལ་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱིས་རེ་རེ་ལ་རྣམ་པ་ལྔ་ལྔར་ཕྱེ་བས་བཅོ་ལྔ་དང་། ཐེ་ཚོམ་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་ཉིད་ཀྱིས་རྣམ་པ་བཞི་དང་། སྔར་བཤད་པའི་
ཀུན་ནས་དཀྲིས་པ་བཅུ་བསྣན་པས་ཉི་ཤུ་རྩ་དགུའོ། །སྲིད་པའི་ཆུ་བོ་ནི་རྫས་ཉི་ཤུ་རྩ་བརྒྱད་དེ། གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་། ང་རྒྱལ་དག་ལ་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱིས་རེ་རེ་ལ་ལྔ་ལྔ་ཡིན་པས་བཅུ་དང་། དེ་བཞིན་དུ་
གཟུགས་མེད་པའི་ཁམས་ན་ཡང་ཡིན་པས་ཉི་ཤུ་ཡིན་ཏེ། དེ་དག་ན་ཁོང་ཁྲོ་མེད་པས་སོ། །གཟུགས་དང་གཟུགས་མེད་པ་དག་གི་ཐེ་ཚོམ་སོ་སོར་བདེན་པ་བཞི་མཐོང་བས་སྤོང་བར་བྱ་བ་ཡིན་པས་རྣམ་པ་བརྒྱད་དུ་འགྱུར་ལ། དེ་ལྟར་ན་སྲིད་པའི་ཆུ་བོ་ནི་རྫས་ཉི་ཤུ་རྩ་བརྒྱད་དུ་འགྱུར་བ་ཡིན་ནོ། །
ལྟ་བའི་ཆུ་བོ་ནི་རྫས་སུམ་ཅུ་རྩ་དྲུག་སྟེ། འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ལྟ་བ་ལྔ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་གཉིས་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་གཉིས་དང་། ལམ་མཐོང་བས་སྤང་བར་བྱ་བ་གསུམ་ཡིན་པས་བཅུ་གཉིས་སུ་འགྱུར་

བ་དང་། དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ན་ཡང་ཡིན་པས་ལྟ་བ་བཅུ་གཉིས་སུམ་འགྱུར་དུ་བྱས་པས་ལྟ་བའི་ཆུ་བོ་རྫས་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་ཡིན་ནོ། །མ་རིག་པའི་ཆུ་བོ་རྫས་བཅོ་ལྔ་སྟེ། ཁམས་གསུམ་གྱི་མ་རིག་པ་རེ་རེ་སྡུག་བསྔལ་དང་ཀུན་
འབྱུང་དང་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཉིད་དང་། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱིས་རྣམ་པ་ལྔ་ལྔར་འགྱུར་བས་མ་རིག་པའི་ཆུ་བོ་རྫས་བཅོ་ལྔར་འགྱུར་བ་ཡིན་ནོ། །ཆུ་བོ་སྨོས་པ་ནི་དགེ་བའི་ཕྱོགས་ཉམས་པར་བྱེད་པའོ། །དེ་ལྟར་ཆུ་བོ་བཞིའི་ནང་དུ་ཆུད་པའི་འགྲོ་བ་རྣམས་སོ། །
མགོན་མེད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལས་གཞན་པའི་རྗེ་བོ་མེད་པས་སོ། །མགོན་དུ་གྱུར་པ་ཞེས་བྱ་བ་ནི་ཆུ་བོ་ལས་འདྲེན་པའི་ཕྱིར་རོ། །ས་ཀུན་དུ་འོད་དོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བའི་ཀུན་ནས་འོད་འདི་ལ་ཡོད་པས་ནའོ། །རྣམ་པ་ཐམས་ཅད་
དུ་ཡོངས་སུ་དག་པར་འགྱུར་རོ་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་ལྷག་མ་མ་ལུས་པར་སྤངས་པས་སོ། །རྒྱ་བསྐྱེད་པས་ཆོག་གོ་ཞེས་བྱ་བ་ནི་ཡོན་ཏན་རྒྱས་པར་བརྗོད་པས་ཆོག་གོ་ཞེས་པའོ། །གཟུགས་ཀྱི་སྐུ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བ་སྤུའི་བུ་ག་རེ་རེ་
དང་ཞེས་བྱ་བ་ལ་སོགས་པ་ནི་བ་སྤུའི་བུ་ག་རེ་རེ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་སྤྱོད་པ་ནི་སངས་རྒྱས་ཁོ་ནས་སྤྱོད་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་པའོ། །གལ་ཏེ་གསུངས་ན་ནི་ཞེས་བྱ་བ་ནི་བ་སྤུའི་བུ་ག་ལ་སོགས་པར་ཡོན་ཏན་རྒྱས་པར་བརྗོད་ནའོ། །རང་ཉིད་ཀྱི་ཡེ་ཤེས་ཡུལ་དུ་གྱུར་པ་
ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རང་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་གྲངས་ཀྱི་གནས་གཞན་དྲུག་ཅུས་ཡོངས་སུ་བཅད་པའི་བསྐལ་པ་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་ཡིན་ལ། བགྲང་བ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡིན་ཞིང་། དེ་དག་
གིས་སྐུ་ཚེའི་ཚད་བྱིན་གྱིས་བརླབས་པ་ནི་བསྐལ་པ་གྲངས་མེད་པའི་གྲངས་མེད་པར་བཞུགས་པའོ། །ཕྲིན་ལས་གཞན་མི་མངའ་བར་ཞེས་བྱ་བ་ནི་བྱ་བ་གཞན་མི་མཛད་པར་ཡོན་ཏན་རྒྱས་པར་བརྗོད་པའི་ཕྲིན་ལས་མཛད་པའོ། །སྐྱེན་པ་སྐྱེན་པར་ཞེས་བྱ་བ་ནི་ཤིན་ཏུ་མྱུར་བའོ། །ཡོན་

ཏན་ཡོངས་སུ་རྫོགས་པར་མི་འགྱུར་ན་ཞེས་བྱ་བ་ནི་ཡོན་ཏན་མཐར་ཐུག་པ་རྒྱས་པར་བརྗོད་པར་མི་འགྱུར་རོ་ཞེས་བྱའོ། །དོན་འདི་ཉིད་ཅེས་བྱ་བ་ནི་ཡོན་ཏན་རྒྱས་པར་བརྗོད་པ་མཐར་ཐུག་པར་མི་འགྱུར་བའོ། །ནམ་མཁའ་མེད་པར་ཞེས་བྱ་བ་ལ་སོགས་པ་ལ། འདབ་ཆགས་ཞེས་བྱ་བ་
ནི་བྱ་ཁྱུང་ཡིན་ལ་དེ་ནམ་མཁའ་མེད་པས་ནམ་མཁའ་ལ་འཕུར་བ་ལས་ལྡོག་པར་མི་འགྱུར་གྱི། འོན་ཀྱང་བྱ་ཁྱུང་འདི་ནི་རང་གི་མཐུ་སྟེ། སྟོབས་ཟད་པའི་སྒོ་ནས་ནམ་མཁའ་ལ་འཕུར་བ་ལས་ལྡོག་པ་དེ་བཞིན་དུ་རང་སངས་རྒྱས་དང་བཅས་པའི་བྱང་ཆུབ་སེམས་དཔའ་རྣམས་རང་བཞིན་
གྱིས་མཐུ་སྟོབས་ཟད་པས་སངས་རྒྱས་རྣམས་ཀྱི་ཡོན་ཏན་ནམ་མཁའ་ལྟར་མཐའ་ཡས་པ་མ་བརྗོད་པར་ལྡོག་པར་འགྱུར་གྱི་ཡོན་ཏན་གྱི་མཐར་ཐུག་པ་ལས་ནི་མ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདབ་གཤོག་ཡངས་
པའི་རླུང་གི་ཤུགས་ཀྱིས་ཕ་རོལ་གནོན་པ་ཐོབ་པ་ཞེས་བྱ་བ་ནི་གཤོག་པ་རྒྱས་པའི་རླུང་གི་སྟོབས་ཀྱིས་སྐྱེད་པའི་ནུས་པའི་ཁྱད་པར་རྙེད་པའོ། །རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བརྙེས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་ཐོབ་པའོ། །ལྡོག་པར་གནས་ན་ཞེས་བྱ་
ནི་ཡོན་ཏན་བརྗོད་པར་མི་བྱེད་ཅིང་གནས་པའོ། །རང་སངས་རྒྱས་སམ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ནུས་པ་མེད་པ་དེ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཇི་ལྟར་ནུས་ཞེས་བྱའོ། །ལོ་རབ་འདི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཡོན་ཏན་བརྗོད་པ་མི་སྲིད་པའི་ལོ་རྒྱུས་གང་ཡིན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྐོག་ཏུ་གྱུར་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་རང་བཞིན་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པས་སོ། །བདག་འདྲེས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའོ། །འདི་དག་
ཅེས་བྱ་བ་ནི་ཡོན་ཏན་རྣམས་སོ། །དོགས་སྤངས་ཞེས་བྱ་བ་ནི་ཁོ་བོས་ཡོན་ཏན་ཇི་ལྟར་བརྗོད་པར་ནུས་སྙམ་པའི་སོམ་ཉི་སྤངས་ནས་སོ། །ཅུང་ཞིག་ཙམ་ཞིག་སྨྲས་ཞེས་བྱ་བ་ནི་སྟོབས་བཅུའི་ཕྱོགས་ཙམ་ཞིག་བརྗོད་པའོ། །ཁྱོད་ཀྱི་ངོ་བོ་ཉིད་མི་ཤེས་ན་ཇི་ལྟར་བརྗོད་ཅེ་ན། འོན་ཀྱང་དེ་དག་

འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་སྟོབས་བཅུ་བཤད་པའི་ཕྱིར། ཁོ་བོས་ཀྱང་དེའི་རྗེས་སུ་འབྲངས་ནས་བཤད་པ་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། གཞན་ལ་བརྟེན་ནས་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ལ་བརྟེན་ནས་སོ། །དེ་ཉིད་ཅེས་བྱ་བ་ནི་གཞན་ལ་བརྟེན་ནས་སོ། །ད་ནི་བསྟན་བཅོས་འདིའི་བསྡུས་པའི་དོན་བསྟན་པར་བྱ་བའི་ཕྱིར། མདོར་བསྡུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལས་ཞེས་བྱ་བ་ནི་
དབུ་མ་ལ་འཇུག་པའི་བསྟན་བཅོས་ལས་སོ། །ཡོན་ཏན་རྒྱ་ཆེ་བ་ཉིད་དང་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཡོན་ཏན་མཆོག་ཏུ་གྱུར་པས་སོ། །ཆོས་ཉིད་ཟབ་པ་ཞེས་བྱ་བ་ནི་ཆོས་ཉིད་ཁོང་དུ་ཆུད་པར་དཀའ་བས་སོ། །ཡོན་ཏན་གཞན་རྣམས་ཞེས་བྱ་བ་ནི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་
རྣམས་སོ། །དེའི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། ཟབ་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་དང་སྦྱིན་པ་ལ་སོགས་པའི་རང་བཞིན་ཤེས་པས། སྟོབས་བཅུ་ལ་སོགས་པའི་ཡོན་ཏན་ཐོབ་པར་འགྱུར་བའོ། །དེ་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས། སྤྲུལ་པའི་སྐུ་
བསྟན་པར་བྱ་བའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲུལ་པའི་སྐུ་དེ་ཞེས་བྱ་བ་ནི་ཐམས་ཅད་ནས་ཐམས་ཅད་དུ་འཁོར་བ་ཇི་སྲིད་པ་དང་། ནམ་མཁའ་ཇི་སྲིད་པར་དུས་ཇི་ལྟ་བར་བསམས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་མ་ལུས་པའི་མངོན་པར་མཐོ་བ་དང་། ངེས་པར་ལེགས་
པའི་ལས་གྲུབ་པའི་རྒྱུར་གྱུར་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པའི་རང་བཞིན་ཅན་ནོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཐུན་མོང་བ་དང་ཞེས་བྱ་བ་ནི་དེ་རྣམས་ཐམས་ཅད་ཀྱིས་མཐོང་བའི་སྤྱོད་ཡུལ་དུ་གྱུར་པས་སོ། །དེ་ཉིད་ཀྱི་ཕྱིར།
ཐབས་ཐུན་མོང་བ་འབྱུང་བ་དང་ཞེས་བྱ་བ་གསུངས་ཏེ། དེས་ཆོས་བསྟན་པའི་སྒོ་ནས་འབྲས་བུ་ཐོབ་པར་འགྱུར་བའི་ཕྱིར་རོ། །ཅི་རིགས་པར་འགྱུར་བ་ཞེས་བྱ་བ་ནི་གང་གང་ལ་མོས་པ་བཞིན་དུའོ། །བདེ་འགྲོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་

