Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 104

Văn bản gốc(Tây Tạng)

Trang 11 / 24 (50.000 ký tự/trang)
ན་ནོ། །དེ་ཉིད་རེ་ཞིག་དེ་ཉིད་མིན། །ཞེས་བྱ་བ་ནི་
ས་བོན་གང་ཡིན་པ་དེ་ཉིད་མྱུ་གུ་མ་ཡིན་ཏེ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དག་གཅིག་ཉིད་དུ་ཐལ་བར་འགྱུར་ལ། དེ་ནི་ཕ་དང་བུ་དག་ཀྱང་གཅིག་ཉིད་དུ་འགྱུར་རོ། །གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་མྱུ་གུའི་གནས་སྐབས་ན་མྱུ་གུ་བཞིན་དུ་ས་བོན་ཡང་དམིགས་པར་འགྱུར་བ་དང་། ས་བོན་བཞིན་
དུ་མྱུ་གུ་ཡང་དམིགས་པར་མི་འགྱུར་རོ། །དེ་ལྟར་ན་ས་བོན་རྟག་པར་ཐལ་བར་འགྱུར་ཏེ། མི་འཇིག་པར་ཁས་བླངས་པས་སོ། །དེས་ན་སྐྱོན་ཆེན་པོ་རྟག་པར་ཐལ་བར་འགྱུར་བ་དང་། ལས་ཀྱི་འབྲས་བུ་ལ་སོགས་པ་མེད་པར་ཐལ་བར་འགྱུར་ལ། དེ་ལྟར་རེ་ཞིག་ས་བོན་གང་ཡིན་པ་དེ་ཉིད་མྱུ་གུ་ཡིན་
པར་རིགས་པའོ། །དེ་ལས་གཞན་པ་ཡང་མ་ཡིན་པ་ཞེས་བྱ་བ་ནི་ས་བོན་ལས་མྱུ་གུ་གཞན་པ་ཡང་མ་ཡིན་ཏེ། ས་བོན་མེད་པར་མྱུ་གུ་སྐྱེ་བར་འགྱུར་བ་དང་། མྱུ་གུའི་གནས་སྐབས་ན་ཡང་ས་བོན་ཡོད་པར་འགྱུར་བས་སོ། །དེས་ན་འཆོལ་བའི་སྐྱོན་དུ་འགྱུར་རོ། །དེས་ན། དེའི་ཕྱིར་རྟག་མིན་ཆད་

པའང་མིན། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་རྒྱུ་གང་ལ་བརྟེན་ནས་འབྲས་བུ་གང་སྐྱེ་བའི་རྒྱུ་ཉིད་འབྲས་བུ་མ་ཡིན་པ་དང་། རྒྱུ་དེ་ལས་འབྲས་བུ་དེ་གཞན་མ་ཡིན་པའི་ཕྱིར། དེས་ན་རྒྱུ་དེ་ཆད་པ་དང་རྟག་པ་ཉིད་དུ་རྣམ་པར་གཞག་པར་མི་ནུས་སོ། །ད་ནི་སྐྱེ་བ་མེད་པ་གདོན་མི་ཟ་བར་ཁས་བླང་
བར་བྱ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་དོན་དམ་པར་དངོས་པོའི་རང་བཞིན་སྐྱེ་བར་ཁས་ལེན་ནའོ། །གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་སོ། །དེ་ལ་སྐུར་པ་
ཞེས་བྱ་བ་ནི་དངོས་པོའི་རང་བཞིན་ལ་སྐུར་པ་བཏབ་པས་སོ། །དངོས་པོ་འཇིག་པའི་ཕྱིར། སྟོང་པ་ཉིད་དངོས་པོ་འཇིག་པའི་རྒྱུར་གྱུར་ན་ཞེས་བྱ་བ་ནི་དོན་དམ་པར་རང་བཞིན་སྐྱེས་པ་ལ་སྟོང་པ་ཉིད་ཀྱི་དངོས་པོའི་རང་བཞིན་བཀག་པས་སོ། །དེ་ནི་རིགས་མིན་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་
ཡོད་པར་གྱུར་ན་སྟོང་པ་ཉིད་ཀྱི་དངོས་པོ་སྟོང་པ་ཉིད་དུ་བྱ་བར་མི་རིགས་ཏེ། མེ་ཡོད་པར་གྱུར་ན་དེའི་རང་བཞིན་ཚ་བ་ཉིད་གཞན་དུ་བྱ་བར་མི་ནུས་པས་སོ་ཞེས་པས་སོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་དང་ཚོར་བ་ལ་
སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འདུ་ཤེས་ལ་སོགས་པ་གཟུང་བར་བྱའོ། །རང་གི་མཚན་ཉིད་དེ་རང་གི་ངོ་བོ་དང་རང་བཞིན་ཞེས་བྱ་བ་ནི་གོང་མ་གོང་མ་འོག་མ་འོག་མས་བཤད་པར་བྱ། ཅི་ལྟར་སྐྱེས་པའི་རང་བཞིན་ལ་སྐུར་པ་བཏབ་པས་སྟོང་པ་ཉིད་རྟོགས་པར་འགྱུར་ཏེ་ཞེས་བྱ་བ་ནི་
དངོས་པོ་རང་གི་རྒྱུ་ལས་སྐྱེས་པ་ལ་སྟོང་པ་ཉིད་དུ་མཐོང་བས་སྐུར་པ་སྟོང་པ་ཉིད་དུ་བཏབ་པའི་སྒོ་ནས་སྟོང་པ་ཉིད་དུ་རྟོགས་པར་འགྱུར་བའོ་ཞེས་པའོ། །དེ་ནི་རུང་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་རང་བཞིན་སྟོང་པ་ཉིད་དུ་བྱ་བར་མི་རིགས་པ་དང་། སྟོང་པ་ཉིད་དུ་མཐོང་བ་ལོག་པའི་ཤེས་པར་ཐལ་བར་
འགྱུར་བས་སོ། །ཐམས་ཅད་ཀྱི་ཚེ་སྐྱེ་བས་ཁས་བླངས་པར་མི་བྱའོ་ཞེས་བྱ་བ་ནི་གདོད་མ་ནས་སྐྱེ་བ་མེད་པར་ཁས་བླང་བར་བྱ་དགོས་ཏེ། བཅོས་མ་མ་ཡིན་པའི་དངོས་པོ་ལ་སྐྱེ་བ་ཉིད་མེད་པས་སོ། །དབུ་མའི་ལམ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་

དང་བྲལ་བའི་ལམ་གང་ཡིན་པའོ། །དེའི་བཤད་པ་ནི་ཡང་དག་པར་སོ་སོར་རྟོག་པ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དངོས་པོ་ཅི་ལྟ་བ་བཞིན་དུ་ཡང་དག་པར་ཡོངས་སུ་ཤེས་པ་གང་ཡིན་པའོ། །ཡང་དག་པར་སོ་སོར་རྟོག་པ་ནི་ཞེས་བྱ་བ་དེ་ཉིད་རྒྱས་པར་བསྟན་པར་བྱ་
བའི་ཕྱིར། གང་སྟོང་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཙམ་པ་རྣམས་ཀྱིས་ཀུན་བརྟགས་དང་གཞན་དབང་ཡོངས་སུ་གྲུབ་པ་སྟེ། ངོ་བོ་ཉིད་རྣམ་པ་གསུམ་བརྗོད་ལ། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ལས་སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པ་སྐྱེ་བ་གང་
ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་སྟེ། རྐྱེན་གྱི་དབང་གིས་འཇུག་པའི་ཕྱིར་རོ། །དེ་ཉིད་དོན་དམ་པར་གཉིས་སུ་མེད་པ་ཡིན་པ་ལ་གཉིས་ཀྱི་དངོས་པོར་བརྟགས་པ་གང་ཡིན་པ་དེ་ནི་ཀུན་བརྟགས་ཀྱི་ངོ་བོ་ཡིན་ཏེ། བརྟགས་པ་ཙམ་དུ་ཡོད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་སྣང་བའི་
ཤེས་པ་དེ་ཉིད་ལ་དུས་ཐམས་ཅད་དུ་གཟུང་བ་དང་འཛིན་པས་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། དུས་ཐམས་ཅད་དུ་དེ་བཞིན་དུ་གནས་པས་སོ། །དེ་ཉིད་ཀྱི་ཕྱིར། གང་ཞིག་སྣང་བ་འདི་གཞན་དབང་། །ཅི་ལྟར་སྣང་བ་འདི་ཀུན་བརྟགས། །རྐྱེན་གྱི་དབང་དུ་
འཇུག་ཕྱིར་དང་། །བརྟགས་པ་ཙམ་དུ་ཡོད་ཕྱིར་རོ། །སྣང་བ་དེ་ལ་ཇི་ལྟ་བར། །སྣང་བཞིན་རྟག་ཏུ་མེད་ཉིད་གང་། །དེ་ནི་ཡོངས་གྲུབ་ངོ་བོ་ཉིད། །ཤེས་བྱ་གཞན་དུ་མི་འགྱུར་ཕྱིར། །ཞེས་གསུངས་པས་སོ། །དེ་ལ་སེམས་ཙམ་པ་རྣམས་ཀྱིས་སྔོན་པོ་ལ་སོགས་པའི་སྣང་བའི་གཞན་གྱི་
དབང་ཡོངས་སུ་བརྟགས་པའི་གཟུང་བ་དང་འཛིན་པས་སྟོང་པ་ཉིད་ཀྱིས་སྟོང་པར་བྱེད་ལ། དེའི་དབང་དུ་བྱས་ནས་གང་སྟོང་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ཉིད་ཀྱིས་ཏེ་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱིས་སྟོང་པ་ཡིན་ནོ་ཞེས་སྟོང་པ་ཉིད་ཀྱི་རྣམ་པས་བསྒོམས་པ་ལས་བྱུང་
བའི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སོ། །ཆོས་རྣམས་ཏེ་གཞན་གྱི་དབང་གི་ངོ་བོའི་ཆོས་ཅན་ནོ། །སྟོང་པར་མི་བྱེད་པ་སྟེ། སྟོང་པ་ཉིད་ཀྱི་ཆོས་དང་ལྡན་པར་བྱེད་པ་མ་ཡིན་གྱི་འོན་ཀྱང་གཞན་གྱི་དབང་གི་མཚན་ཉིད་ཀྱི་ཆོས་ཁོ་ན་གདོད་མ་ནས་

སྐྱེ་བ་མེད་པའི་ཕྱིར་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་མ་མེད་པ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་མཚན་མ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དེ་དེ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས་ཞི་བའི་རྣམ་པར་བསྒོམས་པ་ལས་བྱུང་བའི་མཚན་མའི་རྣམ་པ་དང་བྲལ་བའི་སེམས་རྩེ་
གཅིག་པའི་མཚན་ཉིད་ཅན་གྱི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ཆོས་རྣམས་མཚན་མ་དང་བྲལ་བར་བྱེད་པ་མ་ཡིན་གྱི། འོན་ཀྱང་ཆོས་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པའི་ཕྱིར་གདོད་མ་ནས་ཆོས་རྣམས་མཚན་མ་དང་བྲལ་བའོ། །གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་
བྱེད་དེ་ཞེས་བྱ་བ་ནི་ཁམས་གསུམ་པ་དངོས་པོ་མེད་པའི་རྣམ་པར་མཐོང་ནས་ཆོས་ཐམས་ཅད་ལ་མི་མཐུན་པའི་འདུ་ཤེས་ཉེ་བར་བསྐྱེད་ནས་དེ་ལ་ཤིན་ཏུ་སྨོན་པར་རབ་ཏུ་གནས་པར་མི་བྱའོ་ཞེས་བསྒོམས་པ་ལས་བྱུང་བའི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་ཆོས་
འདི་རྣམས་ལ་སྨོན་པ་དང་བྲལ་བར་མི་བྱེད་ཀྱི། འོན་ཀྱང་ཆོས་རྣམས་ཉིད་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་སྨོན་པ་དང་བྲལ་བའོ། །གང་མངོན་པར་འདུ་བྱ་བ་མེད་པས་ཞེས་བྱ་བ་ལ་སོགས་པ་ལ་མངོན་པར་འདུ་བྱ་བའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་རྣམ་པར་
རྟོག་པའོ། །རྣམ་པར་རྟོག་པའི་ངོ་བོ་སྐྱེ་བ་མེད་པའི་ཕྱིར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་རྣམ་པར་རྟོག་པའི་ཡུལ་དུ་ཆོས་ཐམས་ཅད་འགྱུར་བ་མ་ཡིན་ནོ་སྙམ་དུ་རྟོགས་པ་ལས་བྱུང་བའི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་མངོན་པར་འདུ་བྱ་བ་མེད་པའི་ཏིང་ངེ་
འཛིན་ཡིན་ལ་དེས་ཆོས་རྣམས་མངོན་པར་འདུ་བྱ་བ་མེད་པར་མི་བྱེད་ཀྱི། འོན་ཀྱང་རྣམ་པར་རྟོག་པའི་ངོ་བོ་སྐྱེ་བ་མེད་པའི་ཕྱིར་ཆོས་རྣམས་མངོན་པར་འདུ་བྱེད་པ་མེད་པའོ། །འདིར་འགའ་ཞིག་ན་རེ་སྐྱེ་བས་དངོས་པོ་སྐྱེད་པར་བྱེད་པས་སྐྱེ་བ་མེད་ན་དངོས་པོ་རྣམས་སྐྱེ་བ་མ་ཡིན་ནོ་ཞེས་བརྗོད་པ་
དེའི་དབང་དུ་བྱས་ནས་གང་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་འདི་གསུངས་པ་ཡིན་ཏེ། དངོས་པོ་རྣམས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འགའ་ཞིག་ན་རེ་སྐྱེ་བའི་སྟོབས་ཀྱིས་དངོས་པོ་རྣམས་སྐྱེ་བ་མ་ཡིན་གྱི་འོན་ཀྱང་རྒྱུའི་སྟོབས་ཀྱིས་འབྱུང་བ་ཡིན་ལ། མ་བྱུང་བས་དེ་རྣམས་མི་འབྱུང་

