Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 100

Văn bản gốc(Tây Tạng)

Trang 15 / 23 (50.000 ký tự/trang)
ན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་
འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེའི་ཕྱིར། གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་པ་མིན། །ཞེས་གསུངས་ཏེ། ལྟ་བ་ལ་སོགས་པ་དག་ཉེ་བར་ལེན་པ་ཉིད་དང་རྫས་ཉིད་དུ་ཡོད་པ་མ་ཡིན་ན་ཉེ་བར་ལེན་པ་པོ་ཉིད་ཀྱི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ལ་སོགས་པའི་སྐྱོན་དེ་ཉིད་ཀྱི་ལན་གདབ་པར་དཀའོ་
ཞེས་བྱ་བ་སྨྲས་ཏེ། ལྟ་བ་ལ་སོགས་པ་དག་གང་གི་ཡིན་པའི་བདག་དེ་གལ་ཏེ་མེད་ན་ལྟ་བ་ལ་སོགས་པ་དེ་དག་ཀྱང་ཡོད་པ་མ་ཡིན་པས་ཉེ་བར་ལེན་པ་པོའི་བདག་སྔ་ན་ཡོད་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་དང་འགལ་བའི་སྐྱོན་མ་སྤངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་ལྟར་ཅི་སྐད་བསྟན་པའི་
སྒྲུབ་པས་བརྟགས་ན། གང་ཞིག་ལྟ་ལ་སོགས་པ་ཡི། །སྔ་རོལ་ད་ལྟ་ཕྱི་ན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །ཉེ་བར་ལེན་པ་པོ་གང་ཞིག་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་དང་ད་ལྟར་དང་ཕྱི་ན་རྫས་སུ་ཡོད་པ་ཉིད་དུ་མ་གྲུབ་ཅིང་འབྱུང་བའི་རྫས་བཞིན་དུ་མེད་པ་དེ་ལྟ་བུ་དེ་
ལ་དོན་དམ་པར་གཅིག་པ་ཉིད་དང་གཞན་ཉིད་དུ་ཡོད་དོ་མེད་དོ་ཞེས་བྱ་བར་རྟོག་པ་དག་ལྡོག་པར་འགྱུར་རོ་ཞེས་བྱ་བ་ནི་རབ་ཏུ་བྱེད་པའི་མཇུག་བསྡུ་བ་ཡིན་ཏེ། སྔར་ཕུང་པོ་བརྟག་པའི་སྐབས་སུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་
གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་བྱ་བས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་གཅིག་གིས་གཅིག་བསལ་ཏེ་རྫས་སུ་མེད་པ་ལ་ཡོད་པ་དང་མེད་པར་རྣམ་པར་རྟོག་པ་དག་ལྡོག་པ་དེ་བཞིན་དུ་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་གཅིག་གིས་གཅིག་བསལ་

ཏེ། རྫས་སུ་མེད་པ་གང་དག་ལ་ཡང་ཡོད་པ་དང་མེད་པ་ཉིད་དུ་རྣམ་པར་རྟོག་པ་དག་ལྡོག་པར་འགྱུར་རོ། །དེ་ཉིད་བྱེ་བྲག་ཏུ་བཤད་པའི་ཕྱིར་དེ་ལ་རེ་ཞིག་ཡོད་དོ་ཞེས་བྱ་བར་རྟོག་པ་ལྡོག་པ་ནི་རྫས་སུ་མེད་པའི་ཕྱིར་རོ། །མེད་དོ་ཞེས་རྟོག་པ་ལྡོག་པ་ནི་བརྟེན་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་
རོ། །ཡང་ན་ཡོད་དོ་ཞེས་བྱ་བར་རྟོག་པ་ལྡོག་པ་ནི་དོན་དམ་པར་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ། །མེད་དོ་ཞེས་བྱ་བར་རྟོག་པ་ལྡོག་པ་ནི་ཡོད་པ་བསལ་བས་མེད་པར་རྣམ་པར་རྟོག་པ་འབྱུང་བ་དེ་མེད་པས་མེད་པར་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་རོ་
ཞེས་བྱ་བ་སྨྲས་སོ། །དེའི་ཁུངས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། བློ་ཡིས་རྣམ་པར་གཞིག་ན་ནི། །ངོ་བོ་ཉིད་ནི་གཟུང་དུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་དང་། །ངོ་བོ་ཉིད་ནི་མེད་པར་བསྟན། །
ཞེས་ཅི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཉེ་བར་ལེན་པ་པོ་ཡོད་པར་སྨྲ་བ་དག་གི་རྗེས་སུ་དཔག་པ་ལས་ཉེ་བར་ལེན་པ་པོ་ཡོད་དེ། དེ་ཡང་ཉེ་བར་ལེན་པར་བྱེད་པས་ཉེ་བར་ལེན་པ་པོ་ཞེས་བྱ་ཞིང་། དེས་ཉེ་བར་བླང་བ་ཡིན་པས་ཉེ་བར་བླང་བ་ཞེས་བྱ་
སྟེ། དེ་གཉི་ག་གྲུབ་པའི་ཕྱིར་གཏན་ཚིགས་སྔར་སྨྲས་པ་གྲུབ་པ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཞུང་བསྣན་པ་ཡིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཉེ་བར་ལེན་པ་པོ་ཡོད་པའི་གཏན་ཚིགས་སུན་ཕྱུང་བ་བརྗོད་པ་དང་། རང་དབང་དུ་
རྗེས་སུ་དཔག་པ་བརྗོད་པས་ཉེ་བར་ལེན་པ་པོ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་བརྟག་པའི་རབ་ཏུ་བྱེད་པ་དགུ་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་ལྟ་བ་
ནི། ཕ་རོལ་པོས་སྔར་ཉེ་བར་ལེན་པ་པོ་ཡོད་པར་བསྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་ལེན་པ་པོ་དེ་ལྟ་བ་ལ་སོགས་པའི་སྔ་རོལ་ན་གནས་པ་ཡོད་དེ། ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་དག་གི་གཏན་ཚིགས་སུན་ཕྱུང་བ་བརྗོད་པ་དང་། བསྟན་བཅོས་མཛད་

པ་རང་གི་རྗེས་སུ་དཔག་པ་བརྗོད་པས་ཉེ་བར་ལེན་པ་པོ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཉིད་ཡིན་ནོ། །ཉེ་བར་ལེན་པ་པོ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་བསྟན་པའི་ཕྱིར་དང་། ཉེ་བར་ལེན་པ་པོ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་
བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱིས་ཀྱང་། བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་ཤེས་པ་
པོའམ་ཤེས་པར་བྱེད་པ་པོ་མེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ། ཤེས་པ་པོའམ་ཤེས་པར་བྱེད་པ་པོ་མེད་དོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་ཤེས་པ་པོའམ་ཤེས་པར་བྱེད་པ་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའོ། །གཟུགས་ལ་ཤེས་པ་པོའམ་མཐོང་བ་པོ་མེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་ཤེས་པ་པོའམ་མཐོང་བ་པོ་མེད་དོ། །གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་ཤེས་པ་པོའམ་མཐོང་བ་པོ་མེད་པ་གང་ཡིན་པ་དེ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་ཉེ་བར་ལེན་པ་པོ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་ཡིན་ཏེ། དེའི་ཕྱིར་ཁོ་བོས་རང་གི་བསམ་པས་རྟོག་གེ་སྐམ་པོ་ཙམ་གྱིས་ཉེ་བར་ལེན་པ་པོ་ངོ་བོ་
ཉིད་མེད་པ་ཉིད་དུ་བསྟན་པ་མ་ཡིན་ཏེ། འདི་ལྟར་ལུང་དེ་དག་ཀྱང་ཡོད་དོ། །གང་གི་ཕྱིར་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་དག་ལས་ཉེ་བར་ལེན་པ་པོ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེ་དག་འདིར་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་མཁྱེན་རླབས་ཡིན་ནོ། །
སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་དགུ་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སྷོ།། །།ད་ནི་ཉེ་བར་ལེན་པ་པོ་དང་ཉེ་བར་

བླང་བ་དག་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པའི་ཁྱད་པར་དང་ལྡན་པ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་
བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་
བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པས་དམ་བཅའ་བ་མཛད་པས་འདིར་ཡང་སྔར་བསྟན་བཅོས་མཛད་པས་ཅི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། ཉེ་བར་ལེན་པ་པོ་
དང་ཉེ་བར་བླང་བ་དག་ངོ་བོ་ཉིད་མེད་པ་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ཡོད་
པ་ཉིད་དུ་སྟོན་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས་དོན་དམ་པར་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཡོད་པ་ཁོ་ན་ཡིན་ཏེ། ཕན་ཚུན་ལྟོས་པའི་ཕྱིར་དཔེར་ན་མེ་དང་བུད་ཤིང་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་
ཏུ་བྱེད་པ་བཅུ་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པའི་ཁྱད་པར་དང་ལྡན་པ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ།
མེ་དང་བུད་ཤིང་བརྟག་པའི་རབ་ཏུ་བྱེད་པ་བཅུ་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་རྟོན་ཅིང་འབྲེལ་པར་འབྱུང་བ་དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པའི་ཁྱད་པར་དང་ལྡན་པ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན་རྣམ་པ་

གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པའི་ཁྱད་པར་དང་ལྡན་པ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་
ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ངོ་བོ་ཉིད་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་འདིར་སྨྲས་
པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་དེ་ལྟར་བཀག་ཏུ་ཟིན་ཀྱང་དེ་དག་ལ་མངོན་པར་ཞེན་པ་རང་གི་སྡེ་པ་དག་གིས་དེ་མི་བཟོད་པས་ཡང་དེ་དག་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། འདི་ལ་ཁྱེད་ཀྱིས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཕན་ཚུན་ལྟོས་ནས་
རབ་ཏུ་འགྲུབ་པར་སྨྲས་པས། དེའི་ཕྱིར་གཏན་ཚིགས་རབ་ཏུ་གྲུབ་པའི་དབང་གིས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་ཉིད་དག་བསྒྲུབ་པའི་ཕྱིར་སྒྲུབ་པ་སྨྲ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དོན་དམ་པར་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་ཡོད་པ་ཁོ་ན་ཡིན་ཏེ། ཕན་ཚུན་ལྟོས་པའི་ཕྱིར་
དཔེར་ན་མེ་དང་བུད་ཤིང་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་དང་བུད་ཤིང་དག་ནི་ཕན་ཚུན་ལྟོས་པའི་ཕྱིར་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ། ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཀྱང་
ཕན་ཚུན་ལྟོས་པའི་ཕྱིར་ཡོད་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་དེ་གྲུབ་པས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉེ་བར་སྦྱར་བའི་སྦྱོར་བ་ཡིན་ཏེ། དེའི་ཕྱིར་ཉེ་བར་ལེན་པ་པོ་དང་ཉེ་
བར་བླང་བ་དེ་གྲུབ་པས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པ་དེ་དག་ལ་བརྟེན་ནས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་བསྟན་པའི་ཕྱིར་རོ། །དེ་ལྟར་གཏན་ཚིགས་གྲུབ་པས་འདོད་པ་གྲུབ་པོ་ཞེས་བྱ་བ་ནི་མཇུག་བསྡུ་

བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཡོད་པར་གྲུབ་པས་ཕུང་པོ་ལ་སོགས་པ་དག་དོན་དམ་པར་ཡོད་པར་འདོད་པ་འགྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། སྐྱེ་བ་སྤྱིར་བཀག་པ་ཉིད་དང་། གཟུགས་ཀྱི་རྒྱུ་ནི་
མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །ཞེས་བྱ་བ་དེར་རྫས་སུ་ཡོད་པ་ཉིད་བཀག་པས། མེ་དང་བུད་ཤིང་དག་གི་ཡོད་པ་ཉིད་དགག་པ་ཡང་འགྲུབ་མོད་ཀྱི། ཡང་དེ་མེད་པ་ཉིད་དུ་བསྟན་པའི་ཕྱིར་སྒྲུབ་པ་གཞན་སེམས་གཏོད་ལ་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔར་རྐྱེན་
བརྟག་པའི་སྐབས་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་སྐྱེ་བ་སྤྱིར་བཀག་པ་ཉིད་དང་། ཕུང་པོ་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །ཞེས་
བྱ་བ་ལ་སོགས་པ་བསྟན་པ་དེར་གཟུགས་རྫས་སུ་ཡོད་པ་དེ་ཉིད་བཀག་པས་མེ་དང་བུད་ཤིང་དག་གི་ཡོད་པ་ཉིད་དགག་པ་ཡང་གྲུབ་མོད་ཀྱི་ཡང་མེ་དང་བུད་ཤིང་དེ་མེད་པ་ཉིད་དུ་བསྟན་པའི་ཕྱིར་སྒྲུབ་པ་གཞན་སེམས་གཏོད་ལ་ཉོན་ཅིག་ཅེས་བྱ་བར་སྦྱར་རོ། །འདི་ལ་མེ་དང་བུད་ཤིང་དག་ཡོད་པ་ཉིད་དུ་འདོད་ན་གཅིག་
པ་ཉིད་དམ་གཞན་ཉིད་དུ་ཁས་བླང་བར་བྱ་གྲང་ན་ཞེས་བྱ་བས་ནི་བརྟགས་པའི་གལ་ཏེ་དེ་གཉིས་གཉི་གར་ཡང་མི་འཐད་པས་ཕ་རོལ་པོ་དག་དཔེ་མེད་པས་སྒྲུབ་པ་ཡང་མི་འགྲུབ་པར་སྟོན་ཏོ། །དེས་ཅིར་འགྱུར་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་འདྲི་བའི་ཚིག་ཡིན་ནོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་
ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ལ་རེ་ཞིག་བུད་ཤིང་དང་མེའི་མཚན་ཉིད་བསྟན་པའི་ཕྱིར་དེ་ལ་བུད་ཤིང་ནི་ས་ལ་སོགས་པ་འབྱུང་བ་གསུམ་པོ་དག་ཡིན་ལ། མེ་ནི་མེའི་ཁམས་སོ། །ཁ་ཅིག་ན་རེ་མེ་ནི་འབྱུང་བ་བཞི་པོ་དག་ལས་མེ་ཤས་ཆེར་བར་གྱུར་པའོ་ཞེའོ་ཞེས་བྱ་བ་སྨྲས་ཏེ། བུད་ཤིང་གི་མཚན་ཉིད་ནི་འབྱུང་བ་ཆེན་
པོ་གསུམ་འདུས་པ་དག་ཡིན་ལ། མེའི་མཚན་ཉིད་ནི་མེའི་ཁམས་འབའ་ཞིག་གོ། །ཁ་ཅིག་ན་རེ་བུད་ཤིང་གི་མཚན་ཉིད་ནི་འབྱུང་བ་ཆེན་པོ་བཞི་པོ་འདུས་པ་ཆ་མཉམ་པ་དག་ཡིན་ལ། མེའི་མཚན་ཉིད་ནི་འབྱུང་བ་ཆེན་པོ་བཞི་པོ་དག་ལས་མེ་ཤས་ཆེ་བར་གྱུར་པ་སྟེ། འདི་སྐད་དུ་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་