སོགས་པ་བསྡུ་བར་བྱའོ། །སླར་ཡང་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུས་སེམས་ཅན་གྱི་དོན་མཛད་ནས་སྤྲུལ་པའི་སྐུས་ཀྱང་སེམས་ཅན་གྱིས་དོན་མཛད་པ་ཡིན་ནོ་ཞེས་པའོ། །སྲིད་པ་གསུམ་དུ་བྱོན་ནས་ཞེས་བྱ་བ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་སུ་བྱོན་ནས་སོ། །
མི་གཡོ་སྐུ་མངའ་ཁྱེད་ཀྱིས་ཞེས་བྱ་བ་ནི། གཡོ་བ་མེད་པའི་ཆོས་ཀྱི་སྐུ་མངའ་བས་སོ། །གཤེགས་པ་དང་ཞེས་བྱ་བ་ནི་དགའ་ལྡན་གྱི་གནས་ནས་སོ། །བལྟམས་པ་ཞེས་བྱ་བ་ནི་ཤཱཀྱའི་རིགས་སུ་སྐུ་འཁྲུངས་པའོ། །བྱང་ཆུབ་ཅེས་བྱ་བ་ནི་ཡུལ་མ་ག་དྷཱར་བྱང་ཆུབ་ཀྱི་ཤིང་དྲུང་དུའོ། །
ཞི་བའི་ཞེས་བྱ་བ་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་དག་གི་རྒྱུའོ། །འཁོར་ལོ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའོ། །སྣ་ཚོགས་སྤྱོད་ལྡན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་སྒོ་ནས་སོ། །རེ་བའི་ཞགས་པ་ནི། མང་པོས་བཅིངས་པ་ཞེས་བྱ་བ་ནི་སྲེད་པ་སྣ་ཚོགས་པ་ཉིད་
ཞགས་པ་ཡིན་ཏེ། དེའི་སྒོ་ནས་འཁོར་བ་ལས་གྲོལ་བར་མི་འགྱུར་བས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་ལས་འདས་སུ་ཟིན་ཀྱང་ཞེས་བྱ་བ་ནི་ཁམས་གསུམ་པའི་ཉོན་མོངས་པ་བག་ཆགས་དང་
བཅས་པ་སྤངས་ཀྱང་ངོ་། །སྲས་ལ་སོགས་པ་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་བཙུན་མོ་ལ་སོགས་པ་བསྡུ་བར་བྱའོ། །འཇིག་རྟེན་དང་རྗེས་སུ་མཐུན་ཏེ་ཞེས་བྱ་བ་ལ་སོགས་པ་གདུལ་བྱ་རྣམས་དང་རྗེས་སུ་མཐུན་པ་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཡབ་ཡུམ་དང་སྲས་ལ་སོགས་
པ་དང་འབྲེལ་པར་མ་བསྟན་ན་དེའི་ཚེ་མིར་གྱུར་པ་བྱང་ཆུབ་མི་ཐོབ་པར་དོགས་ནས་འགའ་ཡང་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་མི་འགྱུར་བ་དང་། ཤཱཀྱའི་རིགས་རྣམས་ཀྱང་རྗེས་སུ་མ་བཟུང་བར་འགྱུར་བས་སོ། །ཇི་ལྟར་འཚམ་པའི་ཆོས་སྟོན་པར་འཇུག་པའི་སྒོ་ནས་ཞེས་བྱ་བ་ནི་འདོད་ཆགས་ལ་སྤྱོད་པ་དང་
རྗེས་སུ་མཐུན་པའི་ཆོས་སྟོན་པའོ། །དེ་བཞིན་གཤེགས་པའི་སྐུའི་རྣམ་པར་གཞག་པ་བྱས་ནས་ཞེས་བྱ་བ་ནི་སྐུ་གསུམ་གྱི་རྣམ་གཞག་བྱས་ནས་སོ། །ཐེག་པ་ནི་གཅིག་ཡིན་ལ་ཞེས་བྱ་བ་ནི་གང་གིས་འགྲོ་བས་ན་ཐེག་པ་སྟེ། ཐར་བར་འགྲོ་བའི་ཐབས་ཡིན་ལ་དེ་ཡང་གཅིག་ཁོ་ན་སྟེ། འཆད་པར་

འགྱུར་བའི་ཚུལ་གྱིས་གཞན་མི་རིགས་པས་སོ། །ཐེག་པ་གསུམ་བསྟན་པ་ནི་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་རྣམས་བསྟན་པའོ། །དགོངས་པ་ཅན་ཉིད་ཅེས་བྱ་བ་ནི་གདུལ་བྱའི་བསམ་པ་ལ་ལྟོས་ནས་བསྟན་པ་
ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་པའོ། །དེ་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཤེས་ལས་ཞེས་བྱ་བ་ནི་དངོས་པོ་རྣམས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤེས་པ་ལས་སོ། །དྲི་མ་མཐའ་དག་སེལ་བ་ནི་ལྷུར་བྱེད་ཅེས་བྱ་བ་ནི། བག་ཆགས་
དང་བཅས་པའི་ཉོན་མོངས་པ་སྤོང་བ་ལ་ནན་ཏན་དུ་བྱེད་པའོ། །གཞན་ཞེས་བྱ་བ་ནི་དངོས་པོའི་དེ་ཁོ་ན་ཉིད་མི་ཤེས་པ་རྣམས་སོ། །ཆོས་རྣམས་དེ་ཉིད་ཀྱི་རྣམ་འགྱུར་དབྱེ་བ་ལའང་སྟོན་མིན་ཞིང་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ནི་གཞན་དུ་རྣམ་པར་མི་
འགྱུར་ཞིང་དེ་ལ་དབྱེ་བའང་ཡོད་པ་མ་ཡིན་པའོ། །གལ་ཏེ་རྣམ་འགྱུར་རམ་དབྱེ་བ་ཡོད་ན་ནི་དེའི་ཚེ་ཐེག་པ་ཐ་དད་པ་ཡོད་པར་འགྱུར་བ་ལས་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཡུལ་བློ་གྲོས་འདི་ཡང་ཞེས་བྱ་བ་ལ་འདི་ཡང་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡུལ་ཅན་གྱི་ཤེས་པའོ། །ཐ་དད་
འགྱུར་བ་མ་ཡིན་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་པས་ཤེས་པ་ལ་དབྱེ་བ་མེད་པའོ། །དེ་ཉིད་ཀྱི་ཕྱིར་ན་མི་མཉམ་པ་སྟེ་དེ་དང་མཚུངས་པ་གཞན་མེད་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་མི་ཤེས་པ་
དེས་ཞེས་བྱ་བ་ནི་སྟོང་པ་ཉིད་ཡོངས་སུ་མི་ཤེས་པས་སོ། །ཉོན་མོངས་པ་རྣམས་མ་ལུས་པར་སྤང་བར་མི་ནུས་ལ་ཞེས་བྱ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་རྣམས་སྤོང་བར་མི་ནུས་པ་སྟེ། དངོས་པོ་ཡོད་ན་རྣམ་རྟོག་འབྱུང་། །ཞེས་བྱ་བའི་ཚུལ་གྱིས་སོ། །སྔར་བཤད་
ཟིན་ཏོ་ཞེས་བྱ་བ་ནི། སྣོད་ཀྱི་དབྱེ་བས་ནམ་མཁའ་ལ་དབྱེ་བ་མེད་པ་ལྟར་ཞེས་བྱ་བ་ལ་སོགས་པའོ། །མཐོང་བ་ཐ་དད་ཀྱི་ཞེས་བྱ་བ་ནི་མཐོང་བ་དུ་མ་ཡོད་པས་སོ། །དེ་ལ་དབྱེ་བ་མེད་པས་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་རང་བཞིན་ཅན་གྱི་དེ་ཁོ་ན་ཉིད་ལའོ། །སྟོང་པ་ཉིད་ཀྱི་རང་བཞིན་

ཅན་གྱི་དེ་ཁོ་ན་ཉིད་ལ་རྣམ་འགྱུར་དང་དབྱེ་བ་བྱ་བར་མི་ནུས་པས་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཤེས་པ་ཡང་དེ་ཁོ་ན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་ཅི་ལྟར་གནས་པ་བཞིན་མ་རྟོགས་པས་སོ་ཞེས་བྱ་བ་ནི། རང་བཞིན་
གཅིག་ཏུ་གནས་པའི་སྟོང་པ་ཉིད་ཁོང་དུ་མ་ཆུད་པས་སོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། འོད་སྲུངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་
རྟོགས་ན་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་མཉམ་པ་ཉིད་ཡོད་པ་དེ་ཁོང་དུ་ཆུད་ནའོ། །དེ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེས་ན་གང་ཐེག་པ་གསུམ་གྱི་རྣམ་གཞག་མཛད་པ་དེ་ནི་བྱིས་པ་རྣམས་གཞུག་པའི་དོན་དུ་གསུངས་པ་ཡིན་གྱི་ངེས་པའི་དོན་
རྣམས་མ་ཡིན་ནོ། །དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། བྱིས་པ་རྣམས་ནི་དྲང་བའི་ཕྱིར། །ང་ཡིས་ཐེག་པའི་དབྱེ་བ་བརྗོད། །ཐེག་པ་རྣམ་གཞག་ཡོད་མ་ཡིན། །ང་ཡིས་ཐེག་པ་གཅིག་ཏུ་བརྗོད། །ཞེས་གསུངས་པའོ། །ཚོགས་ཆུང་ངུ་བསགས་པ་ཉིད་དང་། ཚོགས་
ཚད་མེད་པ་བསགས་པ་ཉིད་ཀྱིས་རྣམ་པར་གཞག་པ་ཡིན་གྱི་ཐེག་པ་ལ་དབྱེ་བ་ཡོད་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པའི་ཕྱིར། དེ་ནི་འཇུག་པའི་སྒོ་བསྟན་པ་ཡིན་ནོ། །དེ་ལྟར་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཁྱེད་ལ་ཐེག་
པའི་དབྱེ་བ་མེད། །ཐེག་པ་གསུམ་དུ་བསྟན་པ་ནི། །སེམས་ཅན་རྣམས་ནི་གཞུག་ཕྱིར་རོ། །ཞེས་གསུངས་པའོ། །དེ་ན་གང་ཆོས་ཀྱི་དབྱིངས་མཚུངས་པ་ཡིན་པས་ཉན་ཐོས་ལ་སོགས་པ་ཆོས་ཀྱི་དབྱིངས་ཐ་མི་དད་པས་ཐེག་པ་ནི་གཅིག་ཁོ་ན་ཡིན་ཏེ། བགྲོད་པར་བྱ་བ་ཡིན་པས་
ན་ཐེག་པ་ཡིན་པའི་ཕྱིར་དང་། བདག་མེད་པ་ཉིད་མཚུངས་པའི་ཕྱིར། ཉན་ཐོས་ལ་སོགས་པ་རྣམས་ཀྱི་བདག་གི་དངོས་པོ་མེད་པ་ཉིད་མཚུངས་པས་ཐེག་པ་གཅིག་ཉིད་ཡིན་ཏེ། འདི་བགྲོད་པས་ན་ཐེག་པ་ཡིན་པས་སོ། །རྣམ་པར་གྲོལ་བ་མཚུངས་པས་ན་ཐེག་པ་གཅིག་ཡིན་ཏེ།

བགྲོད་པས་ན་ཐེག་པ་ཡིན་པས་སོ། །གལ་ཏེ་ཐེག་པ་གསུམ་བསྟན་པ་དགོངས་པ་ཅན་ཡིན་ན། དེ་ལྟར་ཐེག་པ་གཅིག་བསྟན་པ་ཡང་དགོངས་པ་ཅན་ཡིན་ནོ་ཞེས་ལུང་བསྟན་པ་ཁ་ཅིག་གིས་བརྗོད་པས་ན་ཐེག་པ་གཅིག་ཏུ་བསྟན་པ་དེ་དྲན་པའི་དོན་དུ་
གསུངས་པ་ཡིན་ནོ་ཞེས་བྱ་བ་དེ་བདེན་ཞིང་མཚུངས་པར་འདོད་ན། འོ་ན་ཤཱ་རིའི་བུ་ཁྱོད་མ་འོངས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་འོད་ཅེས་བྱ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་དམ་པའི་ཆོས་པདྨ་དཀར་པོའི་གཞུང་དང་འགལ་བ་ཡིན་ཏེ་དེས་གནོད་དོ། །འོན་
ཀྱང་གདུལ་བྱའི་དབང་གིས་ཐེག་པ་གསུམ་དུ་བསྟན་པ་དེ་ལ་གཞུག་པའི་ཐབས་ཀྱི་དོན་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཐེག་པ་གཅིག་བསྟན་པ་ནི་དགོངས་པ་ཅན་ཡིན་ནོ་ཞེས་ལུང་ཁ་ཅིག་ལས་གསུངས་པ་སྟེ། དེ་ལྟར་གདུལ་བྱ་རྣམས་ཀྱི་མོས་པ་ཐ་དད་པར་
དེ་རྣམས་གཞུག་པའི་དོན་དུ་ཐབས་ཀྱི་མཛད་པའོ་ཞེས་ཆོས་བཅུ་པའི་མདོ་ལ་སོགས་པར་གསུངས་པའོ། །དེས་ན་བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་གསུངས་པ་ནི་གདུལ་བྱ་ལ་ལྟོས་པའི་ཐབས་ཙམ་ཡིན་གྱི་དངོས་པོ་ལ་བདེན་པ་མ་ཡིན་ནོ། །ཞེས་ཤེས་པའི་ཐེག་པ་ཆེན་པོའི་
རིགས་ཅན་གྱི་གདུལ་བྱ་རྣམས་དེ་ལ་གཞུག་པར་མི་ནུས་ཏེ། རིགས་པས་གནོད་པས་སོ། །དེས་ན་ལུང་ཁ་ཅིག་ལས་ཐེག་པ་གཅིག་ཏུ་གསུངས་པ་ནི་དགོངས་པ་ཅན་ཡིན་ནོ་ཞེས་འབྱུང་བ་འདིའི་རྗེས་སུ་འབྲངས་ནས་འཕགས་པ་བྱམས་པས་མདོ་སྡེ་རྒྱན་ལས། ཐེག་པ་གཅིག་ཏུ་གསུངས་
པ་ནི་དགོངས་པ་ཅན་ཡིན་ནོ་ཞེས་གདུལ་བྱ་ཁ་ཅིག་གཞུག་པ་ལ་དགོངས་ནས་གསུངས་པ་ཡིན་གྱི་དེ་ལྟར་དངོས་པོ་ལ་དགོངས་པ་ཉིད་ནི་མ་ཡིན་ཏེ། དེ་ལྟར་དགོངས་པ་ཅན་ཉིད་དུ་བསྟན་པ་དེ་ལ་དགོངས་པ་ཡོད་པ་ཉིད་ཡིན་ནོ་ཞེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཉན་ཐོས་ཀྱི་དབང་དུ་མཛད་
ནས་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་མཛད་པ་དེ་དག་གི་དགེ་བའི་རྩ་བ་ལ་ངས་བར་དུ་གཅོད་པར་མི་བྱའོ་ཞེས་གསུངས་པས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། འགྲོ་རྣམས་ཐམས་ཅད་སངས་རྒྱས་ཉིད་འགྱུར་གྱི། །འདི་ན་སྣོད་མེད་