བར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་དེ་རྣམས་ཀྱི་དབང་དུ་བྱས་ནས་གང་མ་བྱུང་བས་ཞེས་བྱ་བ་ལ་སོགས་པ་འདི་གསུངས་པ་ཡིན་ཏེ། ངོ་བོ་ཉིད་ཀྱིས་མ་བྱུང་བའི་ཕྱིར་རོ། །དེ་ལྟར་དབུ་མ་པ་རྣམས་ཀྱི་དབང་དུ་བྱས་ནས་སྟོང་པ་ཉིད་ལ་སོགས་པས་ཆོས་རྣམས་སྟོང་པ་
ཉིད་དུ་བྱེད་པ་མ་ཡིན་གྱི་སེམས་ཙམ་པའི་དབང་དུ་བྱས་ནས་ནི་སྟོང་པ་ཉིད་ཀྱི་ཆོས་རྣམས་སྟོང་པར་འགྱུར་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཞིག་གཞན་གྱི་དབང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྔར་བཤད་ཟིན་ཏོ། །དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་
ཡིན་པར་ཞེས་བྱ་བ་ནི་གལ་ཏེ་གཞན་གྱི་དབང་ལས་སྟོང་པ་ཉིད་གཞན་ཡིན་པར་འགྱུར་ན་དེའི་ཚེ་ཐ་དད་པའི་སྟོང་པ་ཉིད་རྟོགས་པ་གཞན་གྱི་དབང་གི་གཟུང་བ་དང་རྣམ་པར་རྟོག་པ་མི་ལྡོག་པའི་ཕྱིར་གྲོལ་བ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་གཞན་ཉིད་མ་ཡིན་པར་གྱུར་ན་ནི་དེའི་ཚེ་དུས་
ཐམས་ཅད་དུ་གྲོལ་བར་ཐལ་བར་འགྱུར་བ་དང་། སྟོང་པ་ཉིད་དངོས་པོ་ཉིད་དུ་ཐལ་བ་དང་། གཞན་གྱི་དབང་སྟོང་པ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །མི་རྟག་པ་ཉིད་ལ་སོགས་པ་ལྟར་ཞེས་བྱ་བ་ལ་སོགས་
པའི་སྒྲས་བྱས་པ་ལ་སོགས་པ་བསྡུ་བར་བྱའོ། །དེ་ལ་གལ་ཏེ་ཆོས་ཐམས་ཅད་ལས་མི་རྟག་པ་ཉིད་ལ་སོགས་པ་ཐ་དད་པ་ཡིན་ན་ཆོས་ཅན་དེ་རྟག་པར་ཐལ་བར་འགྱུར་ལ། ཐ་མི་དད་པ་ཡིན་ན་ཆོས་ཅན་དང་ཆོས་དག་གི་དབྱེ་བ་མེད་པ་དང་། མི་རྟག་པ་ཉིད་མངོན་སུམ་གྱིས་གྲུབ་པར་ཐལ་
བར་འགྱུར་རོ། །དེས་ན་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའོ། །དེ་ལ་ཞེས་བྱ་བ་ནི་སེམས་ཙམ་པ་ལའོ། །སྟོང་པ་ཉིད་ཁོ་ནས་ཞེས་བྱ་བ་ནི་ཆོས་ཀྱི་ངོ་བོ་གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱིས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་གྱི་ཞེས་བྱ་བ་ནི་གཞན་གྱི་དབང་གི་
མཚན་ཉིད་ཅན་གྱི་ཆོས་རྣམས་སྟོང་པ་ཉིད་དང་འབྲེལ་པས་སྟོང་པའོ། །རང་བཞིན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་དབང་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །བཞི་བརྒྱ་པ་ལས་ཞེས་བྱ་བ་ལ་སོགས་པ་ལ་མྱ་ངན་ལས་འདས་པ་ལ་བདག་གིར་གྱུར་ཅིག་སྙམ་ནས་སྟོང་པ་ཉིད་མ་ཡིན་

པའི་དངོས་པོ་སྟོང་པ་དང་ལྡན་པར་མཐོང་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལོག་པར་ལྟ་བས་མྱ་ངན་ལས་མི་འདའ་བར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ། གཞན་དུ་གནས་པའི་དངོས་པོ་གཞན་དུ་མཐོང་བ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་ལ། གལ་ཏེ་རང་བཞིན་གྱིས་
སྟོང་པ་མ་ཡིན་པའི་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཡིན་ནོ་སྙམ་དུ་མཐོང་བར་གྱུར་ན་དེའི་ཚེ་ལོག་པར་ལྟ་བ་ཉིད་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ལས་ལོག་པར་ལྟ་བ་དང་ལྡན་པའི་གང་ཟག་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མྱ་ངན་ལས་འདས་པ་ཐོབ་པ་རྣམ་གཞག་
མཛད་པ་མ་ཡིན་ཏེ། ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་རྣམ་གཞག་མཛད་པའི་ཕྱིར་རོ། །དེས་ན་སྒྱུ་མ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་སྟོང་པ་ཁོ་ན་ཆོས་ཐམས་ཅད་སྟོང་པ་ཡིན་ཏེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་བཅོམ་
ལྡན་འདས་ཀྱིས་གསུངས་པས་སྟོང་པ་མ་ཡིན་པ་སྟོང་པ་ཉིད་དུ་བྱེད་པ་ནི་མ་ཡིན་ནོ། །དཔེར་ན་མཚན་མོ་དགེ་ཚུལ་བཏུང་བར་བྱ་བ་མ་ཡིན་པའི་དོན་དུ་མི་གོ་བ་བཞིན་དུ་སྟེ། དགེ་ཚུལ་འགའ་ཞིག་སློབ་དཔོན་གྱིས་མཚན་མོ་བཏུང་བར་བྱ་བ་མ་ཡིན་པའི་དོན་དུ་ཡང་དང་ཡང་དུ་མངགས་པ་དང་། དེས་དེ་ལ་འདི་
དགེ་སློང་རྣམས་ལ་མི་འོས་པས་ཁྱེད་ཅི་ལྟར་གསོལ་ཞེས་སྨྲས་པ་དང་། དེས་སྨྲས་པ་འདི་ཆུ་ཡིན་ནོ་སྙམ་དུ་བསམས་ནས་ཁོ་བོས་འཐུང་བ་ཡིན་ནོ་ཞེས་སྨྲས་པ་དང་། དེས་ཀྱང་ཉི་མ་གཞན་ལ་ཆུ་ཉིད་ཁྱེར་ཏེ་འོངས་སོ། །དེས་སྨྲས་པ། ཅིའི་ཕྱིར་ཁྱོད་ཀྱིས་གཞན་ཉིད་ཁྱེར་ཏེ་འོངས། དགེ་ཚུལ་གྱིས་
སྨྲས་པ། གང་གི་ཚེ་ཁྱེད་ཀྱིས་ཆུ་ཡིན་ནོ་སྙམ་དུ་བསམས་ནས་གསོལ་ན་དེ་དག་ལ་ཁྱད་པར་ཅི་ཞིག་ཡོད། ཅི་ལྟར་འདིར་ཆུའི་སྒོ་ནས་ཆང་གི་སྲེད་པ་མི་ལྡོག་པ་དེ་བཞིན་དུ་ལོག་པར་ལྟ་བས་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །བསྟན་བཅོས་ཀྱང་ཞེས་བྱ་བ་ནི་རྩ་བའི་
ཤེས་རབ་ལས་སོ། །སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ལྟ་བ་ཐམས་ཅད་ཅེས་བྱ་བ་ནི་མངོན་པར་ཞེན་པ་ཐམས་ཅད་དོ། །ངེས་པར་འབྱིན་པ་ཞེས་བྱ་བ་ནི་མི་འཇུག་པ་སྟེ། ལོག་པ་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་དོ། །ལྟ་བ་ཐམས་ཅད་ལོག་པ་ཙམ་ནི་དངོས་པོ་མ་ཡིན་གྱི། གང་སྟོང་པ་ཉིད་

ལ་ཡང་དངོས་པོར་ཞེན་པར་བྱེད་པ་དེ་དག་ལ་ཁོ་བོ་ཅག་གིས་ཅུང་ཟད་ཀྱང་བརྗོད་དུ་མེད་པས་ཁོ་བོ་ཅག་གི་གདམས་ངག་ལས་རྟོག་པ་ཐམས་ཅད་ལོག་པས་ཅིའི་ཕྱིར་དེ་རྣམས་ཐར་པ་ཐོབ་པར་འགྱུར་ཏེ་མི་འགྱུར་རོ་ཞེས་པའི་དོན་ཏོ། །གང་དག་ཁྱོད་ཅི་ཡང་མ་ཡིན་པ་ཞིག་
རིན་དུ་སྦྱིན་ནོ་ཞེས་བརྗོད་པ་ན་ཅི་ཡང་མ་ཡིན་པ་ནི་དེ་ཁོ་བོ་ལ་བྱིན་ཅིག་ཅེས་བརྗོད་པར་གྱུར་ན་དེ་ལ་ཐབས་གང་གི་སྒོ་ནས་ཅི་ཡང་མ་ཡིན་པའི་དངོས་པོ་རིན་དུ་སྦྱིན་པར་ནུས། དེ་བཞིན་དུ་གང་དག་ལ་ལྟོས་པ་ཉིད་ལ་དངོས་པོར་མངོན་པར་ཞེན་པ་ཡོད་པ་དེ་དག་ལ་ཐབས་གང་གིས་དངོས་པོ་ལ་
མངོན་པར་ཞེན་པ་འགོག་པར་བྱེད། དེས་ན་སྨན་ཆེན་པོ་ཡིན་དུ་ཟིན་ཀྱང་སྐྱོན་གྱི་འདུ་ཤེས་ཀྱིས་མཆོག་ཏུ་གྱུར་པའི་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་དོར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་རི་རབ་
ཙམ་གྱི་གང་ཟག་གི་བདག་ཏུ་ལྟ་བ་ལ་བརྟེན་པ་བླའི་མངོན་པའི་ང་རྒྱལ་དང་ལྡན་པས་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལྟ་བའི་རྣམ་པ་ཐམས་ཅད་ཀྱི་ངེས་པར་འབྱིན་པ་ནི་སྟོང་པ་ཉིད་ཡིན་ལ། གང་ལ་སྟོང་པ་ཉིད་ཁོ་ནར་ལྟ་བར་གྱུར་པ་དེ་གསོ་བར་བྱ་བ་མ་
ཡིན་ནོ་ཞེས་ང་སྨྲའོ། །འོད་སྲུངས་དཔེར་ན་སྐྱེས་བུ་ནད་པར་གྱུར་པ་ལ་དེ་སྨན་པས་སྨན་བྱིན་ན། དེ་ལ་སྨན་དེས་ནད་ཐམས་ཅད་ཉེ་བར་བསལ་ནས་སྨན་ཉིད་ཁོང་དུ་ཞེན་ནས་འབྱུང་བར་མ་གྱུར་ན། འོད་སྲུངས་དེ་ཅི་སྙམ་དུ་སེམས། སྐྱེས་བུ་དེ་ནད་ལས་གྲོལ་བར་འགྱུར་རམ། གསོལ་པ།
བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །གང་ལ་ནད་ཐམས་ཅད་སེལ་བར་བྱེད་པའི་སྨན་དེ་ཉིད་ཁོང་དུ་ལུས་ནས་ཕྱིར་མ་བྱུང་ན་སྐྱེས་བུ་དེ་ལ་ནད་ཤིན་ཏུ་ལྕི་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ལྟ་བའི་རྣམ་པ་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་ངེས་པར་
འབྱིན་པར་བྱེད་ལ། གང་སྟོང་པ་ཉིད་ཁོ་ནར་ལྟ་བར་གྱུར་པ་དེ་ཁོ་བོས་གསོ་བར་བྱ་བ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་དོན་དམ་པར་གཞན་ལས་སྐྱེ་བ་མེད་པར་བསྟན་ནས། ཀུན་རྫོབ་ཏུ་ཡང་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ཕྱོགས་སྔ་མ་འགོད་པ་ནི། འདིར་སྨྲས་པ་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་སྐབས་སུའོ། །གཞན་དག་གིས་སྨྲས་པ་ནི་དོན་དམ་པར་བདག་དང་གཞན་ལས་སྐྱེ་བ་མེད་པར་འདོད་པ་ཉིད་དོ་ཞེས་པའི་ཐ་ཚིག་གོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་ཞེས་བྱ་བ་ནི་དེ་ལ་དངོས་སུ་
ཤེས་པ་སྐྱེད་པར་རུང་བ་རྣམས་ནི་མངོན་སུམ་གྱིས་དམིགས་པ་ཡིན་ལ། དངོས་སུ་ཤེས་པ་སྐྱེད་པར་རུང་བ་མ་ཡིན་པ་གཞན་གྱི་སྒོ་ནས་རྟོགས་པར་བྱ་བ་རྣམས་ནི་རྗེས་དཔག་གིས་དམིགས་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་རང་གི་རྒྱུད་དུ་གཏོགས་པ་རྣམས་ནི་མངོན་སུམ་གྱིས་དམིགས་
པ་ཡིན་ལ། གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་ནི་རྗེས་སུ་དཔག་པས་དམིགས་པ་ཡིན་ནོ། །གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་འཇིག་རྟེན་པའི་མངོན་སུམ་ལ་སོགས་པས་གཞན་ལས་སྐྱེ་བར་རྟོགས་པའི་ཕྱིར་རོ། །ཅི་སྟེ་དེ་ལྟར་མི་འདོད་ན་ནི་ཞེས་བྱ་བ་ནི་གལ་ཏེ་
གཞན་ལས་སྐྱེ་བར་མི་འདོད་ནའོ། །བདེན་པ་གཉིས་ཅི་སྟེ་བརྗོད་དེ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གཞན་ལས་སྐྱེ་བ་མེད་པས་གདོད་མ་ནས་སྐྱེ་བ་མེད་པའི་རང་བཞིན་ཅན་སྟོང་པ་ཉིད་ཁོ་ན་ལུས་པའི་ཕྱིར་བདེན་པ་གཉིས་མི་འཐད་པས་དོན་དམ་པའི་བདེན་པ་གཅིག་ཁོ་ནར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་
ནི་གང་གི་ཕྱིར་བདེན་པ་གཅིག་ཁོ་ན་མ་ཡིན་པ་དེའི་ཕྱིར་གཞན་ལས་སྐྱེ་བ་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདི་ལ་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །འདི་ནི་བདེན་མོད་ཀྱི་ཞེས་བྱ་བ་ནི་བདེན་པ་གཉིས་ཅི་སྟེ་བརྗོད་ཅེས་བྱ་བ་དེའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར།
དོན་དམ་པར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་པས་དཔྱད་ན་རང་དང་གཞན་ལས་སྐྱེ་བ་མ་གྲུབ་པའི་ཕྱིར་སྐྱེ་བ་མེད་པའི་རང་བཞིན་ཅན་སྟོང་པ་ཉིད་ཁོ་ནར་གནས་པས་དོན་དམ་པར་བདེན་པ་གཉིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར།
དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཞི་བའི་མཚན་ཉིད་ཅན་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །འདུ་བྱེད་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ། །བརྫུན་པ་ཞེས་བྱ་བ་ནི་མེད་པ་ལ་ཡོད་པར་སྣང་བའི་ཕྱིར་རོ། །