ཐམས་ཅད་འབྱུང་བ་ཆེན་པོ་བཞི་པོ་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཕ་རོལ་པོས་སྨྲས་པའི་བསྒྲུབ་པ་ལས་བཟློག་པ་རྗེས་སུ་དཔག་པ་མངོན་ཏེ་ཞེས་བྱ་བ་ནི། གལ་ཏེ་ཤིང་
དེ་མེ་ཡིན་ན། བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་བྱ་བའི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་དེ་ལ་འདིར་བྱེད་པ་པོ་དང་ལས་གཅིག་པ་ཉིད་དུ་འགྱུར་བའི་སྐྱོན་གྱི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཕ་རོལ་པོས་མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་སྨྲས་པའི་བསྒྲུབ་པ་ལས་བཟློག་པས་མེ་དང་
བུད་ཤིང་དག་གཅིག་པ་ཉིད་མ་ཡིན་པར་རྗེས་སུ་དཔག་པ་མངོན་ནོ། །དེ་ཉིད་ཀྱི་ཚུལ་བསྟན་པའི་ཕྱིར། དཔེར་ན་གལ་ཏེ་སྒྲ་རྟག་ན་བུམ་པ་ཡང་རྟག་པར་ཐལ་བར་འགྱུར་བས་དེ་ནི་མི་འདོད་དེ་བྱས་པ་ཉིད་ལ་མི་རྟག་པ་ཉིད་མེད་ན་མི་འབྱུང་བ་ཡིན་པས་དེ་ལ་ཡང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ལ་ལ་ཞིག་
གིས་སྒྲ་རྟག་གོ་ཞེས་སྨྲས་པ་ན་འགའ་ཞིག་ན་རེ་གལ་ཏེ་སྒྲ་རྟག་ན་བུམ་པ་ཡང་རྟག་པར་ཐལ་བར་འགྱུར་བས་དེ་ནི་མི་འདོད་དེ་ཅིའི་ཕྱིར་ཞེ་ན། བྱས་པ་ཉིད་ལ་མི་རྟག་པ་ཉིད་མེད་ན་མི་འབྱུང་བ་ཡིན་པས་བུམ་པ་དེ་ལ་ཡང་མི་རྟག་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་དེས་སྒྲ་རྟག་གོ་ཞེས་བྱ་བའི་ཚིག་དེ་ལ་སྒྲ་རྟག་ན་བུམ་པ་ཡང་རྟག་
པར་ཐལ་བར་འགྱུར་བའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་སྒྲ་རྟག་པའི་སྨྲ་བས་སྨྲས་པའི་བསྒྲུབ་པ་ལས་བཟློག་པས་སྒྲ་མི་རྟག་པར་རྗེས་སུ་དཔག་པ་མངོན་པ་དེ་བཞིན་དུ་འདིར་ཡང་མེ་དང་བུད་ཤིང་དག་གཅིག་པ་ཉིད་ཡིན་ནོ་ཞེས་ཟེར་བ་དེའི་བྱེད་པ་པོ་དང་ལས་གཅིག་པ་ཉིད་དུ་ཐལ་བར་འགྱུར་བའི་གླགས་ཡོད་
པའི་ཚིག་ཡིན་པའི་ཕྱིར་ཕ་རོལ་པོས་མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་སྨྲས་པའི་བསྒྲུབ་པ་ལས་བཟློག་པས་མེ་དང་བུད་ཤིང་དག་གཅིག་པ་ཉིད་མ་ཡིན་པར་རྗེས་སུ་དཔག་པ་མངོན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེའི་མཇུག་བསྡུ་བའི་ཕྱིར་སྒྲ་དེ་ཡང་བྱས་པ་ཡིན་པས་དེའི་ཕྱིར་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་
དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། ཅི་ལྟར་སྒྲ་རྟག་པར་སྨྲ་བ་དེ་བུམ་པ་ཡང་རྟག་པར་ཐལ་བར་གྱུར་པའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་ལས་བཟློག་པས་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བར་རྗེས་སུ་དཔག་པ་མངོན་པ་དེ་བཞིན་དུ་མེ་དང་བུད་ཤིང་

དག་གཅིག་པ་ཉིད་དུ་སྨྲ་བ་ཡང་བྱེད་པ་པོ་དང་ལས་གཅིག་པ་ཉིད་དུ་ཐལ་བར་འགྱུར་བའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་ལས་བཟློག་པས་མེ་དང་བུད་ཤིང་དག་གཅིག་པ་ཉིད་མ་ཡིན་ཏེ། བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་དཔེར་ན་གཅོད་པ་པོ་དང་གཅད་པ་དག་བཞིན་ནོ་ཞེས་བྱ་བར་རྗེས་སུ་དཔག་པ་མངོན་ནོ་ཞེས་
བྱ་བར་སྦྱར་རོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་མེ་དང་བུད་ཤིང་དག་གཅིག་པ་ཉིད་མ་ཡིན་ཏེ། བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་དཔེར་ན་གཅོད་པ་པོ་དང་གཅད་པ་དག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་གཅོད་པ་པོ་དང་གཅད་པ་དག་ནི་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་
གཅིག་པ་ཉིད་མ་ཡིན་པ་དེ་བཞིན་དུ་མེ་དང་བུད་ཤིང་དག་ཀྱང་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་གཅིག་པ་ཉིད་མ་ཡིན་ནོ། །མེ་དང་བུད་ཤིང་དག་བྱེད་པ་པོ་དང་ལས་ཀྱི་ངོ་བོ་ཉིད་ཡིན་པར་སྒྲུབ་པ་དང་དེ་དག་གཅིག་པ་ཉིད་མ་ཡིན་པར་སྒྲུབ་པའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་བསྟན་པའི་ཕྱིར་མེ་ཡང་བུད་ཤིང་སྲེག་པ་ན་
སྲེག་པའི་བྱེད་པ་པོ་ཡིན་ལ། བུད་ཤིང་ཡང་སྲེག་པ་ན་ལས་ཡིན་པས་མེ་དང་བུད་ཤིང་དག་ལ་ཡང་བྱེད་པ་པོ་དང་ལས་ཉིད་ཡོད་པས་དེའི་ཕྱིར་དེ་གཉིས་གཅིག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །ཡང་ན། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །དེའི་ཕྱིར་བུད་ཤིང་ལས་མེ་གཞན་མ་ཡིན་
པར་དམ་བཅའ་བའི་དམ་བཅས་པ་ལ་གཅིག་པ་ཉིད་དུ་རྗེས་སུ་དཔོག་པས་མི་ཚ་བ་དང་མི་སྲེག་པ་ཉིད་ཀྱིས་མེའི་དེ་དག་བསལ་བའི་ཕྱིར་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་ཡང་རྣམ་པ་གཞན་དུ་མེ་དང་བུད་ཤིང་དག་གཅིག་པ་ཉིད་ཡིན་ཞིང་བྱེད་པ་པོ་དང་ལས་དག་གཅིག་པ་ཉིད་དུ་དམ་འཆའ་
བ་ལ་མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་རྗེས་སུ་དཔོག་པས་ཅི་ལྟར་བུད་ཤིང་གི་ངོ་བོ་ཉིད་མི་ཚ་བ་དང་མི་སྲེག་པ་ཉིད་ཡིན་པ་དེ་བཞིན་དུ་མེའི་ངོ་བོ་ཉིད་ཀྱང་མི་ཚ་བ་དང་མི་སྲེག་པ་ཉིད་ཡིན་པར་འགྱུར་བས་ཆོས་ཅན་མེའི་ཁྱད་པར་ཚ་བ་ཉིད་དང་སྲེག་པ་ཉིད་དག་བསལ་བའི་སྐྱོན་ཡོད་པས་མི་རུང་ངོ་ཞེས་བསྟན་ཏོ། །
གལ་ཏེ་མཐོང་བས་གནོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་རིགས་པའི་མཚན་ཉིད་ལས། གནོད་པ་མེད་ན་འགལ་བར་འགྱུར། །ཞེས་འབྱུང་བས་ཁྱེད་ཀྱིས་ཁོ་བོ་ཅག་གི་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་པར་བརྗོད་པ་འདི་ལ་ཡང་གལ་ཏེ་གནོད་

པ་མེད་ན་ནི་སྐྱོན་ཡོད་པར་ཡང་འགྱུར་བ་ཞིག་ན། འཇིག་རྟེན་ན་མེ་ལ་ཚ་བ་ཉིད་དང་སྲེག་པ་ཉིད་ཡོད་པར་མཐོང་བའི་མངོན་སུམ་གྱི་ཚད་མས་ཁྱེད་ཀྱི་སྒྲུབ་པ་ལ་གནོད་པའི་ཕྱིར་ཁོ་བོ་ཅག་གི་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་མེད་དོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་
དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གཅིག་པ་ཉིད་ལ་ཡང་མཐོང་བས་གནོད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་འདོད་པ་ལ་ཡང་འཇིག་རྟེན་ན་མེ་དང་བུད་ཤིང་དག་ཐ་དད་པར་མཐོང་བས་གནོད་པར་འགྱུར་བའི་ཕྱིར་དེ་གཉིས་གཅིག་པ་ཉིད་ཡིན་པར་མི་འཐད་དོ། །ཅི་སྟེ་
མཐོང་བས་གནོད་པར་འགྱུར་བའི་འཇིགས་པ་ཡོད་པས་མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་མི་འདོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡོངས་སུ་སྤངས་པའི་ཕྱིར་གྲུབ་པའི་མཐའ་དང་འགལ་ལོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ཀྱིས་མེ་དང་བུད་ཤིང་དག་གཅིག་
པ་ཉིད་ཅེས་བྱ་བ་དེ་འདིར་ཡོངས་སུ་སྤངས་པའི་ཕྱིར་སྔར་དེ་གཉིས་གཅིག་པ་ཉིད་དུ་དམ་བཅས་པའི་རང་གི་གྲུབ་པའི་མཐའ་དང་འགལ་ལོ། །ཅི་སྟེ་ཕ་རོལ་པོ་དག་རང་གི་གྲུབ་པའི་མཐའ་དང་འགལ་བའི་སྐྱོན་དེ་དག་ལ་སོགས་པ་ནི་གཅིག་པ་ཉིད་དུ་ཁས་བླངས་པ་ལས་གྱུར་པས་དེ་ཁོ་བོ་ཅག་གཅིག་པ་ཉིད་དུ་
ཁས་མི་ལེན་ཏོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལྟར་ཁས་མ་བླངས་པའི་ཕྱིར་ཁས་བླངས་པ་ལ་གནོད་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་ཁས་མ་བླངས་པའི་ཕྱིར། གཞན་པ་ཉིད་དུ་སྨྲས་ཀྱང་ཁས་བླངས་པ་ལ་
གནོད་པ་ནི་མེད་མོད་ཀྱི་དེས་ན་མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རེ་ཞིག་མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་མི་འཐད་དོ་ཞེས་བྱ་བ་ནི། མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར་ཅི་སྟེ་གཞན་ཉིད་དུ་
འདོད་ན་དེའི་ཕྱིར་བཤད་པ། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །གཞན་ཡིན་པའི་ཕྱིར་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ཆུ་ལས་གཞན་པའི་མེ་ནི་དེ་ལས་གཞན་ཡིན་པའི་ཕྱིར་ཆུ་མེད་པར་ཡང་མེ་འབྱུང་བ་དེ་བཞིན་དུ་བུད་

ཤིང་ལས་གཞན་པའི་མེ་ཡང་དེ་ལས་གཞན་ཡིན་པའི་ཕྱིར་བུད་ཤིང་མེད་པར་ཡང་མེ་འབྱུང་བའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བུད་ཤིང་མེད་པར་མེ་འབྱུང་བ་དེ་མི་འཐད་པར་བསྟན་པའི་ཕྱིར། འདི་ལྟ་སྟེ་བུད་ཤིང་ལ་མི་ལྟོས་པར་མེ་ཡོད་དོ་ཞེས་བྱ་བ་དེ་མངོན་པར་ཞེན་པའི་བློ་ཅན་དག་ཀྱང་མི་འདོད་དེ་ཞེས་བྱ་བ་
སྨྲས་ཏེ། འདིས་ཀྱང་། གལ་ཏེ་ཤིང་ལས་མེ་གཞན་ལ། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་བྱ་བའི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་ཤོས་འདི་ཡང་གལ་ཏེ་མེ་དང་བུད་ཤིང་དག་གཞན་ཡིན་པར་གྱུར་ན། བུད་ཤིང་མེད་པར་མེ་འབྱུང་བ་ཐལ་བར་འགྱུར་བའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་
ཕ་རོལ་པོས་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་པར་སྨྲས་པའི་སྒྲུབ་པ་ལས་བཟློག་པས་མེ་དང་བུད་ཤིང་དག་གཞན་ཉིད་མ་ཡིན་པར་རྗེས་སུ་དཔག་པ་མངོན་ནོ་ཞེས་བྱ་བར་སྟོན་ཏོ། །འདིས་ནི་མེ་དང་བུད་ཤིང་དག་གི་ཆོས་ལྟོས་པ་དང་བཅས་པ་ཉིད་བསྟན་ཏོ་ཞེས་བྱ་བ་ནི་གཞུང་གོང་མ་འདིས་ནི་མེ་དང་བུད་ཤིང་
དག་གཞན་ཉིད་མ་ཡིན་པར་བསྒྲུབ་པའི་ཆོས་གཏན་ཚིགས་ནི་དེ་དག་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཡིན་པར་བསྟན་ཏོ། །དེའི་ཕྱིར་འདིར་བསྟན་པར་བྱ་བའི་དོན་གྱི་དབང་གིས་རྗེས་སུ་དཔག་པར་འདོད་པ་ནི་ཞེས་བྱ་བ་ལ་སོགས་པས་ནི་མེ་དང་བུད་ཤིང་དག་གཞན་ཉིད་མ་ཡིན་པར་རྗེས་སུ་དཔག་པ་སྟོན་ཏོ། །
དོན་དམ་པར་མེ་ནི་བུད་ཤིང་ལས་གཞན་མ་ཡིན་ཏེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་བུད་ཤིང་གི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུད་ཤིང་གི་རང་གི་བདག་ཉིད་ནི་རང་
གི་བདག་ཉིད་ལ་ལྟོས་པ་དང་བཅས་པའི་ཕྱིར་བུད་ཤིང་ལས་གཞན་མ་ཡིན་པ་དེ་བཞིན་དུ་མེ་ཡང་བུད་ཤིང་ལ་ལྟོས་པ་དང་བཅས་པའི་ཕྱིར་བུད་ཤིང་ལས་གཞན་མ་ཡིན་ཏེ། དེས་ནི་མེ་ཕྱོགས་སུ་བྱས་ཏེ་བུད་ཤིང་ལས་གཞན་མ་ཡིན་པར་བསྟན་ཏོ། །དེ་བཞིན་དུ་དོན་དམ་པར་བུད་ཤིང་ཡང་མེ་ལས་གཞན་མ་
ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མེའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེའི་རང་གི་བདག་ཉིད་དག་གི་རང་གི་བདག་ཉིད་ལ་ལྟོས་པ་དང་བཅས་པའི་ཕྱིར་མེ་ལས་