སེམས་ཅན་འགའ་ཡང་མེད། །ཅེས་གསུངས་སོ། །འདི་ནི་དྲི་མ་རྣམས་གློ་བུར་བ་ཡིན་པའི་ཕྱིར་དང་། སེམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་དང་། འགྲོ་བ་མ་ལུས་པ་རྣམས་ལ་སངས་རྒྱས་ཉིད་དུ་རུང་བ་ཉིད་ཡོད་པ་ཡིན་ནོ་ཞེས་བཤད་པར་འོས་པ་ཡིན་ནོ། །ཡང་བཅོམ་
ལྡན་འདས་ཀྱིས་མདོ་རྣམས་ལས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་གསུངས་པ་འདིས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་རུང་བ་ཉིད་ཡོངས་སུ་གསལ་བར་མཛད་པ་ཡིན་ནོ། །འཕགས་པ་བྱམས་པའི་ཞལ་གྱིས་ཀྱང་ཐེག་པ་ཆེན་པོ་རྒྱུད་
བླ་མ་ནས། ཐམས་ཅད་ལ་ནི་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །ལུས་ཅན་མཐའ་དག་དེ་སྙིང་ཅན། །ཞེས་པ་འདིས་ཀྱང་ཐེག་པ་གཅིག་ཉིད་དུ་གསུངས་པ་ཡིན་ནོ། །བདེན་པ་གཉིས་ལ་འཇུག་པའི་མདོ་ལས་ཀྱང་། ཆོས་ཐམས་ཅད་
རང་བཞིན་མེད་པ་ཉིད་དུ་བསྒོམ་པས་ཉོན་མོངས་པ་སྤོང་གི་གཞན་གྱིས་ནི་མ་ཡིན་ཏེ། ཉོན་མོངས་པ་རྣམས་ཀྱི་རྩ་བ་ནི་དངོས་པོ་ལ་མངོན་པར་ཞེན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ཡང་འཇམ་དཔལ་ཇི་ལྟར་ན་ཉོན་མོངས་པ་རྣམས་འདུལ་བར་འགྱུར་བ་དང་། ཇི་ལྟར་ན་ཡོངས་སུ་ཤེས་
པར་འགྱུར། འཇམ་དཔལ་གྱིས་གསོལ་པ་དོན་དམ་པ་ཤིན་ཏུ་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་དངོས་པོའི་ཆོས་ཐམས་ཅད་ལ་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་ཏུ་ཞེན་པ་ལས་ཀུན་དུ་རྟོག་ཅིང་རྣམ་པར་རྟོག་པ་དེ་ལས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་ཞིང་དེ་ལས་བདག་ཏུ་སྒྲོ་འདོགས་པ་འབྱུང་ལ།
དེ་ལས་ལྟ་བ་ཀུན་ནས་ལྡང་བར་འགྱུར་ལ། དེ་ལས་ཉོན་མོངས་པ་རྣམས་འཇུག་པར་འགྱུར་རོ། །ལྷའི་བུ་གང་དོན་དམ་པར་སྐྱེ་བ་མེད་ཅིང་འབྱུང་བ་མེད་པའི་ཆོས་ཐམས་ཅད་དེ་རབ་ཏུ་ཤེས་པའི་ཚུལ་གྱིས་རབ་ཏུ་ཤེས་པ་གང་དེ་ནི་དོན་དམ་པར་ཕྱིན་ཅི་མ་ལོག་པ་མེད་ཅིང་རྣམ་པར་གྲོལ་བ་དང་བྲལ་
བ་དེ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ལ། དེ་ལ་དོན་དམ་པ་མེད་པར་སྒྲོ་འདོགས་པར་མི་འགྱུར་ཞིང་ལྟ་བ་དང་ལྡང་བར་མི་འགྱུར་སྐྱེ་བ་མེད་པ་དེ་ལ་ཉོན་མོངས་པ་རྣམས་མཐོང་བ་མེད་པའི་ཚུལ་གྱིས་ན་ཤིན་ཏུ་དུལ་བར་བལྟ་བར་བྱའོ། །གང་གི་ཚེ་ཉོན་མོངས་པ་རྣམས་སྣང་བ་མེད་པའི་ཤེས་

རབ་ཀྱི་ཡེ་ཤེས་ཀྱི་དོན་དམ་པར་དངོས་པོ་རྣམས་ཤིན་ཏུ་སྟོང་པ་དང་། ཤིན་ཏུ་མཚན་མ་མེད་པ་དང་། དོན་དམ་པར་སྐྱེ་བ་མེད་པར་མི་ཤེས་པའི་ཚུལ་གྱིས་རབ་ཏུ་ཤེས་པ་དེའི་ཚེ་ལྷའི་བུ་དག་ཉོན་མོངས་པ་རབ་ཏུ་མི་ཤེས་པའི་ཚུལ་གྱིས་ཡོངས་སུ་ཤེས་པར་འགྱུར་ཏེ།
དཔེར་ན་གང་སྦྲུལ་ལ་རིག་སྔགས་བརྗོད་པ་དེའི་ཚེ་དུག་ཞི་བར་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱི་རིགས་ཤིན་ཏུ་རབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་དེའི་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །ལྷའི་བུ་གང་ཡང་ཤིན་ཏུ་སྐྱེ་བ་མེད་ཅིང་འབྱུང་བ་མེད་པ་དངོས་པོ་
མེད་པའི་ཆོས་ཐམས་ཅད་ལ་ཡང་དག་པར་རྟོག་པ་འདིའི་ཉོན་མོངས་པ་རྣམས་ཀྱི་རིགས་ཡིན་ནོ་ཞེས་གསུངས་སོ། །དེ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་དྲ་བ་འབྱུང་བ་ནི་དངོས་པོ་ལ་མངོན་པར་ཞེན་པའི་རྩ་བ་ཅན་ཡིན་པས་དེའི་གཉེན་པོ་ཕྱོགས་སུ་གྱུར་པ་
དགེ་བའི་གྲོང་ཁྱེར་དུ་འཇུག་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དངོས་པོ་མ་ལུས་པ་རྣམས་སྟོང་པ་ཉིད་དུ་སྒོམ་པ་གཅིག་ཉིད་ཁོ་ན་དེ་དོན་དུ་གཉེར་བ་རྣམས་ཀྱིས་ལམ་ངན་པའི་རྣམ་པར་རྟོག་པ་ཐམས་ཅད་རིལ་དོར་བ་ལ་བརྟེན་པར་བྱའོ། །དེ་ལྟར་ཐེག་པ་ཆེན་པོའི་བདག་
ཉིད་ཅན་གྱི་ཐེག་པ་གཅིག་ཏུ་གྲུབ་པ་ཡིན་ནོ། །ཐེགས་ཆེན་པོའི་ཚིག་བསྟན་པར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེན་པོ་ཉིད་ཀྱི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། མ་རིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་མ་ལུས་པར་སྤངས་པ་
ཞེས་བྱ་བ་ནི་མ་རིག་པ་བག་ཆགས་དང་བཅས་པ་སྤངས་པའོ། །དེ་རྣམས་ཀྱི་ལམ་ཐེག་པའོ། །བྲི་ཤ་ཨུདྷ་ར་ཞེས་བྱ་བ་ལ་སོགས་པ་ལ། རྒྱ་གར་སྐད་དུ། ཐེག་པ་ཆེན་པོ་ཞེས་བྱ་བ་དེ་མ་ཧ་ཏ་ཡཱ་ན་ཞེས་བྱ་བ་ཡོད་ལ། དེ་ལ་ཏ་ལ་ཨ་བྱས་ནས་མ་ཧཱ་ཡཱ་ན་ཞེས་བྱ་བར་འགྱུར་ལ། དེ་ལ་ཏའི་གནས་
སུ་ཨ་ཅི་ལྟར་འོང་བར་འགྱུར། དེ་ལ་ལེན་ནི། བྲི་ཤ་ཨུ་དྷ་ར་ཞེས་བྱ་བ་ལ་སོགས་པའི་ཚིག་གི་ནང་དུ་འདི་ཡང་ཡོད་པས་ཏའི་གནས་སུ་ཨ་ཡང་རིགས་པས་སོ། །ཐེག་པ་ཆེན་པོའི་བཤད་པ་གཞན་བསྟན་པར་བྱ་བའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཡང་དེ་

ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ཐེག་པ་ཆེན་པོ་སྟེ། ལམ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །ཆེན་པོ་ཉིད་ཀྱི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མངའ་བའི་སངས་རྒྱས་རྣམས་དེར་བཞུགས་པའི་ཕྱིར་
ལམ་ཆེན་པོ་ཞེས་བྱ་བ་སྟེ། དཔེར་ན་རྒྱལ་པོའི་ཕོ་བྲང་ལ་ཆེན་པོ་ཞེས་བརྗོད་པ་བཞིན་ནོ། །རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། དངོས་པོ་རབ་ཏུ་དབྱེ་བ་མཐའ་ཡས་པའི་ཡུལ་ཅན་ཡིན་པའི་ཕྱིར་རམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་དང་ཁམས་ལ་སོགས་པའི་དབྱེ་བས་མཐའ་
ཡས་པའི་དབྱེ་བ་དང་ལྡན་པའི་འདུས་བྱས་ལ་སོགས་པའི་ཡུལ་ཅན་ཡིན་ཏེ། སྟོང་པ་ཉིད་ཀྱི་སྒོ་ནས་དངོས་པོ་ཐམས་ཅད་དམིགས་པའི་ཕྱིར་དངོས་པོ་ཡིན་ཏེ། ཅི་ལྟར་ནམ་མཁའ་དངོས་པོ་མཐའ་དག་ལ་ཁྱབ་པས་ཆེན་པོ་ཉིད་ཅེས་བརྗོད་པ་བཞིན་ནོ། །ཡང་ཆེན་པོ་ཉིད་ཀྱི་རྒྱུ་མཚན་བསྟན་པར་
བྱ་བའི་ཕྱིར་མི་ཤེས་པ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཐེག་པ་ཆེན་པོ་ཉིད་ཅེས་བྱ་སྟེ། སྟོབས་དང་ལྡན་པ་དགྲ་ལས་རྒྱལ་བ་ལས་ཆེན་པོ་ཉིད་ཐོབ་པ་བཞིན་ནོ། །དེ་ལ་གཞན་གྱི་དོགས་པ་བསུ་བར་བྱ་བའི་ཕྱིར་
གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་དང་ལམ་དག་གཅིག་ཡིན་པའི་ཕྱིར་བགྲོད་པར་བྱ་བས་ན་ཐེག་པ་སྟེ། མྱ་ངན་ལས་འདས་པ་ལ་བརྗོད་ལ། དེ་ནི་གཅིག་ཁོ་ན་ཡིན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདའ་བར་བསྟན་
པས་དེ་དང་འགལ་བར་འགྱུར་རོ་ཞེ་ན། འདིར་ཐེག་པ་གསུམ་བསྟན་པ་ནི་དགོངས་པ་ཅན་ཡིན་ནོ་ཞེས་བཤད་པའི་སྒོ་ནས་ལན་བསྟན་པར་བྱ་བའི་ཕྱིར། བསྟན་པ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པ་འདི་ནི་ཞེས་བྱ་བ་ནི་ཐེག་པ་གསུམ་བསྟན་པའོ། །དགོངས་པ་ཅན་ཞེས་བྱ་
བ་ནི་གདུལ་བྱ་ལ་ལྟོས་ནས་བསྟན་པ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིགས་མ་ཞེས་བྱ་བ་ནི་ཚིགས་མའོ། །དེ་ཡང་ལྔ་སྟེ། སེམས་ཅན་གྱི་སྙིགས་མ་དང་། བསྐལ་པའི་སྙིགས་མ་དང་། ཉོན་མོངས་

པའི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། ཚེའི་སྙིགས་མ་རྣམས་དང་། དེ་ལྟར་སྙིགས་མ་ཅི་ཡང་རུང་བ་བཞིན་དུ་སེམས་ཅན་རྣམས་སྙིགས་མ་ལྔས་དོན་དམ་པའི་ཡེ་ཤེས་ལ་མི་རུང་བ་ཉིད་ཀྱིས་སྙིགས་མ་ཞེས་བརྗོད་པར་བྱའོ། །དེ་ལ་སེམས་ཅན་གྱི་སྙིགས་མ་ནི་
ལུས་ཀྱི་ཚད་ཆུང་བ་ལ་སོགས་པའོ། །བསྐལ་པའི་སྙིགས་མ་ནི་ཆར་ཆེས་པ་དང་ཆུང་བ་ལ་སོགས་པའོ། །ཉོན་མོངས་པའི་སྙིགས་མ་ནི་ཉོན་མོངས་པ་རྣམས་བདོ་བའོ། །ལྟ་བའི་སྙིགས་མ་ནི་ལྟ་བ་རྣམས་ཤས་ཆེ་བའོ། །འདི་དག་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའི་དབང་དུ་བྱས་ནས་སོ། །ཚེའི་
སྙིགས་མ་ནི་ཚེ་ཐུང་བ་ཉིད་ཀྱིས་སོ། །དེ་ན་རྒྱུ་གང་གིས་འགྲོ་བ་རྣམས་ལ་སྙིགས་མ་ལྔ་ཡོད་པ་དེའི་ཕྱིར་གཏིང་ཟབ་པ་སྟེ། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ལམ་ལ་འཇུག་པ་མི་འབྱུང་ཞེས་བྱ་བར་སྦྱར་བར་བྱའོ། །གཏིང་ཟབ་པ་ཇི་ལྟ་བུ་ཞེ་ན། སངས་རྒྱས་སྤྱོད་ཡུལ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། སངས་རྒྱས་རྣམས་ཀྱིས་མི་དམིགས་པའི་ཚུལ་གྱིས་གཟིགས་པས་སོ། །སྙིགས་མ་ཅི་ལྟ་བུ་ཞེ་ན། ཉེས་པ་སྐྱེད་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཉོན་མོངས་པ་བསྐྱེད་པའི་རྒྱུར་གྱུར་པའོ། །ཉོན་མོངས་པ་རྣམས་ཤས་ཆེ་བར་འཇུག་པའི་ཕྱིར། དེ་རྣམས་ནི་མི་རུང་
བ་ཉིད་ཡིན་པས་ཐེག་པ་གསུམ་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། ལན་ནི་བདེ་གཤེགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་ཀྱིས་མི་དམིགས་པའི་ཚུལ་གྱིས་གཟིགས་པས་སོ། །གང་གི་ཕྱིར་བདེ་བར་གཤེགས་པས་ཁྱོད་ལ་ཤེས་རབ་ཐབས་སྙིང་རྗེ་དང་
བཅས་པ་མངའ་བ་དང་། དེ་བཞིན་དུ་བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ་ཞེས་ཞལ་གྱིས་བཞེས་པ་མངའ་བ་དེའི་ཕྱིར་སེམས་ཅན་རྣམས་བཅོམ་ལྡན་འདས་ཀྱིས་ཡལ་བར་འདོར་བར་མི་མཛད་པའོ། །འདིའི་དོན་ནི་གལ་ཏེ་བཅོམ་ལྡན་འདས་ལ་ཤེས་རབ་མི་མངའ་བར་འགྱུར་
ན་དེའི་ཚེ་ཐམས་ཅད་མཁྱེན་པའི་སྒོ་ནས་སེམས་ཅན་རྣམས་ཡལ་བར་འདོར་བར་འགྱུར་བ་ལས་དེ་མངའ་བ་དང་སེམས་ཅན་རྣམས་རྣམ་པར་དགྲོལ་བར་བྱའོ་ཞེས་ཞལ་གྱིས་བཞེས་པས་བཅོམ་ལྡན་འདས་ཅི་ལྟར་ན་སྙོམ་ལས་མཛད་པར་འགྱུར་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་

