Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 100

Văn bản gốc(Tây Tạng)

Trang 16 / 23 (50.000 ký tự/trang)
ེས་བྱ་བ་དང་དེ་བཞིན་
ཞེས་བྱ་བ་ནི་དོན་གཅིག་པས་འདིར་ཡང་དེ་ཡོད་པར་བལྟ་བར་བྱའོ་ཞེས་བྱ་བ་སྒྲ་བསྡེབ་པའི་ཚིག་ཡིན་ནོ། །ཕྱེད་གོང་མ་ཤོས་བསྣོར་ནས་རྣམ་པར་བཤད་པར་བྱ་སྟེ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་འདི་མདོ་མཛད་པས་ནི། གལ་ཏེ་ཤིང་ལས་མེ་གཞན་ཡང་། །ཤིང་དང་ཕྲད་དུ་རུང་བར་འགྱུར། །ཅི་ལྟར་བུད་
མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །ཞེས་གོ་རིམས་དེ་ལྟར་གསུངས་མོད་ཀྱི་འདིར་འགྲེལ་པ་བྱེད་པས་ཕྱེད་གོང་མ་དང་འོག་མ་བསྣོར་ཏེ་དེ་རྣམ་པར་བཤད་པར་བྱའོ། །ཅིའི་ཕྱིར་བསྣོར་ཞེ་ན། དེའི་ཕྱིར་སྨྲ་བར་འདོད་པའི་དོན་བསྟན་སླ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དཔེ་སྔར་སྨོས་ན་
དངོས་ཀྱི་དོན་བསྟན་སླ་བའི་ཕྱིར་རོ། །དེ་ལ་འདིར་ཚིག་གི་དོན་ནི་མི་མཐུན་པའི་ཕྱོགས་ལ་ཡང་སྒྲུབ་པའི་ཆོས་བསྟན་པའི་ཕྱིར་མ་ངེས་པ་ཉིད་དུ་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་འདིའི་དོན་ནི། ཅི་ལྟར་བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །ཞེས་བྱ་བས་གཞན་ཉིད་མ་
ཡིན་པའི་མི་མཐུན་པའི་ཕྱོགས་གཞན་ཉིད་ལ་ཡང་སྒྲུབ་པའི་ཆོས་ཕྲད་པའི་མཚན་ཉིད་ཡོད་པར་བསྟན་པའི་ཕྱིར་སྔར་དབུ་མ་པས། གཞན་ན་མི་ཕྲད་ཅེས་གང་སྨྲས་པ་དེ་མ་ངེས་པ་ཉིད་བསྟན་པ་ཡིན་ནོ། །མ་ངེས་པ་དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར་དཔེར་ན་འགའ་ཞིག་གིས་སྒྲ་

རྟག་སྟེ་གཟུགས་ཅན་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་ལ། ལ་ལ་ན་རེ་ཅི་ལྟར་ལས་གཟུགས་ཅན་མི་རྟག་པ་ལྟར་སྒྲ་ཡང་དེ་བཞིན་ནོ་ཞེས་ཟེར་བས་དེས་དེ་སྐད་སྨྲས་པ་མ་ངེས་པ་ཉིད་དུ་བསྟན་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་བརྡ་སྤྲོད་པ་འགའ་ཞིག་གིས་ཕྱོགས་སྔ་མ་དེ་སྐད་སྨྲས་པ་ལ། རིགས་
པ་ཅན་ལ་སོགས་པ་ལ་ལ་ཕྱོགས་ཕྱི་མ་དེ་སྐད་སྨྲས་པས་ཕྱོགས་སྔ་མ་སྨྲ་བའི་ཚིག་དེ་མ་ངེས་པ་ཉིད་དུ་བསྟན་པར་ཤེས་པ་དེ་བཞིན་དུ་འདིར་ཡང་ཁྱེད་དབུ་མ་པས། གཞན་ན་མི་ཕྲད་ཅེས་བྱ་བས་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་ན་མི་ཕྲད་དོ་ཞེས་སྨྲས་པ་དེ་ལ། འདིར་ཁོ་བོ་ཅག་གིས། ཅི་ལྟར་
བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །ཞེས་བྱ་བས་སྐྱེས་པ་དང་བུད་མེད་དག་གཞན་ཉིད་ཡིན་ཡང་ཕྲད་དུ་རུང་བར་སྨྲས་པས་ཁྱེད་དབུ་མ་པའི་ཚིག་དེ་མ་ངེས་པ་ཉིད་དུ་བསྟན་པར་ཤེས་པར་བྱའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལེན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་
འདིར་བཤད་པ། གལ་ཏེ་མེ་དང་ཤིང་དག་ནི། །གཅིག་གིས་གཅིག་ནི་བསལ་གྱུར་ན། །ཤིང་ལས་མེ་གཞན་ཉིད་ཡིན་ཡང་། །ཤིང་དང་ཕྲད་པར་འདོད་ལ་རག །ཅེས་བྱ་བ་སྨྲས་ཏེ། ཚིག་ལེའུར་བྱས་པ་འདིའི་བསྡུས་པའི་དོན་ནི་གལ་ཏེ་མེ་དང་བུད་ཤིང་དག་གཅིག་གིས་གཅིག་བསལ་
ཏེ། ཕན་ཚུན་གཞན་ཉིད་ཡིན་པར་གྱུར་ན་ནི་དེས་ཕ་རོལ་པོ་དག་ཟེར་བ་ལྟར་ཤིང་ལས་མེ་གཞན་ཉིད་ཡིན་ཡང་ཅི་ལྟར་བུད་མེད་དང་། སྐྱེས་པ་དག་ཕྲད་པ་བཞིན་དུ་ཕྲད་པར་ཡང་འདོད་ལ་རག་སྟེ། དེ་ལྟ་ན་གཅིག་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་གཞན་ཉིད་ཡོད་ཅིང་དེ་ལ་སྒྲུབ་པའི་ཆོས་ཕྲད་པའི་མཚན་
ཉིད་ཀྱང་ཡོད་པས་དབུ་མ་པས་སྔར་གཞན་ན་མི་ཕྲད་ཅེས་གང་སྨྲས་པ་དེ་མ་ངེས་པ་ཉིད་དུའང་འགྱུར་བ་ཞིག་ན། དབུ་མ་པས་སྔར་རྐྱེན་བརྟག་པ་ལ་སོགས་པའི་སྐབས་མན་ཆད་དུ་དོན་དམ་པར་དངོས་པོ་རྣམས་ཀྱི་སྐྱེ་བ་དང་གཞན་ཉིད་བཀག་ཟིན་པས་དེས་ན་མེ་དང་བུད་ཤིང་དག་གཅིག་གིས་གཅིག་བསལ་ཞིང་
གཞན་ཉིད་དུ་མ་གྲུབ་པ་བཞིན་དུ་སྐྱེས་པ་དང་བུད་མེད་དག་ཀྱང་གཅིག་གིས་གཅིག་བསལ་ཞིང་གཞན་ཉིད་དུ་མ་གྲུབ་པས། མེ་དང་བུད་ཤིང་དག་གཞན་ཉིད་དུ་མ་གྲུབ་པའི་མི་མཐུན་པའི་ཕྱོགས་སྐྱེས་པ་དང་བུད་མེད་དག་གཞན་ཉིད་དུ་གྲུབ་པ་ཡང་མེད་ལ་གཞན་ཉིད་མ་གྲུབ་ན་གཞན་གཉིས་ཡུལ་ཐ་མི་

དད་པར་འབྱུང་བའི་མཚན་ཉིད་ཀྱི་ཕྲད་པ་ཡང་མེད་པས་དབུ་མ་པའི་སྒྲུབ་པ་སྔ་མ་གཞན་ན་མི་ཕྲད་ཅེས་བྱ་བ་དེ་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །གལ་ཏེ་མེ་དང་ཤིང་དག་གཅིག་གིས་གཅིག་བསལ་བར་གྱུར་ན་ཞེས་བྱ་བ་ནི་བྱེད་པ་པོ་དང་ལས་སུ་འབྲེལ་པའི་མཚན་ཉིད་མེད་པར་གྱུར་ན་ཞེས་
བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི། གལ་ཏེ་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་ཞིང་བྱེད་པ་པོ་དང་ལས་སུ་འབྲེལ་པའི་མཚན་ཉིད་ཀྱི་ཕྲད་པ་མེད་པར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །ཤིང་ལས་མེ་གཞན་ཉིད་ཡིན་ཡང་། །ཤིང་དང་ཕྲད་པར་འདོད་ལ་རག །ཅེས་བྱ་བ་ནི་ཁྱོད་འདོད་པ་དག་བུད་མེད་དང་སྐྱེས་
པ་དག་བཞིན་དུ་ཕྲད་པར་འདོད་ལ་རག་ན་ཞེས་གླགས་ཡོད་པའི་སྒོ་ནས་ཁས་བླངས་ན་ལན་འདེབས་པར་འདོད་པ་ཡིན་ནོ་ཞེས་བྱ་བ་ནི་དབུ་མ་པའི་ཕྱོགས་ལ་དོན་དམ་པར་མེ་དང་བུད་ཤིང་དག་གཞན་ཉིད་དུ་མ་གྲུབ་པས་ཕྲད་པ་ཡང་མེད་མོད་ཀྱི། གཞན་ཉིད་མ་གྲུབ་ན་ཕྲད་པ་ཡང་མི་འགྲུབ་པའི་གླགས་ཡོད་པའི་
སྒོ་ནས་ཕ་རོལ་པོ་དག་ཟེར་བ་ལྟར་བུད་མེད་དང་སྐྱེས་པ་དག་བཞིན་དུ། མེ་དང་བུད་ཤིང་དག་ཀྱང་ཕྲད་པར་དབུ་མ་པས་ཁས་བླངས་ནས་ཕྲད་པ་མེད་པར་ལན་འདེབས་པར་འདོད་པ་ཡིན་ན། །གླགས་ཡོད་པའི་སྒོ་ནས་ཁས་བླངས་པ་ཉིད་བསྟན་པའི་ཕྱིར་འདི་ལྟར་ཁོ་བོས་གལ་ཏེ་ཕན་ཚུན་ལྟོས་པ་མེད་པ་
དག་གཞན་ཡིན་པའི་ཕྱིར་ཡུལ་ཐ་མི་དད་པར་འབྱུང་བའི་མཚན་ཉིད་ཀྱི་ཕྲད་པ་བསལ་བར་གྱུར་ན་ནི་གཏན་ཚིགས་མ་ངེས་པ་ཉིད་དུ་འགྱུར་ཞིང་དམ་བཅས་པའི་དོན་དེ་ཡང་འཐད་པར་འགྱུར་བ་ཞིག་ན་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་མེ་དང་བུད་ཤིང་དག་ཕྲད་པ་མེད་པར་བསལ་བ་དེ། གལ་ཏེ་དེ་དག་
ཕན་ཚུན་ལྟོས་པ་མེད་ཅིང་གཞན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་ཡུལ་ཐ་མི་དད་པར་འབྱུང་བའི་མཚན་ཉིད་ཀྱི་ཕྲད་པ་མེད་པར་བསལ་བར་གྱུར་ན་ནི་དེས་ན་དབུ་མ་པའི་གཏན་ཚིགས་གཞན་ན་མི་ཕྲད་ཅེས་བྱ་བ་དེ་མ་ངེས་པ་ཉིད་དུ་འགྱུར་ཞིང་ཕ་རོལ་པོ་དག་གིས་དམ་བཅས་པའི་དོན། ཅི་ལྟར་
བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །ཞེས་བྱ་བ་དེ་ཡང་འཐད་པར་འགྱུར་བ་ཞིག་ན་ཞེས་གླགས་ཡོད་པའི་སྒོ་ནས་ཁས་བླངས་པ་ཡིན་ནོ། །གླགས་ཡོད་པའི་སྒོ་ནས་ཁས་བླངས་ནས་དེ་ལས་བཟློག་སྟེ་སྐབས་ཀྱི་དོན་ཉིད་ཀྱིས་ཕྲད་པ་མེད་པར་ལན་གདབ་པ་བསྟན་པའི་ཕྱིར་མེ་དང་།