གཞན་མ་ཡིན་པ་དེ་བཞིན་དུ་བུད་ཤིང་ཡང་མེ་ལ་ལྟོས་པ་དང་བཅས་པའི་ཕྱིར་མེ་ལས་གཞན་མ་ཡིན་ཏེ། དེས་ནི་བུད་ཤིང་ཕྱོགས་སུ་བྱས་ཏེ་མེ་ལས་གཞན་མ་ཡིན་པར་བསྟན་ཏོ། །གལ་ཏེ་མེ་དང་བུད་ཤིང་དག་ཐ་དད་པ་ཉིད་ཀྱིས་ཐམས་ཅད་ལྟོས་པ་དང་བཅས་པ་དག་གིས་མ་ངེས་པ་ཉིད་དོ་ཞེ་ན་
ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དབུ་མ་པའི་གཏན་ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་ནོ་ཞེས་ཟེར་བ་ཡིན་ཏེ། འཇིག་རྟེན་ན་བུམ་པ་དང་སྣམ་བུ་ལ་སོགས་པ་ཐམས་ཅད་ལྟོས་པ་དང་བཅས་པ་ཡང་ཡིན་ལ། གཞན་ཉིད་ཀྱང་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་བུམ་པ་དང་
སྣམ་བུ་ལ་སོགས་པ་དག་བཞིན་དུ་ལྟོས་པ་དང་བཅས་པའི་ཕྱིར་གཞན་ཉིད་ཡིན་པ་ལྟ་བུར་འགྱུར་རམ། འོན་ཏེ་མེ་དང་བུད་ཤིང་དག་བཞིན་དུ་ལྟོས་པ་དང་བཅས་པའི་ཕྱིར་གཞན་ཉིད་མ་ཡིན་པ་བཞིན་དུ་འགྱུར་བ་མ་ངེས་པ་ཉིད་ཡིན་པས་གཏན་ཚིགས་སུ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་
དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ཀྱང་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་མཚུངས་པར་བཀག་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཅི་ལྟར་དོན་དམ་པར་མེ་དང་བུད་ཤིང་དག་ལྟོས་པ་དང་བཅས་པའི་ཕྱིར་གཞན་ཉིད་མ་ཡིན་པར་བསྒྲུབ་པ་དེ་བཞིན་དུ་བུམ་པ་དང་སྣམ་བུ་ལ་སོགས་
པ་དེ་དག་ཀྱང་མཚུངས་པར་བཀག་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ།། །།བམ་པོ་བཞི་བཅུ་དྲུག་པ། མེ་དང་བུད་ཤིང་དག་གཞན་ཉིད་དུ་ཁས་ལེན་པ་ལ་སྐྱོན་གཞན་འདི་ཡང་ཡོད་དེ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་གཞན་ཉིད་དུ་ཁས་ལེན་
པ་ལ་རྒྱུ་མེད་པ་དང་། རྩོམ་པ་དོན་མེད་པ་དང་། ལས་མེད་པའི་སྐྱོན་གཞན་རྣམ་པ་གསུམ་ཡང་ཡོད་དོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་རྒྱུ་མེད་པའི་སྐྱོན་དུ་འགྱུར་བ་བསྟན་པའི་ཕྱིར་འདི་ལྟ་སྟེ། རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་མེད་པའི་རྒྱུ་ལས་བྱུང་། །གལ་ཏེ་བུད་ཤིང་ལས་མེ་གཞན་ཉིད་ཡིན་
པར་གྱུར་ན་བུད་ཤིང་ལ་མི་ལྟོས་པར་རྟག་ཏུ་འབར་བར་འགྱུར་ཏེ། དེ་ལ་བུད་ཤིང་དེ་མེད་ཀྱང་འཆི་བར་མི་འཐད་ཅིང་རྟག་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འབར་བྱེད་མེད་པའི་རྒྱུ་ལས་བྱུང་བའི་ཕྱིར་ཏེ། འབར་བྱེད་ཅེས་བྱ་བ་ནི་བུད་ཤིང་ངོ་། །གང་ལ་རྒྱུ་དེ་ཡོད་པ་དེ་ནི་འབར་བྱེད་ཀྱི་རྒྱུ་ལས་བྱུང་བའོ། །

འབར་བྱེད་མེད་པའི་རྒྱུ་ལས་བྱུང་བ་ནི་འབར་བར་བྱེད་པའི་རྒྱུ་མེད་པ་ལས་བྱུང་བའོ་ཞེས་བྱ་བ་སྨྲས་ཏེ། འབར་བྱེད་མེད་པའི་རྒྱུ་ལས་བྱུང་བར་འགྱུར་ན་རྟག་ཏུ་འབར་བ་ཉིད་དུ་ཐལ་བར་འགྱུར་ཏེ། འདི་ལྟར་འབར་བྱེད་ལ་ལྟོས་ན་ནི་འབར་བྱེད་མེད་ནི་དེ་འཆི་བར་ཡང་འགྱུར་བ་ཞིག་ན། མེ་དང་བུད་ཤིང་དག་གཞན་ཡིན་
པར་གྱུར་ན་མེ་དེ་བུད་ཤིང་ལ་ལྟོས་པ་མེད་པའི་ཕྱིར་དེ་ལ་འབར་བྱེད་མེད་པར་རྟག་ཏུ་འབར་བ་ཉིད་དུ་ཡང་ཐལ་བར་འགྱུར་ཏེ། །དེས་ནི་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་པར་གྱུར་ན་མེ་ལ་རྒྱུ་མེད་པའི་སྐྱོན་དུ་འགྱུར་བ་བསྟན་ཏེ། །རྩོམ་པ་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ་བསྟན་པའི་ཕྱིར་གཞན་ཡང་འཆི་བ་ཡོངས་
སུ་སྤང་བའི་ཕྱིར་བུད་ཤིང་སྐམ་པོ་གཞུག་པ་དང་སྦར་བའི་མཚན་ཉིད་ཀྱི་རྩོམ་པ་དག་ཀྱང་མི་འཐད་པས། རྩོམ་པ་དོན་མེད་ཉིད་དུ་འགྱུར། །དོན་མེད་པ་ནི་དོན་དང་བྲལ་བའོ། །དེའི་དངོས་པོ་ནི་དོན་མེད་པ་ཉིད་དེ་འབྲས་བུ་ཉིད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། མེ་རྟག་ཏུ་འབར་བ་ཉིད་ཡིན་པར་གྱུར་
ན་དབྱུང་བ་དང་སྦར་བ་ལ་སོགས་པ་རྩོམ་པ་དག་དོན་མེད་པ་ཉིད་དུ་ཡང་འགྱུར་རོ། །མེ་དང་བུད་ཤིང་དག་གཞན་ཡིན་པར་གྱུར་ན་མེ་ལ་ལས་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེ་ལྟ་ཡིན་ན་ལས་ཀྱང་མེད། །ལས་མེད་པ་ནི་ལས་ཡོད་པ་མ་ཡིན་ཏེ། བུད་ཤིང་ལ་མི་ལྟོས་པ་དེ་འབྱུང་ཞིང་གནས་པས་བསྲེག་
པར་བྱ་བ་སྲེག་པའི་མཚན་ཉིད་ཀྱི་ལས་མེད་པའི་ཕྱིར་དེ་ནི་མི་འདོད་དོ་ཞེས་བྱ་བ་སྨྲས་ཏེ། རྩོམ་པ་དག་དོན་མེད་པ་ཉིད་དུ་འགྱུར་བ་དེ་ལྟ་ན་མེ་ལ་ལས་མེད་པར་ཡང་ཐལ་བར་འགྱུར་ཞིང་། རྣམ་པ་དེ་ལྟ་བུ་ནི་མེར་མི་འཐད་པས་མེ་ཉིད་མེད་པ་ཉིད་དུ་ཡང་ཐལ་བར་འགྱུར་བས་དེ་ནི་མི་འདོད་དོ། །གྲོང་མིའི་བུད་མེད་ཡན་ཆད་ལ་
ཡང་མེ་ནི་རྒྱུ་དང་ལྡན་པ་ཉིད་དང་། རྩོམ་པ་དང་བཅས་པ་ཉིད་དང་ལས་དང་བཅས་པ་ཉིད་དུ་གྲགས་པར་འདོད་པས་དེའི་ཕྱིར་རྗེས་སུ་དཔག་པ་སྨྲ་བར་ནུས་ཏེ་ཞེས་བྱ་བ་ནི་ཅི་སྐད་བསྟན་པའི་སྐྱོན་རྣམ་པ་གསུམ་པོ་དེ་དག་ཡོངས་སུ་སྤང་བར་འདོད་པས་མེ་དང་བུད་ཤིང་དག་གཞན་མ་ཡིན་པ་ཉིད་དུ་རྗེས་སུ་དཔག་པ་
སྨྲ་བར་ནུས་སོ་ཞེས་སྟོན་ཏོ། །དོན་དམ་པར་མེ་ནི་བུད་ཤིང་ལས་གཞན་མ་ཡིན་ཏེ། རྒྱུ་དང་ལྡན་པའི་ཕྱིར་དང་རྩོམ་པ་དང་བཅས་པའི་ཕྱིར་དང་ལས་དང་བཅས་པའི་ཕྱིར་དཔེར་ན་བུད་ཤིང་གི་རང་གི་བདག་ཉིད་བཞིན་ཏེ་ཞེས་བྱ་བ་དང་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་

པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུད་ཤིང་གི་རང་གི་བདག་ཉིད་ནི་རྒྱུ་དང་ལྡན་པའི་ཕྱིར་དང་། རྩོམ་པ་དང་བཅས་པའི་ཕྱིར་དང་། ལས་དང་བཅས་པའི་ཕྱིར་རང་གི་བདག་ཉིད་ལས་གཞན་མ་ཡིན་པ་དེ་བཞིན་དུ་མེ་ཡང་རྒྱུ་དང་ལྡན་པའི་ཕྱིར་དང་། རྩོམ་པ་དང་བཅས་པའི་ཕྱིར་དང་།
ལས་དང་བཅས་པའི་ཕྱིར་བུད་ཤིང་ལས་གཞན་མ་ཡིན་ནོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི། ཅི་ལྟར་སྔར་མེ་དང་བུད་ཤིང་དག་གཅིག་པ་ཉིད་མ་ཡིན་པར་བརྟག་པའི་སྐབས་སུ་ཕ་རོལ་པོ་དག་ན་རེ་མཐོང་བས་གནོད་པའི་ཕྱིར་སྐྱོན་མེད་དོ་ཞེས་ཟེར་བའི་ལན་དུ་གཅིག་པ་ཉིད་ལ་ཡང་མཐོང་
བས་གནོད་པར་འགྱུར་རོ། །དེ་ཡོངས་སུ་སྤངས་པའི་ཕྱིར་གྲུབ་པའི་མཐའ་དང་འགལ་ལོ། །དེ་ལྟར་ཁས་མ་བླངས་པའི་ཕྱིར་ཁས་བླངས་པ་ལ་གནོད་པ་མེད་དེ། དེ་ལྟར་རེ་ཞིག་མེ་དང་བུད་ཤིང་དག་གཅིག་པ་ཉིད་དུ་མི་འཐད་དོ་ཞེས་བསྟན་པ་དེ་བཞིན་དུ་འདིར་ཡང་། གལ་ཏེ་ཕ་རོལ་པོ་དག་ན་རེ་ཀུན་སྦྱིན་
པ་ལ་སོགས་པའི་མེ་དག་ལ་རྒྱུ་མེད་པར་ཡང་མེ་ཉིད་ཡོད་པར་མཐོང་བའི་ཕྱིར་མེ་དེ་བུད་ཤིང་ལས་གཞན་ཡིན་པར་མཐོང་བས་གནོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེའི་ལན་དུ་གཞན་ཉིད་ལ་ཡང་མཐོང་བས་གནོད་པར་འགྱུར་རོ། །དེ་ཡོངས་སུ་སྤང་བའི་ཕྱིར་གྲུབ་པའི་མཐའ་དང་འགལ་ལོ། །དེ་ལྟར་ཁས་མ་
བླངས་པའི་ཕྱིར་ཁས་བླངས་པ་ལ་གནོད་པ་མེད་དེ། དེ་ལྟར་རེ་ཞིག་མེ་དང་བུད་ཤིང་དག་གཞན་ཉིད་དུ་མི་འཐད་དོ་ཞེས་རྒྱས་པར་སྔ་མ་བཞིན་དུ་སྦྱར་བ་ཡིན་ཏེ། དེས་ནི་མེ་ཕྱོགས་སུ་བྱས་ཏེ་གཞན་ཉིད་དགག་པ་བསྟན་ཏོ། །དེ་བཞིན་དུ་བུད་ཤིང་གི་ཕྱོགས་ལ་ཡང་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་དེ་བཞིན་དུ་
དོན་དམ་པར་བུད་ཤིང་ཡང་མེ་ལས་གཞན་མ་ཡིན་ཏེ། རྒྱུ་དང་ལྡན་པའི་ཕྱིར་དང་རྩོམ་པ་དང་བཅས་པའི་ཕྱིར་དང་། ལས་དང་བཅས་པའི་ཕྱིར་དཔེར་ན་མེའི་རང་གི་བདག་ཉིད་བཞིན་ནོ་ཞེས་བུད་ཤིང་ཕྱོགས་སུ་བྱས་ཏེ། རྗེས་སུ་དཔག་པ་དང་བརྒལ་བ་དང་ལན་དག་གིས་བུད་ཤིང་ལས་མེ་གཞན་ཉིད་མ་ཡིན་
པར་དགག་པ་བརྗོད་པར་བྱ་བ་ཡིན་ནོ། །བུད་ཤིང་གི་ཕྱོགས་ལ་ལས་དང་བཅས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དང་དཔེ་ཅི་ལྟར་འགྲུབ་ཅེ་ན། དེའི་ཕྱིར་བུད་ཤིང་ལ་ཡང་གཟུགས་པར་བྱ་བ་ལ་སོགས་པའི་ལས་ཡོད་པའི་ཕྱིར་ལས་དང་བཅས་པ་ཉིད་དུ་གྲུབ་པས་བུད་ཤིང་གི་གཏན་ཚིགས་དང་དཔེ་