དེས་ན་སླུ་བའི་ཆོས་ཅན་ནོ། །གལ་ཏེ་དོན་དམ་པའི་བདེན་པ་གཅིག་ཁོ་ན་ཡིན་ན། འོ་ན་བདེན་པ་གཅིག་ཁོ་ན་བརྗོད་པར་རིགས་ཀྱི་བདེན་པ་གཉིས་ཞེས་ཅི་ལྟར་བརྗོད་ཅེ་ན། ལན་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་བརྟགས་ཤིང་དཔྱད་ན་
དོན་དམ་པའི་བདེན་པ་གཅིག་ཏུ་གྲུབ་པའི་ཕྱིར་རོ། །དོན་དམ་པ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་པའི་ཤེས་པ་དང་། ཤེས་བྱ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་མཚན་ཉིད་ཅན་གྱི་ཀུན་རྫོབ་ཀྱི་བདེན་པ་ཁས་མ་བླངས་ན་དོན་དམ་པའི་བདེན་པ་བསྟན་པར་
མི་ནུས་ལ། མ་བསྟན་ན་རྟོགས་པར་མི་ནུས་པས་ཀུན་རྫོབ་ཀྱི་བདེན་པ་ནི་དོན་དམ་པའི་བདེན་པ་རྟོགས་པའི་ཐབས་ཡིན་ནོ། །འཇིག་རྟེན་པའི་ལུགས་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་སོ། །བདག་དང་གཞན་ལས་སྐྱེ་བ་མ་དཔྱད་པར་ཁས་ལེན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་དཔྱད་པར་
གྱུར་ན་བདག་དང་གཞན་ལས་སྐྱེ་བ་མི་འགྲུབ་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་དངོས་པོ་སྟེ་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་དཔྱད་ན་སྟེ། ཅི་བདག་ལས་སྐྱེའམ་འོན་ཏེ་གཞན་ལས་སྐྱེ་ཞེས་དཔྱད་པར་གྱུར་
ན་དེ་ཉིད་བདག་ཅན་དངོས་པོ་ལས་སྐྱེ་སྟེ་སྐྱེ་བ་དང་འགག་པ་མེད་པའི་མཚན་ཉིད་ཅན་དོན་དམ་པའི་རང་བཞིན་ལས་གཞན་དུ་གྱུར་པའི་ཕྱོགས་ལ་གནས་པ་རྙེད་པ་མ་ཡིན་པ་དོན་དམ་པའི་རང་བཞིན་ཁོ་ན་གནས་པ་དེའི་ཕྱིར་རོ། །འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་སྟེ་འདི་ཡོད་ན་འདི་འབྱུང་ངོ་ཞེས་འཇིག་རྟེན་
པའི་ཐ་སྙད་ཙམ་དུ་ཀུན་རྫོབ་ཏུ་དོན་བདེན་པ་ལ་བདེན་པ་ཞེས་བརྗོད་པས་རྣམ་པར་དཔྱད་པར་མི་བྱའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུ་རོལ་ཏེ་གཞན་དུ་གྱུར་པའི་ཆ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་རང་བཞིན་ཅན་ཀུན་རྫོབ་ཀྱི་བདེན་
པའི་དངོས་པོ་ལའོ། །གཞན་ལ་རག་ལས་པའི་ཞེས་བྱ་བ་ནི། འཇིག་རྟེན་པའི་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་སོ། །འཕགས་པའི་ལྷས་ཞེས་བྱ་བ་ནི་བཞི་བརྒྱ་པ་ལས་སོ། །ཅི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་ཀླ་ཀློ་རྣམས་ཀྱིས་སྐད་གཞན་མི་གོ་བས་རང་གི་སྐད་ཀྱིས་སྟོན་པར་བྱེད་པ་དེ་བཞིན་

དུ་འཇིག་རྟེན་པ་ལ་ཡང་འཇིག་རྟེན་པའི་དངོས་པོའི་རྣམ་པར་གཞག་པའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པར་ནུས་ཀྱི། མཁས་པ་འགའ་ཞིག་འཇིག་རྟེན་པའི་ཀུན་རྫོབ་ལ་མ་ཞུགས་པར་བདག་དང་ཆོས་དག་ལ་སྒྱུ་མ་ལྟ་བུ་ཉིད་དོན་དམ་པའི་རང་བཞིན་བརྗོད་དུ་མེད་པར་རྟོགས་པ་སྐྱེད་མི་ནུས་སོ། །འཇིག་རྟེན་གྱི་
ཀུན་རྫོབ་ལ་ཇི་ལྟ་བ་བཞིན་དུ་ཞུགས་པར་གྱུར་ན་ནི་སྒྱུ་མ་ལྟ་བུ་ཉིད་དུ་རྟོགས་པ་སྐྱེད་ནུས་པ་ཡིན་ལ། སྒྱུ་མ་ལྟ་བུ་ལ་ཞུགས་པར་གྱུར་ན་དོན་དམ་པ་ཤིན་ཏུ་བརྗོད་པ་མེད་པའི་ཆོས་གཟུང་བར་བྱ་བར་ནུས་པའོ། །དེས་ན་ཇི་ལྟར་བསྟན་པའི་འཇུག་པའི་རིམ་པ་ངེས་པར་བྱ་དགོས་ཏེ། བྱིས་པ་བརྡ་ལ་མ་
བྱང་བ་རྣམས་བཞིན་ནོ། །དཔེར་ན་བྱིས་པ་ཆུང་བ་རྣམས་སྐད་གཞན་གྱིས་གོ་བར་མི་ནུས་པ་དེ་བཞིན་དུ་འཇིག་རྟེན་སོ་སོའི་སྐྱེ་བོ་རྣམས་ཀྱང་ངོ་། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་འཇུག་པའི་ཐབས་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡོད་པ་དང་མེད་པ་ཉིད་དུ་བཀའ་སྩལ་པ་ཡིན་ནོ། །འདིས་
ནི་དོན་དམ་པའི་བདེན་པར་བདེན་པ་གཅིག་ཁོ་ན་ཡིན་ལ། མ་དཔྱད་པར་འཇིག་རྟེན་འཇུག་པའི་ཐབས་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་ཡིན་ནོ། །དོན་འདི་ཉིད་ལ་རྩ་བའི་ཤེས་རབ་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར་བསྟན་བཅོས་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གལ་ཏེ་དོན་དམ་པ་སྤྲོས་པ་མེད་པའི་རང་བཞིན་ཡིན་ལ། དེ་ཉིད་ཡོད་དུ་ཆུག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་འཕགས་པའི་བདེན་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་དོན་དམ་པ་མ་ཡིན་པ་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་དེ། དེ་ཁོ་ན་ཉིད་མ་ཡིན་པ་ནི་དོར་བར་བྱ་བ་ཡིན་པ་དོར་
བར་བྱ་བ་གང་ཡིན་པ་དེ་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། བཤད་པར་བྱ་སྟེ་བདེན་མོད་ཀྱི་འོན་ཀྱང་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་དང་། ཤེས་པ་དང་། ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་འཇིག་རྟེན་པའི་དོན་དམ་པའི་ཁས་མ་བླངས་ན་དོན་དམ་པའི་བདེན་པ་བསྟན་
པར་མི་ནུས་ལ། མ་བསྟན་ན་ཁོང་དུ་ཆུད་པར་མ་ནུས་ལ། དོན་དམ་པ་ཁོང་དུ་མ་ཆུད་ན་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ཐ་སྙད་ལ་ནི་མ་བརྟེན་པར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་ཐབས་ཡིན་

པའི་ཕྱིར་ཅི་ལྟ་བ་བཞིན་དུ་གནས་པའི་ཀུན་རྫོབ་དང་པོ་ཉིད་དུ་ཁས་བླང་བར་བྱ་དགོས་ཏེ། དཔེར་ན་ཆུ་དོན་དུ་གཉེར་བས་སྣོད་བཞིན་དུའོ། །དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ལ་མ་ལྟོས་པའི་སྟོང་པ་ཉིད་ཀྱིས་ནི་ལེགས་པར་མ་བཟུང་བའི་སྦྲུལ་བཞིན་དུའོ། །རྣམ་པར་
དཔྱད་ན་འཇིག་རྟེན་གྱི་ཐ་སྙད་འཇིག་པར་འགྱུར་བ་ཡིན་ཏེ། རྣམ་པར་དཔྱད་ན་འཇིག་རྟེན་གྱི་ཐ་སྙད་མི་གྲུབ་པས་སོ། །དེ་ཉིད་མདོའི་ཁུངས་ཀྱིས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཅེས་བྱ་བ་ནི་སྦྲེང་བར་བྱ་བའི་སྲད་བུའི་ཁྱད་པར་རོ། །ཤིང་ཞེས་
བྱ་བ་ནི་གང་ལ་སྲད་བུ་འབྲེལ་བའོ། །གསུམ་ཚོགས་ན་ཞེས་བྱ་བ་ནི་ཤིང་དང་རྒྱུད་དང་ལག་པས་བཙལ་བའོ། །སྒྲོགས་བྱེད་པི་ཝང་གླིང་བུ་ལ་སོགས་ལས། །ཞེས་བྱ་བ་ནི་རྒྱུད་གསུམ་པ་ལ་སོགས་པས་རོལ་མོའི་ཆ་རྐྱེན་ལས་སོ། །དེ་དག་ལས་སྐྱེས་ཞེས་བྱ་བ་ནི་རྒྱུད་གསུམ་པ་ལ་སོགས་
པ་ལས་བྱུང་བའོ། །དེ་ནས་ཞེས་བྱ་བ་ནི་སྒྲ་བྱུང་བའི་དེ་མ་ཐག་ཏུའོ། །མཁས་པ་ལས་ཞེས་བྱ་བ་ནི་བློ་དང་ལྡན་པ་འགའ་ཞིག་གིས་སོ། །ཕྱོགས་དང་ཞེས་བྱ་བ་ནི་ཤར་ལ་སོགས་པའོ། །ཕྱོགས་མཚམས་ཞེས་བྱ་བ་ནི་ཤར་ལྷོ་ལ་སོགས་པའོ། །གང་ནས་འོངས་ལ་
གར་སོང་ཞེས་བྱ་བ་ནི་ཕྱོགས་དང་ཕྱོགས་མཚམས་གང་ནས་འོངས་ཤིང་ཕྱོགས་དང་ཕྱོགས་མཚམས་གར་སོང་སྙམ་དུ་བརྟགས་ནས་སོ། །འོང་བའམ་འགྲོ་བ་རྙེད་མི་འགྱུར། །ཞེས་བྱ་བ་ནི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྒྲའི་འོང་བའམ་འགྲོ་བ་རྙེད་པར་མི་འགྱུར་
ཏེ། དེ་ལྟར་མ་དམིགས་པས་སོ། །དེ་ལྟར་རྒྱུ་དག་དང་ནི་རྐྱེན་དག་ལས། །ཞེས་བྱ་བ་ནི་ལས་དང་མ་རིག་པ་ལ་སོགས་པས་སོ། །འདུ་བྱེད་གྱུར་པ་ཐམས་ཅད་འབྱུང་བ་སྟེ། །ཞེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་སྐྱེ་བའོ། །རྣལ་འབྱོར་པ་
རྣམས་ཀྱིས་ནི་མ་རིག་པ་ལ་སོགས་པ་ཡང་དག་པར་མཐོང་བ་སྟེ། ཅི་ལྟ་བ་བཞིན་དུ་གནས་པའི་དེ་ཁོ་ན་ཉིད་མཐོང་བས་འདུ་བྱེད་སྟོང་པ་སྟེ་གདོད་མ་ནས་སྐྱེ་བ་མེད་པར་རོ། །ཡོ་བ་མེད་པ་སྟེ་བྱ་བ་མེད་པར་མཐོང་བའོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཕུང་པོ་དག་དང་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། ནང་ཡང་སྟོང་ལ་ཞེས་བྱ་བ་ནི་མིག་ལ་སོགས་པ་ནང་གི་བདག་ཉིད་ཅན་རྣམས་སྟོང་པ་སྟེ། རྣམ་པར་དཔྱད་ན་མི་འཐད་པས་སོ། །ཕྱི་རོལ་སྟོང་པ་སྟེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ལ་སོགས་པ་རྣམས་སྟོང་པའོ། །དེ་ཉིད་ཀྱི་ཕྱིར། བདག་ཉིད་ཀུན་གྱིས་སྟོང་ཞིང་ཞེས་བྱ་བ་
སྨོས་སོ། །གནས་མེད་ལ་ཞེས་བྱ་བ་ནི་ཡུལ་མེད་པའོ། །དེ་ཉིད་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཅེས་བྱ་བ་ནི་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་གལ་ཏེ་རྣམ་པར་དཔྱད་པ་བྱས་པ་དེའི་ཚེ་ཆོས་
ཐམས་ཅད་ནམ་མཁའི་མཚན་ཉིད་ཅན་ཡིན་པར་རྣམ་པར་དཔྱད་ན་འཇིག་རྟེན་པའི་ཐ་སྙད་འཇིག་པར་འགྱུར་རོ། །དེ་ལྟར་རྣམ་པར་དཔྱད་པའི་དབང་དུ་བྱས་ཏེ་ཀུན་རྫོབ་ཀྱི་རྣམ་གཞག་བསྟན་ནས། ད་ནི་ཀུན་རྫོབ་རྫས་སུ་ཡོད་པ་ཉིད་འགག་པར་བྱ་བའི་ཕྱིར་ཕྱོགས་སྔ་མ་སྟོན་པ་ནི་ཅི་སྟེ་ཡང་ཞེས་
བྱ་བ་ལ་སོགས་པ་ལ། དངོས་པོ་ལ་མངོན་པར་ཞེན་པའི་བདོག་པ་ཐམས་ཅད་ཀུན་ནས་གཅོད་པ་ན་ཞེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་རྣམས་ཀུན་རྫོབ་ཏུ་རྫས་སུ་ཡོད་པ་ཡིན་ནོ་ཞེས་མངོན་པར་ཞེན་པ་གང་ཡིན་པ་དེ་ཉིད་བདོག་པ་ཐམས་ཅད་དེ་དེ་ལ་ལྷག་པར་མངོན་པར་ཞེན་
པ་ཡོད་པས་སོ། །ཀུན་ནས་གཅོད་པ་ན་སྟེ་ཀུན་རྫོབ་ཏུ་ཡང་རྫས་སུ་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཚིག་བརྗོད་པ་ནའོ། །དེས་བྲེད་ཤ་ཐོན་པ་སྟེ་ངས་ཅི་ཞིག་བྱ་སྙམ་ནས་བྱ་བ་ལ་རྨོངས་པའོ། །དེ་ཉིད་ཀྱི་ཕྱིར་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པ་སྟེ་ཀུན་རྫོབ་ཀྱི་བདེན་པ་ལ་མངོན་པར་ཞེན་པའོ་
ཞེས་བྱ་བའི་ཐ་ཚིག་གོ། །འདི་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་རྫས་སུ་ཡོད་པར་སྨྲ་བའོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་དཔེར་ན་སེམས་ཙམ་པ་རྣམས་ཀྱིས་ཇི་ལྟར་རྫས་སུ་ཡོད་པའི་རྣམ་པར་ཤེས་པ་སྐྱེ་བར་འདོད་པའི་རྣམ་པར་ཤེས་པ་དེ་ཉིད་ལ་གཟུང་བ་དང་འཛིན་པར་ཞེན་པ་ཡོད་ན་ཀུན་ནས་ཉོན་མོངས་
པ་ཡིན་ལ། གཟུང་བ་དང་འཛིན་པ་དག་ལོག་ན་རྣམ་པར་བྱང་བ་ཡིན་ནོ་ཞེས་བརྗོད་པ་སྟེ་ཕྱོགས་སྔ་མའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ན་ཡང་ཞེས་བྱ་བ་ནི་ཀུན་རྫོབ་རྫས་སུ་ཡོད་པ་ལ་སྐྱེ་བར་རྟོག་ནའོ། །ཚིག་ཙམ་ཞེས་བྱ་བ་