བུད་ཤིང་དག་ནི་རྣམ་པ་དེ་ལྟར་མི་འདོད་དེ་དེ་དག་ལ་བྱེད་པ་པོ་དང་ལས་སུ་འབྲེལ་པའི་མཚན་ཉིད་ཀྱི་ཕྲད་པ་གཞན་མེད་ན་མི་འབྱུང་བ་མེད་པས་ཞེས་བྱ་བ་སྨྲས་ཏེ། མེ་དང་བུད་ཤིང་དག་ནི་ཕན་ཚུན་ལྟོས་པ་མེད་པ་དང་། གཞན་ཉིད་ཡིན་པ་ཞེས་བྱ་བའི་རྣམ་པ་དེ་ལྟར་དབུ་མ་པ་མི་འདོད་དེ། དེ་དག་ཕན་ཚུན་ལྟོས་ཏེ་
གདགས་པ་དང་གཞན་ཉིད་མ་ཡིན་པར་འདོད་དེ། དེ་ལྟར་གཞན་ཉིད་མ་ཡིན་པས་མེ་དང་བུད་ཤིང་དེ་དག་ལ་ཕྲད་པ་མེད་དོ། །ཕྲད་པའི་མཚན་ཉིད་བསྟན་པའི་ཕྱིར་བྱེད་པ་པོ་དང་ལས་སུ་འབྲེལ་པའི་མཚན་ཉིད་ཀྱི་ཕྲད་པ་གཞན་མེད་ན་མི་འབྱུང་བ་ཞེས་སྨོས་ཏེ། བྱེད་པ་པོ་དང་ལས་སུ་འབྲེལ་བའི་མཚན་
ཉིད་ནི་ཕྲད་པ་ཡིན་ལ། ཕྲད་པ་དེ་ནི་གཞན་མེད་ན་མི་འབྱུང་གི་གཞན་ཡོད་ན་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ཕྲད་པ་དེ་དག་ལ་མེད་དེ་དེ་དག་གཞན་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་མེ་དང་བུད་ཤིང་དག་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་ཕྲད་པ་མེད་པ་ཡིན་པ་ལས། ཤིང་ལས་མེ་གཞན་ཉིད་ཡིན་ཡང་། །
ཤིང་དང་ཕྲད་པར་འདོད་ལ་རག །ཅེས་གླགས་ཡོད་པའི་སྒོ་ནས་ཁས་བླངས་པ་བསྟན་པའི་དགོས་པ་གང་ཡིན་ཞེ་ན། དེའི་ཕྱིར་གཞན་ཉིད་དུ་སྨྲ་བ་རྣམས་ཀྱི་དམ་བཅས་པ་ལ་གླགས་ཡོད་པའི་སྒོ་ནས་ཡང་དག་པར་ཆོས་ཀྱི་ཁྱད་པར་བསལ་བའི་སྐྱོན་ཡོད་པར་བསྟན་པ་ཡིན་གྱི། རང་དབང་རྗེས་སུ་
དཔག་པ་བསྟན་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཤིང་ལས་མེ་གཞན་ཉིད་ཡིན་ཡང་། །ཤིང་དང་ཕྲད་པར་འདོད་ལ་རག །ཅེས་སྨོས་པའི་དགོས་པ་ནི་གང་ལ་གཞན་ཉིད་ཡོད་པ་དེ་ལ་ཕྲད་པ་མེད་དེ། དཔེར་ན་སྣང་བ་དང་མུན་པ་ལྟ་བུ་ཡིན་པས་ཕ་རོལ་པོ་དག་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་པར་
འདོད་པ་དེ་དག་གི་དམ་བཅས་པ་ལ་གཞན་ཉིད་ཡིན་ན་མི་ཕྲད་པའི་གླགས་ཡོད་པའི་སྒོ་ནས། དོན་དམ་པར་སྒྲུབ་པའི་ཆོས་ཕྲད་པ་ཞེས་བྱ་བའི་ཁྱད་པར་བསལ་བའི་སྐྱོན་ཡོད་པར་བསྟན་པ་ཡིན་གྱི་ཕྲད་པར་འདོད་ལ་རག་ཅེས་བྱ་བའི་ཚིག་རང་དབང་དུ་ཕྲད་པ་ཡོད་པའི་རྗེས་སུ་དཔག་པ་བསྟན་པ་ནི་མ་ཡིན་
ནོ། །སྐབས་ཀྱི་དོན་གྱིས་ཕྲད་པ་མེད་པར་ལན་གདབ་པའི་མཇུག་བསྡུ་བ་བསྟན་པའི་ཕྱིར། དེས་ན་སྐྱེས་པ་དང་བུད་མེད་དང་སྐྱེས་པ་དག་ཕྲད་པ་ཅི་སྐད་སྨྲས་པ་དག་མི་སྲིད་པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་པས་ཕ་རོལ་པོའི་ཚིག་དེ་ནི་འཁྲུལ་པ་ཙམ་སྟེ་རང་གི་བློ་གྲོས་

ཡངས་པར་སྟོན་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྔར་ཕ་རོལ་པོ་དག་གིས། ཅི་ལྟར་བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །ཞེས་གང་སྨྲས་པ་དེ་གྲུབ་ན་ནི་དེས་ན་དབུ་མ་པས་གཞན་ན་མི་ཕྲད་ཅེས་བཤད་པའི་གཏན་ཚིགས་དེའི་མི་མཐུན་པའི་ཕྱོགས་ཡོད་
པས་དབུ་མ་པའི་གཏན་ཚིགས་དེ་མ་ངེས་པ་ཉིད་ཡིན་པ་ཞིག་ན། སྐྱེས་པ་དང་བུད་མེད་དག་གཞན་ཉིད་ཀྱང་ཡིན་ལ་ཕྲད་པ་ཡང་འདོད་པ་དེ་ནི་ཅི་ལྟར་མེ་དང་བུད་ཤིང་དག་གཞན་ཉིད་མ་ཡིན་པས་ཕྲད་པ་མེད་པར་བསྒྲུབ་པར་བྱ་བ་དེ་དང་རིགས་མཐུན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཁོངས་སུ་གཏོགས་
པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་དབུ་མ་པའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་པས་ཕ་རོལ་པོའི་ཚིག །ཅི་ལྟར་བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །གལ་ཏེ་ཤིང་ལས་མེ་གཞན་ཡང་། །ཤིང་དང་ཕྲད་དུ་རུང་བར་འགྱུར། །ཞེས་བྱ་བ་དེ་ནི་ཁམས་འཁྲུགས་
པའམ། གདོན་གྱིས་བརླམས་པ་འཁྲུལ་པའི་ཚིག་དང་འདྲ་སྟེ། དོན་འགྲུབ་པའི་འབྲས་བུ་མེད་པས་རང་གི་བློ་གྲོས་ཡངས་པར་སྟོན་པ་ཡིན་ནོ། །འདི་སྐད་བསྟན་ཏེ། ཕ་རོལ་པོ་དག་འདོད་པ་ལྟ་བུའི་དངོས་པོ་ཕན་ཚུན་ལྟོས་པ་མེད་པ་ཡུལ་ཐ་དད་པར་བྱུང་བ་གཞན་ཉིད་ཡིན་པ་དག་ལ་ནི་ཕྲད་པ་མེད་
དེ། འདི་ལྟར་གཞན་ཉིད་ཡིན་པ་ལ་ཕྲད་པ་མེད་དེ་མི་མཐུན་པའི་ཕྱིར་དཔེར་ན་སྣང་བ་དང་མུན་པ་བཞིན་ནོ། །གལ་ཏེ་གཞན་ཉིད་དང་མཚན་ཉིད་ཐ་དད་པ་ཉིད་ཡིན་ན་ནི་ཅི་ལྟར་ཕྲད་ཅི་སྟེ་ཕྲད་ན་ནི། ཅི་ལྟར་གཞན་ཉིད་དང་མཚན་ཉིད་ཐ་དད་པ་ཡིན། འོན་ཏེ་དུས་གཅིག་ཏུ་ཕྲད་ན་ནི་གཞན་ཉིད་ཅེས་ཀྱང་
བྱར་མི་རུང་ངོ་། །གང་དག་གཞན་ཉིད་དུ་མ་གྲུབ་པ་དེ་དག་ལ་ཕྲད་པ་ཡང་མི་འགྲུབ་པས་དེས་ན་དབུ་མ་པས། གཞན་ན་མི་ཕྲད་ཅེས་གང་སྨྲས་པ་དེ་གྲུབ་པོ། །གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་ཕྲད་དུ་ཟིན་ཀྱང་སྐྱེས་པའང་བུད་མེད་ཉིད་དུ་མི་འགྱུར་ལ། བུད་མེད་ཀྱང་སྐྱེས་པ་ཉིད་དུ་མི་འགྱུར་བས་དེས་ན་
ཁྱོད་ཀྱི་གཏན་ཚིགས་མི་མཐུན་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། དོན་དམ་པ་དཔྱད་པ་ལ་ངོ་བོ་ཉིད་དང་ཡང་དག་པ་ཉིད་དང་དངོས་པོ་ཉིད་གཟུང་བར་བྱ་བ་ཡིན་གྱི། སྐྱེས་པ་དང་བུད་མེད་དག་གི་རྡུལ་ཕྲ་རབ་དཔེར་ན་ཆུ་དང་འོ་མ་དག་གམ་གདོན་དང་རིམས་ནད་ལུས་ལ་ཞེན་པ་ལྟར་

ཡན་ལག་དང་ཡན་ལག་ཅན་གྱི་བདག་ཉིད་ཐམས་ཅད་ཀྱིས་ཕྲད་པ་མ་ཡིན་པ་དག་ཕྲད་པའི་ངོ་བོ་ཉིད་དང་ཡང་དག་པ་ཉིད་དང་དངོས་པོ་ཉིད་ཡིན་པར་གཟུང་བར་མི་བྱའོ། །སྐྱེས་པ་དང་བུད་མེད་དག་གི་པགས་པའི་ཕྱི་རོལ་གྱི་རྡུལ་ཕྲ་རབ་དག་ཕྲད་པ་ནི་ཕྱོགས་གཅིག་ཕྲད་པ་ཡིན་གྱི་བདག་ཉིད་ཐམས་ཅད་ཀྱིས་
ཕྲད་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་ཕྲད་པ་དེ་ལ་ཕྲད་པ་ཞེས་བརྗོད་ན་ནི་དེ་ལྟ་ན་ཕྲད་པ་ཞེས་བྱ་བ་ཐ་སྙད་པ་ཡིན་གྱི་དངོས་ཉིད་མ་ཡིན་ཏེ། བདག་ཉིད་ཐམས་ཅད་ཀྱི་ཕྲད་པ་དེ་ལ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་ཕ་རོལ་པོ་དག་འདི་སྐད་ཅེས་གལ་ཏེ་སྐྱེས་པ་དང་བུད་མེད་དག་ལ་བདག་ཉིད་ཐམས་ཅད་ཀྱིས་ཕྲད་
པ་མེད་པས་ཁོ་བོ་ཅག་གི་དཔེ་མ་གྲུབ་ཀྱང་། ཅི་ལྟར་ཁྱོད་ཟེར་བ་ལྟར་དཔེར་ན་ཆུ་དང་འོ་མ་དག་གམ་གདོན་དང་རིམས་ནད་ལུས་ལ་ཞེན་པ་དག་ཡན་ལག་དང་ཡན་ལག་ཅན་གྱི་བདག་ཉིད་ཐམས་ཅད་ཀྱིས་ཕྲད་པ་བཞིན་དུ་མེ་དང་བུད་ཤིང་དག་ཀྱང་བདག་ཉིད་ཐམས་ཅད་ཀྱིས་ཕྲད་པར་འགྱུར་བས། དེས་
ན་ཁོ་བོ་ཅིག་གི་དཔེ་འགྲུབ་པས་ཁྱེད་ཀྱི་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་ཡོད་པའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་གཞན་ན་མི་ཕྲད་ཅེས་བྱ་བ་དེ་མ་ངེས་པ་ཉིད་དོ་ཞེ་ན། དེ་ཡང་བཟང་པོ་མ་ཡིན་ཏེ། ཁོ་བོས་སྐྱེས་པ་ཉིད་དང་གཞན་ཉིད་བཀག་ཟིན་པས་དངོས་པོ་རྣམས་ལ་གཞན་ཉིད་མེད་དོ། །
གཞན་ཉིད་མེད་པས་ཁོ་བོ་གང་གིས་མ་ངེས་པ་ཉིད་དུ་འགྱུར་བའི་གཞན་ཉིད་ཡིན་པའི་ཕྱིར་ཕྲད་པ་མེད་དོ་ཞེས་ཕྲད་པ་སེལ་བར་མི་བྱེད་ཀྱི་གཞན་ཉིད་མ་གྲུབ་པའི་ཕྱིར་ཕྲད་པ་མེད་དོ་ཞེས་ཕྲད་པ་སེལ་བར་བྱེད་པས་ཆུ་དང་འོ་མ་དག་དང་གདོན་དང་རིམས་ནད་དང་ལུས་དག་ལ་ཡང་དོན་དམ་པར་གཞན་
ཉིད་མེད་པས་དེ་དག་ལ་ཕྲད་པ་ཡང་མེད་པའི་ཕྱིར་ཁྱེད་ཀྱི་དཔེ་དེ་དག་ཀྱང་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཁོངས་སུ་གཏོགས་པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ལ། ཁྱེད་ཀྱིས་དམ་བཅས་པ་ཉིད་མི་འཐད་པ་ཉིད་
སོ་ན་གནས་སོ། །དེའི་ཕྱིར་དེ་ལྟར་མེ་དང་བུད་ཤིང་དག་གཅིག་པ་ཉིད་དང་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་སྒྲུབ་པའི་དཔེ་མ་ཚང་བ་ཉིད་དོ་ཞེས་བྱ་བ་ནི་དེ་ཡན་ཆད་དུ་མེ་དང་བུད་ཤིང་དག་གཅིག་པ་ཉིད་དང་གཞན་ཉིད་དུ་བརྟག་པ་གཉི་གའི་མཇུག་བསྡུ་བ་དང་ཚད་མའི་