ཉིད་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བུད་ཤིང་གིས་གཞན་ལ་གཟུགས་པར་བྱ་བ་ལ་སོགས་པ་ནི་བུད་ཤིང་གི་ལས་ཡིན་པས་དེ་ན་བུད་ཤིང་གི་གཏན་ཚིགས་ལས་དང་བཅས་པའི་ཕྱིར་ཞེས་བྱ་བ་དག་དང་། དཔེར་ན་མེའི་རང་གི་བདག་ཉིད་བཞིན་ཏེ་ཞེས་བྱ་བའི་དཔེ་ཉིད་ཀྱང་གྲུབ་སྟེ། དེས་ནི་བུད་ཤིང་ཕྱོགས་
སུ་བྱས་ཏེ། བུད་ཤིང་ལས་མེ་གཞན་ཉིད་མ་ཡིན་པར་དགག་པ་བསྟན་ཏོ། །དེ་ལ་འདི་སྙམ་དུ་ཅིའི་ཕྱིར་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བ་དང་རྩོམ་པ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་སྙམ་དུ་སེམས་ན་དེ་ལ་བཤད་པར་བྱ་སྟེ། གཞན་ལ་ལྟོས་པ་མེད་པའི་ཕྱིར། །འབར་བྱེད་མེད་པའི་རྒྱུ་ལས་བྱུང་། །རྟག་ཏུ་འབར་བ་
ཉིད་ཡིན་ན། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །གཞན་ལ་ལྟོས་པ་མེད་པའི་ཕྱིར་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བར་འགྱུར་ལ་རྟག་ཏུ་འབར་བ་ཉིད་ཡིན་ན་རྩོམ་པ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བས་ནི་སྔ་མའི་འཐད་པ་གཞན་བསྟན་ཏོ། །ཅི་སྟེ་ཕ་རོལ་པོ་དག་སློབ་དཔོན་གྱིས་མེ་དང་བུད་ཤིང་
དག་གཞན་ཉིད་ཡིན་པའི་སྐྱོན་བརྗོད་པ། རྟག་ཏུ་འབར་བ་ཉིད་དུ་འགྱུར། །ཞེས་བྱ་བ་ལ་སོགས་པས་གང་དག་གསུངས་པ་ཇི་སྐད་བསྟན་པར་ཐལ་བར་འགྱུར་བ་དག་ཡོངས་སུ་སྤང་བར་འདོད་པས་དེ་ལ་གལ་ཏེ་འདི་སྙམ་དུ། སྲེག་བཞིན་བུད་ཤིང་ཡིན་སེམས་ན། །མེས་ཁྱབ་ཅིང་སྲེག་བཞིན་པ་ཉིད་ན་བུད་ཤིང་
ཞེས་བྱ་ཞིང་མེ་ལ་ལྟོས་པ་དང་བཅས་པའི་བུད་ཤིང་ནི་བུད་ཤིང་ཉིད་དུ་གྲུབ་པའི་ཕྱིར་ཐལ་བར་འགྱུར་བའི་སྐྱོན་མེད་དོ་སྙམ་དུ་སེམས་ན་ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་དག་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་པའི་སྐྱོན་བརྗོད་པ། རྟག་ཏུ་འབར་བ་ཉིད་དུ་འགྱུར། འབར་བྱེད་མེད་པའི་རྒྱུ་
ལས་བྱུང་། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད། །ཅེས་བྱ་བ་ལ་སོགས་པ་གང་དག་གསུངས་པ་འགྲེལ་པ་བྱེད་པས་ཅི་སྐད་བསྟན་པ་དེ་ལྟ་བུ་རང་གི་ཕྱོགས་ལ་ཐལ་བར་འགྱུར་བ་དག་ཡོངས་སུ་སྤང་བར་འདོད་པས་དེ་དག་གལ་ཏེ་འདི་སྙམ་དུ་གང་གི་ཕྱིར་མེས་ཁྱབ་ཅིང་སྲེག་བཞིན་པ་དེ་བུད་ཤིང་
ཡིན་པ་དེའི་ཕྱིར་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་ཡང་མེ་ལ་བུད་ཤིང་མེད་པ་མ་ཡིན་གྱི་བུད་ཤིང་དང་བཅས་པ་ཉིད་ཡིན་པས་དེ་ལ་བུད་ཤིང་མེད་པར་ཐལ་བར་གྱུར་ན་སྐྱོན་གང་དག་བསྟན་པ་དེ་དག་ཏུ་མི་འགྱུར་བར་སེམས་ན་དེ་ཡང་མི་རུང་བར་སྟོན་པའི་ཕྱོགས་སྔ་མ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་

འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མེ་དང་བུད་ཤིང་དག་གཞན་ཉིད་དུ་ཁས་བླངས་ན་རྒྱུ་མེད་པ་ལ་སོགས་པར་ཐལ་བར་འགྱུར་བའི་སྐྱོན་ཡོད་པར་མི་འདོད་པས་སྲེག་བཞིན་པ་ཉིད་ན་བུད་ཤིང་ཡིན་པས་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་ཡང་རྒྱུ་མེད་
པ་ལ་སོགས་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ་ཞེས་ཟེར་བ་དེ་མི་རུང་ངོ་ཞེས་སྟོན་ཏོ། །ཅིའི་ཕྱིར་ཞེ་ན་གླགས་ཡོད་པའི་ཚིག་ཉེ་བར་གཞག་པ་བརྗོད་པས་རྗེས་སུ་དཔག་པ་རྣམ་པ་བཞི་བསྟན་པས་གླགས་ཡོད་པའི་སྐྱོན་གྱི་བཞི་པོ་གཞན་ཉིད་མི་འདོད་ན་དམ་བཅས་པ་ཉམས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་
གྱི་ཞལ་སྔ་ནས་ཀྱིས་མེ་དང་བུད་ཤིང་དག་གཞན་ཉིད་དུ་ཁས་ལེན་པ་ལ་གླགས་ཡོད་པའི་ཚིག་ཉེ་བར་བཞག་ལ། གལ་ཏེ་ཤིང་ལས་མི་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་མེད་པའི་རྒྱུ་ལས་བྱུང་། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་
ལས་ཀྱང་མེད། །ཅེས་བྱ་བ་དག་བརྗོད་པས་མེ་དང་བུད་ཤིང་དག་གཞན་མ་ཡིན་པར་རྗེས་སུ་དཔག་པ་རྣམ་པ་བཞི་པོ་དོན་དམ་པར་མེ་ནི་བུད་ཤིང་ལས་གཞན་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་བུད་ཤིང་གི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་དོན་དམ་པར་བུད་ཤིང་ཡང་མེ་ལས་
གཞན་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མེའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དང་། དོན་དམ་པར་མེ་ནི་བུད་ཤིང་ལས་གཞན་མ་ཡིན་ཏེ། རྒྱུ་དང་ལྡན་པའི་ཕྱིར་དང་རྩོམ་པ་དང་བཅས་པའི་ཕྱིར་དང་ལས་དང་བཅས་པའི་ཕྱིར་དཔེར་ན་བུད་ཤིང་གི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དང་། དེ་
བཞིན་དུ་དོན་དམ་པར་བུད་ཤིང་ཡང་མེ་ལས་གཞན་མ་ཡིན་ཏེ་རྒྱུ་དང་ལྡན་པའི་ཕྱིར་དང་རྩོམ་པ་དང་བཅས་པའི་ཕྱིར་དང་། ལས་དང་བཅས་པའི་ཕྱིར་དཔེར་ན་མེའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་བསྟན་པས་ཕ་རོལ་པོ་དག་འཇིགས་ནས་གླགས་ཡོད་པའི་སྐྱོན་བཞི་པོ་མེ་དང་བུད་ཤིང་དག་གཞན་
ཉིད་དུ་སྔར་ཁས་བླངས་པ་དེ་ད་འདིར་མི་འདོད་ན་དེ་ལྟ་ན་ཕ་རོལ་པོ་དག་གིས་དམ་བཅས་པ་ཉམས་པའི་ཕྱིར་དེ་ནི་བཟང་པོ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཞན་ཡང་ཉོན་ཅིག་ཅེས་བྱ་བ་ལ་སོགས་པས་ཀྱང་གལ་ཏེ་ཕ་རོལ་པོ་དག་ན་རེ་གང་གི་ཚེ་མེས་ཁྱབ་ཅིང་སྲེག་བཞིན་པ་དེ་ཙམ་བུད་ཤིང་ཞེས་བྱའི་མེ་མེད་

ཅིང་མི་སྲེག་པའི་ཚེ་བུད་ཤིང་ཞེས་མི་བྱ་བས་དེས་ན་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་ཡང་རྒྱུ་མེད་པ་ལ་སོགས་པའི་སྐྱོན་གང་དག་བསྟན་པ་དེ་དག་ཏུ་མི་འགྱུར་རོ་ཞེས་ཟེར་ན་དེ་ལ་ཡང་སྐྱོན་གཞན་དག་ཡོད་ཀྱིས་ཉོན་ཅིག་ཅེས་སྟོན་ཏོ། གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བུད་ཤིང་དེ་སྲེག་བྱེད། །གང་གི་ཚེ་
མེའི་རྐྱེན་གྱིས་འབར་བ་དང་བཅས་པ་དེ་ཙམ་བུད་ཤིང་དེ་ཡིན་པར་བརྗོད་ན། གང་གིས་བུད་ཤིང་དེ་སྲེག་པར་བྱེད་ཅེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་གང་གི་ཚེ་མེས་ཁྱབ་ཅིང་སྲེག་བཞིན་པ་དེ་ཙམ་བུད་ཤིང་ཞེས་བྱ་བ་ནི་དེ་ཉིད་མེ་ཡིན་པར་གྱུར་པས་དེ་ལས་ལོགས་ཤིག་ན་མེ་ཞེས་བྱ་བ་གཞན་མེད་
པའི་ཕྱིར་མེ་གང་གིས་བུད་ཤིང་དེ་སྲེག་པར་བྱེད་དེ་མི་བྱེད་དོ། །མེ་གང་གིས་ཁྱབ་ཅིང་སྲེག་བཞིན་པ་དེ་ཉིད་མེ་ཡིན་པ་དེ་ལས་ལོགས་ཤིག་ན་བུད་ཤིང་ཡིན་པས་བརྟག་པའི་སྲེག་བཞིན་པ་གཞན་ཡང་མེད་པས་དེའི་ཕྱིར་གང་གི་ཚེ་མེས་ཁྱབ་ཅིང་སྲེག་བཞིན་པ་དེ་ཙམ་དུ་བུད་ཤིང་ཞེས་བྱའོ་ཞེས་ཟེར་བ་དེ་མི་རུང་
ངོ་། །སྲེག་བཞིན་པ་བུད་ཤིང་ཡིན་པར་མི་རུང་བའི་ཁུངས་བསྟན་པའི་ཕྱིར་ཐ་སྙད་དུ་ཡང་འབའ་ཞིག་བྱུང་བ་ལ་ནི་བུད་ཤིང་ཞེས་བརྗོད་ཅིང་འབར་བ་དང་བཅས་པ་ལ་ནི་མེ་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་དེ་སྐད་བརྗོད་པའི་ཕྱིར་སྲེག་བཞིན་པ་བུད་ཤིང་ཡིན་པར་མི་འཐད་དོ། །དོན་
དམ་པར་ནི་སྐྱེ་བ་བཀག་པའི་ཕྱིར་རོ་ཞེས་བྱ་བས་ནི་དོན་དམ་པར་ནི་དངོས་པོ་ཐམས་ཅད་ཀྱི་སྐྱེ་བ་བཀག་པའི་ཕྱིར་མེ་དང་བུད་ཤིང་དག་གི་ཐ་སྙད་ཀྱང་མེད་པས་དེས་དེ་སྲེག་བཞིན་པ་ཞེས་བྱ་བའི་ཐ་སྙད་མེད་དོ། །སྐྱེས་བུ་ཟིན་ན་ཡང་དེ་ཙམ་དེ་ཡིན་པའི་ཕྱིར་གང་གིས་གང་ལ་ཁྱབ་པར་བྱེད་པར་འཐད་དེ། དེའི་ཕྱིར་
ཚིག་དེ་ནི་རང་གི་བློ་གྲོས་ཡངས་པར་སྟོན་པ་ཙམ་དུ་ཟད་དོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་མེ་དང་བུད་ཤིང་དག་སྐྱེས་པར་ཁས་བླངས་པའི་ཕྱོགས་ལ་ཡང་མེའི་རྐྱེན་གྱིས་འབར་བ་དང་བཅས་པ་དེ་ཙམ་བུད་ཤིང་དེ་ཡིན་པའི་ཕྱིར་མེ་དང་བུད་ཤིང་ཞེས་དབྱེར་མེད་པས་མེ་གང་གིས་བུད་ཤིང་གང་ལ་ཁྱབ་པར་བྱེད་
པར་འཐད་དེ་མི་འཐད་པས་དེའི་ཕྱིར་ཕ་རོལ་པོ་དག་སྲེག་བཞིན་པ་བུད་ཤིང་ཡིན་ནོ་ཞེས་ཟེར་བའི་ཚིག་དེ་ནི་རང་གི་བློ་གྲོས་ཡངས་པར་སྐོན་པ་ཙམ་དུ་ཟད་དོ། །ཡང་ན་འདི་ནི་རྣམ་པར་བཤད་པའི་བརྣག་པ་གཞན་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་ཤོས་དེའི་རྣམ་པར་