ནི་ཀུན་རྫོབ་རྫས་སུ་ཡོད་ལ་སྐྱེ་བ་མ་གྲུབ་པའི་ཕྱིར་དོན་གྱིས་སྟོང་པའི་ཚིག་ཙམ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་སྨྲ་བ་ལ་ཞེས་བྱ་བའི་རྫས་སུ་ཡོད་པ་སྐྱེ་བར་བརྗོད་པ་ལའོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཚིག་ཙམ་ཡིན་པ་ཅིའི་ཕྱིར་ཞེ་ན། དེ་ཉིད་སྐབས་སུ་ཞེས་བྱ་བ་ནི་དོན་དམ་པའི་སྐབས་སུའོ། །རིགས་པ་གང་ཞིག་གིས། བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །ཞེས་བྱ་བ་ནི་སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཏེ་ཞེས་བྱ་བ་ལ་
སོགས་པ་དང་། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི་འོ་ན་མེ་ལྕེ་ལས་ཀྱང་མུན་པ་སྟུག་པོ་འབྱུང་བར་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པའི་རིགས་པས་ཅི་ལྟར་དོན་དམ་པར་བདག་དང་གཞན་ལས་སྐྱེ་བར་མི་རིགས་པའི་རིགས་པ་དེ་ཉིད་ཀྱིས་ཐ་སྙད་ཀུན་རྫོབ་ཏུ་ཡང་སྐྱེ་བར་མི་
རིགས་པས་ཁྱོད་ཀྱི་ཕྱོགས་ལ་སྐྱེ་བ་གང་གིས་འགྲུབ་པར་འགྱུར་ཏེ་རིགས་པ་མེད་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་རང་གི་མཚན་ཉིད་ཀྱི་སྐྱེ་བས་བདེན་པ་གཉིས་ཀར་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་
གང་གི་ཕྱིར་བདག་དང་གཞན་ལས་སྐྱེ་བ་མ་གྲུབ་པ་དེའི་ཕྱིར་དངོས་པོའི་རང་གི་མཚན་ཉིད་ཀྱི་སྐྱེ་བ་ནི་བདེན་པ་གཉིས་ཀར་ལ་ཡང་འགྲུབ་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གང་དག་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་གཟུང་བ་དང་འཛིན་པར་བརྟགས་
པའི་ངོ་བོ་ཉིད་ཀྱིས་གང་ཡིན་པ་དེ་ཁོ་ན་བཀག་པ་ཡིན་གྱི་སྔོན་པོར་སྣང་བ་ལ་སོགས་པའི་ཤེས་པའི་མཚན་ཉིད་ཅན་གཞན་གྱི་དབང་གི་ངོ་བོ་ནི་བཀག་པ་མ་ཡིན་ནོ་སྙམ་པ་དེ་ཡང་མི་རིགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་ཞེས་བྱ་བ་ནི་
བརྟགས་པ་ལ་སྐྱེ་བ་མེད་པར་སྨྲས་པ་དག་གོ། །འདོད་པ་ཞེས་བྱ་བ་ནི་བརྟགས་པ་ལ་སྐྱེ་བ་བཀག་པར་འདོད་པའོ། །འདི་ཡང་གཏན་ཚིགས་མེད་པར་མི་འགྲུབ་པས་ཞེས་བྱ་བ་ནི་རྒྱུ་མཚན་མེད་པར་མི་འགྲུབ་པས་སོ། །འདིའི་དོན་ནི་གལ་ཏེ་རིགས་པ་ལ་བརྟགས་པ་འགོག་པའི་ནུས་པ་ཡོད་པ་

བཞིན་དུ་གཞན་དབང་འགེགས་པའི་ནུས་པ་མེད་པར་འགྱུར་བའམ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པའི་རིགས་པས་ཁྱད་པར་བརྟེན་ནས་བཀག་པ་མཛད་པ་མ་ཡིན་ན་དེའི་ཚེ་རིགས་པ་ཡིན་གྱི། འོན་ཀྱང་
རིགས་པ་ལ་བརྟགས་པ་འགོག་པའི་ནུས་པ་ཡོད་པ་བཞིན་དུ་གཞན་དབང་འགོག་པ་ལ་ནུས་པ་ཡོད་པའི་ཕྱིར་དང་། བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རིགས་པས་དངོས་པོ་སྤྱིའི་དབང་དུ་བྱས་ནས་སྐྱེ་བ་བཀག་པ་ཡིན་གྱི་བྱེ་བྲག་གི་དབང་དུ་བྱས་ནས་མ་ཡིན་པས་སློབ་དཔོན་
ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བརྟགས་པའི་ངོ་བོ་ཉིད་བཀག་པ་ཡིན་ཞེས་ཅི་ལྟར་བརྗོད། དེས་ན་བརྟགས་པའི་ངོ་བོ་ཉིད་བཀག་པར་འདོད་པ་དེ་དག་ནི་རྒྱུ་མཚན་མེད་པ་ཡིན་ནོ་ཞེས་པའོ། །ད་ནི་གཞན་དག་གི་དོགས་པ་བསུ་བའི་ཕྱིར། འོ་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གལ་ཏེ་སྐྱེ་བ་མེད་ན་ངོ་བོ་ཉིད་མེད་པ་ཅི་ལྟར་དམིགས་པར་འགྱུར་ཏེ། རི་བོང་གི་རྭ་ལ་སོགས་པ་རྣམས་ལ་སྐྱེ་བ་མེད་པས་ངོ་བོ་མི་དམིགས་པ་བཞིན་ནོ། །དེས་ན་ངོ་བོ་ཉིད་དམིགས་པའི་ཕྱིར་སྐྱེ་བ་ཡོད་པ་ཡིན་ནོ་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བཤད་པ་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། གཟུགས་བརྙན་ཞེས་བྱ་བ་ལ་སོགས་པའི་སྒྲས་སྒྲ་བརྙན་ལ་སོགས་པ་བསྡུ་བར་བྱའོ། །ཚོགས་ལ་ལྟོས་ནས་མ་གྲགས་པ་ཡང་མིན། །ཞེས་བྱ་བ་ནི་གདོང་དང་མེ་ལོང་ལ་སོགས་པའི་ཚོགས་ལ་ལྟོས་ནས་གཟུགས་བརྙན་ལ་སོགས་པའི་ཚོགས་འབྱུང་
བའི་ཕྱིར། ཚོགས་པ་ལ་ལྟོས་པར་གྲགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་མ་བརྟགས་མ་དཔྱད་པར་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་བརྗོད་པ་ཡིན་གྱི། རིགས་པའི་སྒོ་ནས་མ་ཡིན་ཏེ་སྔར་བསྟན་པའི་ཕྱིར་རོ། །ཅི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཅི་ལྟར་གཟུགས་བརྙན་ལ་
སོགས་པ་སྟོང་པ་ལས་གཟུགས་བརྙན་གྱི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བར་འགྱུར་བ་བཞིན་དུའོ། །འདིས་ནི་རང་གི་སྐྱེ་བ་མེད་པ་ལ་ཡང་ངོ་བོ་ཉིད་དམིགས་པའི་དཔེ་བསྟན་པ་ཡིན་ལ། དོན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཞེས་བྱ་བ་ནི་

དཔེ་དེ་བཞིན་དུའོ། །དངོས་པོ་ཐམས་ཅད་སྟོང་ན་ཡང་། །ཞེས་བྱ་བ་ནི་རིགས་པས་སྐྱེ་བ་མ་གྲུབ་པའི་ཕྱིར་རྣམ་པར་ཤེས་པ་ལ་སོགས་པའི་དངོས་པོ་རྣམས་སྟོང་པ་ཉིད་ཡིན་ཡང་ངོ་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་
ལས་སྐྱེ་བར་འགྱུར་རོ་ཞེས་པའོ། །དེས་ན་དམིགས་པ་ཙམ་ལས་རང་གི་མཚན་ཉིད་ཀྱི་སྐྱེ་བ་མི་འཐད་པས་སོ། །གལ་ཏེ་སྐྱེ་བ་མེད་པ་རྣམས་ཀྱང་སྣང་བར་འགྱུར་ན་རི་བོང་གི་རྭ་ལ་སོགས་པ་རྣམས་ཅིའི་ཕྱིར་མི་སྣང་ཞེ་ན། འདི་ནི་ཁྱོད་ལ་ཡང་མཚུངས་ཏེ། ཅི་ལྟར་གཟུགས་བརྙན་ལ་
སོགས་པ་རྣམས་རང་གི་མཚན་ཉིད་ཀྱི་སྐྱེ་བ་མེད་ཀྱང་སྣང་ལ། རི་བོང་གི་རྭ་ལ་སོགས་པ་རྣམས་ཅིའི་ཕྱིར་མི་སྣང་། ཁྱོད་ཀྱིས་ལན་ཅི་ལྟར་བརྗོད་པ་དེ་བཞིན་དུ་ཁོ་བོས་ཀྱང་བརྗོད་པར་བྱ་བ་ཡིན་པས་སྐྱོན་ཅི་ཞིག་ཡོད་ཅེས་པའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དངོས་པོ་ཐམས་
ཅད་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་དང་འབྲས་བུ་དག་ལས་ཐ་དད་པ་མེད་པར་གནས་པ་ཡིན་ལ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དུ་གནས་པའོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ཏེ། ནམ་མཁའ་ལ་སོགས་པ་དངོས་པོ་མེད་པས་སོ། །
གཟུགས་བརྙན་རང་བཞིན་མེད་པའི་རྣམ་པར་གཞག་པ་ཡང་ཞེས་བྱ་བ་ནི་ཤེས་པའི་རྒྱུར་གྱུར་པའོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཅི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་ཀྱི་གཟུགས་བརྙན་སྟོང་པ་མེ་ལོང་ཤིན་ཏུ་ཡོངས་སུ་དག་པའི་ནང་དུ་མཐོང་བ་
ཡིན་ལ། དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཤེས་པའི་སྤྱོད་ཡུལ་དུ་འགྱུར་བ་ཡིན་ནོ་ཞེས་པའོ། །ད་ནི་བདེན་པ་གཉིས་ཀར་ཡང་ཆད་པ་དང་རྟག་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དངོས་པོ་རྣམས་ལ་ཡང་
རང་བཞིན་ཡོད་པར་གྱུར་ན་དེ་དུས་ཇི་སྲིད་དུ་གནས་ནས་ཕྱིས་འཇིག་པར་འགྱུར་ན་ཆད་པར་འགྱུར་བ་ཡིན་ལ། དེ་བཞིན་དུ་དངོས་པོའི་རང་བཞིན་དུས་ཐམས་ཅད་དུ་གནས་པར་གྱུར་ན་རྟག་པ་ཉིད་དུ་འགྱུར་བ་ཡིན་གྱི། འོན་ཀྱང་ཕྱོགས་གཉིས་ཀ་ལ་ཡང་སྐྱེ་བ་མ་གྲུབ་པའི་ཕྱིར་རང་བཞིན་མེད་པ་རྟག་པ་

དང་ཆད་པར་ལྟ་བ་དག་ག་ལ་ཡོད། ཇི་སྐད་དུ་བསྟན་བཅོས་ལས་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ་གང་ཞིག་ངོ་བོ་ཉིད་ཀྱིས་ཡོད་པར་བརྗོད་ན། ངོ་བོ་ཉིད་ནམ་གྱི་ཚེ་ཡང་མེད་པར་མི་འགྱུར་བས་ངོ་བོ་ཉིད་ཡོད་པར་ཁས་ལེན་ན་རྟག་པར་ལྟ་བར་འགྱུར་
ལ། སྔོན་གྱི་གནས་སྐབས་ན་དངོས་པོའི་རང་བཞིན་ཁས་བླངས་ནས། ད་ལྟར་བའི་དུས་ན་དེ་ཞིག་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་ཕྱིས་དེ་ལྟར་ཁས་ལེན་ན་ཆད་པའི་ལྟ་བར་འགྱུར་ལ། དངོས་པོའི་ངོ་བོ་ཉིད་མི་རིགས་པའི་ཕྱོགས་དེ་ལ་རྟག་པ་དང་ཆད་པར་འགྱུར་བའི་སྐྱོན་ཡོད་པར་འགྱུར་
བ་མ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་མ་དམིགས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་ཁས་ལེན་ན་དངོས་པོ་མ་དམིགས་པའི་ཕྱིར་རྟག་པར་ལྟ་བར་མི་འགྱུར་གྱི། ངེས་པར་ཆད་པར་ལྟ་བར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟར་མ་ཡིན་ཏེ་གང་སྔར་དངོས་པོའི་རང་བཞིན་
ཁས་བླངས་ནས་ཕྱིས་དེ་ཞིག་པ་ལས་དམིགས་ན་དེ་ལ་སྔར་སྐྱེས་པའི་དངོས་པོ་ལ་སྐུར་པ་བཏབ་པའི་ཕྱིར་ཆད་པར་འགྱུར་ལ། གང་ཞིག་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་རྣམས་རབ་རིབ་མེད་པས་ཅུང་ཟད་ཀྱང་མི་དམིགས་ལ། དེ་མེད་དོ་ཞེས་བརྗོད་པ་ནི་ཅི་ཞིག་མེད་པར་
བརྗོད་དེ། དགག་པར་བྱ་བ་ཅུང་ཟད་ཀྱང་མེད་པས་སོ། །ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ལ་ལོག་པར་ཞུགས་པ་བསལ་བའི་དོན་དུ་རབ་རིབ་མེད་པར་རྗོད་པར་བྱེད་པ་བཞིན་དུ་ཁོ་བོ་ཅག་གིས་དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་པས་ཁོ་བོ་ཅག་དེ་ལྟར་བརྗོད་པ་ལ་ཆད་
པར་ལྟ་བར་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་མདོ་ལས། བཅོམ་ལྡན་འདས་གང་ཞིག་གིས་དངོས་པོ་ཐམས་ཅད་ཁས་བླངས་ཏེ། ཕྱིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་བྱུང་བའི་དངོས་པོ་རྣམས་ནི་ཡོད་པ་མ་ཡིན་ནོ་ཞེས་བརྗོད་ན་དེའི་ཆད་པར་སྨྲ་བར་འགྱུར་རོ་ཞེས་བྱ་
བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟ་བུའོ། །གང་གཞན་གྱི་དབང་དུ་གྱུར་པའི་སེམས་དང་སེམས་ལས་བྱུང་བའི་དངོས་པོ་ཙམ་ཁས་བླངས་ནས་ཀུན་ཏུ་བརྟགས་པའི་དངོས་པོ་རྣམས་མེད་པས་ཡོད་པར་ལྟ་བ་ཡོངས་སུ་སྤོང་བ་ཡིན་ལ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་མཚན་དུ་