འབྲས་བུ་ཡིན་ཏེ། དེ་ལྟར་མེ་དང་བུད་ཤིང་དག་གཅིག་པ་ཉིད་དང་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་ཕ་རོལ་པོས་རབ་ཏུ་བྱེད་པ་འདིའི་དང་པོར་དོན་དམ་པར་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཡོད་པ་ཁོ་ན་ཡིན་ཏེ། ཕན་ཚུན་ལྟོས་པའི་ཕྱིར་དཔེར་ན་མེ་དང་བུད་ཤིང་བཞིན་ནོ་ཞེས་སྨྲས་པའི་
སྒྲུབ་པ་དེའི་དཔེ་མ་གྲུབ་པོ། །འདིར་སྨྲས་པ། །དོན་དམ་པར་མེ་དང་བུད་ཤིང་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། ཕན་ཚུན་ལྟོས་པའི་ཕྱིར་རོ། །འདི་ན་གང་དག་མེད་པ་དེ་དག་ལ་ནི་ཕན་ཚུན་ལྟོས་པ་མེད་པ་ཉིད་དེ། དཔེར་ན་རི་བོང་གི་རྭ་དག་བཞིན་ནོ། །མེ་དང་བུད་ཤིང་དག་ལ་ནི་མེ་འདིའི་བུད་ཤིང་ནི་འདིའོ། །བུད་
ཤིང་འདིའི་སྲེག་པ་ནི་འདིའོ་ཞེས་ཕན་ཚུན་ལྟོས་པ་ཉིད་ཡིན་པས་དེའི་ཕྱིར་མེ་དང་བུད་ཤིང་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ཡོད་པའི་ཕྱིར། དངོས་ཀྱི་དོན་འགྲུབ་པོ་ཞེས་བྱ་བ་ནི་ཡང་ཕ་རོལ་པོ་དག་དཔེ་སྒྲུབ་པའི་ཕྱིར་རྗེས་སུ་དཔག་པ་གཞན་སྟོན་པ་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་
བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རི་བོང་གི་རྭ་ལ་སོགས་པ་གང་དག་མེད་པ་དེ་དག་ལ་ཕན་ཚུན་ལྟོས་པ་མེད་ཀྱི། མེ་དང་བུད་ཤིང་ལ་སོགས་པ་གང་དག་
ཡོད་པ་དེ་དག་ལ་ནི་ཕན་ཚུན་ལྟོས་པ་ཡོད་པའི་ཕྱིར་དེ་དག་དོན་དམ་པར་ཡོད་པ་ཁོ་ན་ཡིན་ཏེ། དཔེར་ན་མེ་དང་བུད་ཤིང་དེ་དག་ཡོད་པའི་ཕྱིར་དངོས་ཀྱི་དོན་དམ་པར་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་དེ་འགྲུབ་བོ། །དེའི་ཕྱིར་དེ་གྲུབ་པས་དོན་དམ་པར་ཕུང་པོ་ལ་སོགས་
པ་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་བསྟན་པའི་ཕྱིར་རོ། །དེ་ལྟར་གཏན་ཚིགས་གྲུབ་པས་འདོད་པ་འགྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། གལ་ཏེ་
ཤིང་ལྟོས་མེ་ཡིན་ན། །གལ་ཏེ་མེ་ལྟོས་ཤིང་ཡིན་ན། །གལ་ཏེ་ལྟོས་པའི་མེ་དང་ཤིང་། །དང་པོར་གྲུབ་པ་གང་ཞིག་ཡིན། །ཞེས་བྱ་བ་སྨྲས་ཏེ། ཕྱེད་གོང་མས་ནི་ཕ་རོལ་པོའི་གཞུང་བསྣན་པ་བསྟན་ལ་ཕྱེད་འོག་མས་ནི་ཚུ་རོལ་གྱི་ཕྱོགས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ཅི་བུད་ཤིང་གང་

ལ་ལྟོས་ནས་མེ་གྲུབ་པ་འམ། འོན་ཏེ་མེ་གང་ལ་ལྟོས་ནས་བུད་ཤིང་འགྲུབ་པའི་མེ་དང་བུད་ཤིང་དག་ལས་དང་པོར་གྲུབ་པ་གང་ཞིག་ཡིན་ཏེ་དེ་དག་ལ་གང་ལ་ལྟོས་ནས་གང་ཡང་རུང་བ་འགྲུབ་པར་འགྱུར་བའི་དང་པོར་གྲུབ་པ་གཅིག་ཀྱང་མེད་དོ་ཞེས་བྱ་བར་དགོངས་སོ་ཞེས་སྨྲས་སོ། །དེ་
ཉིད་ཀྱི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་བསྟན་པའི་ཕྱིར། དེ་ལྟར་དོན་དམ་པར་ལྟོས་པ་མི་འཐད་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་དཔེའི་སྐྱོན་དེ་ཉིད་ཡོད་དོ། །ཀུན་རྫོབ་པའི་གཏན་ཚིགས་ཡིན་པར་རྟོག་ན་ནི་དོན་འགལ་བ་ཉིད་དང་སྒྲུབ་པའི་དཔེ་མ་ཚང་བ་ཉིད་ཀྱི་སྐྱོན་དེ་ཉིད་
ཡོད་དོ་ཞེས་བྱ་བ་སྨྲས་སོ། །ཅི་སྟེ་ཡང་བུད་ཤིང་དང་པོར་གྲུབ་པའི་ཕྱིར་སྐྱོན་མེད་དོ་སྙམ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་འདི་ནི་འཇིག་རྟེན་ཐམས་ཅད་དགུན་མ་བྱུང་བའི་སྔ་རོལ་དུ་བུད་ཤིང་སྡུད་པར་བྱེད་པས་དེ་ལྟར་བུད་ཤིང་སྔར་གྲུབ་པ་ལ་ལྟོས་ནས་ཕྱིས་མེ་ཡོད་པར་འགྱུར་བས། དེའི་ཕྱིར་ལྟོས་
པ་ཡོད་པའི་ཕྱིར་གཏན་ཚིགས་གྲུབ་པས་དཔེ་འགྲུབ་པོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་ཕྱིར་བཤད་པ། གལ་ཏེ་ཤིང་ལྟོས་མེ་ཡིན་ན། །མེ་གྲུབ་པ་ལ་སྒྲུབ་པར་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བུད་ཤིང་དང་པོར་གྲུབ་ལ་དེ་ལ་
ལྟོས་ནས་མེ་ཡིན་པར་འགྱུར་ན་དེ་ལྟ་ན་མེ་གྲུབ་ཟིན་པ་ལ་ཡང་སྒྲུབ་པར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མེ་གྲུབ་ན་བུད་ཤིང་ལ་ལྟོས་པར་འཐད་ཀྱི་མེ་མ་གྲུབ་ཅིང་མེད་ན་ཅི་ལྟར་བུད་ཤིང་ལ་ལྟོས་པར་བྱེད་དེ་དེའི་ཕྱིར་བུད་ཤིང་མེད་པར་ཡང་མེ་རང་གི་གྲུབ་པར་ལྟོས་པར་ནུས་པ་ལ་ཁྱོད་ཡང་བུད་
ཤིང་ལ་ལྟོས་ནས་སྒྲུབ་པའི་སྐྱོན་དུ་འགྱུར་བས་དེ་མི་རུང་ངོ་། །དེ་ཉིད་བསྟན་པའི་ཕྱིར། མེ་གྲུབ་པ་ལ་བརྗོད་པ་ཁྱད་པར་ཅན་བསྙད་པ་ཉིད་ཀྱི་ཕྱིར་བུད་ཤིང་ལ་ལྟོས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བུད་ཤིང་ལ་ལྟོས་ནས་མེ་ཡིན་པར་རྟོག་ན་མེ་སྔར་མ་གྲུབ་ན་བུད་ཤིང་ལ་
ལྟོས་པར་མི་ནུས་པས་མེ་སྔར་གྲུབ་ཟིན་པ་བུད་ཤིང་ལ་ལྟོས་ནུས་པའི་ངོ་བོ་ཉིད་དུ་ཡོད་པ་ལ་སྒྲུབ་པའི་སྐྱོན་དུ་འགྱུར་བས། ཚིག་དེ་ནི་མེ་གྲུབ་ཟིན་པ་ལ་མེ་འདིའི་བུད་ཤིང་ནི་འདིའོ། །བུད་ཤིང་འདིའི་སྲེག་པ་ནི་འདིའོ་ཞེས་བརྗོད་པ་ཁྱད་པར་ཅན་བསྙད་པ་ཉིད་ཀྱི་ཕྱིར་བུད་ཤིང་ལ་ལྟོས་པ་ཡིན་པའི་

ཕྱིར་མེ་སྔར་གྲུབ་ཟིན་པ་ལ་ཁྱད་པར་དེ་ཙམ་ཞིག་སྒྲུབ་པ་ཡིན་གྱི་དེས་མེ་སྔ་ན་མེད་པ་བསྒྲུབ་པར་མི་ནུས་པས་དེ་ནི་མི་རུང་ངོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །དེ་ལྟར་རྟོག་པ་ལ་སྐྱོན་དེ་འབའ་ཞིག་ཏུ་འགྱུར་བར་ཡང་མ་ཟད་དེ། སྐྱོན་གཞན་ཡང་བསྟན་པའི་ཕྱིར། བུད་
པར་བྱ་བའི་ཤིང་ལ་ཡང་། །མེ་མེད་པར་ཡང་འགྱུར་བ་ཡིན། །ཞེས་བྱ་བ་སྨྲས་ཏེ། དེ་ལྟ་ན་བུད་ཤིང་ལའང་མེ་མེད་པར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བུད་ཤིང་ཡང་གྲུབ་ན་མེ་ལ་ལྟོས་པར་འཐད་ཀྱི་བུད་ཤིང་མ་གྲུབ་ཅིང་མེད་ན་ཅི་ལྟར་མེ་ལ་ལྟོས་པར་བྱེད་དེ། དེའི་ཕྱིར་བུད་
ཤིང་དེ་ཉིད་ཀྱང་མེ་མེད་པར་རང་གིས་རབ་ཏུ་གྲུབ་པར་ཐལ་བར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། བུད་ཤིང་དེ་སྔར་མེ་ལ་མ་ལྟོས་པར་ཡང་བུད་ཤིང་ཉིད་དུ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། མི་སྲེག་པའི་ཚེ་མེ་ལ་མ་ལྟོས་པར་ཡང་བུད་ཤིང་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དེ་ནི་
མི་འདོད་པས་ཞེས་བྱ་བ་ནི་སྔར་མེ་ལ་མ་ལྟོས་པར་བུད་ཤིང་ཉིད་དུ་གྲུབ་པ་དེ་ནི་ཁྱེད་ཀྱང་མི་འདོད་པས་སོ། །འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མངོན་ཏེ་ཞེས་བྱ་བ་ནི། བུད་པར་བྱ་བའི་ཤིང་ལ་ཡང་། །མེ་མེད་པར་ནི་འགྱུར་བ་ཡིན། །ཞེས་བྱ་བ་ནི་བུད་ཤིང་དེ་སྔར་མེ་ལ་མ་
ལྟོས་པར་ཡང་བུད་ཤིང་ཉིད་དུ་འགྲུབ་པར་ཐལ་བར་འགྱུར་བའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་དེ་ལས་བཟློག་པ་སྐབས་ཀྱི་དོན་གྱི་སྒོ་ནས་རྗེས་སུ་དཔག་པ་མངོན་ཏེ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དོན་དམ་པར་བུད་ཤིང་ནི་མེའི་སྔ་རོལ་ན་གྲུབ་པ་མེད་དེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མེའི་རང་
གི་བདག་ཉིད་བཞིན་ཏེ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེའི་རང་གི་བདག་ཉིད་ནི་བུད་ཤིང་ལ་ལྟོས་པ་དང་བཅས་པའི་ཕྱིར་བུད་ཤིང་གི་སྔ་རོལ་ན་གྲུབ་པ་མེད་པ་དེ་བཞིན་དུ་བུད་
ཤིང་ཡང་མེ་ལ་ལྟོས་པ་དང་བཅས་པའི་ཕྱིར་མེའི་སྔ་རོལ་ན་མེད་དོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་དབུ་མ་པའི་གཏན་ཚིགས་ལྟོས་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཡིན་ཏེ། འདི་ལྟར་རྫ་མཁན་དང་ཐ་ག་པ་དག་ལྟོས་པ་དང་བཅས་པ་ཡིན་ཡང་

རྫ་མཁན་གྱི་སྔ་རོལ་ན་ཐ་ག་པ་གྲུབ་པ་ཡོད་པར་མཐོང་བས། དེས་ན་ཅི་རེ་ཞིག་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་མེའི་རང་གི་བདག་ཉིད་བཞིན་དུ་བུད་ཤིང་མེའི་སྔ་རོལ་ན་གྲུབ་པ་མེད་པར་འགྱུར་རམ་འོན་ཏེ་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་རྫ་མཁན་དང་ཐ་ག་པ་བཞིན་དུ་བུད་ཤིང་མེའི་སྔ་རོལ་ན་གྲུབ་པ་ཡོད་
པར་འགྱུར་བ་མ་ངེས་པས་དབུ་མ་པའི་གཏན་ཚིགས་དེ་མི་རུང་ངོ་ཞེས་ཟེར་ན། དེའི་ལན་དུ་རྫ་མཁན་དང་ཐ་ག་པ་དག་ཀྱང་ཅི་ལྟར་དོན་དམ་པར་མེ་དང་བུད་ཤིང་དག་གཞན་ཉིད་དུ་མ་གྲུབ་པས་བུད་ཤིང་མེའི་སྔ་རོལ་ན་གྲུབ་པ་མེད་པར་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ཁོངས་སུ་
གཏོགས་པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་དབུ་མ་པའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་སྔ་མ་བཞིན་དུ་ལན་གདབ་པ་ཡིན་ནོ། །དེ་ལྟར་མེ་དང་བུད་ཤིང་དག་ཕན་ཚུན་ལྟོས་ཏེ་འགྲུབ་པར་མི་འཐད་པས་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་དེ་ཉིད་སོ་ན་གནས་སོ།། །།
བམ་པོ་བཞི་བཅུ་བདུན་པ། འདིར་སྨྲས་པ། དེ་དག་ལས་གང་ཡང་རུང་བ་དང་པོར་གྲུབ་པ་མ་ཡིན་མོད་ཀྱི་འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི། ཡང་ཕ་རོལ་པོ་དག་གཏན་ཚིགས་དང་དཔེ་བསྒྲུབ་པའི་ཕྱིར་མེ་དང་བུད་ཤིང་དག་ལས་གང་ཡང་རུང་བ་དང་པོར་གྲུབ་པ་མ་ཡིན་མོད་ཀྱི་འོན་ཀྱང་དེ་དག་དུས་
མཉམ་དུ་ལྟོས་ཏེ་འགྲུབ་པས་གཏན་ཚིགས་དཔེ་གྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་སྟོན་ཏོ། །དེའི་ཕྱིར་མེ་དང་བུད་ཤིང་དག་ནི་དུས་མཉམ་དུ་འགྲུབ་པར་འགྱུར་ཏེ་ལྟོས་པ་ཅན་ཡིན་པའི་ཕྱིར་དཔེར་ན་བ་ལང་གི་རྭ་དུས་གཅིག་ཏུ་སྐྱེས་པ་དག་ལ་གཡས་པ་དང་གཡོན་པ་ཉིད་དུ་འགྲུབ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ།
དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བ་ལང་གི་རྭ་གཡས་པ་དང་གཡོན་པ་དག་ནི་ལྟོས་པ་ཅན་ཡིན་པའི་ཕྱིར་དུས་མཉམ་དུ་གྲུབ་པ་དེ་བཞིན་དུ་མེ་དང་བུད་ཤིང་དག་ཀྱང་ལྟོས་པ་ཅན་ཡིན་པའི་ཕྱིར་དུས་
མཉམ་དུ་འགྲུབ་པར་འགྱུར་ཏེ། དེས་ན་ཁོ་བོ་ཅག་གི་གཏན་ཚིགས་དང་དཔེ་འགྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་