ཕྱིར་ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇུག་པ་ཤས་ཆེ་བའི་རྒྱུར་གྱུར་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཤས་ཆེན་པོ་འཇུག་པའི་རྒྱུ་ཡིན་པས་སོ། །ལྷག་པར་མོས་པ་ཁྱད་པར་དུ་འཕགས་པ་འཇོམས་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་
མེད་པ་ལ་མོས་པ་ལྡོག་པར་བྱེད་པའི་ཕྱིར་རོ། །འདི་ཙམ་གྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་འཇུག་པ་ཙམ་གྱིས་སོ། །དེ་དག་རྣམ་པར་གྲོལ་བར་བྱ་བ་ལ་ཞེས་བྱ་བ་ནི་འགྲོ་བ་རྣམས་དགྲོལ་བར་བྱ་བ་ལའོ། །དེའི་ཞེས་བྱ་བ་ནི་འགྲོ་བ་རྣམས་ཀྱིའོ། །རྣམ་པ་གཞན་གྱི་སྒོ་ནས་ཞེས་བྱ་བ་ནི་
སྟོང་པ་ཉིད་མཁྱེན་པ་ལས་རྣམ་པ་གཞན་གྱི་སྒོ་ནས་སོ། །འདི་དག་ཅེས་བྱ་བ་ནི་སྙིགས་མ་རྣམས་སོ། །གདོན་མི་ཟ་བར་ཞེས་བྱ་བ་ནི་དམ་བཅས་པ་ངེས་པར་བསྒྲུབ་པར་བྱ་དགོས་པས་སོ། །ཐེག་པ་གསུམ་བསྟན་པ་དགོངས་པ་ཅན་ཡིན་པ་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། མཁས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་ཤེས་རབ་དང་ལྡན་པའི་དེད་དཔོན་གྱིས་སོ། །རིན་པོ་ཆེའི་གླིང་དུ་ཆས་པའི་སྐྱེ་ཚོགས་ཀྱིས་ཞེས་བྱ་བ་ནི་རིན་པོ་ཆེའི་གླིང་དུ་རིན་པོ་ཆེ་ཚོལ་གྱི་ཆེད་དུ་འགྲོ་བའི་སྐྱེ་བོའི་ཚོགས་སོ། །ངལ་བ་ཉེ་བར་སེལ་
ཞེས་བྱ་བ་ནི་ཁ་ཟས་དང་མལ་ཆ་དང་སྟན་དང་གོས་ལ་སོགས་པ་སྣ་ཚོགས་པ་ཡོད་པས་སོ། །ཡིད་འོང་ཞེས་བྱ་བ་ནི་ཁང་པ་བརྩེགས་པ་དང་། སྐྱེད་མོས་ཚལ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །བར་དུ་ཞེས་བྱ་བ་ནི་རྒྱ་མཚོའི་དཀྱིལ་དུའོ། །རྣམ་པར་བཀོད་པ་ཞེས་བྱ་བ་ནི་སྤྲུལ་པའོ། །དཔེ་
བསྟན་ནས་དོན་བསྟན་པར་བྱ་བའི་ཕྱིར། ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱེད་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམས་ཀྱིས་སོ། །ཐེག་པ་འདིའི་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དག་གི་ཐེག་པའོ། །ཞི་བའི་ཚུལ་ལ་ཡིད་སྦྱར་ཞིང་། །ཞེས་བྱ་བ་ནི་ཉོན་མོངས་པ་ཞི་
བར་བྱ་བ་ལ་ཐུགས་གཏད་ནས་སོ། །རྣམ་པར་དབེན་པ་ལའང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་དབེན་པ་ལས་སོ། །བློ་སྦྱངས་རྣམས་ལས་ལོགས་སུ་གསུངས། །ཞེས་བྱ་བ་ནི་འཁོར་བ་ལས་བློ་དབེན་པར་བྱས་པ་རྣམས་ལའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་

དབེན་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་དག་གི་རྣམ་པར་དབེན་པའི་རྣམ་པར་རྟོག་པ་མངོན་དུ་མི་བྱེད་པའོ། །འདི་དག་ནི་འཁོར་བ་ལ་ཆགས་པ་དང་རྣམ་པར་བྲལ་བ་རྣམ་པར་དབེན་པའོ། །ལོགས་སུ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་
ཕྱིར། དཔེ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་བདེ་བའི་རྟེན་དུ་གྱུར་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཉེ་བར་ཞི་བ་ཉིད་བདེ་བ་ཡིན་ལ་དེ་ཉིད་རྟེན་དུ་གྱུར་པའོ། །ཐེག་པ་ཆེན་པོའི་ཚུ་རོལ་དུ་ཞེས་བྱ་བ་ནི་དེ་རྣམས་ལ་ཐེག་པ་ཆེན་པོ་བསྟན་པའི་སྔོན་རོལ་དུའོ། །དེ་ཐོབ་པའི་ཐབས་སུ་གྱུར་
ཅིང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཐོབ་པའི་ཐབས་སུ་གྱུར་པ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དག་གིས་ཉོན་མོངས་པ་རྣམས་སྤངས་ནས་ཡིད་ལས་བྱུང་བའི་བདག་གི་དངོས་པོས་ཚོགས་རྫོགས་པར་བྱས་ཏེ། སངས་རྒྱས་ཉིད་ཐོབ་པར་འགྱུར་བས་སོ། །འདིའི་དོན་ནི་ཉན་ཐོས་
ཀྱི་ཐེག་པས་མི་རྟག་པ་ཉིད་ལ་སོགས་པ་ཡོངས་སུ་ཤེས་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་གཟུང་བར་མངོན་པར་ཞེན་པ་སྤངས་པས་གྲོལ་བར་བསྟན་པ་ཡིན་ནོ། །དེས་ན་དེ་དག་ཤེས་པས་གང་གི་ཚེ་ཉོན་མོངས་པ་རྣམས་སྤོང་བར་གྱུར་པ་དེའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་རྟག་པ་ལ་
སོགས་པ་རྣམས་དང་། གཟུང་བར་མངོན་པར་ཞེན་པ་སྤང་བ་ཙམ་དེ་ཁོ་ན་ཉིད་མ་ཡིན་ཏེ། གང་མི་རྟག་པ་དེ་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། སྐྱེ་བ་མེད་པ་ཡིན་པས་རང་བཞིན་མེད་པ་དང་། གཟུང་བ་མེད་ན་འཛིན་པ་མེད་པས་འཛིན་པ་རང་བཞིན་མེད་པ་ཡིན་ནོ་ཞེས་ཆོས་སྟོན་ཅིང་སད་པར་མཛད་
དོ། །དེས་ན་དེ་རྣམས་ངོ་བོ་ཉིད་མེད་པའི་མཚན་ཉིད་ཅན་གྱི་ཐེག་པ་ཆེན་པོ་ལ་འཇུག་ཅིང་ཚོགས་རྫོགས་པར་བྱས་ཏེ། སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡིན་ནོ་ཞེས་པའོ། །འཁོར་བའི་ཉོན་མོངས་པ་སྤངས་པ་ཐོབ་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དག་གོ། །ཐེག་པ་ཆེན་པོ་ཁོ་ན་ཉེ་
བར་བསྟན་ལ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པའི་ཆེད་དུའོ། །གལ་ཏེ་ཉན་ཐོས་ལ་སོགས་པ་རྣམས་ལ་ཕྲ་རྒྱས་ཉེ་བར་སྤངས་པས་སྐྱེ་བ་ཡང་ཤིན་ཏུ་ལོག་པས་སྐྱེ་བ་དུ་མར་བརྒྱུད་པས་བསྒྲུབ་པར་བྱ་བའི་སངས་རྒྱས་ཉིད་ག་ལ་ཡོད་ཅེ་ན། དེ་ཡང་མ་ཡིན་ཏེ། དེ་རྣམས་ཀྱི་སྐྱེ་བོ་ལ་སོགས་པ་

ཤིན་ཏུ་ལོག་པ་ཉིད་དུ་མ་གྲུབ་པས་སོ། །དེ་ལྟར་ཡང་དཔལ་གྱི་ཕྲེང་བ་སེང་གེ་སྒྲའི་མདོ་ལས། དགྲ་བཅོམ་པ་ལ་ཡང་འཇིགས་པ་ཡོད་དེ། འཇིགས་པ་གང་གིས་དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་དག་ཀྱང་འཇིགས་ནས་སངས་རྒྱས་ཉིད་ལ་སྐྱབས་སུ་འགྲོའོ། །དེ་རྣམས་ལ་སྐྱེ་བ་མ་
ཟད་པ་ཉིད་ཡོད་དེ། གང་མ་སྤངས་པས་མྱ་ངན་ལས་འདས་པའི་ཁམས་ལས་རིང་དུ་འགྱུར་བ་དེ་རྣམས་ལ་སྤང་བར་བྱ་བའི་ཆོས་དུ་མ་ཡོད་དོ་ཞེས་གསུངས་སོ། །གང་ཉན་ཐོས་ལ་སོགས་པ་རྣམས་ལ་ངའི་སྐྱེ་བ་ཟད་དོ་ཞེས་བྱ་བ་ལ་སོགས་པའི་ཟད་པ་དང་། མི་སྐྱེ་བ་ཤེས་པ་བསྟན་པ་དེ་ནི་མདོ་དེ་
ཉིད་ལས་དྲང་བའི་དོན་དུ་གསུངས་ཏེ། འདི་ལྟར་བཅོམ་ལྡན་འདས་གང་དགྲ་བཅོམ་པ་དང་རང་སངས་རྒྱས་དག་གི་རྣམ་པར་གྲོལ་བའི་སོ་སོར་རྟོགས་པའི་ཤེས་པ་མཐར་ཐུག་པ་གང་ཡིན་པ་འདི་ནི་དགོངས་པ་ཅན་དྲང་བའི་དོན་ལགས་ཏེ། འཆི་འཕོ་བ་ནི་གཉིས་ཏེ། སེམས་ཅན་རྣམས་ཀྱི་རྣམ་པར་
འཆད་པའི་འཆི་འཕོ་བ་དང་། བཅོམ་ལྡན་འདས་ཡིད་ལས་བྱུང་བའི་ལུས་ཅན་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྔོ་བར་འགྱུར་བའི་འཆི་འཕོ་བ་ཡོད་པར་འགྱུར་
བ་ཡིན་ནོ། །རྣམ་པར་འཆད་པའི་འཆི་འཕོ་བའི་དབང་དུ་བྱས་ནས་དགྲ་བཅོམ་པ་དང་རང་སངས་རྒྱས་དག་ལ་ཡང་ང་ལ་སྐྱེ་བ་ཟད་དོ་སྙམ་དུ་ཤེས་པར་འགྱུར་བ་ཡིན་ནོ་ཞེས་གསུངས་སོ། །རྣམ་པར་འཆད་པའི་འཆི་འཕོ་བ་ནི་སྔར་གྱི་འགྲོ་བས་བསྡུས་པའི་བདག་གི་དངོས་པོ་ཆད་པའོ། །བསམ་གྱིས་
མི་ཁྱབ་པའི་ཡོངས་སུ་བསྔོ་བའི་འཆི་འཕོ་བ་ལ་བསམ་གྱིས་མི་ཁྱབ་པ་ནི་འདོད་པ་ལ་སོགས་པའི་ཁམས་ཀྱིས་མ་བསྡུས་པས་སོ། །ཡོངས་སུ་བསྔོ་བ་ནི་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོས་པས་སོ། །དེས་དགྲ་བཅོམ་པ་དང་། རང་སངས་རྒྱས་དག་ཉོན་མོངས་པ་སྤངས་པ་དང་མ་
རིག་པའི་བག་ཆགས་སྤངས་པར་མི་འགྱུར་ལ། དེ་མ་སྤངས་པས་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་མ་སྤངས་པར་འགྱུར་ལ། ཡང་དེ་དག་གིས་སྲིད་པ་གཞན་བླངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱོད་དོ། །ཡང་སྲིད་པ་ཇི་ལྟར་ལེན་ཞེ་ན། རྒྱུའི་སྟོབས་དང་རྐྱེན་གྱི་སྟོབས་ཀྱིས་