བཤད་པ་གཞན་སྟོན་ཏོ། །དེའི་ཕྱིར་འདི་ལ་བྱེད་པ་པོ་མེའི་མཚན་ཉིད་འགའ་ཞིག་གིས་སྲེག་བཞིན་པ་ན་བུད་ཤིང་ཞེས་བྱ་གྲང་ན། དེ་ཡང་སྒྲུབ་པ་སྔར་བསྟན་པས་རྫས་སུ་ཡོད་པ་ཉིད་བསལ་བའི་ཕྱིར་མེད་པས། གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བུད་ཤིང་དེ་སྲེག་བྱེད། །གང་གི་
ཚེ་གཟུགས་ལ་སོགས་པ་འདུས་པ་ཙམ་དྲོ་བའི་མཚན་ཉིད་ཀྱི་རེག་པའི་ཁྱད་པར་དང་ལྡན་པ་དེ་ཙམ་སྲེག་པ་དང་ཚོས་པ་དང་སྣང་བ་ལ་སོགས་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་དེ་ནི་ཡིན་པའི་ཚེ་ནའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་འདོད་པ་ལྟར་སྲེག་བཞིན་པ་བུད་ཤིང་ཡིན་པར་བརྟག་ན་བྱེད་པ་པོ་
མེའི་མཚན་ཉིད་འགའ་ཞིག་གིས་ལས་བུད་ཤིང་གཞན་ཞིག་སྲེག་བཞིན་པ་ན་བུད་ཤིང་ཞེས་བྱ་གྲང་ན། དེ་ཡང་སྔར་ཕུང་པོ་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་
ཡང་མི་སྣང་ངོ་། །ཞེས་སྒྲུབ་པ་སྔར་བསྟན་པས་གཟུགས་རྫས་སུ་ཡོད་པ་ཉིད་བསལ་བའི་ཕྱིར་མེ་ཡང་རྫས་སུ་མེད་པས་གང་གི་ཚེ་གཟུགས་ལ་སོགས་པ་འདུས་པ་ཙམ་གང་ལ་དྲོ་བའི་མཚན་ཉིད་ཀྱི་རེག་པའི་ཁྱད་པར་ཡོད་པ་དེ་ཙམ་སྲེག་པ་དང་ཚོས་པ་དང་སྣང་བ་ལ་སོགས་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་དེ་མེ་
ཡིན་པའི་ཚེ་ན་བྱེད་པ་པོ་མེའི་མཚན་ཉིད་འགའ་ཡང་རྫས་སུ་མེད་པས་གང་གིས་བུད་ཤིང་དེ་སྲེག་པར་བྱེད་དེ། མི་བྱེད་དོ་ཞེས་བསྟན་ཏོ། །ཡང་ན་བུད་ཤིང་ནི་འབྱུང་བ་ཆེན་པོ་བཞི་པོ་དག་ལས་མེ་ཤས་ཆེ་བར་མ་གྱུར་པའམ་གསུམ་པོ་དག་ཡིན་པར་བརྗོད་ལ། འབྱུང་བ་ཆེན་པོ་བཞི་འམ། གསུམ་པོ་དེ་དག་ཀྱང་བསྲེག་
པར་བྱ་བ་དག་ཡིན་གྱི། སྲེག་པར་བྱེད་པ་དག་མ་ཡིན་ལ། མེ་ཡང་བྱུང་བའམ་འབྱུང་བ་འདུས་པ་ཡིན་པར་ཕ་རོལ་པོ་དག་གིས་ཀྱང་ཤེས་པས་དེའི་ཕྱིར་ངེས་པར་བྱར་ནུས་ཏེ་ཞེས་བྱ་བས་ནི་བུད་ཤིང་ཅི་འབྱུང་བ་ཆེན་པོ་བཞི་པོ་དག་ཆ་མཉམ་པ་འམ། ཡང་ན་མེའི་ཁམས་མ་གཏོགས་པ་གསུམ་པོ་དག་ཡིན་པར་བརྗོད་ལ་དེ་
དག་ཀྱང་བསྲེག་པར་བྱ་བ་དག་ཡིན་གྱི། སྲེག་པར་བྱེད་པ་དག་མ་ཡིན་ལ་མེ་ཡང་མེའི་ཁམས་ཀྱི་འབྱུང་བ་འབའ་ཞིག་གམ་འབྱུང་བ་བཞི་ཅར་འདུས་པ་ཡིན་པར་ཕ་རོལ་པོ་དག་གིས་ཀྱང་ཤེས་པས་དེའི་ཕྱིར་མེ་དང་བུད་ཤིང་ཞེས་ཐ་སྙད་གདགས་པ་གཉི་ག་ཡང་འབྱུང་བའི་ངོ་བོ་ཉིད་ཡིན་པས་སྲེག་པའི་བྱེད་

པ་པོ་མ་ཡིན་པའི་ཕྱིར་མེས་བུད་ཤིང་སྲེག་པར་མི་བྱེད་པར་སྟོན་ཏོ། །དེའི་ཕྱིར་དོན་དམ་པར་མེ་ནི་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་ཏེ། འབྱུང་བ་ཡིན་པའི་ཕྱིར་དཔེར་ན་ཆུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་
གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཆུ་ལ་སོགས་པ་གསུམ་ནི་འབྱུང་བ་ཡིན་པའི་ཕྱིར་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་མེ་ཡང་འབྱུང་བ་ཡིན་པའི་ཕྱིར་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་གཟུགས་ལ་སོགས་པ་དང་ལྡན་པ་ཉིད་དང་རགས་པ་ཉིད་དང་གཟུགས་ཀྱི་ཕུང་པོས་བསྡུས་
པ་ཉིད་དང་ཕྱི་རོལ་པ་ཉིད་དང་སྐྱེ་བ་ཅན་ཉིད་དང་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྔ་མའི་སྒྲུབ་པའི་ཆོས་ནི་འདི་དག་ཀྱང་ཡིན་པར་སྦྱར་ཏེ། དོན་དམ་པར་མེ་ནི་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་དང་
ལྡན་པ་ཉིད་ཡིན་པའི་ཕྱིར་དང་། རགས་པ་ཉིད་ཡིན་པའི་ཕྱིར་དང་། གཟུགས་ཀྱི་ཕུང་པོས་བསྡུས་པ་ཉིད་ཡིན་པའི་ཕྱིར་དང་ཕྱི་རོལ་པ་ཉིད་ཡིན་པའི་ཕྱིར་དང་སྐྱེ་བ་ཅན་ཉིད་ཡིན་པའི་ཕྱིར་དང་། རྒྱུ་ཅན་ཉིད་ཡིན་པའི་ཕྱིར་དཔེར་ན་ཆུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལྟ་བུར་སྦྱར་བར་བྱའོ། །དེའི་ཕྱིར་དེ་ལྟར་དོན་དམ་
པར་མེ་ནི་སྲེག་པར་བྱེད་པ་ཉིད་ཡིན་པར་མི་འཐད་པས། གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བུད་ཤིང་དེ་སྲེག་བྱེད། །གང་གི་ཚེ་སྐྱེ་བའི་ཁྱད་པར་ལ་ལྟོས་ནས་ཐ་སྙད་དུ་མེ་འམ་བུད་ཤིང་ཞེས་བརྗོད་པའི་ཚེ་འབྱུང་བ་འདུས་པ་དེ་ཙམ་མེ་འམ་བུད་ཤིང་དེ་ཡིན་ན་གང་གིས་བུད་ཤིང་དེ་སྲེག་པར་བྱེད་ཅེས་བྱ་བ་ནི་རྗེས་
སུ་དཔག་པ་སྔ་མ་དེའི་དོན་ཚིག་ལེའུར་བྱས་པ་དང་སྦྱར་བ་ཡིན་ཏེ། གང་གི་ཚེ་འབྱུང་བ་ཆེན་པོ་བཞི་པོ་ཆ་མཉམ་པའམ་མེ་མ་གཏོགས་པ་གསུམ་པོ་དག་སྐྱེ་བའི་ཁྱད་པར་ལ་ལྟོས་ནས་ཐ་སྙད་དུ་བུད་ཤིང་ཞེས་བརྗོད་ལ། མེ་འབའ་ཞིག་གམ་བཞི་ཆར་ལས་མེ་ཤས་ཆེ་བར་གྱུར་པ་སྐྱེ་བའི་ཁྱད་པར་ལ་ལྟོས་ནས།
ཐ་སྙད་དུ་མེ་ཞེས་བརྗོད་པའི་ཚེ་འབྱུང་བ་འདུས་པ་དེ་ཙམ་མེ་འམ་བུད་ཤིང་དེ་ཡིན་ན་བསྲེག་པར་བྱ་བ་དང་སྲེག་པར་བྱེད་པ་དབྱེར་མེད་པས་མེ་གང་གིས་བུད་ཤིང་དེ་སྲེག་པར་བྱེད་དེ་མི་བྱེད་དོ། །དེ་ལྟ་བས་ན་སྲེག་བཞིན་པ་ན་བུད་ཤིང་ཡིན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་དེ་རིགས་པ་མ་ཡིན་ནོ་ཞེས་བྱ་

བ་ནི། །མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོ་དག་ན་རེ་སྲེག་བཞིན་པ་བུད་ཤིང་ཡིན་པས་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་ཡང་རྒྱུ་མེད་པ་ལ་སོགས་པའི་སྐྱོན་དུ་མི་འགྱུར་རོ་ཞེས་ཟེར་བ་དེ་རིགས་པ་མ་ཡིན་ནོ། །གལ་ཏེ་ས་ལ་སོགས་པ་དག་དབྱེར་མེད་པར་གནས་
པ་ལ་སྲེག་པར་བྱེད་པ་མེའི་ཁམས་ཡོད་པའི་ཕྱིར་དཔེ་བསྒྲུབ་པར་བྱ་བ་དང་མི་ལྡན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དབུ་མ་པས་སྔར་དོན་དམ་པར་མེ་ནི་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་ཏེ། འབྱུང་བ་ཡིན་པའི་ཕྱིར་དཔེར་ན་ཆུ་ལ་སོགས་པ་བཞིན་ནོ་ཞེས་རྗེས་སུ་དཔག་པ་བསྟན་པའི་དཔེ་དེ་མི་རུང་སྟེ། ས་དང་
ཆུ་དང་རླུང་གི་ཁམས་དབྱེར་མེད་པར་གཅིག་ཏུ་གནས་པ་ལ་སྲེག་པར་བྱེད་པ་མེའི་ཁམས་ཡོད་དེ། འདི་ལྟར་སའི་དོང་དུ་ཤིང་ཏོག་བཅུག་པ་དག་སྨིན་པར་འགྱུར་བས་སའི་ཁམས་ལ་ཡང་མེ་ཡོད་ལ་ཆུས་ཕོག་ན་རྩྭ་ཤ་ན་དང་དར་བྷ་དག་ཚོས་པར་འགྱུར་བའི་ཆུའི་ཁམས་ལ་ཡང་མེ་ཡོད་ཅིང་། རླུང་གིས་
ཕོག་པའི་འབྲུ་དག་སྨིན་པར་འགྱུར་བས་རླུང་གི་ཁམས་ལ་ཡང་མེ་ཡོད་པས་ཁྱེད་ཀྱི་དཔེ་ཆུ་ལ་སོགས་པ་དག་ལ་མེ་ཡོད་པའི་ཕྱིར་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ཆོས་དེ་དེ་དག་ལ་མེད་པས་དཔེ་བསྒྲུབ་པར་བྱ་བ་དང་མི་ལྡན་པས་དཔེར་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་
ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་བསྒྲུབ་པར་བྱ་བ་རིགས་མཐུན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཁོངས་སུ་གཏོགས་པའི་ཕྱིར་རམ། ས་ལ་སོགས་པ་དག་རང་གི་མཚན་ཉིད་ཀྱིས་དཔེ་ཉིད་དུ་གྲུབ་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ས་ལ་སོགས་པ་དག་ལ་མེ་ཡོད་པ་དེ་ཡང་དོན་དམ་པར་མེས་བུད་
ཤིང་སྲེག་པར་བྱེད་པ་མ་ཡིན་པ་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་དེའི་ཁོངས་སུ་གཏོགས་པའི་ཕྱིར་དེ་དག་ཀྱང་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་པས་དཔེའི་སྐྱོན་མེད་དོ། །ཡང་ན་སའི་རང་གི་མཚན་ཉིད་ནི་སྲ་བ་ཉིད་ཡིན། ཆུའི་ནི་གཤེར་བ་ཉིད། རླུང་གི་ནི་ཡང་ཞིང་གཡོ་བ་ཉིད་ཡིན་པས་དེ་དག་སྲེག་པར་
བྱེད་པ་མ་ཡིན་པ་ཉིད་ཀྱིས་དོན་དམ་པར་མེས་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་པའི་དཔེ་ཉིད་དུ་གྲུབ་པའི་ཕྱིར་ཡང་དཔེའི་སྐྱོན་མེད་དོ། །གལ་ཏེ་འདི་སྐད་ཅེས་མེས་བུད་ཤིང་སྲེག་པར་འཇིག་རྟེན་ལ་གྲགས་པ་དང་། ལུང་ལས་གསུངས་པ་དང་། །མངོན་སུམ་དུ་མཐོང་བཞིན་པ་ལས་ཁྱེད་དབུ་མ་པ་མེ་ནི་བུད་ཤིང་སྲེག་པར་བྱེད་