ལ་ལྟོས་ནས་གང་ཞིག་འགྲུབ། །ཅེས་བྱ་བ་སྨྲས་ཏེ། གལ་ཏེ་ཁྱོད་འདོད་པ་ལྟར་བསྒྲུབ་པར་བྱ་བའི་དངོས་པོ་མེའི་མཚན་ཉིད་གང་ཡིན་པ་དེ་ནི་བུད་ཤིང་གི་དངོས་པོ་གཞན་ལ་ལྟོས་ནས་འགྲུབ་ཅིང་། བསྒྲུབ་པར་བྱ་བའི་དངོས་པོ་མེའི་མཚན་ཉིད་དེ་ཉིད་ལ་ཡང་ལྟོས་ནས་བསྒྲུབ་པར་
བྱ་བའི་དངོས་པོ་མེའི་མཚན་ཉིད་གྲུབ་པར་བྱ་བའི་ཕྱིར་ལྟོས་པར་བྱ་བའི་དངོས་པོ་བུད་ཤིང་གང་ཡིན་པ་དེ་འགྲུབ་ན། གང་ལ་ལྟོས་ནས་གང་ཞིག་འགྲུབ་སྟེ་གང་ཡང་མི་འགྲུབ་པོ་ཞེས་སྟོན་ཏོ། །དང་པོར་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་རྩ་བ་བཞི་པའི་མཇུག་ནས་གང་ཞིག་
འགྲུབ་ཅེས་འབྱུང་བ་ནི་དང་པོར་ཞེས་བྱ་བའི་ཚིག་གི་ལྷག་མ་སྟེ། གལ་ཏེ་ཁྱོད་འདོད་པ་ལྟར་དུས་མཉམ་དུ་ཕན་ཚུན་ལྟོས་ཏེ་འགྲུབ་པར་བརྟགས་ན། གལ་ཏེ་མེ་རང་གི་ངོ་བོར་གྲུབ་པར་གྱུར་ན་དེ་ལ་ལྟོས་ནས་བུད་ཤིང་འགྲུབ་པར་འགྱུར་བའམ། བུད་ཤིང་རང་གི་ངོ་བོར་གྲུབ་པར་གྱུར་ན་དེ་ལ་ལྟོས་
ནས་མེ་འགྲུབ་པར་འགྱུར་གྲང་ན། དེ་ལྟ་ན་གང་ལ་ལྟོས་ནས་དང་པོར་གང་ཞིག་འགྲུབ་ཅེས་བརྟག་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་གལ་ཏེ་ཁྱོད་འདོད་པ་ལྟར་མེའི་མཚན་ཉིད་ཀྱི་དངོས་པོ་གང་ཡིན་པ་ནི་བུད་ཤིང་ལ་ལྟོས་ནས་འགྲུབ་ཅིང་། མེ་དེ་ཉིད་ལ་ཡང་ལྟོས་ནས་མེ་གྲུབ་པར་བྱ་བའི་ཕྱིར་ལྟོས་པར་བྱ་བ་
བུད་ཤིང་གི་མཚན་ཉིད་ཀྱི་དངོས་པོ་གང་ཡིན་པ་དེ་གྲུབ་ན་གང་ལ་ལྟོས་ནས་གང་ཞིག་འགྲུབ་པར་འགྱུར་ཏེ། གང་ཡང་རུང་བ་མེ་ཉིད་དམ་བུད་ཤིང་ཉིད་དུ་མི་འགྲུབ་སྟེ་ཞེས་བྱ་བ་སྨྲས་ཏེ། ཅི་མེ་ལ་ལྟོས་ནས་བུད་ཤིང་འགྲུབ་པར་བརྟག་གམ་འོན་ཏེ་བུད་ཤིང་ལ་ལྟོས་ནས་མེ་འགྲུབ་པར་བརྟག་སྟེ་གཉི་ག་མི་འགྲུབ་
པོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་རང་གི་རྒྱུ་ལས་སྐྱེ་བ་ནི་ཕན་ཚུན་ལྟོས་པ་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། མེའི་མེ་ཉིད་ཀྱི་རྒྱུ་ནི་བུད་ཤིང་ཡིན་ལ་བུད་ཤིང་གི་བུད་ཤིང་ཉིད་ཀྱི་རྒྱུ་ཡང་མེ་ཡིན་པས། དངོས་པོ་རང་གི་རྒྱུ་ལས་སྐྱེ་བ་ནི་རྒྱུ་ནི་སྔ་ལ་འབྲས་བུ་ནི་འཕྱི་བའི་
ཚུལ་གྱིས་རྒྱུ་ལ་ལྟོས་ཏེ་འབྲས་བུ་འགྲུབ་པ་ཡིན་ན་ཁྱོད་འདོད་པ་ལྟར་དུས་མཉམ་པར་གྱུར་ན། ཕན་ཚུན་ལྟོས་པ་མེད་པས་དེས་ན་དེ་དག་ནི་གང་གི་ཕྱིར་མེ་ཡང་བུད་ཤིང་མེད་ན་མི་འགྲུབ་ལ། བུད་ཤིང་ཡང་མེ་མེད་ན་མི་འགྲུབ་པ་དེའི་ཕྱིར་མེ་དང་བུད་ཤིང་དེ་དག་གང་ལ་ལྟོས་ནས་དང་པོར་གང་ཞིག་འགྲུབ་

སྟེ། གཉི་ག་མི་འགྲུབ་པས་ཁྱོད་ཀྱིས་དམ་བཅས་པ་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེས་ན་བ་ལང་རྭའི་དཔེ་ཉིད་ལ་ཡང་གཏམ་དེ་ཉིད་དུ་འགྱུར་ཏེ། དེ་གཉིས་ལ་ཡང་གང་ལ་ལྟོས་ནས་གཞན་གང་ཡང་རུང་བ་འགྲུབ་པར་འགྱུར་བའི་གཡས་པའམ། གཡོན་པར་གྲགས་པ་གང་ཡིན་ཞེས་བྱ་བ་ནི། དེ་ལྟར་མེ་
དང་བུད་ཤིང་དག་དུས་མཉམ་དུ་ལྟོས་ཏེ་མི་འགྲུབ་པ་དེས་ན་ཕ་རོལ་པོའི་དཔེ་བ་ལང་གི་རྭ་དུས་གཅིག་ཏུ་སྐྱེས་པ་དག་ལ་གཡས་པ་དང་གཡོན་པ་ཉིད་དུ་གྲུབ་པ་བཞིན་ནོ་ཞེས་བྱ་བ་དེ་ཡང་དེ་བཞིན་དུ་མི་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གཞན་ཡང་། དངོས་པོ་ལྟོས་འགྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཅི་
ལྟར་ལྟོས། །མ་གྲུབ་པ་ནི་ལྟོས་པར་མི་བྱེད་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏེ། དེ་ནི་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བས་ནི་ཚིག་ལེའུར་བྱས་པ་སྔ་མ། གང་ལ་ལྟོས་ནས་གང་ཞིག་འགྲུབ། །ཅེས་བྱ་བས་མེ་དང་བུད་ཤིང་དག་དུས་མཉམ་དུ་ལྟོས་ཏེ། འགྲུབ་པར་རྟོག་པའི་ཕྱོགས་ལ་གཉི་ག་མི་
འགྲུབ་པར་བསྟན་ནས་འདིར་དངོས་པོ་གང་དངོས་པོ་གཞན་ལ་ལྟོས་ཏེ་འགྲུབ་པོ་ཞེས་བརྗོད་པའི་དངོས་པོ་དེ་མ་གྲུབ་ཅིང་མེད་ན་ཅི་ལྟར་ལྟོས་པར་བྱེད་དེ། མ་གྲུབ་པ་ལ་ལྟོས་པ་མེད་དོ་ཞེས་དམ་བཅའ་བ་ཉེ་བར་གཞག་པ་སྟོན་ཏོ། །དེའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར་འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་
མེ་མ་གྲུབ་པ་བུད་ཤིང་ལ་ལྟོས་པར་མི་བྱེད་དེ་མེ་ཉིད་དུ་མ་གྲུབ་པའི་ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་མ་གྲུབ་པ་དེ་ལས་གཞན་པ་ལྷས་བྱིན་
མ་གྲུབ་པ་ནི་རང་ཉིད་མ་གྲུབ་པའི་ཕྱིར་བུད་ཤིང་ལ་ལྟོས་པར་མི་བྱེད་པ་དེ་བཞིན་དུ་མེ་མ་གྲུབ་པ་ཡང་རང་ཉིད་མ་གྲུབ་པའི་ཕྱིར་བུད་ཤིང་ལ་ལྟོས་པར་མི་བྱེད་དོ། །ཕ་རོལ་པོ་དག་རང་གི་ཚུལ་ལ་གནོད་པ་བཅབ་པའི་ཕྱིར་ཅི་སྟེ་གྲུབ་པ་ལྟོས་ཤེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དངོས་པོ་མ་གྲུབ་པ་ལྟོས་པར་འདོད་པའི་
ཕྱོགས་ལ་དབུ་མ་པས། དངོས་པོ་ལྟོས་འགྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཅི་ལྟར་ལྟོས། །ཞེས་བྱ་བས་མ་གྲུབ་པ་ལྟོས་པར་མི་འཐད་པར་སུན་ཕྱུང་བ་དང་། ད་འདིར་ཕ་རོལ་པོ་དག་རང་གི་ཚུལ་ལ་གནོད་པ་དེ་བཅབ་པའི་ཕྱིར་ཅི་སྟེ་དངོས་པོ་གྲུབ་པ་ཉིད་གཞན་ལ་ལྟོས་ཀྱི་མ་གྲུབ་ན་ནི་མི་ལྟོས་ལ། གྲུབ་པ་

ལ་ཡང་གཞན་དག་ལྟོས་སོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་སྐད་ཅེས་ཟེར་ན་དེ་ལྟ་ན་ཡང་། དེ་ནི་ལྟོས་པར་མི་རིགས་སོ། །ཞེས་བྱ་བ་སྨྲས་སོ། །ཅིའི་ཕྱིར་གྲུབ་པ་ལྟོས་པར་མི་རིགས་ཤེ་ན། དེའི་ཕྱིར་ལྟོས་པ་དང་བཅས་པ་ཉིད་
དུ་རྗེས་སུ་དཔོག་པས་ཡོད་པ་ཉིད་ཀྱིས་མེད་པ་ཉིད་བསལ་བའི་ཕྱིར་དེས་ན་མེད་པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་ལ་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ནི་མེའི་དངོས་པོ་ད་དུང་མ་གྲུབ་ཅིང་མེད་པ་བུད་ཤིང་ལ་ལྟོས་ཏེ་འགྲུབ་ལ། མེ་གྲུབ་པ་
དེ་ཉིད་ལ་ལྟོས་ནས་བུད་ཤིང་ཡོད་པར་སྒྲུབ་པས། དེ་ལྟར་ལྟོས་པ་དང་བཅས་པ་ཉིད་དུ་རྗེས་སུ་དཔོག་ན་ལྟོས་པ་དང་བཅས་པ་ནི་ཡོད་པ་ཡིན་པས། ཡོད་པ་ཉིད་ཀྱིས་མེད་པ་ཉིད་བསལ་ཏེ། དཔེར་ན་བྱིས་པ་ནུ་མ་ལ་ལྟོས་པ་དང་བཅས་པའི་ཕྱིར་ཡོད་པ་ཉིད་ཡིན་པས་ཡོད་པ་ཉིད་ཀྱིས་མེད་པ་ཉིད་བསལ་
བ་བཞིན་དུ་མེ་བུད་ཤིང་ལ་ལྟོས་པ་ཡང་ལྟོས་པ་དང་བཅས་པའི་ཕྱིར་ཡོད་པ་ཉིད་ཡིན་པས། ཡོད་པ་ཉིད་ཀྱིས་མེད་པ་ཉིད་བསལ་བའི་ཕྱིར་དེས་ན་ཁྱེད་མེའི་དངོས་པོ་ད་དུང་མ་གྲུབ་ཅིང་མེད་པ་བུད་ཤིང་ལ་ལྟོས་ཏེ་འགྲུབ་པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་ལ་ཆོས་ཅན་མེའི་དངོས་པོ་མ་གྲུབ་ཅིང་མེད་པ་
ཞེས་བྱ་བའི་རང་གི་ངོ་བོ་ལྟོས་པ་དང་བཅས་པ་ཉིད་དུ་རྗེས་སུ་དཔོག་པ་བསལ་བའི་སྐྱོན་ཡོད་པས། མེའི་དངོས་པོ་གྲུབ་ཅིང་ཡོད་པར་གྱུར་ན། དངོས་པོ་གྲུབ་ཅིང་ཡོད་པ་ཡང་གྲུབ་པར་བྱ་བའི་ཕྱིར་གཞན་ལ་ལྟོས་པ་ནི་དོན་མེད་པའི་ཕྱིར་མི་རིགས་སོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །
ཁ་ཅིག་ན་རེ་ཕྱོགས་སྔ་མའི་ཚིག་ལེའུར་བྱས་པ་དེའི་སྒྲ་དང་དོན་འདི་ལྟར་ཡང་སྦྱར་ཏེ། ཕ་རོལ་པོ་དག་རང་གི་ཚུལ་ལ་གནོད་པ་བཅབ་པའི་ཕྱིར། ཅི་སྟེ་མ་གྲུབ་ལྟོས་ཤེ་ན། །ཞེས་ཟེར་བར་སྦྱར་ཏེ། དཔེ་ནི་འདི་སྐད་བསྟན་ཏེ། ཕ་རོལ་པོ་དག་དངོས་པོ་མ་གྲུབ་པ་ལ་ལྟོས་པར་འདོད་པའི་
ཕྱོགས་ལ་དབུ་མ་པས། དངོས་པོ་ལྟོས་འགྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཅི་ལྟར་ལྟོས། །ཞེས་བྱ་བས་མ་གྲུབ་པ་ལྟོས་པར་མི་འཐད་པར་སུན་ཕྱུང་བ་དང་། ད་འདིར་ཕ་རོལ་པོ་དག་རང་གི་ཚུལ་ལ་གནོད་པ་དེ་བཅབ་པའི་ཕྱིར་ཡང་ཚིག་ཙམ་གྱིས་སྤོགས་ཏེ། དངོས་པོ་མ་གྲུབ་པ་