ཏེ། དེ་ལ་གང་ཉོན་མོངས་པ་རབ་ཏུ་སྤངས་པའི་བག་ཆགས་ཡོད་པ་དེ་ནི་རྐྱེན་ཡིན་ལ། ཟག་པ་དང་བཅས་པའི་དགེ་བའི་རྩ་བ་ཡང་སྲིད་པ་ལེན་པར་བྱེད་པའི་ཟག་པ་མེད་པའི་དགེ་བའི་རྩ་བ་ནི་རྒྱུ་ཡིན་ནོ། །དེ་ལྟར་ཡང་རྒྱ་མཚོ་བློ་གྲོས་འཁོར་བར་འཆིང་བར་བྱེད་
པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པར་འགྱུར་བ་དེ་ནི་འདི་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཚོལ་བར་བྱེད་པ་ལ་མི་ངོམས་པ་ཉིད་དང་། ཡང་དག་པར་བསམས་ནས་སྲིད་པ་
ལེན་པ་དང་། སངས་རྒྱས་དང་ཕྲད་པར་འདོད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་ལ་ཡོངས་སུ་མི་ངལ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པར་འདོད་པ་དང་། སེམས་ཅན་རྣམས་ལ་ཅི་བྱ་སྙམ་པའི་འདོད་པ་དང་། ཆོས་ལ་ཆགས་པའི་ཕྲ་རྒྱས་མི་འདོར་
བ་དང་། ཕ་རོལ་ཏུ་ཕྱིན་པའི་ཀུན་དུ་སྦྱོར་བ་རྣམས་ཡོངས་སུ་མི་འདོར་བའོ། །སྨྲས་པ་བཅོམ་ལྡན་འདས་གང་གི་ཚེ་དགེ་བའི་རྩ་བ་ཡིན་ན། ཅིའི་ཕྱིར་ན་ཉོན་མོངས་པ་ཞེས་བརྗོད། བཀའ་སྩལ་པ། འདི་ལྟ་སྟེ། རྒྱ་མཚོ་བློ་གྲོས་འདི་ལྟ་བུའི་རང་བཞིན་འདི་རྣམས་ཀྱི་བྱང་ཆུབ་སེམས་དཔའ་
རྣམས་ཁམས་གསུམ་དུ་གནས་པར་འགྱུར་ཞེས། ཁམས་གསུམ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ལ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཐབས་ལ་མཁས་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་ཡང་དག་པར་ཆེད་དུ་བསམས་ནས་ཁམས་གསུམ་དུ་གནས་པ་ཡིན་ནོ། །དེས་ན་
ཁམས་གསུམ་དུ་གནས་པར་བྱེད་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་བའི་སེམས་ཉོན་མོངས་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ཀྱང་། མ་རིག་པའི་གནས་པ་དེ་དང་མ་རིག་པའི་གནས་པའི་
རྐྱེན་ལས་འབྱུང་བའི་སྤྱོད་པའི་རྒྱུ་ཕྲ་མོས་ཀུན་ནས་བསླངས་པའི་ཟག་པ་མེད་པའི་ལས་ལ་བརྟེན་ནས་ཡིད་ལས་བྱུང་བའི་ཕུང་པོ་འབྱུང་བར་འཇུག་པ་ཡིན་ནོ། །དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལྟ་བུ་ནི་མ་རིག་པའི་གནས་ཡིན་ལ་ལས་ཀྱི་ཀུན་ནས་ཉོན་མོངས་པ་ལྟ་བུ་ནི་ཟག་པ་མེད་པའི་

ལས་མངོན་པར་འདུ་བྱེད་པའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལྟ་བུ་ནི་ཡིད་ལས་བྱུང་བའི་བདག་གི་དངོས་པོ་རྣམ་པ་གསུམ་མངོན་པར་འགྲུབ་པའོ། །དེའི་རྐྱེན་ཅན་གྱི་རྒ་ཤི་ལྟ་བུ་ནི་བསམ་གྱིས་མི་ཁྱབ་པ་དང་ཡོངས་སུ་བསྔོ་བའི་འཆི་འཕོ་བའོ། །མ་རིག་པའི་གནས་དང་ཟག་པ་མེད་པའི་
ལས་ཀྱི་རྒྱུ་ཅན་འདི་རྣམས་ལ་ཡང་སྐྱེ་བ་ཡོད་དོ་ཞེས་དཔལ་ཕྲེང་སེང་གེའི་སྒྲའི་མདོ་ལས་འདི་ལྟ་སྟེ། བཅོམ་ལྡན་འདས་དཔེར་ན་ཉེ་བར་ལེན་པའི་རྐྱེན་ཅན་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ཅན་སྲིད་པ་གསུམ་སྲིད་པ་དེ་བཞིན་དུ་བཅོམ་ལྡན་འདས་མ་རིག་པའི་གནས་པའི་རྐྱེན་ཅན་ཟག་པ་མེད་
པའི་ལས་ཀྱི་རྒྱུ་ཅན་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་སྲིད་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །དེ་ལ་ཡིད་ལས་བྱུང་བའི་ལུས་གསུམ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་རྣམས་ཀྱིའོ། །ས་བརྒྱད་པར་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་དབང་བ་ཉིད་ཐོབ་པར་འགྱུར་རོ། །ད་ནི་བདག་གི་དངོས་པོ་འཇིག་རྟེན་འདི་པའམ། འཇིག་རྟེན་ཕྱི་མ་པ་ཞིག་སྟེ། འདོད་པའི་ཁམས་ནའམ། གཟུགས་ཀྱི་ཁམས་ནའམ། གཟུགས་མེད་པའི་ཁམས་
ན་ཡིན་ཞེས་བྱ་བ་ལ་སོགས་པ་འདི་བརྗོད་པར་བྱ་དགོས་ཏེ། འགྲོ་བའམ། སྐྱེ་གནས་སམ། འཇིག་རྟེན་ནམ། སྲིད་པ་གསུམ་ཡང་བགྲང་བར་མི་བྱའོ། །འོ་ན་བདག་གི་དངོས་པོ་འགྲུབ་པ་དེ་ཇི་ལྟ་བུ་ཞེ་ན། ཡིད་ལས་བྱུང་བ་སྤྲུལ་པ་བཞིན་དུ་བལྟ་བའི་སྤྲུལ་པ་ནི་མ་ཡིན་ནོ། །སྲིད་
པ་ཞེས་བརྗོད་པ་ནི་འཆི་འཕོ་ལ་སྐྱེ་བའི་དབང་གིས་ཉེ་བར་བཏགས་ནས་བརྗོད་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་དོན་ཡོད་ན་དབང་ཐོབ་པ་ཉིད་ཀྱིས་འགྲོ་བ་དང་། སྐྱེ་གནས་དེ་དང་དེར་སྣང་བ་ཡིན་གྱི་སེམས་ཅན་གྱི་དོན་མེད་པ་ནི་སྣང་བ་མ་ཡིན་ནོ། །བདག་གི་དངོས་པོ་དེ་ཡང་ཟག་པ་མེད་པའི་དགེ་
བའི་རྩ་བས་འདུས་བྱས་པའི་ཕྱིར་འདུས་བྱས་ཀྱི་འཁོར་བ་ཞེས་བརྗོད་པར་བྱའོ། །ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པ་དག་གིས་མངོན་པར་འདུས་མ་བྱས་པའི་ཕྱིར་ན་འདུས་མ་བྱས་པ་དང་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལྟར་བཅོམ་ལྡན་འདས་འདུས་བྱས་པའི་འཁོར་བ་ཡང་

མཆིས། འདུས་མ་བྱས་པ་དང་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བྱམས་པ་ལས་དང་ཉོན་མོངས་པས་ཉེ་བར་འགྲོ་བའི་སྐྱེ་བོར་མི་བརྗོད་ཀྱི་འོན་ཀྱང་དགྲ་བཅོམ་པ་རྣམས་ལ་བསམ་གྱིས་མི་ཁྱབ་པ་
ཡོངས་སུ་བསྔོ་བའི་སྐྱེ་བོར་བརྗོད་པར་བྱའོ་ཞེས་གསུངས་སོ། །བདག་ཏུ་ཆགས་པ་དང་ལྡན་པ་རྣམས་ལ་སྡུག་བསྔལ་དང་བདེ་བ་དག་འདོད་པ་དང་། ཐོབ་པར་འདོད་པས་མངོན་པར་དགའ་བ་སྔོན་དུ་འགྲོ་བ་ཅན་གྱི་མངལ་གྱི་གནས་ཡོངས་སུ་འཛིན་པ་ཡིན་པས་ཉོན་མོངས་པ་རྣམས་ལ་
ཁམས་གསུམ་དུ་སྐྱེ་བའི་ནུས་པ་ཡོད་པ་ཡིན་ནོ། །དེ་རྣམས་ལོག་པས་འབྲས་བུ་ཁམས་གསུམ་དུ་སྐྱེ་བ་ཡང་ལྡོག་པ་ཡིན་གྱི། ཟག་པ་མེད་པའི་ཁམས་སུ་སྐྱེ་བ་ནི་ལྡོག་པ་མ་ཡིན་ནོ། །ལང་ཀར་གཤེགས་པ་ལས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་
པའི་དབང་གིས་འཁོར་བའི་རྒྱ་མཚོར་བྱིང་བར་འགྱུར་བ་དང་། མ་རིག་པའི་གནས་པའི་འཆིང་བས་གཅིག་ཏུ་ངེས་པར་མྱ་ངན་ལས་མི་འདའ་བ་དང་། རྣམ་པར་གྲོལ་བ་མེད་པ་དང་། ཉོན་མོངས་པ་ཙམ་ལས་གྲོལ་བ་དང་། མྱ་ངན་ལས་འདས་པ་མེད་དུ་ཟིན་ཀྱང་མར་མེ་ཤི་བ་བཞིན་དུ་མྱ་ངན་ལས་
འདས་སྙམ་པའི་འདུ་ཤེས་ཅན་ལ་ཟག་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པའི་ཟག་པ་མེད་པའི་ཁམས་སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསྐལ་པ་ཇི་སྙེད་པར་པདྨའི་སྙིང་པོར་གནས་པ་ཡིན་ལ་དེ་ནས་སྣང་བ་མཐའ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་
ནས་འོད་ཟེར་གྱིས་སད་པར་བྱས་ཏེ། ཏིང་ངེ་འཛིན་དེ་ལས་ལངས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་རབ་ཏུ་འབྱོར་པ་མཐོང་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། སྐྱེ་བ་ལ་དབང་ཐོབ་པའི་སྟོབས་ཀྱིས་མི་གཡོ་བ་ལ་སོགས་པའི་ས་ལ་གནས་པའི་བྱང་
ཆུབ་སེམས་དཔའ་རྣམས་བསམས་བཞིན་དུ་སྐྱེ་བ་རྣམས་ཀྱིས་དམྱལ་བར་རྒྱུ་བ་བཞིན་དུ། འགྲོ་བར་འགྲོ་ཞེས་བྱང་ཆུབ་མཆོག་ཐོབ་པར་འགྱུར་རོ་ཞེས་ཤིན་ཏུ་གསལ་བར་གསུངས་སོ། །དེས་ན་ཐེག་པ་གཅིག་ཡིན་གྱི་གསུམ་དུ་གསུངས་པ་ནི་དགོངས་པ་ཅན་ཡིན་ནོ་ཞེས་བྱ་བ་འདི་གནས་པ་

ཡིན་ནོ། །མདོ་ཀུན་ལས་བཏུས་པ་ཞེས་བྱ་བ་ལ་སོགས་པ་ལ་མདོ་ཀུན་ལས་བཏུས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའོ། །སོགས་པའི་སྒྲས་ནི་མདོ་རྣམས་བསྡུ་བར་བྱའོ། །མངོན་པར་བྱང་ཆུབ་པའི་དུས་དང་ཞེས་བྱ་བ་ནི་དུས་གང་གི་ཚེ་ཆོས་ཀྱི་དབྱིངས་ཤིན་ཏུ་
རྣམ་པར་དག་པ་མངོན་དུ་མཛད་པས་སོ། །བཞུགས་པའི་དུས་ཞེས་བྱ་བ་ནི་དུས་ཇི་སྲིད་དུ་བཞུགས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། བདེ་བར་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞིང་དེ་སངས་རྒྱས་ཀྱི་ཞིང་རྣམས་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ། བྱང་ཆུབ་
མཆོག་རབ་དམ་པར་གཤེགས་པའི་བསྐལ་པ་དེ། །ཞེས་སྦྱར་བར་བྱའོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་ལོ། །མ་ལུས་ཕྱོགས་ཞེས་བྱ་བ་ནི་ཕྱོགས་བཅུ་ནའོ། །འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཉིད་གཅིག་ཡིན་པས་དེ་ལྟར་བརྗོད་པ་ཡིན་གྱི།
གཞན་དུ་ན་སངས་རྒྱས་གཞན་དུ་འབྱུང་བར་མི་འགྱུར་བས་སོ། །དེ་ཉིད་ཀྱི་ཕྱིར། ཁྱོད་ཀྱི་གསང་བ་འདི་ནི་བསྙད་པ་མ་ལགས་སོ། །ཞེས་བྱ་བ་གསུངས་ཏེ། འདི་ནི་གསང་བར་བྱ་བ་ཉིད་ཡིན་ཏེ། གཞན་དུ་ན་ཆོས་ཀྱི་སྐུ་ལ་དགོངས་པ་མ་ཤེས་ནས་སངས་རྒྱས་གཅིག་ཁོ་ན་བཞུགས་ཀྱི་གཞན་
རྣམས་ལ་སངས་རྒྱས་མི་སྲིད་པས་ཚོགས་བསགས་པ་དོན་མེད་དོ་སྙམ་ནས་ལོག་པར་ལྟ་བ་སྐྱེ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བསྙད་པ་མ་ལགས་སོ་ཞེས་གསུངས་སོ། །གང་གིས་ཆོས་ཀྱི་སྐུ་ལ་བརྟེན་ནས་འདི་གསུངས་པ་ཡིན་ནོ་ཞེས་ཤེས་པ་དེ་ལ་འདི་བསྟན་པར་བྱ་བ་ཡིན་ནོ་ཞེས་པའོ། །དེ་
འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤཱཀྱའི་རིགས་སུ་འཁྲུངས་པ་ལ་སོགས་པ་བསྟན་པ་གང་ཡིན་པ་དེ་ནི་སྤྲུལ་པའི་སྐུའི་སྒོ་ནས་ཡིན་གྱི་རྡོ་རྗེའི་གདན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་དུ་མཛད་པ་ནི་མ་ཡིན་ནོ། །སྤྲུལ་པའི་སྐུ་
འབྱུང་བའི་རྒྱུ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །དེའི་བྱ་བ་ནི་ཆོས་ཀྱི་སྐུའོ། །དེའི་ཚད་ཅེས་བྱ་བ་ནི་དུས་ཀྱིའོ། །དེ་ལ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ནའོ། །དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་དུས་ཇི་སྲིད་པའི་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་ཀྱིས་སོ། །དེ་ལྷག་པར་