གྱུར་པ་གཞན་གྱི་དབང་གི་དངོས་པོ་ཙམ་ཡོད་པའི་ཕྱིར་མེད་པར་ལྟ་བ་ཡོངས་སུ་སྤོང་བ་ཡིན་ནོ་ཞེས་བརྗོད་པ་དེ་ཡང་མི་རིགས་ཏེ། འདི་ལྟར་དེའི་ཀུན་ཏུ་བརྟགས་པ་མེད་པའི་ཕྱིར་དང་། གཞན་དབང་ཡོད་པའི་ཕྱིར་ཡོད་པ་དང་། མེད་པའི་ལྟ་བ་གཉིས་ཉེ་བར་གནས་
པས་ཅི་ལྟར་མཐའ་གཉིས་ཡོངས་སུ་སྤོང་བར་འགྱུར། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དངོས་པོའི་རང་བཞིན་མི་རིགས་པའི་ཕྱིར་བཤད་པའི་དོན་མི་འཐད་པ་ཁོ་ནའོ་ཞེས་པའོ། །དེས་ན་དབུ་མ་པའི་ལྟ་བ་ཁོ་ན་ལ་ཡོད་པ་དང་། མེད་པ་ཉིད་ཀྱི་ལྟ་བར་ཐལ་བར་མི་འགྱུར་གྱི། སེམས་ཙམ་པ་ལ་
སོགས་པའི་ལྟ་བ་ལ་ནི་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བུའི་གདུལ་བྱའི་སྐྱེ་བོ་དང་རྗེས་སུ་བསྟུན་པའི་ཕྱིར་དང་། དོན་དམ་པའི་བདེན་པ་མཐོང་བའི་ཐབས་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོའི་དབང་གིས་དྲང་བའི་དོན་ཉིད་དུ་སེམས་ཙམ་གསུངས་པ་ཡིན་ཏེ།
མང་པོས་བཀུར་བ་ལ་སོགས་པ་གང་ཟག་གསུངས་པ་བཞིན་དུ་ངེས་པའི་དོན་ནི་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་དུ་བདེ་བར་གཤེགས་པས་སྟོང་ཉིད་གསུངས་པ་ཡི། །མདོ་སྡེ་ངེས་པའི་དོན་གྱི་ཁྱད་པར་ཡིན་ཤེས་ཀྱིས། །
གང་དུ་གང་ཟག་སེམས་ཅན་སྐྱེས་བུ་རྣམས་བསྟན་པའི། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས་པར་གྱིས། །ཞེས་གསུངས་པ་ལྟ་བུའོ། །ཡང་དབུ་མའི་བསྟན་བཅོས་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་བསྟན་བཅོས་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་
རྣམས་སྐྱེ་བ་མེད་པར་ཤེས་པར་འདོད་དགོས་ཏེ་གཞན་དུ་གང་མ་བརྟགས་ན་ཉམས་དགའ་བའི་དངོས་པོའི་རྣམ་གཞག་ལས་གལ་ཏེ་དངོས་པོར་ལྟ་བ་ཁས་ལེན་ན་ནི་དེ་ལ་ངེས་པར་ལུང་དང་ཤིན་ཏུ་འགལ་བའི་རྟག་པ་དང་ཆད་པར་ལྟ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཡོངས་སུ་བརྟག་
པར་བྱ་བའི་དངོས་པོ་དེ་རྟག་པར་འགྱུར་བ་ཞིག་གམ། འོན་ཏེ་མི་རྟག་པ་ཞིག །གལ་ཏེ་རྟག་པ་ཡིན་ན་ནི་དེའི་ཚེ་རྟག་པར་སྨྲ་བར་འགྱུར་ལ། གལ་ཏེ་མི་རྟག་ན་ནི་དེའི་ཚེ་ཆད་པར་སྨྲ་བར་ངེས་པར་འགྱུར་རོ། །དེ་ལྟར་རྟག་པ་དང་ཆད་པ་དང་བྲལ་བའི་བདེན་པ་གཉིས་བསྟན་ནས། ད་ནི་སྟོང་པའི་དངོས་

པོ་ལས་སྟོང་པ་སྐྱེ་བ་ལ་དབུ་མའི་བསྟན་བཅོས་ཀྱི་ཁུངས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེ་འདིའི་སྒོ་ནས་རང་བཞིན་མེད་པ་རྣམས་ལ་འབྲས་བུ་སྐྱེད་པར་བྱེད་པ་ཉིད་ངེས་པ་ཡིན་ཏེ། དཔེར་ན་སྟོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྫུ་འཕྲུལ་
ཕུན་སུམ་ཚོགས་པ་སྟེ། རྫུ་འཕྲུལ་གྱི་མཐུས་སྤྲུལ་པ་སྤྲུལ་ན་གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ་དེས་ཀྱང་སྤྲུལ་པ་གཞན་སྤྲུལ་པར་བྱེད་དེ། དེ་ལ་གང་སྤྲུལ་པ་གཞན་སྤྲུལ་པར་བྱེད་པའི་སྤྲུལ་པ་པོ་དེ་སྟོང་པ་ཉིད་དེ་རང་བཞིན་མེད་པའོ། །གང་སྤྲུལ་པ་པོས་སྤྲུལ་པའི་སྤྲུལ་པ་གཞན་དེ་
ཡང་སྟོང་པ་ཉིད་དེ་དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བ་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་ཅི་ལྟར་འདིར་རང་བཞིན་མེད་པ་རྣམས་ལ་རང་བཞིན་མེད་པའི་བྱ་བ་དང་བྱེད་པ་ཉིད་དང་། ལས་དང་བྱེད་པ་པོར་བརྗོད་པར་འགྱུར་བ་དེ་བཞིན་དུ་འདིར་ལས་ཀྱི་བྱེད་པ་
པོ་ནི་སྤྲུལ་པའི་རྣམ་པ་ཅན་ཡིན་ཏེ། རང་བཞིན་སྟོང་པའོ། །རང་བཞིན་སྟོང་པའི་བྱེད་པ་པོ་དེས་ལས་གང་བྱེད་པ་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཏེ། དཔེར་ན་སྤྲུལ་པ་པོས་སྤྲུལ་པ་གཞན་སྤྲུལ་པ་དེ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་གཉིས་སུ་མེད་པར་སྨྲ་བའི་དབུ་མ་པ་རྣམས་ལ་ལོག་པར་ལྟ་བ་
ག་ལ་ཡོད་ཅེས་པའོ། །སྤྲུལ་པའི་དཔེ་འབའ་ཞིག་གིས་རང་བཞིན་མེད་པར་ལྟ་བར་རིག་པར་མ་ཟད་ཀྱི་གཞན་ཡང་དཔེ་འདི་རྣམས་ཀྱི་སྒོ་ནས་ཀྱང་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་ནོ་ཞེས་གསལ་བར་ཁོང་དུ་ཆུད་པར་གྱིས་ཞེས་བསྟན་པར་བྱ་བའི་ཕྱིར། ཉོན་མོངས་ལས་དང་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་སོ། །ལས་ནི་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བའི་ལས་སོ། །བྱེད་པ་པོ་ནི་སེམས་དང་ལུས་སོ། །འབྲས་བུ་ནི་རྣམ་པར་སྨིན་པ་དང་། རྒྱུ་མཐུན་དང་། བདག་
པོའི་འབྲས་བུ་ལ་སོགས་པའོ། །ཉོན་མོངས་པ་ལ་སོགས་པ་འདི་རྣམས་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་ལ་སོགས་པ་བཞིན་དུ་རང་བཞིན་མེད་པར་རིག་པར་བྱའོ། །དེའི་ཕྱིར་དབུ་མ་པ་རྣམས་ཁོ་ནས་དངོས་པོ་རྣམས་ཀྱི་རང་བཞིན་ཁས་མ་བླངས་པའི་ཕྱིར་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་བ་ཡོད་པ་མ་

ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རྟག་པ་དང་ཆད་པར་ལྟ་བ་སྤངས་ནས་རང་བཞིན་མེད་པ་ཉིད་ལ་དགེ་བ་དང་། མི་དགེ་བའི་ལས་དང་འབྲས་བུའི་འབྲེལ་པར་རིགས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དགེ་བ་དང་། མི་དགེ་བའི་ལས་ཞེས་བྱ་བ་ལ་དགེ་བའི་ལས་ནི་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའོ། །མི་དགེ་བའི་ལས་ནི་སྲོག་གཅོད་པ་ལ་སོགས་པའོ། །འབྲས་བུའི་འབྲེལ་པ་ནི་དགེ་བའི་ལས་ཀྱིས་བདེ་འགྲོར་ཡིད་དུ་འོང་བའི་འབྲས་བུ་དང་། མི་དགེ་བའི་ལས་ནི་ངན་སོང་དུ་ཡིད་དུ་མི་
འོང་བའི་འབྲས་བུ་དང་འབྲེལ་པའོ། །འགགས་ནས་ཡུན་རིང་དུ་ལོན་ནས་ཞེས་བྱ་བ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པའི་ལས་རྣམས་ཀྱི་འབྲས་བུ་དུས་གཞན་དུ་ཉམས་སུ་མྱོང་བར་འགྱུར་བས་སོ། །ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་དང་ཆུད་མི་ཟ་བ་དང་ཐོབ་པ་ལ་སོགས་པ་ཡོངས་སུ་
རྟོགས་པ་མེད་པ་ཡང་འཐད་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་མེད་དུ་ཟིན་ཡང་འབྲས་བུ་འཐད་པ་ཡིན་ཏེ། ཇི་ལྟར་བག་ཆགས་ཀྱིས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པའི་རྒྱུན་སྐྱེ་བ་དག་ལས་དུས་གཞན་དུ་འབྲས་བུ་སྐྱེ་བར་གཞན་གྱིས་བརྟགས་པ་དེ་ལྟར་ནི་མ་ཡིན་ནོ། །
དེ་བཞིན་དུ་ཆུད་མི་ཟ་བའི་ཆོས་མེད་པས་ཀྱང་འབྲས་བུ་སྐྱེ་བ་ཡིན་ཏེ། གཞན་གྱིས་ཇི་ལྟར་བརྟགས་པ་བཞིན་དུ་ནི་མ་ཡིན་ཏེ། གཞན་དག་ན་རེ་དགེ་བའི་ལས་ནི་སྐྱེས་པའི་དེ་མ་ཐག་ཏུ་ཆུད་ཟ་བ་ཡིན་ན་དེ་འགགས་པས་འབྲས་བུ་མེད་པར་ཐལ་བར་འགྱུར་རོ། །དེས་ན་གང་གི་ཚེ་ལས་དེ་བྱས་པའི་དུས་
དེ་ཉིད་དུ་ལས་དེ་ལས་ཆུད་མི་ཟ་བར་ཞེས་བྱ་བའི་ཆོས་ལྡན་པ་མ་ཡིན་པ་ཞིག་བྱེད་པ་པོའི་རྒྱུད་ལ་བུ་ལོན་གྱི་ཡི་གེ་ལྟ་བུ་ཞིག་སྐྱེ་བར་འགྱུར་བ་ཡིན་ལ། དེ་ལྟར་ན་ཡི་གེ་བཞིན་དུ་ཆུད་མི་ཟ་བར་རིག་པར་བྱའོ། །གང་ལས་ཆུད་མི་ཟ་བའི་ཆོས་སྐྱེ་བའི་ལས་དེ་བུ་ལོན་བཞིན་དུ་རིག་པར་བྱའོ། །ཇི་ལྟར་
བུ་ལོན་གྱི་ཡི་གེ་ཡོད་པས་བུ་ལོན་དེ་སྤྱད་དུ་ཟིན་ཀྱང་ནོར་གྱི་བདག་པོའི་ནོར་ཆུད་ཟ་བར་མི་འགྱུར་བར་སྐྱེད་དང་བཅས་པའི་ནོར་གྱི་ཚོགས་དང་ལྡན་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ལས་ཟད་དུ་ཟིན་ཀྱང་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་གཞན་ཡོད་པས་དེའི་སྒོ་ནས་འབྲས་བུ་དང་བྱེད་པ་པོ་དག་འབྲེལ་པ་ཡིན་ནོ། །