ཉིད་གཞན་ལ་ལྟོས་སོ་ཞེས་ཟེར་བར་སྦྱར་རོ། །དེའི་ལན་ནི་དེ་སྐད་ཟེར་ན་དེ་ལྟ་ན་ཡང་། དེ་ནི་ལྟོས་པར་མི་རིགས་སོ། །ཞེས་བྱ་བ་དེ་ཉིད་ཡིན་ནོ། །ཅིའི་ཕྱིར་མ་གྲུབ་པ་ལྟོས་པར་མི་རིགས་ཤེ་ན། དེའི་འཐད་པ་ཡང་ལྟོས་པ་དང་བཅས་པ་ཉིད་དུ་རྗེས་སུ་དཔོག་པས་ཡོད་པ་ཉིད་ཀྱིས་མེད་པ་ཉིད་
བསལ་བའི་ཕྱིར་དེས་ན་མེད་པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་ལ་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བའི་སྐྱོན་ཡོད་དོ་ཅེས་བྱ་བར་དགོངས་སོ་ཞེས་བྱ་བ་དེ་ཉིད་ཡིན་ཏེ། ཕ་རོལ་པོ་དག་མ་གྲུབ་པ་ལྟོས་པར་འདོད་ན་མ་གྲུབ་པ་ནི་མེད་པ་ཡིན་ལ། ལྟོས་པ་ནི་ཡོད་པ་ཡིན་པས་ལྟོས་པ་དང་བཅས་པ་ཉིད་
དུ་རྗེས་སུ་དཔོག་པས་ཡོད་པ་ཉིད་ཀྱིས་མེད་པ་ཉིད་བསལ་བའི་ཕྱིར་དེས་ན། ཕ་རོལ་པོ་དངོས་པོ་མ་གྲུབ་ཅིང་མེད་པར་སྨྲ་བ་རྣམས་ཀྱིས་དམ་བཅས་པ་ལ་ཆོས་ཅན་མེའི་དངོས་པོ་མ་གྲུབ་ཅིང་མེད་པ་ཞེས་བྱ་བའི་རང་གི་ངོ་བོ་ལྟོས་པ་དང་བཅས་པ་ཉིད་དུ་རྗེས་སུ་དཔོག་པས་བསལ་བའི་སྐྱོན་ཡོད་པས་མེའི་དངོས་
པོ་གྲུབ་ཅིང་ཡོད་པར་གྱུར་ན། དེ་མ་གྲུབ་པ་མ་ཡིན་པས་ཕ་རོལ་པོ་དག་ན་རེ་མ་གྲུབ་པ་ལྟོས་སོ་ཞེས་ཟེར་བ་དེ་མི་རིགས་སོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ་ཞེས་བྱ་བར་ཡང་སྦྱར་དུ་རུང་ཞེས་སོ། །ཡང་ན། དེ་ནི་ལྟོས་པར་མི་རིགས་སོ། །མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ་
ཞེས་བྱ་བ་ནི། ཅི་སྟེ་གྲུབ་པར་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཞེས་བྱ་བའི་སྐབས་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན། ནམ་མཁའི་མེ་ཏོག་ནི་མེད་པའི་ཕྱིར་བུད་ཤིང་ལ་
ལྟོས་པར་མི་འཐད་པ་དེ་བཞིན་དུ་ཕ་རོལ་པོ་དག་འདོད་པའི་མེའི་དངོས་པོ་གྲུབ་པ་དེ་ཡང་དོན་དམ་པར་མེད་པའི་ཕྱིར་བུད་ཤིང་ལ་ལྟོས་པར་མི་རིགས་སོ། །འདིར་ཡང་། ཅི་སྟེ་མ་གྲུབ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་འཐད་དོ། །ཞེས་བྱ་བ་ལྟར་སྦྱར་ན་ནི་ཆོས་ཅན་ཕ་རོལ་པོ་དག་འདོད་པ་མེའི་དངོས་
པོ་གྲུབ་པ་དེ་ལས་བཟློག་སྟེ་མ་གྲུབ་པ་དེ་དང་སྦྱར་རོ། །ཡང་ན། དེ་ནི་ལྟོས་པར་མི་རིགས་སོ། །བུད་ཤིང་དེ་ནི་མེ་ལ་ལྟོས་པར་མི་རིགས་ཏེ་མེ་བཞིན་དུ་མེད་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་ནི། ཅི་སྟེ་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཞེས་བྱ་བའི་

སྐབས་དེས་བུད་ཤིང་ཕྱོགས་སུ་བྱ་བ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཕ་རོལ་པོ་དག་འདོད་པའི་བུད་ཤིང་གྲུབ་པ་དེ་ལས་གཞན་པ་བུམ་པ་གྲུབ་པ་ནི་དོན་དམ་པར་མེ་བཞིན་དུ་མེད་པའི་
ཕྱིར་མེ་ལ་ལྟོས་པར་མི་རིགས་པ་དེ་བཞིན་དུ་ཕ་རོལ་པོ་དག་འདོད་པའི་བུད་ཤིང་གྲུབ་པ་དེ་ཡང་དོན་དམ་པར་མེ་བཞིན་དུ་མེད་པའི་ཕྱིར་མེ་ལ་ལྟོས་པར་མི་རིགས་སོ། །འདིར་ཡང་། ཅི་སྟེ་མ་གྲུབ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཞེས་བྱ་བ་ལྟར་སྦྱར་ན་ནི་ཆོས་ཅན་ཕ་རོལ་པོ་དག་འདོད་
པའི་བུད་ཤིང་གི་དངོས་པོ་གྲུབ་པ་དེ་ལས་བཟློག་སྟེ་མ་གྲུབ་པ་དེ་དང་སྦྱར་རོ། །དེ་བཞིན་དུ་མེའི་ཕྱོགས་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི། ཅི་སྟེ་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཞེས་བྱ་བའི་སྐབས་དེས་མེ་ཕྱོགས་སུ་བྱ་བ་ཡིན་ཏེ། མེ་ནི་བུད་ཤིང་ལ་ལྟོས་པར་
མི་རིགས་ཏེ། བུད་ཤིང་བཞིན་དུ་མེད་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བར་སྦྱར་ཏེ། དཔེར་ན་ཕ་རོལ་པོ་དག་འདོད་པའི་མེ་གྲུབ་པ་དེ་ལས་གཞན་པ་བུམ་པ་གྲུབ་པ་ནི་དོན་དམ་པར་བུད་ཤིང་བཞིན་དུ་མེད་པའི་ཕྱིར་བུད་ཤིང་ལ་ལྟོས་པར་མི་རིགས་པ་དེ་བཞིན་
དུ་ཕ་རོལ་པོ་དག་འདོད་པའི་མེ་གྲུབ་པ་དེ་ཡང་དོན་དམ་པར་བུད་ཤིང་བཞིན་དུ་མེད་པའི་ཕྱིར་བུད་ཤིང་ལ་ལྟོས་པར་མི་རིགས་སོ། །འདིར་ཡང་། ཅི་སྟེ་མ་གྲུབ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཞེས་བྱ་བ་ལྟར་སྦྱར་ན་ནི་ཆོས་ཅན་ཕ་རོལ་པོ་དག་འདོད་པའི་མེའི་དངོས་པོ་
གྲུབ་པ་དེ་ལས་བཟློག་སྟེ་མ་གྲུབ་པ་དེ་དང་སྦྱར་རོ། །དེའི་ཕྱིར་དེ་ལྟར་བརྟགས་ན་ཞེས་བྱ་བ་ལ་སོགས་པས་ནི་མེ་དང་བུད་ཤིང་དག་གྲུབ་པ་དང་མ་གྲུབ་པ་ལྟོས་པར་མི་འཐད་པའི་སྐབས་ཀྱི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་སྟོན་ཏེ། ཤིང་ལ་ལྟོས་པའི་མེ་མེད་དེ། །སྔར་བསྟན་པའི་
ཚུལ་གྱིས་བུད་ཤིང་མེ་ལ་མི་ལྟོས་པ་བུད་ཤིང་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་མེ་དང་བུད་ཤིང་གྲུབ་པ་དང་མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་རོ། །ཤིང་ལ་མ་ལྟོས་མེ་ཡང་མེད། །རྒྱུད་ཐ་དད་པ་དག་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་དང་གཞན་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་

ནི་གཞན་ལ་ལྟོས་པ་མེད་པ་དང་འབར་བྱེད་མེད་པའི་རྒྱུ་ལས་བྱུང་བ་དང་རྟག་ཏུ་འབར་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། མེ་ལ་ལྟོས་པའི་ཤིང་མེད་དེ། །མེ་ལ་མ་ལྟོས་ཤིང་ཡང་མེད། །ལྟོས་པ་བཀག་པའི་ཕྱིར་དང་གཞན་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་ནི་མེ་དང་བུད་ཤིང་གྲུབ་པ་དང་
མ་གྲུབ་པ་དག་ལྟོས་པར་མི་འཐད་པའི་ཕྱིར་དང་། མེ་མེད་ཅིང་སྲེག་བཞིན་མ་ཡིན་ན་བུད་ཤིང་ཉིད་དུ་མི་འཐད་པའི་ཕྱིར་རོ། །ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་མེ་གཞན་ལས་ཀྱང་མི་འོང་ལ། བུད་ཤིང་ལ་ཡང་མེད་པར་སྟོན་ཏོ། །དེ་ལ་རེ་ཞིག་གཞན་ལས་མི་འོང་བ་བསྟན་པའི་ཕྱིར། མེ་
ནི་གཞན་ལས་མི་འོང་སྟེ། །གཞན་ཉིད་བཀག་པའི་ཕྱིར་དང་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །བུད་ཤིང་དང་བཅས་པར་རམ་བུད་ཤིང་མེད་པར་འོང་བར་བརྟགས་ན་གཉི་ག་ལ་ཡང་འོང་བ་མི་འགྲུབ་སྟེ་ཞེས་བྱ་བ་ནི་འདི་ལྟར་མེ་དེ་གཞན་ལས་འོང་བར་བརྟགས་ན་དེ་
བུད་ཤིང་དང་བཅས་པར་འོང་ངམ་བུད་ཤིང་མེད་པར་འོང་གྲང་ན། གཉི་ག་ལ་ཡང་འོང་བ་མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། ལྟོས་པ་དང་བཅས་པ་མ་གྲུབ་པའི་ཕྱིར་དང་། ལྟོས་པ་མེད་ན་བུད་ཤིང་མེད་པས་གཞི་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་མེ་དང་བུད་ཤིང་གྲུབ་པ་དང་མ་
གྲུབ་པ་དག་ལྟོས་པར་མི་འཐད་པ་དེའི་ཕྱིར་མེ་དང་བུད་ཤིང་དག་མེད་པས་བུད་ཤིང་དང་བཅས་པར་འོང་བར་མི་འགྲུབ་པོ། །གང་གི་ཕྱིར་མེ་དང་བུད་ཤིང་དག་ལྟོས་པ་མེད་ན་བུད་ཤིང་མེད་པ་དེའི་ཕྱིར་མེའི་གཞི་མེད་པས་བུད་ཤིང་མེའི་གཞི་འོང་བ་མི་འགྲུབ་པོ། །ད་ནི་མེ་བུད་ཤིང་ལ་ཡང་མེད་
པར་བསྟན་པའི་ཕྱིར། ཤིང་ལའང་མེ་ནི་ཡོད་མ་ཡིན། །གཞན་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཤིང་ལའང་མེ་ནི་ཡོད་མ་ཡིན། །ཞེས་བྱ་བ་ནི་དམ་བཅའ་བ་ཡིན་ལ། གཞན་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་སྒྲུབ་པ་ཡིན་ཏེ། མེ་ལས་གཞན་པའི་ཤིང་མེད་པའི་ཕྱིར་གཞི་བུད་ཤིང་
དེ་ལ་མེ་གཞག་པ་ཡོད་པར་བརྟག་ཏུ་མི་རུང་ངོ་། །ཡང་ན་བུད་ཤིང་མེ་མེད་པ་ཉིད་ཕྱོགས་སུ་བྱས་ཏེ་བཤད་པ་ཞེས་བྱ་བས་ནི་ཡང་ན་ཀུན་རྫོབ་ཏུ་འབར་བ་དང་བཅས་པ་ནི་མེ་ཞེས་བྱ་ལ། འབར་བ་ལ་སོགས་པ་ཚ་བ་མེད་པའི་ཤིང་ནི་བུད་ཤིང་ཞེས་བྱ་བས་དེ་ཕྱོགས་སུ་བྱས་ཏེ། ཚིག་ལེའུར་བྱས་པའི་རྩ་