མོས་པར་བྱེད་པ་རྣམས་ལ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་ལྷག་པར་མོས་པར་བྱེད་པའི་བྱང་ཆུབ་སེམས་དཔའི་རིགས་རྣམས་ལའོ། །བཞུགས་པའི་དུས་བསྟན་པར་བྱ་བའི་ཕྱིར། དེ་ལྟར་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཏུ་རབ་ཞི་བར་ཞེས་བྱ་བ་ནི་མཆོག་ཏུ་རྣམ་
པར་མི་རྟོག་པའི་གནས་སྐབས་ནའོ། །ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཞེས་བྱ་བ་ནི་ནམ་མཁའ་ཇི་སྲིད་དུ་འཇིག་པར་མི་འགྱུར་བ་དེ་སྲིད་དུ་ཁྱོད་ལ་ཞི་བར་འགྱུར་བ་ཡིན་ཏེ། མྱ་ངན་ལས་འདས་པ་གང་ལ་མངའ་ཞེས་སྦྱར་བར་བྱའོ། །ཤེས་རབ་ཡུལ་གྱིས་བསྐྱེད་པ་ཞེས་བྱ་བ་ནི། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཆོས་སྐུ་མངོན་དུ་མཛད་པས་སོ། །ཐུགས་བརྩེ་མ་མའི་ཚུལ་ལུགས་ཞེས་བྱ་བ་ནི་ཐུགས་རྗེའི་དབང་གིས་འཁོར་བ་ཇི་སྲིད་པར་བཞུགས་པ་སྟེ། ཆོས་ཀྱི་སྐུའི་དབང་གིས་སེམས་ཅན་གྱི་དོན་བྱ་བ་རྒྱུན་མི་ཆད་པར་འགྱུར་བས་དེ་གནས་པ་ཡིན་ནོ་ཞེས་པའོ། །དེ་འགྲེལ་
པས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྲི་བའི་སྒོ་ནས་སྙིང་རྗེའི་རང་བཞིན་བསྟན་པར་བྱ་བའི་ཕྱིར་གང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་ཞེས་བྱ་བ་སྙིང་རྗེས་སོ། །དེའི་རང་བཞིན་སྟོན་པ་ནི། བཤད་པ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཇི་ལྟར་ཁྱོད་དེ་སངས་རྒྱས་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བ་དེ་ལྟར་ཁ་ཟས་དུག་དང་བཅས་པའི་ཟས་ཀྱིས་ཕྱིས་བུ་འགྲེ་ལོག་བྱེད་པ་མས་མཐོང་བ་ལ་སྡུག་བསྔལ་དེ་ཡིད་མི་བདེ་བ་འབྱུང་བར་འགྱུར་བའོ། །སྐྱེ་བོའི་ཁྱད་པར་ནི་ནང་མི་ཞེས་བྱ་བ་སྨོས་ཏེ། ངས་འདི་དྲང་བར་བྱའོ་ཞེས་ཞལ་
གྱིས་བཞེས་པས་སོ། །ཡང་སྐྱེ་བོའི་ཁྱད་པར་ནི་འཇིག་རྟེན་ཁ་ཟས་དུག་བཅས་ཟ་བའི་ཞེས་བྱ་བ་གསུངས་ཏེ། གཟུགས་དང་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་འཇིག་རྟེན་པའི་ཁ་ཟས་ཞེས་བྱ་བ་ལ། དེ་བདེན་པར་ཞེན་པའི་ལོངས་སྤྱོད་པའི་ཕྱིར་འཁོར་བ་སྡུག་བསྔལ་གྱི་རྒྱུ་ཡིན་པས་དུག་
དང་བཅས་པའོ། །ཅིའི་ཕྱིར་ཞེ་ན། གཏི་མུག་སྐྱོན་གྱིས་ཞེས་བྱ་བ་གསུངས་ཏེ། མ་རིག་པའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་མགོན་པོ་མཆོག་ཏུ་རབ་ཞིར་གཤེགས་པར་འགྱུར་བ་ལགས། །ཞེས་བྱ་བ་ནི་གང་གི་ཕྱིར་བདེན་པར་མངོན་པར་ཞེན་པ་འཇིག་རྟེན་པ་རྣམས་སྡུག་བསྔལ་གྱི་རྒྱུར་

གྱུར་པའི་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་ལོངས་སྤྱོད་པ་དེའི་ཕྱིར་སྡུག་བསྔལ་སེལ་བར་དམ་བཅས་པ་ཁྱོད་མྱ་ངན་ལས་འདས་པར་མི་འགྱུར་བའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པའི་ཡོན་ཏན་ཞེས་བྱ་བ་ལ། འདོད་པར་བྱ་
བས་ན་འདོད་པ་སྟེ། གཟུགས་ལ་སོགས་པ་རྣམས་སོ། །དེ་རྣམས་ཉིད་གོམས་པར་བྱ་བ་ཡིན་པས་ན་ཡོན་ཏན་ལྔའོ། །འདི་ཉིད་དུ་མངོན་པར་ཞེན་པ་ཞེས་བྱ་བ་ནི་གང་གཟུགས་ལ་སོགས་པ་ཉམས་སུ་མྱོང་བ་འདི་ནི་བདེན་པ་ཡིན་ནོ་ཞེས་མངོན་པར་ཞེན་པའོ། །སྡུག་བསྔལ་རྒྱ་ཆེན་པོའི་
རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རྒྱ་ཆེན་པོའི་རྒྱུ་ཡིན་པས་སོ། །གཏི་མུག་གི་སྐྱོན་ལས་ཞེས་བྱ་བ་ནི་མ་རིག་པའི་སྐྱོན་གྱིས་དེ་ཁོ་ན་ཉིད་མི་ཤེས་པས་སོ། །དེ་ལྟར་སྙིང་རྗེའི་རང་བཞིན་བསྟན་ནས་ཁྱད་པར་དུ་འཇིག་རྟེན་སྡུག་བསྔལ་བར་གཟིགས་ནས་ཐུགས་རྗེའི་དབང་
གིས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་ཐུགས་རྗེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བའི་གཞིར་གྱུར་པ་ཞེས་བྱ་བ་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་པ་ཡིན་ལ། དེ་ཉམས་སུ་མྱོང་བའི་རྟེན་དུ་གྱུར་
པའི་འཇིག་རྟེན་ན། །དངོས་པོ་དང་དངོས་པོ་མེད་པར་ཞེན་པའི་བློ་ཅན་གྱིས་ཞེས་བྱ་བ་ནི་ལས་དང་འབྲས་བུ་ལ་ཡིད་ཆེས་པར་ཡོད་ན་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་དངོས་པོ་ལ་མངོན་པར་ཞེན་པའི་བློ་འབྱུང་བས་དངོས་པོ་ལ་མངོན་པར་ཞེན་པའི་བློ་ཅན་ཞེས་བྱའོ། །ལོག་པར་ལྟ་བ་ཡོད་
ན་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་བློ་ཅན་ནོ། །དེ་ལ་ཁྱད་པར་གྱི་སྒོ་ནས་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར་མི་མཁས་པ་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་མ་རིག་པ་དང་ལྡན་པ་དེའི་ཕྱིར་རོ། །འཇིག་རྟེན་གནས་སྐབས་དང་ཞེས་བྱ་བ་ནི་མི་
རྟག་པའི་གནས་སྐབས་ཏེ། འདིས་ནི་རྒ་ཤི་དག་བསྟན་པ་ཡིན་ཏེ། གཉིས་ཀ་ལ་མི་རྟག་པ་ཉིད་ཀྱིས་ཁྱབ་པས་སོ། །སྡུག་དང་མི་སྡུག་ཕྲད་བྲལ་གྱིས། །བསྐྱེད་ཅེས་བྱ་བ་ནི་མཛའ་བ་དང་བྲལ་བས་བསྐྱེད་པའི་སྡུག་བསྔལ་དང་། མི་མཛའ་བ་དང་ཕྲད་པས་བསྐྱེད་པའི་སྡུག་བསྔལ་ལོ། །འདི་

ནི་དངོས་པོ་ལ་མངོན་པར་ཞེན་པའི་སྡུག་བསྔལ་ལོ། །དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། སྡིག་ཅན་འགྲོ་བ་ཐོབ་པ་ཞེས་བྱ་བ་གསུངས་ཏེ། མནར་མེད་པ་ལ་སོགས་པའི་འགྲོ་བ་རྣམས་སོ། །ཞི་ལས་ཞེས་བྱ་བ་ནི་བག་
ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་སུ་ཟིན་ཀྱང་ངོ་། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར་དེ་ལ་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་དང་འབྲས་བུ་ལ་ཡིད་ཆེས་པ་ཞེས་བྱ་བ་ནི། ཡང་དག་པའི་ལྟ་བ་ཡོད་ནའོ། །ཡོད་པར་ལྟ་བ་ཞེས་བྱ་བ་ནི་ལས་དང་
འབྲས་བུ་དག་ཡོད་པར་ལྟ་བའོ། །གོང་དུ་བཤད་པའི་སྡུག་བསྔལ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྣམས་སོ། །ད་ནི་དབུ་མ་ལ་འཇུག་པའི་བསྟན་བཅོས་ལས་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་གཞག་མཛད་པ་དེ་གཞན་རྣམས་དང་། ཐུན་མོང་མ་ཡིན་ནོ་ཞེས་
བསྟན་པར་བྱ་བའི་ཕྱིར། ལུགས་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུགས་འདི་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་གཞག་གོ། །དགེ་སློང་ཞེས་བྱ་བ་ནི་དགེ་སློང་གི་སྡོམ་པ་དང་ལྡན་པའོ། །དབུ་མའི་བསྟན་བཅོས་ལས་བཏུས་ནས། །ཞེས་བྱ་བ་ནི་སློབ་
དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་དབུ་མ་རྩ་བའི་ཤེས་རབ་ལ་སོགས་པ་ནས་བཏུས་ནས་སོ། །ལུང་ཇི་བཞིན་དུ་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལུང་དང་མི་འགལ་བར་རོ། །མན་ངག་ནི་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི། གཅིག་ནས་གཅིག་ཏུ་བརྒྱུད་པའི་སློབ་དཔོན་ཀླུ་སྒྲུབ་
ཞབས་ཀྱིས་མཛད་པའི་གདམས་ངག་གི་རྗེས་སུ་འབྲངས་ནས་སོ། །འདི་ལས་གཞན་ན་ཆོས་འདི་ནི་ཞེས་བྱ་བ་ནི་ཇི་ལྟར་དབུ་མའི་བསྟན་བཅོས་འདི་ལས་གཞན་ན་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ཆོས་འདི་ནི་ཡོད་པ་མ་ཡིན་ལ། དེ་བཞིན་དུ་དབུ་མ་ལ་འཇུག་པའི་བསྟན་བཅོས་འདི་ནི་ཀུན་རྫོབ་དང་
དོན་དམ་པའི་རྣམ་གཞག་གང་བྱས་པ་དེ་བསྟན་བཅོས་གཞན་རྣམས་ན་ཡོད་པ་མ་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་མཛོད་ཅེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་བཅོས་གཞན་ལས་ཞེས་བྱ་བ་ནི། དབྱིག་གཉེན་ལ་

སོགས་པས་བྱས་པ་ལས་སོ། །བསྟན་བཅོས་གཞན་ལ་ཚུལ་ལུགས་འདི་ཡོད་པ་མ་ཡིན་ནོ་ཞེས་གསལ་བར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་ཅིག་གིས་ཞེས་བྱ་བ་ནི་སློབ་དཔོན་འགའ་ཞིག་གིས་སོ། །ལུགས་འགའ་ཞིག་དོན་དམ་པར་སྨྲས་པ་ཞེས་བྱ་བ་ལ་
མདོ་སྡེ་པའི་འདོད་པ་ནི་གང་སྣང་བ་དེ་ཤེས་པ་ལས་ཐ་མི་དད་པས་ཡིན་ཏེ། དཔེར་ན་ཟླ་བ་གཉིས་སུ་སྣང་བ་ལ་སོགས་པ་བཞིན་ནོ། །སྔོན་པོ་ལ་སོགས་པ་ཡང་སྣང་བ་ཉིད་ཡིན་པས་དེས་ན་ཤེས་པ་ལ་ཐ་མི་དད་པ་ཡིན་ནོ། །སྔོན་པོ་ལ་སོགས་པར་སྣང་བ་དེ་རྣམས་ཀྱང་རེས་འགའ་སྣང་བ་རེས་འགའ་
མི་སྣང་བས་རེས་འགའ་བ་ཡིན་པའི་ཕྱིར། དེ་རྒྱུ་ཁས་བླང་དགོས་ཀྱི་གཞན་དུ་ན་རྒྱུ་མེད་པས་གཞན་ལ་མི་ལྟོས་པའི་ཕྱིར། རྟག་ཏུ་ཡོད་པ་འམ་མེད་པར་འགྱུར་ཞེས་བྱ་བའི་རིགས་པས་རྟག་ཏུ་ཡོད་པའམ་མེད་པར་འགྱུར་རོ། །དེས་ན་སྔོན་པོ་ལ་སོགས་པ་སྣང་བ་འདི་རྣམས་ཀྱི་རྒྱུ་གང་ཡིན་པ་དེ་ནི་
ཕྱི་རོལ་གྱི་དོན་ཡིན་པས་དེ་ཡང་མི་རྟག་ལ། ཤེས་པ་ཡང་མི་རྟག་པ་ཡིན་ལ། དེ་གཉིས་ཀ་ཡང་དབང་ཕྱུག་ལ་སོགས་པའི་བྱེད་པ་དང་བྲལ་བ་དང་། བདག་དང་བདག་གི་བ་དང་བྲལ་བའོ། །དེ་དག་མི་རྟག་པ་ལ་སོགས་པར་ཡོངས་སུ་ཤེས་པས་བདག་དང་བདག་གིར་འཛིན་པ་ལ་སོགས་པ་
ལས། བདག་དང་བདག་གི་བས་ཀུན་ནས་བསླང་བའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་མེད་པས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་མདོ་སྡེ་པ་རྣམས་ཀྱི་ལུགས་དོན་དམ་པར་སྨྲས་པའོ། །དེ་ཉིད་ཅེས་བྱ་བ་ནི་ལུགས་དོན་དམ་པ་ཉིད་དོ། །ཀུན་རྫོབ་ཏུ་འདོད་དོ་ཞེས་བྱ་བ་ནི་དོན་དམ་
པའི་རྣམ་གཞག་བྱས་པ་དེ་ཀུན་རྫོབ་ཉིད་དུ་འདོད་པ་ཡིན་ནོ་ཞེས་བྱའོ། །དེ་ཡང་མི་རིགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུ་མའི་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཞེས་བྱ་བ་ནི། གང་དབུ་མའི་བསྟན་བཅོས་ཀྱི་དོན་ཕྱིན་
ཅི་མ་ལོག་པ་དེ་ནི་མི་ཤེས་པ་ཉིད་ཀྱིས་དེ་ལྟར་བརྗོད་པ་ཡིན་ཏེ། དེ་ལྟ་བུའི་རྣམ་པ་ཅན་གྱི་དོན་འཇིག་རྟེན་ལ་གྲགས་པ་མེད་པ་ཡིན་ནོ་ཞེས་སྔར་བསྟན་ཏོ། །ཡང་གཞན་དག་གི་འདོད་པ་ལ་སྐྱོན་བསྟན་པར་བྱ་བའི་ཡང་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་ཁ་