པ་མ་ཡིན་ཏེ་ཞེས་སྒྲུབ་པར་བྱེད་པ་ལ་གྲགས་པའི་གནོད་པ་ལ་སོགས་པའི་སྐྱོན་ཡོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གྲགས་པའི་གནོད་པ་ལ་སོགས་པ་དག་གི་སྐྱོན་ཡང་མེད་དེ་སྔར་ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་མེ་ནི་བུད་ཤིང་
སྲེག་པར་བྱེད་པ་མ་ཡིན་ཏེ་ཞེས་དམ་བཅས་པ་ཁྱད་པར་ཅན་བྱས་པས་གྲགས་པའི་གནོད་པ་དང་ལུང་གི་གནོད་པ་དང་མངོན་སུམ་གྱི་གནོད་པ་མེད་དོ་ཞེས་སྔར་ལན་བཏབ་ཟིན་པའི་ཕྱིར་རོ། །བྱེ་བྲག་པ་དག་ན་རེ་རྡུལ་ཕྲན་བདག་གི་ཕྱོགས་དང་ཕྲད་པ་ལ་བདག་དང་ལྡན་པའི་མ་མཐོང་བས་བསྐྱེད་པའི་ལས་ཀྱིས་རྡུལ་
ཕྲན་དེ་བདག་གི་ཕྱོགས་དང་ཕྲལ་ནས། རྡུལ་ཕྲན་གཞན་དང་ཕྲད་པར་བྱས་ཏེ། ཕྲད་པ་རྡུལ་ཕྲན་གཉིས་ཀྱི་གནས་སུ་བྱེད་དོ། །རྡུལ་ཕྲན་ཕྲད་པ་དང་བཅས་པ་དེ་གཉིས་ཀྱིས་རྡུལ་ཕྲན་གཉིས་པ་ཞེས་བྱ་བའི་རྫས་རྩོམ་པར་བྱེད་དོ། །རྡུལ་ཕྲན་གཉིས་པས་ཀྱང་ཅི་སྐད་བསྟན་པའི་རྣམ་པས་རྡུལ་ཕྲན་དང་ཕྲད་པས་རྡུལ་
ཕྲན་གཉིས་པའི་རྡུལ་ཕྲན་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་ལ་སོགས་པའི་རིམ་གྱིས་སྣང་བྱེད་ཀྱི་རྫས་བརྩམས་པ་མེ་ཉིད་དང་འབྲེལ་བའི་ཕྱིར་མེ་ཡིན་ལ་དེ་བཞིན་དུ་བསྲེག་བྱ་ཡང་བུད་ཤིང་དང་འབྲེལ་བའི་ཕྱིར་བུད་ཤིང་ཡིན་ཏེ་དེ་གཉིས་ནི་རྒྱུ་དང་རྒྱུ་ཅན་ཡིན་པའི་ཕྱིར་ཕན་ཚུན་ལྟོས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི།
བྱེ་བྲག་པ་དག་མེ་དང་བུད་ཤིང་དག་གཞན་ཉིད་ཀྱང་ཡིན་ལ་ཕན་ཚུན་ལྟོས་པ་དང་བཅས་པ་ཡིན་པས་ལྟོས་པ་མེད་པ་ལ་སོགས་པའི་སྐྱོན་སྔར་བསྟན་པ་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བའི་གཞུང་ཡིན་ཏེ། དེ་དག་གི་གཞུང་ལས་འཇིག་རྟེན་འཇིག་པའི་དུས་ན་ས་ལ་སོགས་པ་འབྱུང་བ་ཆེན་པོ་དག་ཞིག་
ཅིང་རྡུལ་ཕྲན་དུ་གནས་པ་དག་འཆགས་པའི་དུས་ན་རྡུལ་ཕྲན་གང་བདག་གི་ཕྱོགས་དང་ཕྲད་པ་དེ་ལ་བདག་དེ་དང་ལྡན་པའི་མ་མཐོང་བ་ཞེས་བྱ་བ་ཆོས་དང་ཆོས་མ་ཡིན་པས་བསྐྱེད་པ་སྤྱི་མཐུན་གྱི་ལས་ཀྱི་རྡུལ་ཕྲན་བདག་གི་ཕྱོགས་དང་ཕྲད་པ་དེ་བདག་གི་ཕྱོགས་དང་ཕྲད་ནས་རྡུལ་ཕྲན་གཞན་དང་ཕྲད་པར་བྱས་ཏེ།
ཕྲད་པ་ཞེས་བྱ་བའི་ཚིག་གི་དོན་དེ་རྡུལ་ཕྲན་པ་དག་གི་ཕྱོགས་དང་བྲལ་བ་དེ་དང་གཞན་དང་ཕྲད་པར་བྱས་པ་དེ་གཉིས་ཀྱི་གནས་སུ་བྱེད་དོ། །རྡུལ་ཕྲན་ཕྲད་པ་དང་བཅས་པ་དེ་གཉིས་ཀྱི་རྡུལ་ཕྲན་གཉིས་པ་ཞེས་བྱ་བའི་རྫས་རྩོམ་པར་བྱེད་དོ། །རྡུལ་ཕྲན་གཉིས་པ་དེས་ཀྱང་རྡུལ་ཕྲན་གཉིས་པའི་རྡུལ་ཕྲན་ཞེས་བྱ་བ་

རྡུལ་ཕྲན་གསུམ་པའི་རྫས་རྩོམ་པར་བྱེད་པ་ལ་སོགས་པའི་རིམ་གྱིས་སྣང་བྱེད་ཀྱི་རྫས་ཞེས་བྱ་བ་མེ་རྩོམ་པའི་རྒྱུའི་རྡུལ་ཕྲན་དག་བརྩམས་པ་དེ་དག་མེ་ཉིད་དང་འབྲེལ་ཅིང་མེར་གྱུར་པ་ནི་མེ་ཡིན་ལ། རྡུལ་ཕྲན་གཉིས་པ་དེས་རྡུལ་ཕྲན་གསུམ་པའི་རྫས་རྩོམ་པར་བྱེད་པ་ལ་སོགས་པའི་རིམ་གྱིས་
བསྲེག་བྱའི་རྫས་ཞེས་བྱ་བ་བུད་ཤིང་རྩོམ་པའི་རྒྱུའི་རྡུལ་ཕྲན་དག་བརྩམས་པ་དེ་དག་ཀྱང་བུད་ཤིང་ཉིད་དང་འབྲེལ་ཅིང་བུད་ཤིང་དུ་གྱུར་པ་ནི་བུད་ཤིང་ཡིན་ཏེ། མེ་དང་བུད་ཤིང་དེ་གཉིས་ནི་བུད་ཤིང་ནི་རྒྱུ་ཡིན་ལ་མེ་ནི་རྒྱུ་ཅན་ཡིན་པའི་ཕྱིར་ཕན་ཚུན་ལྟོས་པ་ཡིན་ནོ་ཞེས་གྲགས་པས་དེས་ན་དེ་དག་ན་རེ་མེ་དང་བུད་ཤིང་དག་
གཞན་ཉིད་ཡིན་ཡང་ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་དབུ་མ་པས་སྔར་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་ན་ལྟོས་པ་མེད་པའི་ཕྱིར་རྟག་ཏུ་འབར་བ་དང་འབར་བྱེད་མེད་པ་དང་། རྩོམ་པ་དོན་མེད་པ་དང་ལས་མེད་པ་ལ་སོགས་པའི་སྐྱོན་དུ་འགྱུར་རོ་ཞེས་ཅི་སྐད་བསྟན་པ་དེ་དག་ཁོ་བོ་ཅག་བྱེ་བྲག་པའི་ཕྱོགས་ལ་མེད་
དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་དག་ཀྱང་། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་ཅི་སྐད་བསྟན་པ་དག་གིས་དགག་པ་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སོགས་པའི་སྒྲས་ནི།
རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་མེད་པའི་རྒྱུ་ལས་འབྱུང་། །རྩོམ་པ་དོན་མེད་ཉིད་དུ་འགྱུར། དེ་ལྟ་ཡིན་ན་ལས་ཀྱང་མེད། །ཅེས་བྱ་བ་དག་གིས་མེ་དང་བུད་ཤིང་གཞན་ཉིད་ཡིན་པའི་སྐྱོན་ཅི་སྐད་བསྟན་པ་དག་ཀྱང་བསྡུས་ཏེ། གཞན་ཉིད་དགག་པ་བརྗོད་པར་བྱའོ། །དོན་དམ་པར་སྣང་བྱེད་ནི་མེ་མ་ཡིན་
པར་གཟུང་བར་བྱ་སྟེ་འབྱུང་བ་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་པའི་འབྱུང་བ་དག་བཞིན་ནོ་ཞེས་བྱ་བ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣང་བྱེད་ལས་གཞན་པའི་འབྱུང་བ་ཆུ་ལ་སོགས་པ་དག་ནི་འབྱུང་བ་ཡིན་པའི་ཕྱིར་མེ་མ་
ཡིན་པར་གཟུང་བར་བྱ་བ་དེ་བཞིན་དུ་སྣང་བྱེད་ཀྱང་འབྱུང་བ་ཡིན་པའི་ཕྱིར་མེ་མ་ཡིན་པར་གཟུང་བར་བྱ་སྟེ། དེ་ནི་བྱེ་བྲག་པ་དག་ན་རེ་རིམ་གྱིས་སྣང་བྱེད་ཀྱི་རྫས་བརྩམས་པ་མེ་ཉིད་དང་འབྲེལ་བའི་ཕྱིར་མེ་ཡིན་ལ་ཞེས་ཟེར་བ་དེ་མི་རུང་སྟེ། སྣང་བྱེད་མེའི་ངོ་བོ་ཉིད་མ་ཡིན་པས་མེའི་རྫས་མ་གྲུབ་པའི་ཕྱིར་སྔར་མེ་ནི་བུད་ཤིང་

སྲེག་པར་བྱེད་པ་མ་ཡིན་ཏེ། འབྱུང་བ་ཡིན་པའི་ཕྱིར་དཔེར་ན་ཆུ་ལ་སོགས་པ་བཞིན་ནོ་ཞེས་སྨོས་པ་དེ་གྲུབ་པར་བསྟན་ཏོ། །རྩོམ་པ་དགག་པ་ཡང་དོན་དམ་པར་མེའི་རྡུལ་ཕྲ་རབ་དག་ནི་མེ་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་པའི་རྡུལ་ཕྲ་རབ་དག་བཞིན་ནོ་ཞེས་བྱ་
བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་ལས་གཞན་པ་ཆུའི་རྡུལ་ཕྲ་རབ་དག་ནི་རྡུལ་ཕྲ་རབ་ཡིན་པའི་ཕྱིར་མེ་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་མེའི་རྡུལ་ཕྲ་རབ་དག་ཀྱང་རྡུལ་ཕྲ་རབ་ཡིན་པའི་
ཕྱིར་མེ་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་ཏེ། དེས་ན་མེའི་རྡུལ་ཕྲ་རབ་དག་མེའི་རྫས་རྩོམ་པར་བྱེད་པ་མ་ཡིན་པས། མེའི་རྫས་མ་གྲུབ་པའི་ཕྱིར་སྔར་མེ་ནི་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་ཏེ། འབྱུང་བ་ཡིན་པའི་ཕྱིར་དཔེར་ན་ཆུ་ལ་སོགས་པ་བཞིན་ནོ་ཞེས་སྨོས་པ་དེ་གྲུབ་པར་བསྟན་ཏོ། །ཅི་སྟེ་དམ་བཅས་
པ་དེའི་དོན་གང་ཡིན་ཅི་གཞན་དག་རྩོམ་པར་བྱེད་པ་ཡིན་ནམ། རྩོམ་པར་མི་བྱེད་པ་ཡིན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་རྗེས་སུ་དཔག་པ་སྔ་མས་མེའི་རྡུལ་ཕྲ་རབ་དག་མེ་ཞེས་བྱ་བའི་རྫས་རྩོམ་པར་བྱེད་པ་མ་ཡིན་པར་བསྟན་པའི་གཏན་ཚིགས་ཀྱི་དོན་དེས་ཅི་མེའི་རྡུལ་ཕྲ་རབ་དག་མེ་ཞེས་བྱ་བའི་རྫས་རྩོམ་
པར་བྱེད་པ་མ་ཡིན་ན་དེ་དག་ཆུ་ལ་སོགས་པའི་རྫས་གཞན་དག་རྩོམ་པར་བྱེད་པ་ཡིན་ནམ། འོན་ཏེ་ཅི་ཡང་རྩོམ་པར་མི་བྱེད་པ་ཡིན་ཞེས་གལ་ཏེ་གཉིས་སུ་རྟོག་པ་ཡིན་ནོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་ཚུར་དྲི་བ་ཡིན་ནོ། །དེའི་ལན་དུ་གལ་ཏེ་བརྟག་པ་སྔ་མ་ལྟར་ན་ནི་དམ་བཅས་པ་ཉམས་སོ་ཞེས་བྱ་བ་ནི་དེ་ལྟར་
ན་སྔར་དབུ་མ་པས་རྡུལ་ཕྲན་ཐམས་ཅད་སོ་སོར་ངེས་པའི་རྫས་རྩོམ་པར་བྱེད་པ་མ་ཡིན་པར་དམ་བཅས་ལ། ད་འདིར་གཞན་དག་རྩོམ་པར་བྱེད་པ་ཡིན་པར་ཁས་བླངས་པས་དམ་བཅས་པ་ཉམས་སོ། །ཅི་སྟེ་བརྟག་པ་ཕྱི་མ་ལྟར་ན་ནི་དཔེ་མེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་ན་འདིར་རྩོམ་པར་མི་བྱེད་པར་སྒྲུབ་
པས་སྔར། དཔེར་ན་དེ་ལས་གཞན་པའི་རྡུལ་ཕྲ་རབ་དག་བཞིན་ནོ་ཞེས་དཔེ་བསྟན་པ་བསལ་བས་དེས་ན་དཔེ་སྔ་མ་དག་བསྒྲུབ་པར་བྱ་བས་སྟོང་པས་མི་རུང་ངོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། བརྟག་པ་སྔ་མ་ལྟར་ཁས་མ་བླངས་