བ་དེ་རྣམ་པ་གཞན་དུ་བཤད་པ་སྟོན་ཏོ། །དེའི་ཕྱིར། ཤིང་ལའང་མེ་ནི་ཡོད་པ་ཡིན། །སྐྱེ་བ་ཅན་ཡིན་པའི་ཕྱིར་དཔེར་ན་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་
པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྣམ་པར་ཤེས་པ་ནི་སྐྱེ་བ་ཅན་ཡིན་པའི་ཕྱིར་དེ་ལ་མེ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བུད་ཤིང་ཡང་སྐྱེ་བ་ཅན་ཡིན་པའི་ཕྱིར་དེ་ལ་ཡང་མེ་ཡོད་པ་མ་ཡིན་ནོ། །གང་དག་མེ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་མཚན་ཉིད་ཡིན་པའི་ཕྱིར་དཔེ་ལ་ཡང་དེ་ཡོད་པར་སྨྲ་བ་དེ་
དག་ལ་ཡང་ཞེས་བྱ་བ་ནི་གྲངས་ཅན་དག་དབུ་མ་པའི་དཔེ་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་དེ་སྒྲུབ་པར་བྱ་བ་ཆོས་ཀྱིས་སྟོང་པས་མི་རུང་ངོ་ཞེས་ཟེར་བའི་ཕྱོགས་ཡིན་ཏེ། དེ་དག་ན་རེ་སྙིང་སྟོབས་ལ་སོགས་པ་ཡོན་ཏན་གསུམ་ནི་རྟག་པ་དང་ཐམས་ཅད་དུ་སོང་བ་ཡིན་པའི་ཕྱིར་མེ་ནི་ཡོན་ཏན་
གསུམ་ལས་སྙིང་སྟོབས་དང་རྡུལ་གྱི་ཤས་ཆེ་བ་ཡིན་པས་ཁྱེད་ཀྱི་དཔེ་རྣམ་པར་ཤེས་པ་ལ་ཡང་མེ་དེ་ཡོད་པའི་ཕྱིར་བུད་ཤིང་ལ་མེ་ཡོད་པ་མ་ཡིན་པར་སྒྲུབ་པའི་དཔེར་རྣམ་པར་ཤེས་པ་མི་རུང་ངོ་ཞེས་ཟེར་བ་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་
བསལ་བའི་ཁྱད་པར་ཅན་གྱི་དངོས་པོ་མེད་པའི་ཕྱིར་དཔེ་མེད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྣམ་པར་ཤེས་པ་དེ་ལ་འབར་བ་དང་ཚ་བ་ལ་སོགས་པ་བསལ་བའི་ཁྱད་པར་ཅན་གྱི་མེའི་དངོས་པོ་མེད་པའི་ཕྱིར་བུད་ཤིང་ལ་མེ་བསལ་བའི་ཁྱད་པར་ཅན་གྱི་དངོས་པོ་མེད་པ་དང་ཆོས་མཐུན་པས་རྣམ་པར་
ཤེས་པ་དཔེར་རུང་སྟེ། འདི་ལྟར་རྣམ་པར་ཤེས་པ་ལ་འབར་བ་དང་ཚ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་མེ་དམིགས་སུ་མེད་པའི་ཕྱིར་རོ། །གལ་ཏེ་དེའི་ནུས་པ་ཡོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་འདི་སྐད་ཅེས་རྣམ་པར་ཤེས་པ་ལ་མེ་བསལ་བའི་ངོ་བོ་
ཉིད་དུ་མེད་མོད་ཀྱི་འོན་ཀྱང་མེ་དེའི་ནུས་པ་རྣམ་པར་ཤེས་པ་ལ་ཡོད་པའི་ཕྱིར་ཁྱེད་ཀྱི་དཔེར་མི་རུང་བས་ཁོ་བོ་ཅག་གི་སྒྲུབ་པ་ལ་སྐྱོན་མེད་དོ་ཞེས་ཟེར་ནའོ། །དེ་སྐད་ཅེས་ཟེར་ན་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ལན་དེ་ནི་རྟོག་གེ་པ་སྒྲའི་མཚན་ཉིད་མངོན་པར་མི་ཤེས་པ་ལ་

དེ་མངོན་པར་མི་ཤེས་པ་ཉིད་དུ་བསྟན་པ་ནི་རྟོག་གེའི་བསྟན་བཅོས་ཤེས་པ་ཉིད་ཀྱིས་སྒྲའི་མཚན་ཉིད་ལ་མཁས་སོ་ཞེས་ཕྱིར་ཟློག་པར་བྱེད་པ་བཞིན་ནོ་ཞེས་བྱ་བ་བཞད་གད་དུ་འགྱུར་བའི་དཔེ་དང་བཅས་པ་འདི་སྨྲས་ཏེ། རྟོག་གེ་པ་སྒྲའི་མཚན་ཉིད་ལ་མི་མཁས་པ་ལ་ལ་ཞིག་ལ། སྨྲ་བ་པོ་འགའ་
ཞིག་གིས་ཁྱོད་སྒྲའི་མཚན་ཉིད་ལ་མི་མཁས་པ་ཡིན་ནོ་ཞེས་བསྟན་པ་དེ་ན་རེ་ཁོ་བོ་རྟོག་གེའི་བསྟན་བཅོས་ལ་མཁས་པ་ཉིད་ཡིན་ན་ཅིའི་ཕྱིར་སྒྲའི་མཚན་ཉིད་ལ་མི་མཁས་པ་ཡིན་ཞེས་ལན་འདེབས་པ་དེ་ནི། ཀུན་གྱི་བཞད་གད་དུ་འགྱུར་བ་དང་འདྲ་བར་འདིར་ཁོ་བོས་བུད་ཤིང་མེ་མེད་
པ་ཉིད་ཕྱོགས་སུ་བྱས་ཏེ། དེའི་དཔེར་རྣམ་པར་ཤེས་པ་ལ་མེའི་བསལ་བ་མེད་པ་ཉེ་བར་བཞག་པ་ན་དེ་ལ་ཁྱོད་ན་རེ་མེའི་བསལ་བ་མེད་ཀྱང་ནུས་པ་ཡོད་པས་དཔེར་མི་རུང་ངོ་ཞེས་ཟེར་བ་དེ་ཡང་ཀུན་གྱི་བཞད་གད་དུ་འགྱུར་བས་ལན་དེ་ནི་ལན་དུ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། གཞན་དག་ནི། ཤིང་
ལའང་མེ་ནི་ཡོད་མ་ཡིན། །ཞེས་བྱ་བ་འདི་ལ་མི་དམིགས་པའི་ཕྱིར་དང་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པ་བྱེད་དོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་རྩ་བ་འདི་ལ་འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏ་ནི་འདི་སྐད་ཅེས་རྣམ་པར་བཤད་པ་བྱེད་དེ། བུད་
ཤིང་ལ་ཡང་མེ་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མི་དམིགས་པའི་ཕྱིར་དང་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་བུད་ཤིང་ལ་མེ་ཡོད་པར་གྱུར་ན་དེ་ལ་དམིགས་པར་འགྱུར་བ་ཞིག་ན་གང་གི་ཕྱིར་མི་དམིགས་པ་དེའི་ཕྱིར་བུད་ཤིང་ལ་མེ་ཡོད་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་
བུད་ཤིང་ལ་མེ་ཡོད་པར་གྱུར་ན་བུད་ཤིང་གཞུག་པ་དང་སྦར་བ་དང་བསྒུལ་བ་ལ་སོགས་པའི་རྩོམ་པ་དོན་མེད་པར་འགྱུར་བའི་ཕྱིར་བུད་ཤིང་ལ་མེ་ཡོད་པ་མ་ཡིན་ནོ་ཞེས་རྣམ་པར་བཤད་པ་བྱེད་དོ། །གཞན་མ་ཡིན་པ་ན་རེ་དེ་ནི་རིགས་པ་མ་ཡིན་ཏེ། མི་དམིགས་པ་གཏན་ཚིགས་ཉིད་དུ་མི་འགྲུབ་
པའི་ཕྱིར་དང་། རྩོམ་པ་དོན་ཡོད་པའི་གཏན་ཚིགས་ཀྱི་དོན་ཡོད་པ་ཉིད་དུ་སྟོན་པ་མཛད་པའི་མཐའ་དང་འགལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བས་ནི་གཞན་མ་ཡིན་པ་ནི་རང་ཉིད་དེ། འགྲེལ་པ་བྱེད་པ་རང་ཉིད་ཀྱིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་

སུན་འབྱིན་པ་སྟོན་ཏོ། །ཅིའི་ཕྱིར་དེ་རིགས་པ་མ་ཡིན་ཞེ་ན། མི་དམིགས་པ་གཏན་ཚིགས་ཉིད་དུ་མི་འགྲུབ་པའི་ཕྱིར་ཏེ། གང་གི་ཕྱིར་སྲེག་བཞིན་པ་བུད་ཤིང་ཞེས་བྱ་བ་དེའི་ཕྱིར་དེ་ལ་ཡང་མེ་ཉིད་དམིགས་བཞིན་པའི་ཕྱིར་རོ། །གཞན་ཡང་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་བའི་
ཕྱིར་རོ་ཞེས་བྱ་བ་དེ་ཡང་གླགས་ཡོད་པའི་ཚིག་ཡིན་པས་རྩོམ་པ་ནི་དོན་མེད་པ་ཉིད་མ་ཡིན་ཏེ་དོན་ཡོད་པ་ཉིད་དུ་འགྱུར་རོ། །དེས་ན་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་གླགས་ཡོད་པའི་ཚིག་དེ་ལས་བཟློག་ན་སྐབས་ཀྱི་དོན་རྩོམ་པ་དོན་ཡོད་པ་ཉིད་ཅེས་བྱ་བ་དེ་གཏན་ཚིགས་ཡིན་པར་མངོན་ནོ། །
རྩོམ་པ་དོན་ཡོད་པ་ཉིད་གཏན་ཚིགས་ཡིན་ན་དེས་བསྒྲུབ་པར་བྱ་བ་ཡང་བུད་ཤིང་ལ་མེ་ཡོད་པ་མ་ཡིན་ཞེས་བྱ་བ་ལས་བཟློག་པ་བུད་ཤིང་ལ་མེ་ཡོད་པ་ཞེས་བྱ་བར་འགྲུབ་པས། དེ་ལྟ་ན་ཁྱོད་ཀྱིས་སྔར་མདོ་མཛད་པའི་ལུང་ལས་བུད་ཤིང་ལས་མེ་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ་དེ་ཁས་བླངས་ལ།
དེ་འདིར་བུད་ཤིང་ལ་མེ་ཡོད་པར་བསྒྲུབས་པས་མཛད་པའི་མཐའ་དང་འགལ་བར་འགྱུར་བའི་ཕྱིར་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་ནོ། །མེ་དང་བུད་ཤིང་དག་ཅི་སྐད་བསྟན་པའི་དགག་པ་དག་འབའ་ཞིག་གིས་དགག་པར་བྱ་བ་ཡིན་པར་མ་བསམས་ཀྱི། འདི་
ལྟར་དགག་པ་གཞན་དག་གིས་ཀྱང་དགག་པར་བྱ་བ་ཡིན་པས། དེའི་ཕྱིར་དགག་པ་ལྷག་མ་དག་ཀྱང་འདྲ་བར་བསྟན་པར་བྱ་སྟེ་ཞེས་བྱ་བ་ནི་མེ་དང་བུད་ཤིང་དག་དགག་པ་ནི་གཅིག་པ་ཉིད་དང་གཞན་ཉིད་དང་ལྟོས་པ་དང་ལྟོས་པ་མེད་པ་དང་གཞན་ལས་མི་འོང་བ་དང་བུད་ཤིང་ལ་མེད་པར་དགག་
པའི་རྣམ་པ་ཅི་སྐད་བསྟན་པ་དེ་དག་འབའ་ཞིག་གིས་དགག་པར་བྱ་བ་མ་ཡིན་གྱི། དགག་པའི་རྣམ་པ་གཞན་དག་གིས་ཀྱང་འདྲ་བར་དགག་པར་བྱའོ་ཞེས་སྟོན་ཏོ། །དགག་པའི་རྣམ་པ་གཞན་དེ་དག་ཀྱང་གང་ཞེ་ན་དེའི་ཕྱིར། སོང་དང་མ་སོང་བགོམ་པ་ཡིས། །དེ་བཞིན་ཤིང་ལ་ལྷག་མ་
བསྟན། །ཞེས་བྱ་བ་སྨྲས་ཏེ་རྣམ་པ་དེ་དག་གིས་དེ་བཞིན་དུ་བུད་ཤིང་ལ་ཡང་བརྗོད་པ་ལྷག་མ་དག་བསྟན་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པ་གང་དག་གིས་ཤེ་ན། །སོང་བ་དང་མ་སོང་བ་དང་བགོམ་པའི་རྣམ་པ་དག་གིས་སོ། །དེ་ཉིད་བསྟན་པའི་ཕྱིར་ཅི་ལྟར་རྗེས་སུ་དཔག་པ་ལས་སོང་བ་