གང་གི་ཚེ་བུ་ལོན་གྱི་ཡི་གེས་ནོར་ཁུགས་ཏེ་ལོངས་སྤྱད་ནས་ཕྱིས་ཡོད་དམ་མེད་ཀྱང་རུང་ནོར་འོང་བའི་ནུས་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆུད་མི་ཟ་བ་ཡང་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་བྱས་ནས་ཡོད་དམ་མེད་ཀྱང་རུང་ནོར་སྤྱད་པའི་ཡི་གེ་བཞིན་དུ་ཡང་རྣམ་པར་སྨིན་པ་འབྱིན་པར་ནུས་པ་
མ་ཡིན་ནོ། །ཐོབ་པ་མེད་དུ་ཟིན་ཀྱང་འཐད་པ་ཡིན་ནོ། །གཞན་དག་གིས་དགེ་བ་དང་མི་དགེ་བའི་ལས་རྣམས་ཀྱི་ཐོབ་པ་ཞེས་བྱ་བའི་ལྡན་པ་མ་ཡིན་པའི་ཆོས་ཞིག་ཡོད་པ་ལ། གང་ཐོབ་པ་ལས་ཞིག་ཏུ་ཟིན་ཀྱང་དགེ་བ་དང་མི་དགེ་བའི་ལས་ཀྱང་ལྡན་པར་བརྗོད་པ་ཡིན་ནོ། །དེ་ལས་དུས་
གཞན་དུ་འབྲས་བུ་སྐྱེ་བར་འགྱུར་རོ་ཞེས་བརྗོད་པ་དེ་ལྟ་མ་ཡིན་པའོ། །སོགས་པའི་སྒྲས་ནི་ལས་ཀྱི་བག་ཆགས་བསྒོས་པའི་ཡིད་ཀྱི་རྣམ་པར་ཤེས་པ་བསྡུ་བར་བྱ་སྟེ། དེས་ཀྱང་དུས་གཞན་དུ་འབྲས་བུ་འབྱིན་པ་མ་ཡིན་ནོ་ཞེས་པའོ། །ཇི་ལྟར་ཞེ་ན་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་
པ་མེད་ན་ལས་དང་འབྲས་བུ་འབྲེལ་པར་ཅི་ལྟར་འགྱུར་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ལས་དེ་རང་བཞིན་གྱིས་མི་འགག་སྟེ། ལས་དེ་ནི་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་རང་བཞིན་མེད་པ་ལ་ལས་དེ་འཇིག་པ་མེད་པས་
ལས་དེ་ལས་འབྲས་བུ་འབྱུང་བ་འོངས་པ་ཡིན་ནོ། །འདིའི་དོན་ནི་དཔེར་ན་ད་ལྟར་བའི་གནས་སྐབས་ན་དེ་ལ་རང་བཞིན་མེད་དུ་ཟིན་ཀྱང་དེ་ལས་འབྲས་བུ་འབྱུང་བ་དེ་བཞིན་དུ་ལས་ལ་རང་བཞིན་མེད་པའི་ཕྱིར་འཇིག་པ་མེད་པ་ལས་མ་ཞིག་པ་ལས་འབྲས་བུ་སྐྱེ་བ་སུ་ཞིག་གིས་འགོག །དེའི་ཕྱིར་འཇིག་
རྟེན་གྱི་ཐ་སྙད་ཀྱིས་འགགས་ནས་ཡུན་རིང་པོར་ལོན་པ་ལས་ཀྱང་མིའི་འགྲོ་བ་ལ་སོགས་པ་ལ་ལར་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་མེད་དུ་ཟིན་ཀྱང་འདི་ནུས་པ་སྟེ། མཐུས་བདེ་བ་དང་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་འབྲས་བུ་འབྱུང་བར་རིག་པར་བྱའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་
བའི་ཕྱིར་གང་གི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཞེས་བྱ་བ་ནི་ལས་ཀྱི་རང་བཞིན་འགག་པར་སྨྲ་བ་རྣམས་སོ། །དེ་ལ་ཞེས་བྱ་བ་ནི་ལས་འགག་པར་སྨྲ་བ་ལའོ། །འགགས་ཟིན་པའི་ལས་ཀྱི་ནུས་པ་གཞག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འགགས་ཟིན་པའི་ལས་ཀྱི་ནུས་པ་སྟེ། མཐུ་

གནས་པར་བྱ་བའི་དོན་དུ་སྟེ་དེ་ལྟ་མ་ཡིན་ན་དུས་གཞན་དུ་འབྲས་བུ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །ལྷག་མ་གོ་སླའོ། །ཇི་སྐད་དུ་བསྟན་བཅོས་ལས་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །གང་ཕྱིར་ལས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཅིའི་ཕྱིར་ལས་སྐྱེ་བ་མེད་ཅེ་ན།
སློབ་དཔོན་གྱིས་སྨྲས་པ། གང་གི་ཕྱིར་རང་བཞིན་མེད་པའི་ཕྱིར་སྐྱེ་བ་མེད་པའོ། །གལ་ཏེ་རང་བཞིན་མེད་པའི་ཕྱིར་སྐྱེ་བ་མེད་པ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །འཇིག་པར་འགྱུར་བ་མ་ཡིན་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་
རྣམས་ལ་འབྲས་བུར་སྨིན། །ཞེས་ཇི་ལྟར་གསུངས་ཤེ་ན་བརྗོད་པར་བྱ་སྟེ། གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཡིན་པའི་ཕྱིར་ཁྱོད་དེ་སྐད་ཟེར་བས་ཁོ་བོ་ཅག་ལ་གནོད་པ་ནི་མ་ཡིན་ལ། ལས་ལ་རང་བཞིན་ཡོད་ན་ལས་ཀྱི་རང་བཞིན་དེ་
ངེས་པར་གཞན་དུ་འགྱུར་བ་མེད་པའི་ཕྱིར་རྟག་པར་ཐལ་བར་འགྱུར་ཏེ། ནམ་མཁའི་རང་བཞིན་ཅན་བཞིན་དུ་མི་འགྱུར་བ་བཞིན་ནོ། །དེས་ན་ལས་དེ་མ་བྱས་ཀྱང་ཡོད་པ་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་རྟག་པ་ཞེས་བྱ་བ་ནི་ཡོད་པར་འགྱུར་བ་ཡིན་ལ། གང་ཡོད་པ་དེ་ནི་བྱ་བར་མི་རིགས་པས་རྒྱུ་ལ་
ལྟོས་པ་མ་ཡིན་པའི་ཕྱིར་དགེ་མི་དགེའི་ལས་མ་བྱས་སུ་ཟིན་ཀྱང་འཇིག་རྟེན་པ་ལ་རྣམ་པར་སྨིན་པ་འབྱུང་བར་འགྱུར་བ་ཡིན་པས་མ་བྱས་ཀྱང་མྱོང་བར་འགྱུར་རོ། །ཁྱོད་ཀྱི་ཕྱོགས་ལ་ཡང་མ་སྐྱེས་པ་ཉིད་ཀྱིས་འབྲས་བུ་འབྱིན་ན་མ་བྱས་པས་མྱོང་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། གང་གི་ཕྱིར་ཁོ་བོས་འཇིག་རྟེན་
གྱི་ཐ་སྙད་དུ་ལས་གང་བྱས་ནས་འཇིག་པར་འགྱུར་བ་དེ་ལ་རྣམ་པར་དཔྱད་ན་སྐྱེ་བ་དང་འཇིག་པ་མེད་པས་དེ་ལ་འབྲས་བུ་སྐྱེ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་གྱི། འཇིག་རྟེན་པའི་ཐ་སྙད་དུ་མ་བྱས་ཀྱང་འབྲས་བུ་མྱོང་བ་མ་ཡིན་ནོ། །དེས་ན་སྐྱོན་ཡོད་པ་མ་ཡིན་ནོ། །དོན་དམ་པར་ལས་ཆུད་མི་ཟ་བ་ལ་མདོའི་
ཁུངས་བསྟན་པར་བྱ་བའི་ཕྱིར། མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིའི་ཚེའི་ཚད་ལོ་བརྒྱ་སྟེ་ཞེས་བྱ་བ་ནི་མི་རྣམས་ཀྱི་ཚེ་ལོའི་ཚད་ནི་ལོ་བརྒྱ་ཡིན་ལ་རྒྱུ་དང་འབྲས་བུ་དག་མི་རིགས་པའི་ཕྱིར་དུས་ཀྱང་མ་གྲུབ་པས་ལོ་བརྒྱ་པའི་རང་བཞིན་ཅན་གྱི་ལོ་ལ་ཕུང་པོར་སྤུངས་པ་ཡོད་པ་མ་ཡིན་ནོ། །

སྒྲུབ་པ་འདི་ཡང་ཞེས་བྱ་བ་ནི་ཕུང་པོ་རྣམ་པ་ལྔའི་མཚན་ཉིད་ཅན་མི་ཉིད་ཀྱི་ཕུང་པོ་ཡང་དེ་དང་མཚུངས་ཏེ། སྟོང་པ་ཉིད་ཡིན་ནོ་ཞེས་པའི་དོན་ཏོ། །འདིས་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་སྐྱེ་བ་མེད་པར་བསྟན་པ་ཡིན་ནོ། །ཟད་པ་མེད་པར་བསྟན་པར་བྱ་བའི་ཕྱིར། ཟད་པ་མེད་ཅེས་བྱ་བ་ལ་སོགས་
པ་གསུངས་ཏེ། ངས་ལས་ཟད་པ་མེད་པ་དང་ཟད་པ་གང་སྨྲས་པ་དེ་ནི་སྟོང་པའི་རྣམ་པ་ལས་དེ་ཟད་པ་མེད་པ་ཡིན་ལ། ཐ་སྙད་ཀྱི་རྣམ་པས་ཟད་པར་སྨྲས་པ་ཡིན་ནོ་ཞེས་པའི་དོན་ཏོ། །ཅི་སྐད་བསྟན་པའི་དོན་ཉིད་ཅེས་བྱ་བ་ནི་ལས་དང་། འབྲས་བུའི་འགྲེལ་པའི་མཚན་ཉིད་ཅན་ནོ། །སད་ཀྱང་
ཞེས་བྱ་བ་ནི་སད་པའི་གནས་སྐབས་ན་ཡང་ངོ་། །རང་བཞིན་ཡོད་མིན་པའི་ཞེས་བྱ་བ་ནི་དོན་དམ་པར་རོ། །འགགས་ཤིང་ཞེས་བྱ་བ་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་སོ། །དོན་འདི་ཉིད་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཅི་སྐད་དུ་སྲིད་པ་འཕོ་བའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་
གྱི་བུད་མེད་བཟང་མོ་ཞེས་བྱ་བ་ནི་ཡུལ་ན་ཡོད་པ་རྣམས་ཀྱི་ནང་ན་མཛེས་པའོ། །མ་མཆིས་ཤིང་ཞེས་བྱ་བ་ནི་ཅིའི་ཕྱིར་ཞེ་ན། མི་དམིགས་པ་ལགས་ན་ཞེས་བྱ་བ་སྨོས་ཏེ། རྣམ་པར་དཔྱད་ན་མི་དམིགས་པའི་ཕྱིར་རོ། །ཕོངས་ཤིང་ཞེས་བྱ་བ་ནི་ཡིད་མི་བདེ་བའི་རང་བཞིན་ཅན་ནོ། །དུབ་པ་ཞེས་བྱ་བ་ནི་ལུས་
ཀྱི་སྡུག་བསྔལ་དང་ལྡན་པའོ། །འཆི་དུས་དང་ཚོད་ཉེ་བར་གནས་པའི་ཚེ་ཞེས་བྱ་བ་ནི་འཆི་ཁ་ནའོ། །དེ་དང་སྐལ་བ་འདྲ་བའི་ལས་སད་ནས། །ཞེས་བྱ་བ་ནི་མི་ལ་སོགས་པའི་འགྲོ་བ་གང་དུ་སྐྱེས་པ་དེ་དང་སྐལ་བ་མཉམ་པའི་ལས་སད་ནས་སོ། །དཔེར་ན་ཉལ་ཉལ་བ་ལས་ཞེས་བྱ་བ་ལ་སོགས་པ་ནི་
དཔེར་ན་རྨི་ལམ་ན་མཐོང་བའི་བུད་མེད་སད་པའི་གནས་སྐབས་ན་མེད་དུ་ཟིན་ཀྱང་དྲན་པ་སྐྱེ་བའི་རྒྱུར་འགྱུར་བ་དེ་བཞིན་དུ་ལས་ཀྱང་དོན་དམ་པའི་དབང་དུ་བྱས་ནས་འཇིག་པ་མེད་པ་ཡིན་ལ། ཀུན་རྫོབ་ཀྱི་དབང་དུ་བྱས་ནས་ཞིག་ཏུ་ཟིན་ཀྱང་ཡིད་ལ་འབྲས་བུ་སྐྱེད་པའི་དོན་དུ་མངོན་དུ་ཕྱོགས་པར་འགྱུར་
བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་སྐལ་བ་འདྲ་བའི་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་དང་རྗེས་སུ་མཐུན་པའོ། །དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་ལ་ཞེས་བྱ་བ་ནི་བདག་ལ་སོགས་པའི་མཚན་ཉིད་ཅན་ནོ། །ལྷག་མ་གོ་

སླའོ། །འདིས་ནི་ལས་འགག་ཏུ་ཟིན་ཀྱང་ཆུད་མི་ཟ་བར་བསྟན་པ་ཡིན་ནོ། །དེ་ལ་གཞན་གྱི་དོགས་པ་བསུ་བར་བྱ་བའི་ཕྱིར་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱིས་མ་སྐྱེས་པ་ཞེས་བྱ་བ་ནི་ལས་ལའོ། །རྣམ་པར་སྨིན་པ་བྱས་ཟིན་པ་ལས་ཀྱང་ཞེས་བྱ་
བ་ལ་སོགས་པ་ནི་རྣམ་པར་སྨིན་པའི་འབྲས་བུ་བསྐྱེད་ཟིན་པ་ལས་རྣམ་པར་སྨིན་པ་འབྱུང་བའི་ཕྱིར་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཟད་པ་མེད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རྣམ་པར་སྨིན་པའི་འབྲས་བུ་ཉམས་སུ་མྱོང་ཡང་ལས་དེ་ལ་ཟད་པ་མེད་པའི་ཕྱིར་རོ། །
དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ནི་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་ཐུག་པ་མེད་པའི་སྐྱོན་ནོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རབ་རིབ་ཅན་ལ་ཡུལ་མེད་པ་ཉིད་དུ་མཚུངས་ཀྱང་སྐྲ་ཤད་ལ་སོགས་
པ་སྣང་བ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་ནི་མི་སྣང་ངོ་། །དེ་ཉིད་ཀྱི་ཕྱིར། དངོས་གཞན་རྣམ་པར་མ་ཡིན་ལྟར། །ཞེས་གསུངས་སོ། །དེ་ལྟར་དཔེ་བསྟན་ནས་དོན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་སྨིན་ནས་སླར་སྨིན་མིན་ཤེས་ཀྱི། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་མེད་པ་ཉིད་དུ་མཚུངས་
ཀྱང་ཐམས་ཅད་མི་སྣང་བ་བཞིན་དུ་རྣམ་པར་སྨིན་པ་དང་མ་སྨིན་པ་དག་གི་དུས་སུ་ལས་ཀྱི་རང་བཞིན་འཇིག་པ་མེད་པར་མཚུངས་སུ་ཟིན་ཀྱང་རྣམ་པར་སྨིན་པའི་ལས་ལས་རྣམ་པར་སྨིན་པ་འབྱུང་བར་མི་འགྱུར་རོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། རྣམ་པར་སྨིན་པ་ངེས་པར་འགྱུར་རོ་ཞེས་བྱ་བ་ནི་ཡང་རྣམ་པར་སྨིན་པའི་ནུས་པ་མེད་པའི་ཕྱིར། རྣམ་པར་སྨིན་པ་ལན་གཅིག་འབྱིན་པ་ལ་ངེས་པར་འགྱུར་བའོ། །དཔེ་འདིས་ཞེས་བྱ་བ་ནི་རབ་རིབ་ཅན་གྱི་དཔེའི་སྒོ་ནས་སོ། །ལས་རྣམས་མ་ངེས་པ་མ་ཡིན་པ་ཞེས་བྱ་བ་ནི་རྣམ་པར་སྨིན་
པ་ལ་ལན་གཅིག་འབྱིན་པ་ལ་ངེས་པའོ། །རྣམ་པར་སྨིན་པ་ཡང་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་དགེ་བ་ལས་རྣམ་པར་སྨིན་པ་ཡིད་དུ་འོང་བའི་མཚན་ཉིད་ཅན་ཉིད་དང་། མི་དགེ་བའི་ལས་ཡིད་དུ་མི་འོང་བའི་མཚན་ཉིད་ཅན་གྱི་རྣམ་པར་སྨིན་པ་ཉིད་དོ། །དེའི་ཕྱིར་ཞེས་བྱ་བ་ནི་རབ་རིབ་ཅན་གྱི་དཔེས་སོ། །