པའི་ཕྱིར་དང་བརྟག་པ་ཕྱི་མ་ལ་ཡང་ས་ལ་སོགས་པ་མེ་རྩོམ་པར་བྱེད་པ་མ་ཡིན་པར་གྲུབ་པ་དག་ལས་གང་ཡང་རུང་བ་དཔེ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གཞན་དག་རྩོམ་པར་བྱེད་པ་ཡིན་པར་ཁས་མ་བླངས་པའི་ཕྱིར་དམ་བཅས་པ་ཉམས་པ་ཡང་མ་ཡིན་པ་ལ་ས་ལ་སོགས་པ་
མེ་རྩོམ་པར་བྱེད་པ་མ་ཡིན་པར་གྲུབ་པ་དག་དཔེ་ཉིད་དུ་ཉེ་བར་གཞག་པས་དཔེ་མེད་པ་ཡང་མ་ཡིན་ནོ། །ཡང་ན་དོན་དམ་པར་མེ་ནི་མེའི་རྡུལ་ཕྲ་རབ་དག་གིས་བརྩམས་པ་མ་ཡིན་པར་གཟུང་བར་བྱ་སྟེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་ཆུ་བཞིན་ནོ་ཞེས་བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།
སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཆུ་ནི་འབྲས་བུ་ཡིན་པའི་ཕྱིར་མེའི་རྡུལ་ཕྲ་རབ་དག་གིས་བརྩམས་པ་མ་ཡིན་པར་གཟུང་བར་བྱ་བ་དེ་བཞིན་དུ་མེ་ཡང་འབྲས་བུ་ཡིན་པའི་ཕྱིར་མེའི་རྡུལ་ཕྲ་རབ་དག་གིས་བརྩམས་པ་མ་ཡིན་པར་གཟུང་བར་བྱའོ། །དེ་བཞིན་དུ་བྱས་པ་
ཉིད་དང་ཆུད་ཟ་བ་ཉིད་ཀྱང་སྐྱེ་བ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྔ་མའི་སྒྲུབ་པའི་ཆོས་ནི་འདི་དག་ཀྱང་ཡིན་པར་སྦྱར་ཏེ། དོན་དམ་པར་མེ་ནི་རྡུལ་ཕྲ་རབ་དག་གིས་བརྩམས་པ་མ་ཡིན་པར་གཟུང་བར་བྱ་སྟེ། བྱས་པ་ཉིད་ཡིན་
པའི་ཕྱིར་དང་ཆུད་ཟ་བ་ཉིད་ཡིན་པའི་ཕྱིར་དང་། སྐྱེ་བ་ཅན་ཉིད་ཡིན་པའི་ཕྱིར་དཔེར་ན་ཆུ་བཞིན་ནོ་ཞེས་བྱ་བ་ལྟ་བུར་སྦྱར་བར་བྱ་སྟེ། དེས་ནི་མེ་ནི་མེའི་རྡུལ་ཕྲ་རབ་དག་གིས་བརྩམས་པ་མ་ཡིན་པས་མེའི་རྫས་མ་གྲུབ་པའི་ཕྱིར་སྔར་མེ་ནི་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་ཏེ། འབྱུང་བ་ཡིན་པའི་ཕྱིར་དཔེར་ན་ཆུ་ལ་སོགས་
པ་བཞིན་ནོ་ཞེས་སྨོས་པ་དེ་མ་གྲུབ་པར་བསྟན་ཏོ། །གྲངས་ཅན་དག་གིས་སྙིང་སྟོབས་དང་རྡུལ་ཤས་ཆེ་བའི་སྒྲ་དང་རེག་པ་དང་གཟུགས་དག་ནི་མེ་ཡིན་ལ། མུན་པ་ཤས་ཆེ་བ་ནི་བུད་ཤིང་ཡིན་པར་སྨྲ་ཞིང་དེས་དེ་ལ་ཁྱབ་པར་འདོད་པས་བུད་ཤིང་གི་རྒྱུས་མེ་འབྱུང་བས་བུད་ཤིང་ནི་རྒྱུ་ཡིན་པའི་ཕྱིར་མེ་ནི་བུད་
ཤིང་ལ་ལྟོས་པ་ཉིད་ཡིན་པས། ཐལ་བར་འགྱུར་བའི་སྐྱོན་ཡོངས་སུ་སྤངས་སོ་ཞེས་ཟེར་ན་ཞེས་བྱ་བ་ནི་གྲངས་ཅན་དག་མེ་དང་བུད་ཤིང་དག་རང་བཞིན་གཅིག་པས་གཞན་ཉིད་ཀྱང་མ་ཡིན་ལ། སྙིང་སྟོབས་དང་རྡུལ་དང་མུན་པའི་ཤས་ཆེ་ཆུང་ལས་མེ་དང་བུད་ཤིང་ཞེས་ཀྱང་བྱ་ཞིང་ཕན་ཚུན་ལྟོས་པ་དང་

བཅས་པ་ཡང་ཡིན་པས་གཞན་ཉིད་ཀྱི་ཕྱོགས་ལ་སྐྱོན་གང་དག་བསྟན་པ་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བའི་གཞུང་ཡིན་ཏེ། དེ་དག་གི་གཞུང་ལས་ས་ལ་སོགས་པ་འབྱུང་བ་ཐམས་ཅད་ལ་སྙིང་སྟོབས་དང་རྡུལ་དང་མུན་པ་ཞེས་བྱ་བ་ཡོན་ཏན་གསུམ་ཡོད་དེ། དེ་ལ་སྙིང་སྟོབས་ནི་ཡང་བ་དང་།
གསལ་བའི་བདག་ཉིད་ཡིན་ལ། རྡུལ་ནི་གཡོ་བ་དང་འཇུག་པར་བྱེད་པའི་བདག་ཉིད་ཡིན་པས་དེའི་ཕྱིར་གཟུགས་དང་སྒྲ་དང་རེག་པ་དེ་ཙམ་གང་ལ་སྙིང་སྟོབས་དང་རྡུལ་ཤས་ཆེ་བ་ནི་མེ་ཡིན་ཏེ། མེ་ནི་གཟུགས་དང་སྒྲ་དང་རེག་པའི་སྐྱེ་མཆེད་དང་ལྡན་པར་འདོད་དོ། །མུན་པ་ནི་ལྕི་བ་དང་གནས་པའི་བདག་
ཉིད་ཡིན་པས་གཟུགས་དང་རོ་དང་དྲི་དང་རེག་པ་དེ་ཙམ་གང་ལ་མུན་པ་ཤས་ཆེ་བ་ནི་བུད་ཤིང་ཡིན་ཏེ། ས་ནི་གཟུགས་དང་རོ་དང་དྲི་དང་རེག་པའི་སྐྱེ་མཆེད་དང་ལྡན་པར་འདོད་དོ། །དེ་བས་ན་མེ་དེས་བུད་ཤིང་དེ་ཁྱབ་ཅིང་སྲེག་པ་ནི་ཡོན་ཏན་གསུམ་པོ་དག་གི་རང་བཞིན་གཅིག་པས་གཞན་ཉིད་ཀྱང་མ་
ཡིན་ལ་བྱེད་པ་པོ་དང་ལས་ཀྱི་ཚུལ་དུ་ལྟོས་པ་དང་བཅས་པ་ཡང་ཡིན་པར་འདོད་དོ་ཞེས་གྲགས་ཏེ། དེས་ན་དབུ་མ་པས་སྔར་གཞན་ཉིད་ཀྱི་ཕྱོགས་ལ་རྟག་ཏུ་འབར་བ་དང་འབར་བྱེད་མེད་པ་དང་རྩོམ་པ་དོན་མེད་པ་དང་ལས་མེད་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་རོ་ཞེས་གང་དག་བསྟན་པ་དེ་དག་
གྲངས་ཅན་དག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ཀྱང་དོན་དམ་པར་མེ་ནི་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་ཏེ་འབྱུང་བ་ཡིན་པའི་ཕྱིར་དཔེར་ན་ཆུ་ལ་སོགས་པ་བཞིན་ནོ་ཞེས་སྔ་མ་བཞིན་དུ་དགག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ།
གྲངས་ཅན་དག་གིས་ཡོངས་སུ་བརྟགས་པའི་མེ་ནི་འབྱུང་བ་ཡིན་པའི་ཕྱིར་དོན་དམ་པར་སྲེག་པའི་ངོ་བོ་ཉིད་མ་ཡིན་ཏེ། དཔེར་ན་ཆུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་བསྟན་ཏོ། །ཅི་སྟེ་དམ་བཅས་པའི་དོན་རྣམ་པར་བརྟགས་ནས་དེ་ལས་གཞན་པའི་ངོ་བོ་ཉིད་དམ་ངོ་བོ་ཉིད་མེད་པར་རྟོག་ན་ཕྱོགས་སྔ་མ་ལ་
གནོད་པ་དཔེ་མེད་དོ་ཞེས་རྒོལ་བར་བྱེད་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་རྗེས་སུ་དཔག་པ་སྔ་མ་མེ་ནི་བུད་ཤིང་སྲེག་པར་བྱེད་པ་མ་ཡིན་ཏེ་ཞེས་བསྟན་པའི་གཏན་ཚིགས་དེ་ལ་དམ་བཅས་པ་དེའི་དོན་གང་ཡིན། མེ་སྲེག་པར་བྱེད་པའི་ངོ་བོ་ཉིད་མ་ཡིན་པ་དེ་ལས་གཞན་པ་གཤེར་བ་ལ་སོགས་

པའི་ངོ་བོ་ཉིད་ཡིན་ནམ་འོན་ཏེ་གང་གི་ངོ་བོ་ཉིད་ཀྱང་མ་ཡིན། དེས་ཅིར་འགྱུར་གལ་ཏེ་བརྟག་པ་སྔ་མ་ལྟར་ན་ནི་དམ་བཅས་པ་ཉམས་སོ། །ཅི་སྟེ་བརྟག་པ་ཕྱི་མ་ལྟར་ན་ནི་དཔེ་མེད་དོ་ཞེས་རྒོལ་བར་བྱེད་ནའོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་དགག་པ་དེ་ནི་སྲེག་པ་ཉིད་དགག་པ་ཁོ་ནས་མཐུ་
ཟད་པ་ཡིན་པའི་ཕྱིར་དང་། སྲེག་པ་མ་ཡིན་པའི་ངོ་བོ་ཉིད་ཡིན་པའི་སྒྲའི་དོན་ནི་སྒྲ་གཞན་གྱིས་བསྟན་པར་བྱ་བ་ཡིན་པའི་ཕྱིར་ཕྱོགས་སྔ་མ་ལ་གནོད་པ་ཡང་མེད་ལ་ས་ལ་སོགས་པ་སྲེག་པའི་ངོ་བོ་ཉིད་མ་ཡིན་པར་གྲུབ་པ་དག་ཉིད་དཔེ་ཡིན་པའི་ཕྱིར་དཔེ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མེ་ནི་སྲེག་
པའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དགག་པ་དེ་ནི་དཔེ་མེད་པར་དགག་པའི་དོན་ཡིན་གྱི་མ་ཡིན་པར་དགག་པའི་དོན་མ་ཡིན་པས་དེས་ན་མེ་དེ་ཆུ་ལ་སོགས་པ་གཞན་གྱི་ངོ་བོ་ཉིད་ཡིན་པར་ཁས་མ་བླངས་པའི་ཕྱིར་དམ་བཅས་པ་ཉམས་པ་ཡང་མ་ཡིན་ལ། ས་ལ་སོགས་པ་སྲེག་པའི་ངོ་བོ་ཉིད་མ་ཡིན་པར་
གྲུབ་པ་དག་དཔེ་ཉིད་དུ་ཉེ་བར་གཞག་པས་དཔེ་མེད་པ་ཡང་མ་ཡིན་ནོ། །དཔྱད་པ་རྒྱས་པས་ཆོག་གོ་ཞེས་བྱ་བ་ནི་མེ་དང་བུད་ཤིང་དག་གཞན་ཉིད་མ་ཡིན་པར་བསྟན་པའི་ཚིག་ལེའུར་བྱས་པ་སྔ་མ་དག་གི་དོན་དཔྱད་པ་རྒྱས་པར་བསྟན་པས་ཆོག་གིས། ད་ནི་ཚིག་ལེའུར་བྱས་པ་འོག་མ་དག་གི་སྐབས་ཉིད་བཤད་པར་
བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ཀྱང་མེ་དང་བུད་ཤིང་དག་གཞན་ཉིད་དུ་ཁས་ལེན་པའི་ཕྱོགས་ལ་གླགས་ཡོད་པའི་ཚིག་འདི་དག་ཏུ་ཡང་འགྱུར་རོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གཞན་ན་མི་ཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །འཆི་བར་
མི་འགྱུར་མི་འཆི་ན། །རང་གི་རྟགས་དང་ལྡན་པར་གནས། །ཞེས་བྱ་བ་སྨྲས་སོ། །གཞན་ན་མི་ཕྲད་ཅེས་བྱ་བ་བསྟན་པའི་ཕྱིར་མེ་གཞན་ཡིན་ན་བུད་ཤིང་དང་མི་ཕྲད་དེ་གཞན་ཡིན་པའི་ཕྱིར་དཔེར་ན་དེ་ཉིད་བུད་ཤིང་དང་མ་ཕྲད་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་
ཆོས་དང་། བསྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་དེ་ཉིད་བུད་ཤིང་ཐག་རིང་པོ་ན་འདུག་པ་དང་མ་ཕྲད་པ་ནི་བུད་ཤིང་དེ་ལས་གཞན་ཡིན་པའི་ཕྱིར་བུད་ཤིང་དེ་དང་མི་ཕྲད་པ་དེ་བཞིན་དུ་མེ་གཞན་ཡིན་པ་དེ་ཡང་བུད་ཤིང་ལས་གཞན་ཡིན་པའི་ཕྱིར་