ཅིག་ན་རེ་གང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྣམ་གཞག་བྱས་པ་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཀྱི་རྣམ་གཞག་ཡིན་ནོ་ཞེས་འདོད་པ་ཡིན་ནོ། །ཇི་ལྟར་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་དོན་དམ་པར་འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་ཀྱང་ཁས་ལེན་པ་ཡིན་ནོ། །
དེ་ལ་འདུས་མ་བྱས་ནི་ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །དེ་ལ་ནམ་མཁའ་ནི་མི་སྒྲིབ་པའི་མཚན་ཉིད་ཅན་ནོ། །སོ་སོར་བརྟགས་པའི་འགོག་པ་ནི། སོ་སོར་བརྟགས་ཤིང་དཔྱད་ན་ཉོན་མོངས་པ་རྣམས་
ཀྱིས་འགོག་པ་གང་ཐོབ་པས་སོ། །སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ནི་རྒྱུ་མ་ཚང་བས་འགོག་པ་ཐོབ་པ་གང་ཡིན་པ་སྟེ། དཔེར་ན་གཟུགས་གཅིག་ལ་མིག་དང་ཡིད་ཞུགས་པའི་སྐྱེས་བུ་ལ། གཟུགས་གཞན་ལ་རྒྱུ་མ་ཚང་བས་མིག་གི་རྣམ་པར་ཤེས་པའི་འགོག་པ་ཐོབ་
པས། མིག་གི་རྣམ་པར་ཤེས་པ་མི་སྐྱེ་བ་ལྟ་བུའོ། །འདུས་བྱས་ནི་གཟུགས་དང་ཚོར་བ་ལ་སོགས་པའོ། །དེ་དག་ཐམས་ཅད་མི་རྟག་པ་དང་། བདག་དང་བདག་གི་བ་དང་བྲལ་བ་དང་། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དང་བྲལ་བའོ། །དེ་རྣམས་མི་རྟག་པ་ལ་སོགས་པར་ཡོངས་སུ་
ཤེས་པ་ལས་སྔར་བཞིན་དུ་གྲོལ་བར་འགྱུར་བས་སོ། །དེ་ལ་རིགས་པ་མ་ཡིན་ཞེས་བསྟན་པར་བྱ་བའི་ཕྱིར་སྙམ་དུ་སེམས་པ་དག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དག་གིས་ཀྱང་ཞེས་བྱ་བ་ནི་གང་དེ་ལྟར་བརྗོད་པ་དེ་རྣམས་ཀྱིས་ཀྱང་ངོ་། །མ་རིག་པ་ཉིད་བསྟན་པར་བྱ་བའི་
ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པས་དོན་དམ་པར་བརྟགས་པ་གང་ཡིན་པའོ། །འཇིག་རྟེན་པའི་ཆོས་དང་ཆོས་མཚུངས་པར་མི་རིགས་པའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་རྣམས་ནི་
འཇིག་རྟེན་པའི་རྗེས་སུ་འབྲངས་ནས་གྲུབ་པ་ཡིན་གྱི། མི་རྟག་པ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་ལ་སོགས་པ་ནི་འཇིག་རྟེན་པ་ཉིད་ལས་གྲུབ་པ་མ་ཡིན་ནོ། །དེས་ནི་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་དག་ཆོས་མཚུངས་པར་མི་འགྱུར་བའོ། །ལུགས་འདི་ནི་ཐུན་

མོང་མ་ཡིན་པའོ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་རྣམ་གཞག་འདི་ཐུན་མོང་མ་ཡིན་པ་སྟེ། གཞན་ལ་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་ཡང་འཇིག་རྟེན་པའི་རྗེས་སུ་འབྲངས་ནས་ཀུན་རྫོབ་ཀྱི་རྣམ་གཞག་བྱས་པ་ཤུགས་ཀྱིས་གཞན་གྱིས་ཀུན་རྫོབ་ཀྱི་རྣམ་གཞག་བྱས་པ་དེ་རིགས་པ་
མ་ཡིན་པར་གྲུབ་པས་ཐུན་མོང་མ་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ལུགས་འདི་གཞན་གྱིས་མི་ཤེས་ཤིང་ཞེས་ཁོ་བོས་ཁོང་དུ་ཆུད་པས་སོ། །ཐུགས་དགོངས་མི་ཤེས་ཤིང་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་རྣམ་གཞག་གོ། །དོན་གྱི་དེ་ཁོ་ན་ཉིད་ངེས་པར་ཟིན་པ་མེད་པ་ཞེས་
བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཆོས་ཀྱི་སྐུའི་རང་བཞིན་ཅན་གྱི་དོན་དུ་ངེས་པར་མ་ཟིན་པར་རོ། །ཡི་གེ་ཙམ་ངེས་པར་འཇིགས་པར་འགྱུར་བ་རྣམས་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་ཡོངས་སུ་བརྟག་པ་དང་། བདེན་པ་བཞི་ཡོངས་སུ་བརྟག་པ་དག་ལས་སངས་རྒྱས་བཀག་
པ་དང་། བདེན་པ་བཞི་བཀག་པའི་ཚུལ་གྱིས་དོན་ངེས་པར་བྱས་ཏེ་འཇིག་པར་འགྱུར་བ་རྣམས་ཀྱིས་སོ། །འཇིག་རྟེན་ལས་འདས་པའི་ཆོས་འདི་ཞེས་བྱ་བ་ནི། སྒྲིབ་པ་གཉིས་སྤོང་བའི་རྒྱུར་གྱུར་པའི་དེ་ཁོ་ན་ཉིད་བསྟན་པའོ། །བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་
བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བསྟན་བཅོས་ལས་གསུངས་པ་དེ་ཕྱིན་ཅི་མ་ལོག་པ་ཡིན་གྱི་ཕྱིན་ཅི་ལོག་ནི་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུའོ། །དེ་ཉིད་ཀྱི་བསྟན་པར་བྱ་བའི་ཕྱིར། ཀླུ་སྒྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཀླུ་དང་སྲིད་སྒྲུབ་དག་དང་མཚུངས་པའི་ཕྱིར་ཀླུ་སྒྲུབ་སྟེ།
ཇི་ལྟར་ཀླུ་རྣམས་མཚོའི་མཐའ་དོར་ནས་དཀྱིལ་དུ་གནས་པ་དེ་བཞིན་དུ་འདིར་ཡང་ཡོད་པ་དང་མེད་པ་ལ་གནས་པའི་མཐའ་སྤངས་ནས། དབུ་མའི་ལམ་ལ་གནས་པ་དང་། ཇི་ལྟར་སྲིད་སྒྲུབ་ཀྱིས་མདའི་ཚོགས་ཀྱིས་གཞན་གྱི་དཔུང་ཚོགས་བཅོམ་པ་དེ་བཞིན་དུ་འདིར་ཡང་གཉིས་སུ་མེད་པའི་
ཡེ་ཤེས་ཀྱི་མདའི་ཚོགས་ཀྱིས་སྲིད་པའི་དགྲ་བཅོམ་པས་སྲིད་སྒྲུབ་དང་ཀླུ་དག་མཚུངས་པའོ། །བློ་མཚོ་ཞེས་བྱ་བ་ནི་བློ་ཉིད་མཚོ་ཡིན་ཏེ། ཟབ་པའི་ཕྱིར་རོ། །ཤིན་ཏུ་རྒྱ་ཆེ་ཞེས་བྱ་བ་ནི་མཐའ་རྟོགས་པར་དཀའ་བས་སོ། །ཁ་དོག་གིས་འཇིགས་པས་ཞེས་བྱ་བ་ནི་མཚོའི་དབང་དུ་བྱས་ན་སྔོ་བ་

ལ་སོགས་པའི་ཁ་དོག་གི་སྒོ་ནས་སོ། །བློའི་དབང་དུ་བྱས་ན་བློས་ཀུན་ནས་བསླངས་པའི་སྒྲ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པས་འཇིགས་པས་སོ། །ལུགས་བཟང་ཞེས་བྱ་བ་ནི་ཀླུ་སྒྲུབ་ཞབས་ཀྱིས་བཞེད་པ་དམ་པའོ། །རྒྱང་རིངས་སྤངས་པ་ཞེས་
བྱ་བ་ནི་བསྟན་བཅོས་ཀྱི་དོན་མ་དཔྱད་པ་སྟེ། བསྟན་བཅོས་ལ་མ་ཞུགས་པས་སོ་ཞེས་པའོ། །ཇི་ལྟར་ཐག་རིང་པོ་ནས་མཚོའི་ཁ་དོག་ཤིན་ཏུ་འཇིགས་པར་བྱེད་པ་མཐོང་ནས་ཡོངས་སུ་འདོར་བ་དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་བསྟན་བཅོས་ཀྱི་སྒྲ་ཐོས་པ་ཙམ་གྱིས་གཞན་གྱིས་ཡོངས་
སུ་སྤོང་བ་ཡིན་ནོ་ཞེས་པའོ། །དེའི་ཚིག་ལེའུར་བྱས་པའི་ཁ་མ་འབུས་ཀུ་མུ་ཏ་ཁ་ཕྱེ་བའི་ཆུས་ཞེས་བྱ་བ་ནི་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་ཚིག་ལེའུར་བྱས་པ་ཉིད་ཁ་མ་འབུས་པའི་ཀུ་མུ་ཏ་ཡིན་ཏེ། གཞན་རྣམས་ཀྱིས་དེའི་དོན་གསལ་བར་མ་བྱས་པས་སོ། །དེའི་ཁ་བྱེ་བ་ནི་ཚིག་ལེའུར་བྱས་
པའི་དོན་གསལ་བར་བྱས་པས་སོ། །དེ་ཉིད་ཆུ་སྟེ་དེའི་སྒོ་ནས་སོ། །ད་ལྟ་ཟླ་བ་གྲགས་པ་ཕྱོགས་རྣམས་རབ་ཏུ་འགེངས་པར་བྱེད། །ཅེས་བྱ་བ་ནི་སློབ་དཔོན་ཟླ་བ་གྲགས་པས་ཕྱོགས་ཐམས་ཅད་གང་བར་མཛད་པའོ། །འདིའི་དོན་ནི་ཇི་ལྟར་འགའ་ཞིག་གིས་མཚོའི་ཁ་དོག་གིས་འཇིགས་པས་
མཚོ་དོར་ལ་ཕྱིས་འགའ་ཞིག་འོངས་ནས་མཚོ་དེ་ཉིད་ཀྱི་གཏིང་དུ་འཛུལ་བ་དང་སྟེང་དུ་བྱུང་བ་དག་བྱས་ནས་དེ་ལས་བཅུས་པའི་ཆུས་ཡུལ་ཡོངས་སུ་གང་བར་བྱས་པ་དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་བསྟན་བཅོས་ཀྱི་སྒྲའི་འཇིགས་པས་གཞན་གྱིས་དོར་བ་དེ་ཁོ་བོས་ཚིག་ལེའུར་བྱས་པའི་དོན་གསལ་
བར་བྱས་པའི་ཆུས་ཕྱོགས་རྣམས་ཡོངས་སུ་གང་བར་བྱས་པ་ཡིན་ནོ་ཞེས་པའོ། །ཚིག་ལེའུར་བྱས་པའི་དོན་ཁོང་དུ་ཆུད་པ་དེ་ཐུན་མོང་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྐད་དུ་སྨྲའོ་ཞེས་བྱ་བ་ལ་སོགས་པ་ནི་དེ་རྣམས་ཀྱིས་ཀྱང་ཡོངས་སུ་
སྤངས་པ་ཡིན་ནོ་ཞེས་པའོ། །སྤངས་པར་ཁོང་དུ་ཆུད་པའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ནོ། །ཟབ་མོ་ཞེས་བྱ་བ་ནི་དོན་རྟོགས་དཀའ་བས་སོ། །འཇིགས་རུང་ཞེས་བྱ་བ་ནི་སྒྲ་

ཙམ་ཐོས་པས་སོ། །སྔོན་གོམས་པ་ཉིད་ལས་ཞེས་བྱ་བ་ནི་སྐྱེ་བ་སྔ་མ་ལ་དེ་ཁོ་ན་ཉིད་ལ་ཐོས་པ་དང་བསམ་པ་ལ་སོགས་པ་བྱས་པས་སོ། །ངེས་པར་རྟོགས་འགྱུར་འདི་ནི་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་ཁོང་དུ་ཆུད་པའོ། །གསན་རྒྱ་ཆེ་ཡང་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་
ཐོས་པའི་མཚན་ཉིད་ཅན་རྒྱ་ཆེ་ཡང་ངོ་། །གཞན་གྱིས་ཞེས་པ་ནི་སྔོན་གོམས་པར་མ་བྱས་པ་རྣམས་ཀྱིས་སོ། །ཐུགས་སུ་ཆུད་མི་འགྱུར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་བའོ། །དེའི་ཕྱིར་ཚུལ་ལུགས་ཞེས་བྱ་བ་ནི་ཀུན་བརྟགས་པ་དང་། གཞན་དབང་དང་། ཡོངས་སུ་
གྲུབ་པའི་མཚན་ཉིད་ཅན་ནོ། །རང་བློས་སྦྱར་བ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་ལ་སོགས་པས་རང་རང་གི་བློས་བཏགས་པའོ། །དེ་དག་མཐོང་ནས་ཞེས་བྱ་བ་ནི་གཞན་གྱི་ཚུལ་ལུགས་མཐོང་ནས་སོ། །བདག་ཏུ་བརྗོད་གཞུང་ལུགས་རྣམས་ལྟར། །ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཀྱི་
བདག་ལ་སོགས་པ་གསལ་བར་བྱེད་པའི་བསྟན་བཅོས་རྣམས་བཞིན་དུའོ། །གཞན་ལུགས་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་ལ་སོགས་པའི་འདོད་པའོ། །བཞེད་གཞུང་འདི་ལས་ཞེས་བྱ་བ་ནི་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་བཞེད་པ་ལས་སོ། །གཞན་ལ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་
གཉེན་ལ་སོགས་པས་མཛད་པ་ལས་སོ། །དགའ་བློ་དོར་བ་ཞེས་བྱ་བ་ནི་དེ་རྣམས་ལ་བློ་བརྟན་པར་མི་བྱའོ་ཞེས་པའོ། །འདིར་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་བཞེད་པ་སྤངས་པ་ཡིན་ཏེ། སྔོན་དེ་ཁོ་ན་ཉིད་མ་གོམས་པར་རྒྱུ་མཚན་དུ་བསྟན་པ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་
ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཉོན་མོངས་པ་སྤངས་ཤིང་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་ཉོན་མོངས་པའི་གཉེན་པོར་གྱུར་པ་གོང་མས་བསྡུས་པའི་འཇིག་རྟེན་པའི་ལམ་མེད་པའོ། །དེ་རྣམས་ཀྱི་སྲིད་པའི་རྩེ་མོའི་ཉོན་མོངས་པ་
མ་སྤངས་ཀྱང་ཞིང་ཆག་མོ་གང་མ་བརྡས་པས་བརྡས་པ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་ཉོན་མོངས་པ་སྤངས་ཤིང་ཞེས་བརྗོད་པར་འོས་པ་ཡིན་ནོ། །གྲུབ་པའི་མཐའ་གཞན་ཉེ་བར་སྦྱོར་ནུས་པར་མཐོང་དུ་ཟིན་ཀྱང་ཞེས་བྱ་བ་ནི་གྲངས་ཅན་ལ་སོགས་པའི་གྲུབ་མཐའ་གཞན་སྦྱོར་ནུས་ཀྱང་ངོ་། །དེ་