ནག་པོ་ལས་ཞེས་བྱ་བ་ནི་མི་དགེ་བའི་མཚན་ཉིད་ཅན་ལས་སོ། །རྣམ་སྨིན་མི་དགེ་བ་ཞེས་བྱ་བ་ནི་ངན་འགྲོར་ཡིད་དུ་མི་འོང་བའི་རྣམ་པར་སྨིན་པའི་མཚན་ཉིད་ཅན་ནོ། །རྣམ་སྨིན་དགེ་བ་ཉིད་ཅེས་བྱ་བ་ནི་བདེ་འགྲོར་ཡིད་དུ་འོང་བའི་མཚན་ཉིད་ཅན་གྱི་རྣམ་པར་སྨིན་པའོ། །དགེ་ལས་ཞེས་བྱ་བ་
དགེ་བའི་མཚན་ཉིད་ཅན་ལས་སོ། །མཐོང་ཞེས་བྱ་བ་ནི་ལུང་གི་སྒོ་ནས་ཁོང་དུ་ཆུད་པའོ། །དགེ་མི་དགེ་མེད་བློ་ཅན་ཐལ་འགྱུར་ཏེ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་ཡོངས་སུ་ཤེས་པའི་སྒོ་ནས་དགེ་བ་དང་མི་དགེ་བའི་ལས་མི་དམིགས་པའི་ཕྱིར་རོ། །ཉོན་མོངས་པ་དང་
ཤེས་བྱའི་སྒྲིབ་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཐར་པ་ཐོབ་པར་འགྱུར་བའོ། །ལས་འབྲས་རྣམས་ལ་སེམས་པའང་དགག་པར་མཛད། །ཅེས་བྱ་བ་ནི་གང་གི་ཕྱིར་སྐྲ་ཤད་ལ་སོགས་པའི་དཔེའི་སྒོ་ནས་ལས་དང་འབྲས་བུ་མ་ངེས་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་ལས་འདི་ལ་
འབྲས་བུ་འདི་སྐྱེ་བར་འགྱུར་བ་ཡིན་ཞེས་བྱ་བའི་སེམས་པ་དགག་པར་མཛད་པ་ཡིན་ཏེ། ནོར་བུ་དང་སྔགས་དང་སྨན་ལ་སོགས་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡིན་ནོ་ཞེས་བྱ་བའི་རིགས་པས་སོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཅིའི་ཕྱིར་ངེས་ཤེ་ན། དེ་ལྟ་ནའང་སྐྲ་ཤད་ལ་སོགས་པ་མཐོང་བ་ངེས་པ་དེ་ཉིད་ཀྱི་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་ཀྱི་འབྲས་བུ་རྣམས་ལ་སེམས་པ་དེ་བཅོམ་ལྡན་འདས་ཀྱི་གསུང་གང་གི་སྒོ་ནས་དགག་པ་མཛད་ཅེ་ན། ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་
བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་པས་སོ། །གལ་ཏེ་དཔྱད་པར་གྱུར་ན་ཀུན་རྫོབ་ཀྱི་བདེན་པ་ཉམས་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་འདི་ལས་འབྲས་བུ་འདི་སྐྱེའོ་ཞེས་བྱ་བ་ནི་མངོན་སུམ་དང་མི་དམིགས་པ་དག་གི་ཁོང་དུ་
ཆུད་པ་ཡིན་ལ། ལས་དང་འབྲས་བུ་དག་ནི་ཚུ་རོལ་མཐོང་ན་དུས་ནམ་ཡང་མཐོང་བ་མེད་པའི་ཕྱིར་ལས་དང་འབྲས་བུ་དག་ཅི་ལྟར་འགྲུབ་པར་འགྱུར་ཞིང་ཞེས་བརྟག་ཅིང་དཔྱད་ན་ཆད་པར་ལྟ་བར་འགྱུར་བས་ཆད་བ་མེད་པའི་འཁོར་བའི་རྒྱུན་གྱི་མཚན་ཉིད་ཅན་གྱི་ཀུན་རྫོབ་ཀྱི་བདེན་པ་འཇིག་པར་འགྱུར་

དུ་འོང་བས་བཅོམ་ལྡན་འདས་ཀྱིས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་དགག་པར་མཛད་དོ། །གལ་ཏེ་དེ་ནི་སེམས་ཙམ་པའི་རྒོལ་བ་བསྟན་པར་བྱ་བའི་ཕྱིར། གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་རྣམས་ཀྱི་འབྲས་བུ་དང་འབྲེལ་པ་རྣམ་
པར་གཞག་ན་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་མེད་པ་ཡིན་ཡང་ལས་རྣམས་རང་བཞིན་མེད་པས་ཀུན་རྫོབ་ཏུ་ལས་ཞིག་ཏུ་ཟིན་ཀྱང་ལས་འབྲས་བུ་འབྱིན་པའི་རྣམ་པར་གཞག་པ་བྱེད་ནའོ། །ཆོས་མཐའ་ཡས་པའི་ནུས་པའི་ཁྱད་པར་གྱི་གཞི་ཞེས་བྱ་བ་ལ། ཆོས་མཐའ་ཡས་ཏེ་སྔོན་པོ་དང་
སེར་པོ་ལ་སོགས་པར་སྣང་བའི་ཤེས་པ་རྣམས་སོ། །དེ་རྣམས་ཀྱི་ནུས་པ་ནི་བག་ཆགས་ཏེ། དཔེར་ན་ཏིལ་མེ་ཏོག་དང་ཉེ་བ་ལས་དྲི་འབྱུང་བ་དེ་བཞིན་དུ་སྔོན་པོ་ལ་སོགས་པའི་ཤེས་པ་རྣམས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་པའོ། །བག་ཆགས་དེ་རྣམས་ཀྱི་གཞི་སྟེ་རྟེན་ནོ། །
དེའི་ཕྱིར་ས་བོན་ཐམས་ཅད་པ་སྟེ། ཤེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། རླབས་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུ་ཞེས་བྱ་བ་ནི་སྔོན་པོར་སྣང་བའི་ཤེས་པ་སྐྱེ་བ་ལ་སོགས་པའི་རྒྱུར་གྱུར་པའི་ཕྱིར་
རོ། །འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ལ་ཞེས་བྱ་བ་ནི། ཀུན་གཞི་རྣམ་ཤེས་ཟབ་ཅིང་ཆ་ཕྲ་ལ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་ཡོངས་སུ་རྟོག་པར་འགྱུར་སྙམ་ནས། །བྱིས་པ་རྣམས་ལ་བདག་གིས་འདི་མ་བསྟན། །ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །རྣམ་པ་ཐམས་ཅད་དུ་མེད་པ་ཞིག་གམ་ཞེས་བྱ་བ་ནི་གཏན་མེད་པ་ཡིན་ནམ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་མེད་པ་མ་ཡིན་གྱི། འོན་ཀྱང་བཅོམ་ལྡན་འདས་ཀྱིས་
དགོངས་པའི་དབང་གིས་ཡོད་པ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཉེ་བར་བསྟན་པས་གདུལ་བྱ་རྣམས་ལ་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡོད་པར་བསྟན་པས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་ཉིད་དུ་

བསྟན་པས་སོ། །དོན་དམ་པར་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་སྟོང་པ་ཉིད་ཁོ་ན་ལ་བརྗོད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར། བདག་
ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པས་དངོས་པོ་སྟོང་པ་ཉིད་ཀྱི་རྗེས་སུ་འཇུག་པའི་ཕྱིར་སྟོང་པ་ཉིད་ཁོ་ན་ཀུན་གཞི་ཡིན་ལ་དེ་ཉིད་རྣམ་པར་ཤེས་པ་སྟེ། ཆོས་ཐམས་ཅད་མི་དམིགས་པའི་སྦྱོར་བས་ཡོངས་སུ་ཤེས་པའི་ཕྱིར་དེས་ན་སྟོང་པ་ཉིད་ལ་ཀུན་གཞི་རྣམ་པར་ཤེས་པའི་
སྒྲས་བསྟན་པར་རིག་པར་བྱའོ། །ཅི་ལྟར་བཅོམ་ལྡན་འདས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་དགོངས་པའི་དབང་གིས་གསུངས་པ་དེ་བཞིན་དུ་གང་ཟག་ཀྱང་དགོངས་པའི་དབང་དུ་མཛད་ནས་ཡོད་པར་གསུངས་པ་ཡིན་ནོ་ཞེས་བྱ་བའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེས་གདུལ་བྱའི་སྐྱེ་བོ་ལ་ཞེས་བྱ་བ་ནི་གང་ཟག་གི་སྒོ་ནས་གདུལ་བྱའི་སྐྱེ་བོ་རྣམས་ལའོ། །དེ་ཡོད་པ་ཉིད་དུ་བསྟན་པས་ཞེས་བྱ་བ་ནི། གང་ཟག་ཡོད་པ་ཉིད་དུ་བསྟན་པས་སོ། །རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱིས་འཆད་པར་འགྱུར་བའི་སྒོ་ནས་སོ། །གང་
ཟག་ཡོད་པ་ཉིད་དུ་གསུངས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགའ་ཞིག་ལ་གང་ཟག་བཀག་ནས་ཕུང་པོ་ཙམ་ཞིག་བསྟན་པར་མཛད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། ཁ་ཅིག་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ཁ་
ཅིག་ལ་ནི་སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ཏེ། དེ་ལྟར་ཡང་། སེམས་དང་ཡིད་དང་རྣམ་པར་ཤེས། །དེ་དག་དོན་ཉིད་གཅིག་པ་ཉིད། །ཅེས་གསུངས་པས་སོ། །སེམས་ཙམ་པ་རྣམས་ན་རེ་སེམས་ནི་ཀུན་གཞི་རྣམ་པར་
ཤེས་པ་ཡིན་ལ། ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ལ། རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་ཚོགས་དྲུག་སྟེ། ཐ་དད་པར་འདོད་ལ་དེ་དགག་པའི་ཆེད་དུ་དོན་གཅིག་ཅེས་བརྗོད་པ་ཡིན་ནོ། །དད་པ་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ཐོས་པ་ལ་

སོགས་པ་བསྡུ་བར་བྱའོ། །གོང་དུ་འགྲོ་བ་ན་ཞེས་བྱ་བ་ནི་བསྟན་པ་ནའོ། །ཕྱི་མ་ལ་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་ནི་བཤད་པ་སྟེ། འཆི་འཕོས་ནས་མ་འོངས་པའི་དུས་སུ་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཀུན་གཞི་རྣམ་པར་ཤེས་
པ་ལ་སོགས་པ་གསུངས་པ་དེ་དག་དགོངས་པ་ཅན་ཉིད་དུ་གསལ་བར་བྱ་བའི་ཕྱིར། འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། གང་ཟག་དང་། ཕུང་པོ་རྣམས་སོ། །དགོངས་
པ་དངོས་བསྟན་པར་བྱ་བའི་ཕྱིར། བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ནི། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པའི་སྒོ་ནས་རྣམ་པར་ཤེས་པ་ཙམ་གྱིས་ཀྱང་སྟོང་པ་གདོད་མ་ནས་སྐྱེ་བ་མེད་པ་ཞེས་བྱ་བའི་དོན་ཏོ། །
དེ་ལའོ་ཞེས་བྱ་བ་ནི་ཆོས་ཟབ་མོ་ཁོང་དུ་ཆུད་པར་མི་འགྱུར་བ་ལས་སོ། །འབའ་ཞིག་ཉིད་ཅེས་བྱ་བ་ནི་གང་ཟག་དང་བྲལ་བའོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར་རོ། །གདུལ་བྱ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་བྱ་གང་དག་ཅེས་བྱ་བ་ནི་མུ་སྟེགས་ཀྱི་
ལྟ་བ་ལ་ལྷག་པར་གོམས་པར་བྱ་བའོ། །ཆོས་ཉིད་ཟབ་མོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་བཞི་དང་བྲལ་བའོ། །འཇུག་པར་མི་ནུས་ཤིང་ཞེས་བྱ་བ་ནི་དུས་ཡུན་རིང་པོར་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པར་བྱས་པས་སྟོང་པ་ཉིད་ལ་ལྷག་པར་མོས་པར་མི་ནུས་པའོ། །དེ་ཉིད་
ཀྱི་ཕྱིར་དུས་ཡུན་རིང་པོར་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པར་བྱས་པས་ཞེས་བྱ་བ་གསུངས་སོ། །བདག་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པའི་རྣམ་པས་ཆོས་ཉིད་སྟོང་པ་ཉིད་ཐོས་པས་ཆོས་ཉིད་སྟོང་པ་ཉིད་དེ་ལ་གདོད་མ་ནས་སྐྱེ་བ་མེད་པའི་དོན་ཁོང་དུ་མ་ཆུད་པས་ཐར་པ་
ཐོབ་པའི་དུས་ན་ཐམས་ཅད་མེད་པར་འགྱུར་རོ་སྙམ་ནས་སྟོང་པ་ཉིད་ཀྱི་དོན་ཁོང་དུ་ཆུད་ནས་བདག་མེད་པར་འགྱུར་རོ་ཞེས་སྐྲག་པ་རྣམས་ལའོ། །ཐོག་མ་ཁོ་ནར་སྟོན་པའི་ཉེ་བར་བསྟན་པ་ལ། གཡང་ས་དང་འདྲ་བར་སེམས་པ་ཞེས་བྱ་བ་ནི་གང་ཟག་ཡོད་པ་ལ་སོགས་པར་བསྟན་པའི་སྒོ་ནས་