དང་མ་སོང་བ་དང་བགོམ་པ་ལ་འགྲོ་བ་མེད་པ་དེ་བཞིན་དུ་བསྲེགས་པ་དང་མ་བསྲེགས་པ་དང་སྲེག་བཞིན་པ་ལ་ཡང་སྲེག་པ་མེད་དེ། བསྲེག་པར་བྱ་བ་ཡིན་པའི་ཕྱིར་བསྲེགས་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་
པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། ཅི་ལྟར་དཔེར་ན་དོན་དམ་པར་སོང་བ་དང་མ་སོང་བ་དང་བགོམ་པའི་ལམ་དག་ནི་འགྲོད་པར་བྱ་བ་ཡིན་པའི་ཕྱིར་དེ་དག་ལ་འགྲོ་བའི་བྱ་བ་མེད་པ་དེ་བཞིན་དུ་དོན་དམ་པར་བསྲེགས་པ་དང་མ་བསྲེགས་པ་དང་སྲེག་
བཞིན་པའི་ལས་དག་ཀྱང་བསྲེག་པར་བྱ་བ་ཡིན་པའི་ཕྱིར་བསྲེགས་ཟིན་པའི་ལས་ལ་ཡང་སྲེག་པའི་བྱ་བ་མེད་པ་བཞིན་དུ་དེ་དག་ལ་ཡང་སྲེག་པའི་བྱ་བ་མེད་པར་བརྗོད་པར་བྱའོ། །ཅི་ལྟར་རྗེས་སུ་དཔག་པ་ལས་འགྲོ་བ་པོ་དང་འགྲོ་བ་པོ་མ་ཡིན་པ་དང་དེ་དག་ལས་གཞན་པ་འགྲོ་བར་མི་བྱེད་པར་
བསྟན་པ་དེ་བཞིན་དུ་དོན་དམ་པར་སྲེག་པ་པོ་དང་སྲེག་པ་མ་ཡིན་པ་དང་དེ་དག་ལས་གཞན་པ་ཡང་སྲེག་པར་མི་བྱེད་པར་བསྟན་པར་བྱ་སྟེ། བྱ་བ་གཉིས་དང་མི་ལྡན་པའི་ཕྱིར་དང་སྲེག་པ་པོ་མ་ཡིན་པའི་ཕྱིར་དང་། གཉི་གའི་སྐྱོན་དུ་འགྱུར་བའི་ཕྱིར་བོང་པ་བཞིན་ནོ་ཞེས་བརྗོད་པར་བྱའོ་ཞེས་
བྱ་བ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། ཅི་ལྟར་དཔེར་ན་དོན་དམ་པར་བོང་པ་ནི་བྱ་བ་གཉིས་དང་མི་ལྡན་པའི་ཕྱིར་འགྲོ་བར་མི་བྱེད་པ་དེ་བཞིན་དུ་འགྲོ་བ་པོ་ཡང་བྱ་བ་གཉིས་དང་མི་ལྡན་པའི་ཕྱིར་འགྲོ་
བར་མི་བྱེད་པ་དང་། བོང་བ་ནི་འགྲོ་བ་པོ་མ་ཡིན་པའི་ཕྱིར་འགྲོ་བར་མི་བྱེད་པ་དེ་བཞིན་དུ་འགྲོ་བ་པོ་མ་ཡིན་པ་ཡང་འགྲོ་བ་པོ་མ་ཡིན་པའི་ཕྱིར་འགྲོ་བར་མི་བྱེད་པ་དང་། བོང་པ་ནི་གཉི་གའི་སྐྱོན་དུ་འགྱུར་བའི་ཕྱིར་འགྲོ་བར་མི་བྱེད་པ་དེ་བཞིན་དུ་འགྲོ་བ་པོ་ཡིན་པ་དང་མ་ཡིན་པ་ཡང་གཉི་གའི་
སྐྱོན་དུ་འགྱུར་བའི་ཕྱིར་འགྲོ་བར་མི་བྱེད་པར་བསྟན་པ་དེ་བཞིན་དུ་འདིར་ཡང་དཔེར་ན་དོན་དམ་པར་བོང་པ་ནི་བྱ་བ་གཉིས་དང་མི་ལྡན་པའི་ཕྱིར་སྲེག་པར་མི་བྱེད་པ་དེ་བཞིན་དུ་སྲེག་པ་པོ་ཡང་བྱ་བ་གཉིས་དང་མི་ལྡན་པའི་ཕྱིར་སྲེག་པར་མི་བྱེད་ལ། བོང་པ་ནི་སྲེག་པ་པོ་མ་ཡིན་པའི་ཕྱིར་སྲེག་པར་

མི་བྱེད་པ་དེ་བཞིན་དུ་སྲེག་པ་པོ་མ་ཡིན་པ་ཡང་སྲེག་པ་པོ་མ་ཡིན་པའི་ཕྱིར་སྲེག་པར་མི་བྱེད་ཅིང་། བོང་པ་ནི་གཉི་གའི་སྐྱོན་དུ་འགྱུར་བའི་ཕྱིར་སྲེག་པར་མི་བྱེད་པ་དེ་བཞིན་དུ་སྲེག་པ་པོ་ཡིན་པ་དང་མ་ཡིན་པ་གཉི་གའི་སྐྱོན་དུ་འགྱུར་བའི་ཕྱིར་སྲེག་པར་མི་བྱེད་དོ་ཞེས་བརྗོད་པར་བྱའོ། །
དེ་བཞིན་དུ་རྩོམ་པ་དགག་པ་ལ་སོགས་པ་ལྷག་མ་རྣམས་ཀྱང་དྲང་བར་བྱའོ། །ད་ནི་བུད་ཤིང་ཉིད་མེ་མ་ཡིན་པ་དང་། བུད་ཤིང་ལས་གཞན་ལ་མེ་མེད་པ་དང་། མེ་དང་བུད་ཤིང་དང་ལྡན་པ་མ་ཡིན་པ་དང་། མེ་ལ་བུད་ཤིང་མེད་པ་དང་། བུད་ཤིང་ལ་མེ་མེད་པར་དགག་པ་རྣམ་པ་ལྔ་སྟོན་ཏེ། དེ་
ལ་གཅིག་པ་ཉིད་དགག་པ་སྔར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པ་པོ་དང་ལས་དག་གཅིག་པ་ཉིད་ཀྱི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཤིང་ལས་གཞན་ལ་མེ་ཡང་མེད། །གཞན་ཉིད་དགག་པ་སྔར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་ལ་མི་ལྟོས་པ་ཉིད་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་
བའི་ཕྱིར་རོ། །མེ་ནི་ཤིང་དང་ལྡན་པ་ཡིན། །ཅི་ལྟར་ཙཻ་ཏྲ་བ་ལང་དང་ལྡན་པ་ལྟར་རོ་ཞེས་བྱ་བ་དང་། མེ་ལ་ཤིང་མེད། ཅི་ལྟར་རྫ་བོ་ན་རྒྱ་ཤུག་དག་ལྟར་རོ་ཞེས་བྱ་བ་དང་། དེར་དེ་མེད། ཅི་ལྟར་ཆུ་ན་པདྨ་དག་ལྟར་ཏེ་ཞེས་བྱ་བ་དེ་གསུམ་གྱི་སྒྲུབ་པའི་ཆོས་ནི་གཞན་ཉིད་དགག་པ་སྔར་བསྟན་པ་ཁོ་ནའི་ཕྱིར་ཞེས་
བྱ་བ་ཡིན་ཏེ། གཞན་ལ་མི་ལྟོས་པ་ཉིད་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པའི་སྐབས་ཀྱིས་བསྟན་ཏོ། །དེའི་ཕྱིར་དེ་ལྟར་མེ་དང་བུད་ཤིང་དག་མ་གྲུབ་པས་དཔེ་མེད་པའི་ཕྱིར་རབ་ཏུ་བྱེད་པའི་དང་པོར་དོན་དམ་པར་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་ཡོད་པ་ཁོ་ན་ཡིན་ཏེ། ཕན་ཚུན་
ལྟོས་པའི་ཕྱིར་དཔེར་ན་མེ་དང་བུད་ཤིང་བཞིན་ནོ་ཞེས་གང་སྨྲས་པ་དེའི་དཔེ་མ་ཚང་བ་ཉིད་ཀྱི་ལན་གདབ་དཀའོ་ཞེས་བྱ་བ་ནི་སྐབས་ཀྱི་མཇུག་བསྡུ་བ་ཡིན་ནོ། །དེས་ན་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བརྟེན་ནས་ཉེ་བར་ལེན་པ་པོ་དང་ཉེ་བར་
བླང་བ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་སྒྲུབ་པའི་རྩ་བ་མ་གྲུབ་པོ་ཞེས་བྱ་བ་ནི་སྤྱིའི་ཚད་མའི་འབྲས་བུ་ཡིན་ཏེ། སྔར་ཉེ་བར་ལེན་པ་པོ་དང་། ཉེ་བར་བླང་བ་བརྟག་པའི་རབ་ཏུ་བྱེད་པའི་དང་པོར་ཕ་རོལ་པོས་དེ་སྐད་སྨྲས་པའི་སྒྲུབ་པའི་རྩ་བ་མ་གྲུབ་པས། དབུ་མ་པས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་

ངོ་བོ་ཉིད་མེད་པ་ཉིད་དུ་དམ་བཅས་པ་གྲུབ་པའོ། །ད་ནི་མེ་དང་བུད་ཤིང་དག་གི་གཅིག་པ་ཉིད་དང་གཞན་ཉིད་ལ་སོགས་པ་དག་ཅི་ལྟར་བཀག་པའི་རིམ་པ་དེ་དག་ཉིད་ཀྱིས་བདག་དང་ཉེ་བར་བླང་བ་དག་གི་དགག་པ་རིམ་པ་ཐམས་ཅད་ཀྱང་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ལྷན་ཅིག་ཏུ་མ་ལུས་པར་
རྣམ་པར་བཤད་པར་ཁོང་དུ་ཆུད་པར་བྱའོ་ཞེས་ཐམས་ཅད་འདྲ་བར་བསྟན་པའི་ཕྱིར། ཅི་ལྟར་མེ་དང་བུད་ཤིང་དག་གི་དེ་ཉིད་དང་གཞན་ཉིད་བཀག་པ་དེ་བཞིན་དུ། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་
བཤད། །ཅེས་བྱ་བ་སྨྲས་ཏེ། མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་གཅིག་པ་ཉིད་དང་གཞན་པ་ཉིད་དང་། ཕན་ཚུན་ལྟོས་པར་མི་འཐད་པའི་རིམ་པ་ཐམས་ཅད་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ལྷན་ཅིག་ཏུ་མ་ལུས་པར་རྣམ་པར་བཤད་པར་ཁོང་དུ་ཆུད་པར་
བྱ་སྟེ། བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། །ཞེས་བྱ་བ་ནི་མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་དགག་པའི་རིམ་པ་གང་དག་རྣམ་པར་བཤད་པ་དེ་དག་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ཡང་ལྷན་ཅིག་ཏུ་རྣམ་པར་བཤད་དེ། བདག་དང་ཉེ་བར་བླང་བ་དག་དང་བུམ་པ་
དང་སྣམ་བུ་ལ་སོགས་པ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རེ་ཞིག་མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་པར་ཁོང་དུ་ཆུད་པར་བྱ་བ་བསྟན་པའི་
ཕྱིར། རིམ་པ་ཞེས་བྱ་བ་ནི་དགག་པའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཐམས་ཅད་མ་ལུས་པར་རྣམ་པར་བཤད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་བྱ་བ་ལ་རིམ་པ་ཞེས་བྱ་བ་ནི་
དགག་པའི་རྣམ་པ་སྟེ། དེ་དག་ཐམས་ཅད་མ་ལུས་པར་རྣམ་པར་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རེ་ཞིག་བདག་ཕྱོགས་སུ་བྱས་ནས་བདག་དང་ཉེ་བར་བླང་བ་དག་གཅིག་པ་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར། དོན་དམ་པར་བདག་ནི་ཉེ་བར་བླང་བ་དང་གཅིག་པ་ཉིད་མ་ཡིན་ཏེ། བྱེད་པ་