བུད་ཤིང་དང་མི་ཕྲད་དོ། །ཕྲད་པ་མེད་ན་སྲེག་པར་མི་འགྱུར་ཞེས་བྱ་བ་བསྟན་པའི་ཕྱིར་ཕྲད་པ་མེད་ན་སྲེག་པར་མི་འགྱུར་ཏེ། འདིར་མེ་དང་བུད་ཤིང་དག་ཀྱང་བྱེད་པ་པོ་དང་ལས་ཀྱི་མཚན་ཉིད་ཀྱིས་འབྲེལ་ཅིང་ཕྲད་པར་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཅི་ལྟར་མེ་བུད་ཤིང་དང་མ་ཕྲད་པ་ལ་བྱེད་པ་
པོ་ཉིད་མེད་ཅིང་བུད་ཤིང་མེ་དང་མ་ཕྲད་པ་ལ་ཡང་ལས་ཉིད་མེད་པ་དེ་བཞིན་དུ་འདིར་ཡང་མེ་དང་བུད་ཤིང་ཕྲད་པ་མེད་པ་ལ་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བའི་མཚན་ཉིད་དུ་འབྲེལ་པ་མེད་པས་ཕྲད་པ་མེད་ན་སྲེག་པར་མི་འགྱུར་རོ། །ཅི་སྟེ་ཕྲད་པ་མེད་ཀྱང་སྲེག་པར་འགྱུར་ན་ནི་ཕྱོགས་གཅིག་ན་འདུག་
པས་འགྲོ་བ་མཐའ་དག་སྲེག་པར་འགྱུར་བས་དེའི་ཕྱིར་ཕྲད་པ་དེ་མི་འཐད་པས་གཞན་ཉིད་ཡིན་ཡང་སྲེག་བཞིན་པ་ན་བུད་ཤིང་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་མི་འཐད་དོ། །མི་སྲེག་ན་འཆི་བར་མི་འགྱུར་ཞེས་བྱ་བ་བསྟན་པའི་ཕྱིར་མི་སྲེག་ན་འཆི་བར་མི་འགྱུར་ཏེ། བུད་ཤིང་མེད་པ་ཡང་གྲུབ་པའི་ཕྱིར་རོ་ཞེས་
བྱ་བ་སྨྲས་ཏེ། འདི་ལྟར་མེས་བུད་ཤིང་སྲེག་ན་ནི་བུད་ཤིང་ཟད་པས་འཆི་བར་ཡང་འགྱུར་བ་ཞིག་ན། མི་སྲེག་པ་ལ་འཆི་བ་རྒྱུ་མེད་པ་ལས་འབྱུང་བར་མི་འགྱུར་ཏེ། བུད་ཤིང་མེད་པར་ཡང་མེ་གྲུབ་ན་བུད་ཤིང་མི་སྲེག་ཀྱང་འཆི་བར་མི་འགྱུར་རོ། །མི་འཆི་ན་རང་གི་རྟགས་དང་ལྡན་པར་གནས་པ་ཞེས་བྱ་
བ་བསྟན་པའི་ཕྱིར། མི་འཆི་ན་རང་གི་རྟགས་དང་ལྡན་པར་གནས་པར་འགྱུར་ཏེ། རང་གི་རྒྱུ་མེད་པར་ཐོར་ཟུག་ཏུ་གནས་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། མི་འཆི་ན་མེའི་རང་གི་རྒྱུ་བུད་ཤིང་མེད་པར་རང་གི་རྟགས་འབར་བ་དང་སྣང་བ་དང་སྲེག་པ་ལ་སོགས་པ་དང་ལྡན་ཞིང་ཐེག་ཟུག་ཏུ་གནས་པར་འགྱུར་
རོ། །ཅི་སྟེ་མེ་དེ་བུད་ཤིང་ལས་གཞན་ནམ་འོན་ཏེ་གཞན་མ་ཡིན་ཏེ་དེ་ལས་གཞན་ཉིད་ཡིན་པར་དམ་འཆའ་བ་ལ་ནི་ཅི་སྐད་བསྟན་པའི་སྐྱོན་དུ་འགྱུར་བར་དགོངས་སོ་ཞེས་བྱ་བས་ནི་དེ་ལྟར་གཞན་ཉིད་དུ་ཁས་ལེན་པའི་ཕྱོགས་ལ་གླགས་ཡོད་པའི་ཚིག་དེ་དག་ཏུ་འགྱུར་བར་བསྟན་ནས་འདིར་ཕ་རོལ་པོ་དག་
གཞན་ཉིད་དུ་ཁས་ལེན་ཏམ་མི་ལེན་ཅེས་བརྣན་ཏེ་དྲི་བ་དང་། གལ་ཏེ་གཞན་ཉིད་དུ་ཁས་ལེན་ན་མི་ཕྲད་པ་དང་སྲེག་པར་མི་འགྱུར་བ་དང་འཆི་བར་མི་འགྱུར་བ་དང་རང་གི་རྟགས་དང་ལྡན་པར་གནས་པའི་སྐྱོན་དུ་འགྱུར་བར་མདོ་མཛད་པས་དགོངས་སོ་ཞེས་བསྟན་ཏོ། །དེ་ལ་འདིར་གླགས་ཡོད་པའི་ཚིག་

ཡིན་པའི་ཕྱིར་མི་ཕྲད་པ་ལ་སོགས་པའི་ཆོས་རྣམས་ཀྱི་སྐབས་ཀྱི་དོན་བསྒྲུབ་པར་ནུས་པས་དེའི་དབང་གིས་རྗེས་སུ་དཔག་པ་བརྗོད་པར་མི་བྱ་སྟེ་ཞེས་བྱ་བ་ནི་གཞན་ཉིད་ཡིན་པར་སྨྲ་བའི་ཕྱོགས་དེ་ལ་ཚིག་ལེའུར་བྱས་པ་གོང་མའི་སྐབས་འདིར་གཞན་ཡིན་ན་མི་ཕྲད་དོ། །ཕྲད་པ་མེད་ན་སྲེག་
པར་མི་འགྱུར་རོ། །མི་སྲེག་ན་འཆི་བར་མི་འགྱུར་རོ། །མི་འཆི་ན་རང་གི་རྟགས་དང་ལྡན་པར་གནས་པར་འགྱུར་རོ་ཞེས་བྱ་བ་ལྟ་བུའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་མི་ཕྲད་པ་དང་སྲེག་པར་མི་འགྱུར་བ་དང་འཆི་བར་མི་འགྱུར་བ་དང་། རང་གི་རྟགས་དང་ལྡན་པར་གནས་པར་འགྱུར་བའི་
ཆོས་རྣམས་ཀྱི་སྐབས་ཀྱི་དོན་ཕྲད་པ་དང་སྲེག་པར་འགྱུར་བ་དང་འཆི་བར་འགྱུར་བ་དང་རང་གི་རྟགས་དང་ལྡན་པར་གནས་པར་མི་འགྱུར་བ་དག་སྒྲུབ་ནུས་པས་གླགས་ཡོད་པའི་ཚིག་དེའི་དབང་གིས་གཞན་ཡིན་པ་དང་མི་ཕྲད་པ་དང་སྲེག་པར་མི་འགྱུར་བ་དང་འཆི་བར་མི་འགྱུར་བ་དང་རང་གི་རྟགས་
དང་ལྡན་པར་གནས་པར་འགྱུར་བའི་རྗེས་སུ་དཔག་པ་ནི་བརྗོད་པར་མི་བྱའི་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་དེ་ལྟར་རྗེས་སུ་དཔག་པ་བརྗོད་པར་མི་བྱ་ཞེ་ན། དེའི་ཕྱིར་གཞན་ཉིད་རང་ལ་མ་གྲུབ་པའི་ཕྱིར་དང་། མི་ཕྲད་པར་བསྟན་པར་མི་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། མེ་དང་བུད་ཤིང་དག་
གཞན་ཉིད་ཡིན་པར་ངེད་དབུ་མ་པ་རང་ལ་མ་གྲུབ་པའི་ཕྱིར་གཞན་ཉིད་ཡིན་པར་རྗེས་སུ་དཔག་པ་བརྗོད་པར་མི་བྱ་ཞིང་། ངེད་དབུ་མ་པས་མི་ཕྲད་པ་དང་སྲེག་པར་མི་འགྱུར་བ་དང་འཆི་བར་མི་འགྱུར་བ་དང་། རང་གི་རྟགས་དང་ལྡན་པར་གནས་པར་ཡང་བསྟན་པར་མི་བྱ་བའི་ཕྱིར་མི་ཕྲད་པ་ལ་སོགས་
པར་རྗེས་སུ་དཔག་པ་བརྗོད་པར་མི་བྱའོ། །གལ་ཏེ་གཞན་དག་འདི་སྐད་ཅེས་ཚིག་ལེའུར་བྱས་པ་དེའི་དོན་གཞན་ཡིན་ནོ་ཞེས་བྱ་བ་དང་མི་ཕྲད་དོ་ཞེས་བྱ་བ་དང་སྲེག་པར་མི་འགྱུར་རོ་ཞེས་བྱ་བ་དང་འཆི་བར་མི་འགྱུར་རོ་ཞེས་བྱ་བ་དང་། རང་གི་རྟགས་དང་ལྡན་པར་གནས་པར་འགྱུར་རོ་ཞེས་བྱ་བ་དེ་དག་སྒྲ་ཅི་
བཞིན་ཁོ་ནར་གཟུང་བར་བྱ་བ་མ་ཡིན་ནམ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སྒྲ་ཅི་བཞིན་ཡང་མ་ཡིན་ཏེ། །ཞེས་བྱ་བ་སྨྲས་སོ། །འོ་ན་ཅི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་འདི་ལྟར་གཞན་ཉིད་དགག་པ་བསྟན་པའི་ཚིག་གི་དོན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གླགས་ཡོད་

པའི་ཚིག་དེ་དག་ནི་སྒྲ་ཅི་བཞིན་མ་ཡིན་ཏེ་དེ་དག་ལས་བཟློག་པས་མེ་དང་བུད་ཤིང་དག་གི་གཞན་ཉིད་དགག་པ་བསྟན་པའི་ཚིག་གི་དོན་ཡིན་ནོ། །གཞན་ཉིད་དགག་པ་དེ་ཡང་བསྡིགས་པས་བསྟན་པར་བྱ་བ་མ་ཡིན་གྱི་འདི་ལྟར་བྱེད་པ་པོ་དང་ལས་དག་གི་གཞན་ཉིད་དགག་པ་བཞིན་དུ་གྲགས་པ་ཡིན་ནོ་ཞེས་བྱ་བ་ནི་མེ་དང་བུད་
ཤིང་དག་གི་གཞན་ཉིད་དགག་པ་དེ་ཡང་གླགས་ཡོད་པའི་ཚིག་ཙམ་གྱིས་བསྡིགས་པས་གཞན་ཉིད་མ་ཡིན་པར་མི་འགྲུབ་ཀྱི། རྗེས་སུ་དཔག་པའི་ཚད་མས་བསྒྲུབ་དགོས་པས་འདིར་དེ་དག་གཞན་ཉིད་མ་ཡིན་པར་བསྒྲུབ་པའི་རྗེས་སུ་དཔག་པ་ནི་སྔར་བྱེད་པ་པོ་དང་ལས་བརྟག་པའི་སྐབས་སུ། བྱེད་པ་པོ་
ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་བསྟན་པ་བཞིན་དུ་གྲགས་པ་ཡིན་པས་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །ཡང་ན། གང་ཞིག་གང་དང་ལྷན་ཅིག་པ། །གཞན་ཉིད་དུ་མི་འཐད་དོ་ཞེས་འོག་ནས་སྟོན་པར་འགྱུར་
བས་འདིར་བསྟན་པར་མི་བྱའོ་ཞེས་བྱ་བ་ནི་ཡང་ན་གཞན་ཉིད་དགག་པའི་རྗེས་སུ་དཔག་པ་ནི་འོག་ནས་ཕྲད་པ་བརྟག་པའི་རབ་ཏུ་བྱེད་པ་ལས་དེ་སྐད་དུ་སྟོན་པར་འགྱུར་བས་ད་འདིར་བསྟན་པར་མི་བྱའོ་ཞེས་བྱ་བ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཁྱེད་སྐྱེས་པ་དང་བུད་མེད་དག་གཞན་ཉིད་ཡིན་ཡང་ཕྲད་པ་ཁས་
མི་ལེན་ན་ནི་དེས་ན་མེ་དང་བུད་ཤིང་དག་ཀྱང་ཕྲད་པ་མེད་པས་འདི་ལྟ་སྟེ། གཞན་ན་མི་ཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །འཆི་བར་མི་འགྱུར་མི་འཆི་ན། །རང་གི་རྟགས་དང་ལྡན་པར་གནས། །ཞེས་བྱ་བ་ལ་སོགས་པའི་སྐྱོན་དེ་དག་ཏུ་འང་འགྱུར་གྲང་ན། །འཇིག་རྟེན་ཐམས་ཅད་ལ་སྐྱེས་
པ་དང་བུད་མེད་དག་གཞན་ཉིད་ཡིན་ཡང་ཕྲད་པར་གྲགས་པ་བསྙོན་པར་མི་ནུས་པས་དེའི་ཕྱིར། ཅི་ལྟར་བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །གལ་ཏེ་ཤིང་ལས་མེ་གཞན་ཡང་། །ཤིང་དང་ཕྲད་དུ་རུང་བར་འགྱུར། །ཞེས་སྨྲ་བར་ནུས་སོ་ཞེས་བྱ་བ་ལ་འདིར་ཕ་རོལ་པོ་དག་གི་
བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་སྐྱེས་པ་དང་བུད་མེད་དག་གཞན་ཉིད་ཡིན་ཡང་ཕྲད་པར་མི་འགྱུར་ན་ནི་དེ་ལས་མེ་དང་བུད་ཤིང་དག་གཞན་ཡིན་པ་ལའང་ཕྲད་པ་ལ་ཕྲད་པ་མེད་པས། གཞན་ན་མི་ཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །ཞེས་བྱ་བ་ལ་སོགས་པའི་དེ་སྐྱོན་དག་ཏུའང་འགྱུར་

གྲང་ན། འཇིག་རྟེན་ཐམས་ཅད་ལ་སྐྱེས་པ་དང་བུད་མེད་དག་གཞན་ཉིད་ཡིན་ཡང་ཕྲད་པར་གྲགས་པ་ཁྱོད་ཀྱིས་བསྙོན་པར་མི་ནུས་པས་དེའི་ཕྱིར། ཅི་ལྟར་བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨྲ་བར་ནུས་ཏེ། དེས་ན་གཞན་ཉིད་ཡིན་ཡང་
ཕྲད་པར་རུང་བས་ཁྱོད་ཀྱིས། གཞན་ནི་མི་ཕྲད་ཅེས་བྱ་བ་ལ་སོགས་པ་སྨྲས་པའི་སྐྱོན་དུ་མི་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །བཞིན་ཞེས་བྱ་བའི་སྒྲ་མ་གསུངས་ཀྱང་ཅི་ལྟར་ཞེས་བྱ་བའི་སྒྲའི་རྗེས་སུ་དཔག་ན་ཟླ་ཡིན་པའི་ཕྱིར་ཡོད་པར་བལྟ་བར་བྱའོ་ཞེས་བྱ་བ་ནི། ཅི་ལྟར་བུད་མེད་སྐྱེས་པ་དང་། །སྐྱེས་པའང་
བུད་མེད་ཕྲད་པ་བཞིན། །ཞེས་བྱ་བའི་སྐབས་ཀྱི་བཞིན་ཞེས་བྱ་བའི་སྒྲ་མདོ་མཛད་པས་དངོས་སུ་མ་གསུངས་ཀྱང་། ཅི་ལྟར་བུད་མེད་སྐྱེས་པ་དང་། །ཞེས་བྱ་བའི་སྐབས་ཀྱི་ཅི་ལྟར་ཞེས་བྱ་བའི་སྒྲའི་རྗེས་སུ་དཔག་ན་ཅི་ལྟར་ཞེས་བྱ་བའི་སྒྲའི་ཟླ་དེ་ལྟར་ཞེས་བྱ་བ་ཡིན་ལ། དེ་ལྟར་ཞ