བཞིན་དུ་དེ་དག་གིས་ཀྱང་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་ལ་སོགས་པས་ཀྱང་ངོ་། །མང་དུ་གསན་པ་རྣམ་པ་དེ་ལྟ་བུ་མདོར་ཟིན་ཀྱང་ཞེས་བྱ་བ་ནི་སྒྲ་དང་། ཚད་མ་དང་མངོན་པ་ལ་སོགས་པ་དུ་མ་གསན་དུ་ཟིན་ཀྱང་ངོ་། །དེང་སང་ཉིད་ན་ཡང་ཞེས་
བྱ་བ་ནི་ད་ལྟར་ཡང་ངོ་། །རྒྱུའི་སྟོབས་ཁོ་ན་ལས་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ལྷག་པར་མོས་པའི་བག་ཆགས་ཀྱིས་སོ། །འདི་བདེན་པར་མཐོང་བ་རྣམ་པར་ཉམས་པ་རྣམས་ཀྱིས་ཀྱང་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་ལ་སོགས་པས་ཀྱང་ངོ་། །མང་དུ་གསན་ན་རྣམ་པ་དེ་ལྟ་
བུ་མུ་སྟེགས་པའི་གཞུང་ལུགས་འདི་བདེན་པ་ཡིན་ནོ་ཞེས་མཐོང་བ་སྤངས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་སྟོང་པ་ཉིད་ལ་ལྷག་པར་མོས་པའོ། །སྟོང་པ་ཉིད་ཀྱི་གཏིང་དཔོག་པར་མཐོང་ཞེས་བྱ་བ་ནི་སྟོང་པ་ཉིད་ཡང་དག་པར་ཁོང་དུ་ཆུད་པ་ཡིན་ནོ་ཞེས་པའོ། །གཞན་པའི་
གཞུང་ལུགས་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་ལ་སོགས་པས་མཛད་པའོ། །བདག་གསལ་བར་བྱེད་པའི་གཞུང་ལུགས་ཞེས་བྱ་བ་ནི་མུ་སྟེགས་པའི་བསྟན་བཅོས་ལས་བྱ་བ་ལྟར་རོ། །དགའ་བའི་བློ་གྲོས་དོར་བར་བྱ་སྟེ་ཞེས་བྱ་བ་ནི་འདི་ཁོ་ན་ཉིད་ཡིན་ནོ་སྙམ་དུ་ངེས་པར་མ་བྱེད་ཅེས་
པའོ། །སྟོང་པ་ཉིད་ཀྱི་ལྟ་བ་ལ་ལྷག་པར་མོས་པ་ཁོ་ན་ལ་ཡ་མཚན་པར་རྟོགས་པར་བྱའོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ལྷག་པར་མོས་པ་ཁོ་ན་ལ་སེམས་བརྟན་པོར་གྱིས་ཤིག་ཅེས་པའོ། །བསོད་ནམས་ཡོངས་སུ་བསྔོ་བར་བསྟན་པར་བྱ་བའི་ཕྱིར། སློབ་དཔོན་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ལུགས་བཟང་བསྙད་ལ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཀྱི་བཞེད་པ་བསྟན་པ་ལས་བདག་གིས་བསོད་ནམས་གང་ཐོབ་པ་དེ་འཇིག་རྟེན་བདེ་བར་གཤེགས་པའི་ས་ཀུན་དུ་འོད་ཅེས་བྱ་བར་བགྲོད་པར་ཤོག་ཅེས་བྱ་བར་སྦྱར་རོ། །ཕྱོགས་ཀྱི་མཐར་ཁྱབ་ཅིང་ཞེས་བྱ་བ་ནི་བསོད་
ནམས་དེ་ཕྱོགས་ཐམས་ཅད་ལ་ཁྱབ་པ་སྟེ་མཐའ་ཡས་པ་ཡིན་ནོ་ཞེས་པའོ། །ཡིད་མཁའ་ཞེས་བྱ་བ་ནི་ཡིད་ཁོ་ན་ནམ་མཁའ་ཡིན་པས་ན་ཡིད་མཁའ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཡིན་པས་སོ། །ཡིད་ཀྱི་མཁའ་ཇི་ལྟ་བུ་ཞེ་ན། ཉོན་མོངས་ཀྱིས་སྔོ་ཞེས་བྱ་བ་གསུངས་ཏེ། གློ་བུར་བའི་ཉོན་མོངས་པས་དྲི་མ་ཅན་

དུ་བྱས་པས་སོ། །བསོད་ནམས་ཇི་ལྟ་བུ་ཞེ་ན། སྟོན་ཀའི་རྒྱུ་སྐར་ལྟར་དཀར་བ་ཞེས་བྱ་བ་སྨོས་ཏེ། སྟོན་ཀའི་སྤྲིན་དང་བྲལ་བས་སྐར་མ་རྣམས་ཇི་ལྟར་དཀར་བ་དེ་བཞིན་དུ་བསོད་ནམས་འདི་ཡང་མི་དགེ་བའི་དྲི་མ་དང་བྲལ་བས་དཀར་བའོ། །བསམ་པའི་མཚན་ལ་ཉིན་གྱི་ནོར་བུ་དང་འདྲ་ཞེས་བྱ་བ་ལ། བསམ་པ་ནི་
ཡོད་པ་དང་། མེད་པར་རྣམ་པར་རྟོག་པ་གང་ཡིན་པའོ། །དེ་ཉིད་མཚན་མོ་སྟེ། དངོས་པོའི་དེ་ཁོ་ན་ཉིད་ཡོངས་སུ་མི་ཤེས་པས་སོ། །དེ་སྤང་བའི་དོན་དུ་ཉིན་གྱི་ནོར་བུ་དང་འདྲ་བ་སྟེ། ཉི་མ་ལྟ་བུའོ། །བསོད་ནམས་འདིར་རྣམ་པར་རྟོག་པ་དང་བྲལ་བས་སོ། །དེ་ལྟར་ཡང་། སྐྱེ་བ་འདི་ཉིད་ལ་དེ་ཉིད། །ཅེས་བྱ་བ་
ལ་སོགས་པ་གསུངས་སོ། །ཟབ་པ་ཞེས་བྱ་བ་ནི་སྟོང་པ་ཉིད་སྟོན་པས་སོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་ལྔ་སྟོན་པས་སོ། །ཐེག་པ་མཆོག་ལ་ཐུགས་གཞོལ་བ། །ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་ཐུགས་ཤིན་ཏུ་དང་བ་མངའ་བའོ། །མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ་ཞེས་བྱ་བ་ནི་
ཤེས་རབ་དང་ཐུགས་རྗེ་དག་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་པའོ། །རི་མོར་བྲིས་པའི་བ་དྲུས་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་ཞེས་བྱ་བ་ནི་རི་མོར་བྲིས་པའི་བ་ལས་འོ་མ་བཞོས་པས་གཞན་གྱི་དངོས་པོར་མངོན་པར་ཞེན་པ་ཟློག་པར་མཛད་པ་དེས་མཛད་པའོ། །དབུ་
མ་ལ་འཇུག་པའི་འགྲེལ་བཤད་སངས་རྒྱས་ཀྱི་གནས་སྐབས་ཀྱི་འགྲེལ་པའི་བཤད་པའོ།། །།མངའ་རིས་ཡུལ་འཁྲུངས་སྐྱེ་བོ་ཡོན་ཏན་ལྡན་པས་ཀུན་ལ་རབ་གྲགས་ཐུགས་རྗེར་ལྡན། །ནོར་གྱི་ཚོགས་ཀྱིས་ཕོངས་པ་མཐའ་དག་ཁྱབ་མཛད་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །ནམ་ཡང་གང་གི་ཐུགས་ལ་
སྐད་ཅིག་ཙམ་ཡང་ཁྲོ་བ་སྐྱེས་པར་མ་གྱུར་པ། །བརྩོན་འགྲུས་ཀྱིས་ནི་མཐའ་ཡས་སྐྱོན་ཡང་ཡོན་ཏན་ཚོགས་དག་འཇོམས་ཤིང་འཕེལ་མཛད་ལ། །རྣམ་པར་གཡེང་བ་དུ་མས་གང་གིས་སེམས་ནི་ཏིང་ངེ་འཛིན་ལས་མི་འཕྲོགས་ཤིང་། །ཤེས་རབ་ཕུན་ཚོགས་ཆུ་ཡིས་དྲི་མ་མཐའ་དག་འཁྲུ་བའི་ནུས་མངའ་
བ། །ཐབས་ཀྱིས་སྲིད་པའི་ཆུ་བོར་བྱིང་བའི་སེམས་ཅན་མཐའ་ཡས་ཆོས་ཀྱི་ཕྱག་གིས་འདྲེན་མཛད་ཅིང་། །སྐྱེ་བ་དུ་མར་སྦྱངས་པས་གང་གི་སྨོན་ལམ་ཤིན་ཏུ་མཐའ་རུ་སོན་གྱུར་པ། །སྦྱིན་ལ་སོགས་པའི་སྦྱོར་ལ་གོམས་པས་གང་གི་སྟོབས་རྣམས་ཀྱང་ནི་འཕེལ་འགྱུར་ལ། །ཐུགས་ཀྱི་བསྟན་བཅོས་དུ་མ་རྣམ་སྤྱོད་

མཁས་ཤིང་ཆོས་ཀྱི་ཕུང་པོ་སྟོན་མཛད་པ། །ཚུལ་ཁྲིམས་དང་ལྡན་ཏིང་འཛིན་བཟླས་བརྗོད་མངོན་བརྩོན་སྐྱེ་བོའི་ཚོགས་ཀྱིས་རྒྱུན་དུ་བསྐོར། །<མེ་‚མི་>ཉག་ཡུལ་གྱི་མངའ་བདག་ཆོས་རྗེས་བླ་མར་བཀུར་ཞིང་སྤྱི་བོས་ཕྱག་མཛད་པ། །འགྲོ་བ་རྣམས་ཀྱི་དོན་དུ་སངས་རྒྱས་འབུམ་
གྱིས་བརྒྱན་པའི་གཙུག་ལག་ཁང་ཆེན་མཛད། །གང་གིས་དེ་ལས་གཞན་པའི་གནས་རྣམས་སུ་ཡང་རྒྱ་ཆེན་གཙུག་ལག་ཁང་མཛད་ལ། །ཐུགས་རྗེ་ཕུལ་དུ་བྱུང་བས་སེམས་ཅན་སྡུག་བསྔལ་དྲ་བས་སྡུག་བསྔལ་གང་གྱུར་པ། །འགྲོ་བས་མཐོང་ངམ་ཐོས་པས་རངས་པ་སྐྱེད་མཛད་དགེ་
སློང་གསུང་བཅད་ཡོངས་ཀྱི་བཤེས། །དེ་ཡིས་གསོལ་བ་བཏབ་ནས་ཁ་ཆེ་ཡི། །ཡུལ་ནས་འོངས་པའི་མཁས་ལ་རྒྱལ་བ་ཀུན། །དགའ་ཞེས་བྱ་བར་གྲགས་པས་དབུ་མ་ལ། །འཇུག་པ་འདི་འགྲེལ་བཤད་པའི་དོན་གསལ་བྱས། །བདག་གིས་འགྲེལ་བཤད་འདི་བྱས་ལས། །བསོད་
ནམས་ཀུན་ད་ཟླ་འདྲ་ལ། །གང་ཐོབ་དེ་ཡིས་འཇིག་རྟེན་ཀུན། །དབུ་མའི་གནས་ཐོབ་རྒྱལ་གྱུར་ཅིག །དབུ་མ་ལ་འཇུག་པའི་འགྲེལ་པའི་བཤད་པ། དོན་གསལ་བར་བྱེད་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཛ་ཡ་ཨཱ་ནན་དས་མཛད་པ་རྫོགས་སོ།། །།
ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྷ་ཡི་ཡུལ་དང་མཚུངས། །ཆོས་རྒྱལ་གདུང་མི་འཆད་པར་འབྱུང་བའི་<མེ་‚མི་>ཉག་ཡུལ། །ཆུ་བོ་རྨ་ཡི་ངོགས་དང་རི་བོ་རྩེ་ལྔའི་འདབས། །རྒྱལ་པོའི་ཕོ་བྲང་དཔུང་གི་ཚོགས་བཅས་གནས་པ་ཡི། །ཁྱད་པར་མཁར་སྐུ་ཞེས་བྱའི་གཙུག་ལག་ཁང་
ཆེན་དུ། །ཁ་ཆེའི་མཁས་པ་ཆེན་པོ་རྩོམ་མཛད་དེ་ཉིད་དང་། །བོད་ཀྱི་ལོ་ཙཱ་བནྡེ་ཀུན་དགའ་གྲགས་ཞེས་པས། །དབུ་མ་ལ་འཇུག་འགྲེལ་བཤད་དོན་གསལ་ཞེས་བྱ་བསྒྱུར། །འདི་བསྒྱུར་བ་ལས་དགེ་བ་གང་། །ཐོབ་དེས་འགྲོ་བ་མ་ལུས་པ། །སྒྲིབ་པ་རྣམ་གཉིས་ཡོངས་
སྤངས་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཁ་ཆེའི་མཁས་པ་ཆེན་པོ་ཛ་ཡ་ཨཱ་ནནྡ་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཀུན་དགའ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།