རུང་བ་ཉིད་མ་མཛད་པར་དབུ་མའི་དོན་བསྟན་པར་འགྱུར་ན་ཆད་པའི་ལྟ་བར་ལྟུང་བས་གཡང་ས་དང་འདྲ་བར་སེམས་པའོ། །དེ་ལ་རྒྱབ་ཀྱིས་ཕྱོགས་པ་ཞེས་བྱ་བ་ནི་ཆོས་ཟབ་མོ་ལ་ཕྱིར་ཕྱོགས་པས་སོ། །དོན་ཆེན་པོ་སྒྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ཕྱིན་ཅི་ལོག་ཏུ་མངོན་པར་
ཞེན་པ་དེ་རྣམས་དམྱལ་བ་ལ་སོགས་པར་ལྟུང་བས་དོན་ཆེན་པོ་སངས་རྒྱས་ཉིད་སྒྲུབ་པར་མི་འགྱུར་གྱི། དོན་མེད་པ་ཁོ་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དུས་ཡུན་རིང་པོ་ནས་བདག་ལ་ལྷག་པར་མངོན་པར་ཞེན་པ་རྣམས་ལ་དེ་དང་རྗེས་སུ་མཐུན་པར་བསྟན་པའི་སྒོ་ནས་བསྟན་པ་ལ་
གཞུག་པར་ནུས་པའི་ཕྱིར་རོ། །དེ་ལྟར་ཐོག་མར་སྟོང་པ་ཉིད་བསྟན་པ་ལ་དོན་མེད་པར་འབྱུང་བར་འགྱུར་བ་ཡིན་ནོ་ཞེས་བསྟན་ནས། ད་ནི་ཆེས་ཐོག་མར་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་བསྟན་ན་དོན་ཆེན་པོ་འདྲེན་པར་འགྱུར་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཆེས་ཐོག་མར་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེས་ཐོག་མར་ཞེས་བྱ་བ་ནི་སྟོང་པ་ཉིད་སྟོན་པའི་ཐོག་མར་རོ། །ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་བསྟན་པས་ནི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གང་ཟག་ལ་སོགས་པ་བསྡུ་བར་བྱའོ། །མུ་སྟེགས་ཀྱི་ལུགས་བསལ་བས་ཞེས་བྱ་བ་ནི་བདག་
ལ་མངོན་པར་ཞེན་པ་བཟློག་ནས་སོ། །དེ་དག་གི་དོན་ཆེན་པོ་འདྲེན་པར་འགྱུར་ཞིང་ཞེས་བྱ་བ་ནི་གཟུང་བའི་དོན་ལ་མངོན་པར་ཞེན་པ་ལ་སོགས་པ་བཟློག་པས་ཆོས་བསྟན་པ་དེ་འབྲས་བུ་སངས་རྒྱས་ཀྱི་རྒྱུར་འགྱུར་བས་སོ། །འདི་ལྟར་མུ་སྟེགས་པས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་
འགྲོ་བ་དང་བཅིངས་པ་གྲོལ་བའི་རྟེན་དུ་གྱུར་པའི་བདག་རྟག་པ་ཁས་ལེན་པར་བྱེད་ལ། དེ་དང་རྗེས་སུ་མཐུན་པའི་ཀུན་གཞི་རྣམ་པར་ཤེས་པ་གསུངས་པ་ལ་གང་གི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་དེ་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བ་དང་བཅིངས་པ་གྲོལ་བའི་རྟེན་དུ་གྱུར་པ་
ཡིན་ཏེ། འདི་ལྟར་ཅི་སྲིད་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་ཉོན་མོངས་པའི་བག་ཆགས་འཇུག་པ་དེ་སྲིད་དུ་བཅིངས་པ་ཡིན་ལ། གང་གི་ཚེ་ལམ་བསྒོམས་པས་ཉོན་མོངས་པའི་བག་ཆགས་ལོག་པ་དེའི་ཚེ་རྟེན་ཡོངས་སུ་གྱུར་པས་གྲོལ་བ་ཉིད་དོ། །འོན་ཀྱང་ཁྱད་པར་ནི་བདག་ནི་རྟག་པ་ཡིན་ལ། ཀུན་

གཞི་རྣམ་པར་ཤེས་པ་ནི་མི་རྟག་པ་ཡིན་ནོ། །དེ་ལྟར་ན་ཡང་ཀུན་གཞི་རྣམ་པར་ཤེས་པ་གསུངས་པས་བདག་ལ་མངོན་པར་ཞེན་པ་ལྡོག་པར་འགྱུར་བ་དང་། ཀུན་གཞི་རྣམ་པར་ཤེས་པ་གསུངས་པས་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ཕྱི་རོལ་གྱི་དོན་ལ་མངོན་
པར་ཞེན་པ་ཡང་ལྡོག་པ་ཡིན་ནོ། །དེས་ན་ཀུན་གཞི་རྣམ་པར་ཤེས་པ་བསྟན་པས་དོན་ཆེན་པོ་འདྲེན་པར་འགྱུར་བ་ཡིན་ནོ། །ཕྱི་ནས་ཞེས་བྱ་བ་འདིས་ནི་ཀུན་གཞི་རྣམ་པར་ཤེས་པ་གསུངས་པའི་ཕྱིར་རོ། །གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པ་རིག་པ་རྣམས་ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་
བྱ་བ་ལ་སོགས་པས་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་དོན་ཡང་སྟོང་པ་ཉིད་ཁོང་དུ་ཆུད་པས་སོ། །དེ་དག་སྤོང་བར་འགྱུར་བས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱང་འདོར་བར་འགྱུར་བས་སོ། །ཡོན་ཏན་ཁོ་ན་འབྱུང་གི་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་
ཤེས་པ་གསུངས་པས་བསྟན་པ་ལ་འཇུག་པའི་མཚན་ཉིད་ཅན་གྱི་ཡོན་ཏན་ཁོ་ན་འབྱུང་བས་སྐྱོན་མེད་དོ། །ཇི་སྐད་དུ་འཕགས་པའི་ལྷས་ཞེས་བྱ་བ་ནི་བཞི་བརྒྱ་པ་ལས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་ཕན་པ་སྟོན་པ་ན་ཡང་གཞན་གྱི་བསམ་པ་སུན་མ་ཕྱུང་བར་དང་བ་འཕེལ་བར་བྱེད་
པའི་གཞན་གྱི་བསམ་པའི་རྗེས་སུ་འཇུག་པ་དེ་ནི་བསྟན་པར་བྱ་བ་ཡིན་ཏེ། འདི་ལྟར་སེར་སྣ་ཅན་ལ་སྦྱིན་པ་གཏོང་བའི་གཏམ་དང་། ཚུལ་ཁྲིམས་འཆལ་པ་ལ་ཚུལ་ཁྲིམས་ཀྱི་གཏམ་དང་། ཁྲོ་བ་དང་ལྡན་པ་ལ་བཟོད་པའི་གཏམ་གྱིས་དགའ་བར་མི་འགྱུར་གྱི། འོན་ཀྱང་ལོངས་སྤྱོད་འདོད་པ་
ལ་སྦྱིན་པའི་གཏམ་དང་། མཐོ་རིས་འདོད་པ་ལ་ཚུལ་ཁྲིམས་ཀྱི་གཏམ་དང་། གཟུགས་བཟང་བར་འདོད་པ་ལ་བཟོད་པའི་གཏམ་གྱིས་དགའ་བར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པའི་གཏམ་དང་པོར་བསྟན་ནས། ཕྱིས་སྣོད་དུ་གྱུར་པར་ཁོང་དུ་ཆུད་པར་བྱ་སྟེ། ཟབ་མོའི་གཏམ་བརྗོད་པར་
བྱ་དགོས་སོ། །དང་པོ་ཉིད་དུ་མི་མཐུན་པའི་གཏམ་གྱིས་སུན་ཕྱུང་ནས་དེ་ལས་ཕྱིར་ལོག་ཅིང་ཕན་པ་བསྟན་པའི་དོན་དུ་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཞི་བརྒྱ་པ་ལས། དང་པོ་བསོད་ནམས་མིན་ལས་བཟློག །བར་དུ་བདག་ལས་བཟློག་པ་དང་། །ཕྱིས་ནི་ཐམས་ཅད་ལས་བཟློག་པ། །གང་གིས་

དེ་ཤེས་བློ་ལྡན་ཡིན། །དམན་པ་རྣམས་ལ་སྦྱིན་པ་བརྗོད། །བར་མ་ལ་ནི་ཚུལ་ཁྲིམས་བརྗོད། །མཆོག་ཏུ་གྱུར་ལ་ཞི་བ་བརྗོད། །དེ་གསུངས་རྟག་ཏུ་མཆོག་ཏུ་འགྱུར། །ཞེས་གསུངས་པ་དང་། གཞན་ཡང་། བསོད་ནམས་འདོད་པས་སྟོང་པ་ཉིད། །རྣམ་པ་ཀུན་དུ་བརྗོད་མི་བྱ། །གང་ཕྱིར་
གནས་མིན་པ་ལ་སྨན། །བྱིན་ན་དུག་ཏུ་འགྱུར་བ་ཡིན། །ཞེས་གསུངས་སོ། །གདུལ་བྱ་རྣམས་གཞུག་པའི་དོན་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཡོད་པ་ཉིད་དུ་གསུངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དངོས་པོ་ཐམས་ཅད་ཡོད་པ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་
བསྟན་པར་བྱ་བའི་ཕྱིར། གཞུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་བསྟན་པ་ལ་གཞུག་པའི་ཆེད་དུའོ། །འཇིག་ཚོགས་ལ་ལྟ་བ་དང་བྲལ་ཡང་ཞེས་བྱ་བ་ནི་བདག་དང་བདག་གིར་ལྟ་བ་དང་བྲལ་དུ་ཟིན་ཀྱང་། ང་དང་
ངའི་བསྟན་པ་ལྟར་ཞེས་བྱ་བ་ནི་དེའི་ཚེ་དེའི་དུས་ན་ཆེ་གེ་མོ་ཞིག་ཏུ་འགྱུར་རོ་ཞེས་བྱ་བ་དང་། ང་མྱ་ངན་ལས་འདས་པའི་འོག་ཏུ་ངའི་བསྟན་པ་དུས་འདི་སྲིད་གཅིག་ཏུ་གནས་སོ་ཞེས་བྱ་བ་ལ་སོགས་པ་བདག་དང་བདག་གིར་ལྟ་བའི་སྒོ་ནས་ཆོས་ཅི་ལྟར་བསྟན་པ་དེ་བཞིན་དུ་རང་བཞིན་མེད་པའི་དངོས་པོ་
རྣམས་ཡོད་ཅེས་བསྟན་པར་མཛད་པ་ནི་དྲང་བའི་དོན་དུ་སྟེ། དངོས་པོ་ལ་བདེན་པར་ཞེན་པའི་འཇིག་རྟེན་པ་རྣམས་དབུ་མ་ལ་འཇུག་པར་བྱ་བའི་དོན་དུའོ། །དེ་ཉིད་ཀྱི་ཕྱིར་བཞི་བརྒྱ་པ་ལས། དེ་ཉིད་ཚོལ་བ་རྣམས་ལ་ནི། །ཐོག་མར་ཐམས་ཅད་ཡོད་ཅེས་བསྟན། །ཕྱི་ནས་དོན་རྣམས་རྟོགས་
པ་ལ། །སོམ་ཉི་མེད་ལ་དབེན་པ་ཉིད། །ཅེས་གསུངས་སོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐའ་དག་ཅེས་བྱ་བ་ནི་བག་ཆགས་དང་བཅས་པའོ། །ང་དང་ངའི་སྒོ་ནས་གསུངས་པ་ཅིའི་ཕྱིར་ཞེ་ན། ང་དང་ངའི་ཞེས་
བསྙད་པ་འཇིག་རྟེན་གྱི་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྔོན་གྱི་སྐྱེས་རབས་ལ་སོགས་པའི་གཏམ་ཁོང་དུ་ཆུད་པའི་ཐབས་ཡིན་ནོ། །དེ་ཡོད་པ་ཉིད་ཉེ་བར་བསྟན་པ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཡོད་པ་ཉིད་ཉེ་བར་བསྟན་པའོ། །འཇིག་རྟེན་གྱིས་ཁོང་དུ་ཆུད་པའི་ཐབས་

ཡིན་པའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱིས་སྟོང་པ་ཉིད་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར་ཏེ། འདི་ལྟར་ཕུང་པོ་དང་ཁམས་ལ་སོགས་པ་བསྟན་ནས་བདག་ཏུ་འཛིན་པ་ལྡོག་པ་ཡིན་ཏེ། ཕུང་པོ་རྣམས་ཁོ་ན་ཡོད་པ་ཡིན་གྱི། འདིར་བདག་ནི་འགའ་ཞིག་ཀྱང་ཡོད་
པ་མ་ཡིན་ནོ་སྙམ་དུ་བདག་ཏུ་འཛིན་པ་ལྡོག་པ་ཡིན་ནོ། །གང་གི་ཚེ་བདག་ཏུ་འཛིན་པ་ལོག་པ་དེའི་ཚེ་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་བཟློག་པའི་དོན་དུ་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཙམ་དུ་བཀའ་
སྩལ་ཏོ། །གང་གི་ཚེ་ཕྱི་རོལ་གྱི་དོན་ལ་ཞེན་པ་ལོག་པ་དེའི་ཚེ་རྣམ་པར་ཤེས་པ་ཙམ་ཡོད་པའི་མངོན་པར་ཞེན་པ་སྤང་བའི་ཆེད་དུ། གང་ཞིག་རྐྱེན་གྱིས་སྐྱེ་འགྱུར་བ། །དེ་ནི་སྐྱེ་བ་མ་ཡིན་ཏེ། །དེ་ལ་རང་བཞིན་གྱིས་སྐྱེ་བ། །ཡོད་པ་ཉིད་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་དབུ་མའི་ལམ་
གསུངས་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་གྱིས་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར་ཐམས་ཅད་ཡོད་པ་ཉིད་དུ་བཀའ་སྩལ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ལས་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འཇིག་རྟེན་རྣམ་
པར་འདྲེན་པ་རྣམས་ཏེ། འཇིག་རྟེན་ལ་ལམ་སྟོན་པར་བྱེད་པ་པོ་རྣམས་གལ་ཏེ་འཇིག་རྟེན་དང་མཐུན་པར་མ་ཞུགས་ན་སུས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཤེས་པར་མི་འགྱུར་ཞིང་དེ