པོ་དང་ལས་ཡིན་པའི་ཕྱིར་དཔེར་ན་གཅོད་པ་པོ་དང་གཅད་པ་དག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཅོད་པ་པོ་དང་གཅད་པ་དག་ནི་བྱེད་
པོ་དང་ལས་ཡིན་པའི་ཕྱིར་དོན་དམ་པར་གཅིག་པ་ཉིད་མ་ཡིན་པ་དེ་བཞིན་དུ་བདག་དང་ཉེ་བར་བླང་བ་དག་ཀྱང་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་དོན་དམ་པར་གཅིག་པ་ཉིད་མ་ཡིན་ནོ། །ད་ནི་བདག་ཕྱོགས་སུ་བྱས་ནས་བདག་དང་ཉེ་བར་བླང་བ་དག་གཞན་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར།
དོན་དམ་པར་བདག་ནི་ཉེ་བར་བླང་བ་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་དངོས་པོ་ཡིན་པའི་ཕྱིར་དཔེར་ན་ཉེ་བར་བླང་བའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་
རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཉེ་བར་བླང་བ་རང་གི་བདག་ཉིད་ནི་ལྟོས་པ་དང་བཅས་པའི་ཕྱིར་དང་། དངོས་པོ་ཡིན་པའི་ཕྱིར་དོན་དམ་པར་རང་གི་བདག་ཉིད་ལས་གཞན་ཉིད་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་ལྟོས་པ་དང་བཅས་པའི་ཕྱིར་དང་དངོས་པོ་ཡིན་པའི་ཕྱིར་དོན་དམ་པར་ཉེ་བར་བླང་བ་ལས་
གཞན་ཉིད་མ་ཡིན་ནོ། །ད་ནི་ཉེ་བར་བླང་བ་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དང་གཞན་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར། དེ་བཞིན་དུ་དོན་དམ་པར་ཉེ་བར་བླང་བ་ནི་བདག་དང་གཅིག་པ་ཉིད་མ་ཡིན་ཏེ། ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་དཔེར་ན་གཅད་པ་དང་གཅོད་པ་པོ་དག་བཞིན་ནོ། །
དོན་དམ་པར་ཉེ་བར་བླང་བ་ནི་བདག་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་དངོས་པོ་མ་ཡིན་པའི་ཕྱིར་དཔེར་ན་བདག་གི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་དག་སྨྲས་ཏེ། དེ་དག་ནི་ཉེ་བར་བླང་བ་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དགག་པའི་རིམ་པ་ལ་དམ་བཅས་པའི་ཁྱད་
པར་ཡོད་པར་ཟད་ཀྱི། སྦྱོར་བའི་ཡན་ལག་ལྷག་མ་དག་ནི་སྔ་མ་བཞིན་ནོ། །ད་ནི་བདག་ཕྱོགས་སུ་བྱས་ནས་ཉེ་བར་ལེན་པ་པོ་དགག་པའི་རིམ་པ་བསྟན་པའི་ཕྱིར་དེ་བཞིན་དུ་དོན་དམ་པར་ལྷས་བྱིན་གྱི་བདག་ནི། ལྷས་བྱིན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་དེ། ལྟོས་པ་དང་བཅས་པའི་

ཕྱིར་དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལྷས་བྱིན་ལས་གཞན་པ་མཆོད་སྦྱིན་གྱི་བདག་ནི་ལྟོས་པ་དང་བཅས་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་
བར་བླང་བ་ཉེ་བར་ལེན་པར་མི་བྱེད་པ་དེ་བཞིན་དུ། ལྷས་བྱིན་གྱི་བདག་ཀྱང་ལྟོས་པ་དང་བཅས་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་དོ། །ད་ནི་ཉེ་བར་བླང་བ་ཕྱོགས་སུ་བྱས་ནས་ཉེ་བར་བླང་བ་དགག་པའི་རིམ་པ་བསྟན་པའི་ཕྱིར། དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་
ནི་ལྷས་བྱིན་གྱི་བདག་གི་ཉེ་བར་བླང་བ་མ་ཡིན་ཏེ། ཉེ་བར་བླང་བ་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་ཉེ་བར་བླང་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་
གྱི་ཉེ་བར་བླང་བ་ནི་ཉེ་བར་བླང་བ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་མ་ཡིན་པ་དེ་བཞིན་དུ་ལྷས་བྱིན་གྱི་ཉེ་བར་བླང་བ་ཡང་ཉེ་བར་བླང་བ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་མ་ཡིན་ནོ། །ད་ནི་བདག་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་བསྟན་པའི་ཕྱིར། དེ་
བཞིན་དུ་དོན་དམ་པར་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པ་ནི་ལྷས་བྱིན་གྱི་ཉེ་བར་བླང་བ་ལ་ལྟོས་པར་མི་བྱེད་དེ། བདག་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་བདག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་
གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པ་ནི་བདག་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་ལ་ལྟོས་པར་མི་བྱེད་པ་དེ་བཞིན་དུ་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པ་ཡང་བདག་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་ལ་ལྟོས་པར་མི་
བྱེད་དོ། །ད་ནི་ཉེ་བར་བླང་བ་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་བསྟན་པའི་ཕྱིར། དོན་དམ་པར་ལྷས་བྱིན་གྱི་ཉེ་བར་བླང་བ་ནི་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་ཏེ་ཉེ་བར་བླང་བ་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་ཉེ་བར་བླང་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་

ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་ཉེ་བར་བླང་བ་ནི་ཉེ་བར་བླང་བ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་པ་དེ་
བཞིན་དུ་ལྷས་བྱིན་གྱི་ཉེ་བར་བླང་བ་ཡང་ཉེ་བར་བླང་བ་ཡིན་པའི་ཕྱིར་དོན་དམ་པར་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་ནོ། །འདིར་ཁ་ཅིག་གིས་སྨྲས་པ་ལྷས་བྱིན་གྱི་བདག་ལྷས་བྱིན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་དེ་ཞེས་བྱ་བ་དེའི་དོན་གང་ཡིན། ཅི་
གཞན་ཉེ་བར་ལེན་པར་བྱེད་པ་ཡིན་ནམ། འོན་ཏེ་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པ་ཡིན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་རྗེས་སུ་དཔག་པ་སྔ་མས། དོན་དམ་པར་ལྷས་བྱིན་གྱི་བདག་གྲུབ་པ་དང་མ་གྲུབ་པ་ནི་ལྷས་བྱིན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་དོ་ཞེས་བྱ་བ་དེའི་དོན། ཅི་ལྷས་
བྱིན་གྱི་བདག་ལྷས་བྱིན་ཉིད་ཀྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་ན་དེས་གཞན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་པ་ཡིན་ནམ། འོན་ཏེ་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པ་ཡིན་ཞེས་གལ་གཉིས་སུ་རྟོག་པ་ཡིན་ནོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་ཚུལ་དྲི་བ་ཡིན་ནོ། །དེའི་ལན་དུ། གལ་ཏེ་
གཞན་ཉེ་བར་ལེན་པར་བྱེད་པ་ཡིན་ན་ནི་ཕྱོགས་སྔ་མ་ལ་གནོད་དོ་ཞེས་བྱ་བ་ནི། དེ་ལྟ་ན་སྔར་དབུ་མ་པས་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་བ་དག་དགག་པར་དམ་བཅས་ལ། ད་འདིར་ལྷས་བྱིན་གྱི་ཉེ་བར་ལེན་པ་པོས་གཞན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་བྱེད་པར་ཁས་བླངས་པས་སྔར་རང་གི་
དམ་བཅས་པའི་ཕྱོགས་སྔ་མ་ལ་གནོད་དོ། །ཅི་སྟེ་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པ་ཡིན་ན་ནི་དཔེ་མེད་དོ། མཆོད་སྦྱིན་གྱི་བདག་ནི་རང་གི་ཉེ་བར་བླང་བ་ཉེ་བར་ལེན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་ན་ཉེ་བར་ལེན་པ་པོས་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པའི་དཔེ་སྔར་མཆོད་
སྦྱིན་ལས་བླངས་པ་དེ་མི་རུང་སྟེ། མཆོད་སྦྱིན་གཞན་གྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་ཀྱང་རང་གི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་པས་ཅི་ཡང་ཉེ་བར་ལེན་པར་མི་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་དབུ་མ་པའི་དཔེ་སྔ་མ་དག་བསྒྲུབ་པར་བྱ་བས་སྟོང་པས་མི་རུང་ངོ་ཞེས་

ཟེར་བ་ཡིན་ན། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བརྟག་པ་སྔ་མ་ལྟར་ཁས་མ་བླངས་པའི་ཕྱིར་ཕྱོགས་སྔ་མ་ལ་གནོད་པ་མེད་ལ་བརྟག་པ་ཕྱི་མ་ལ་ཡང་བདག་མཆོད་སྦྱིན་ཞེས་བྱ་བ་
ལྷས་བྱིན་གྱི་རྒྱུད་ཀྱི་ཉེ་བར་བླང་བ་ཉེ་བར་ལེན་པར་མི་བྱེད་པ་ཉིད་དུ་གྲུབ་པ་ཉིད་དཔེ་ཉིད་དུ་ཉེ་བར་གཞག་པའི་ཕྱིར་དཔེ་མེད་པ་མ་ཡིན་ནོ་ཞེས་སྔར་ལན་བཏབ་ཟིན་པའི་ཕྱིར་ཀླན་ཀ་དེ་ནི་རིགས་པ་མ་ཡིན་ནོ། །དེ་ལྟར་དེ་དག་གིས་ནི་མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་གཅིག་པ་
ཉིད་དང་གཞན་ཉིད་དང་ལྟོས་པ་དགག་པའི་རིམ་པ་བརྒལ་བའི་ལན་དང་བཅས་པར་བསྟན་ཏོ། །ཅི་ལྟར་མེ་དང་བུད་ཤིང་དག་གི་སྐབས་སུ། མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་མ་ཡིན། །སོང་དང་མ་སོང་བགོམ་པ་ཡིས། །དེ་བཞིན་ཤིང་ལ་ལྷག་མ་བསྟན། །ཤིང་ཉིད་མེ་ནི་
མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །ཅེས་བསྟན་པ་དེ་དག་ཐམས་ཅད་འདིར་བདག་དང་ཉེ་བར་བླང་བ་དགག་པའི་སྐབས་སུ་ཡང་ཅི་རིགས་པར་སྦྱར་ཏེ་བརྗོད་པར་བྱའོ། །རེ་ཞིག་དེ་དག་ནི། །མེ་དང་ཤིང་གིས་བདག་དང་ནི། །
ཉེ་བར་བླང་བའི་རིམ་པ་ཀུན། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་བྱ་བའི་ཚུལ་བསྟན་པ་ཡིན་ནོ། །ད་ནི། བུམ་སྣམ་ལ་སོགས་ལྷན་ཅིག་ཏུ། མ་ལུས་པ་ནི་རྣམ་པར་བཤད། །ཅེས་བྱ་བའི་ཚིག་གི་དོན་དང་སྦྱར་ཏེ་དགག་པའི་རིམ་པ་བསྟན་པའི་ཕྱིར་མེ་དང་བུད་ཤིང་དེ་དག་གིས་བདག་དང་
ཉེ་བར་བླང་བ་དག་གི་རིམ་པ་གང་དག་རྣམ་པར་བཤད་པ་དེ་དག་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ཡང་ལྷན་ཅིག་ཏུ་རྣམ་པར་བཤད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། མེ་དང་བུད་ཤིང་དག་གིས་བདག་དང་ཉེ་བར་བླང་བ་དག་གི་རིམ་པ་གང་དག་རྣམ་པར་བཤད་པ་དེ་དག་
བུམ་པ་དང་སྣམ་བུ་ལ་སོགས་པ་དག་དང་ཡང་ལྷན་ཅིག་ཏུ་རྣམ་པར་བཤད་དེ། བདག་དང་ཉེ་བར་བླང་བ་དག་དང་བུམ་པ་དང་སྣམ་བུ་ལ་སོགས་པ་དག་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བུམ་པ་དང་སྣམ་བུ་ལ་

སོགས་པ་དག་ནི་རྒྱུ་དང་འབྲས་བུར་གྱུར་པ་དང་། ཡན་ལག་དང་ཡན་ལག་ཅན་དུ་གྱུར་པ་དང་། ཡོན་ཏན་དང་ཡོན་ཏན་ཅན་དུ་གྱུར་པ་དང་། མཚན་ཉིད་དང་མཚན་ཉིད་ཀྱི་གཞིར་གྱུར་པ་རྣམ་པ་དེ་ལྟ་བུ་དག་ཏུ་ཤེས་པར་བྱའོ་ཞེས་བྱ་བ་ནི་བུམ་པ་དང་སྣམ་བུ་ལ་སོགས་
པའི་དངོས་པོ་རྣམས་ལ་འཇིག་རྟེན་ན་སྨྲ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ཡོད་པ་དག་ལས། ཁ་ཅིག་ནི་དེ་དག་རྒྱུ་དང་འབྲས་བུར་གྱུར་པའོ་ཞེས་སྨྲ། ཁ་ཅིག་ནི་ཡན་ལག་དང་ཡན་ལག་ཅན་དུ་གྱུར་པའོ་ཞེས་སྨྲ། ཁ་ཅིག་ནི་ཡོན་ཏན་དང་ཡོན་ཏན་ཅན་དུ་གྱུར་པའོ་ཞེས་སྨྲ། ཁ་ཅིག་ནི་མཚན་
ཉིད་དང་མཚན་ཉིད་ཀྱི་གཞིར་གྱུར་པའོ་ཞེས་སྨྲ་ཞིང་དེ་དག་ལ་ཡང་ལ་ལ་ནི་གཅིག་པ་ཉིད་ཅེས་ཟེར། ལ་ལ་ནི་གཞན་ཉིད་ཅེས་ཟེར། ལ་ལ་ནི་ཕན་ཚུན་ལྟོས་སོ་ཞེས་ཟེར་བས། ད་འདི་མན་ཆད་མེ་དང་བུད་ཤིང་དག་གིས་དེ་དག་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་
བཤད་པའི་ཚུལ་བསྟན་པར་བྱའོ། །དེ་ལ་དང་པོར་མེ་དང་བུད་ཤིང་དག་གིས་རྒྱུ་དང་འབྲས་བུར་གྱུར་པ་དག་གི་དགག་པའི་རིམ་པ་ཐམས་ཅད་མ་ལུས་པར་རྣམ་པར་བཤད་པའི་ཚུལ་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་འབྲས་བུ་ཕྱོགས་སུ་བྱས་ནས་གཅིག་པ་ཉིད་དགག་པའི་རྣམ་པ་བསྟན་
པའི་ཕྱིར། དེ་ལ་རེ་ཞིག་དོན་དམ་པར་བུམ་པ་ནི་འཇིམ་པ་དང་གཅིག་པ་ཉིད་མ་ཡིན་ཏེ། ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་གཅད་པ་དང་གཅོད་པ་པོ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་
སྦྱར་ཏེ། དཔེར་ན་གཅད་པ་དང་། གཅོད་པ་པོ་དག་ནི་ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་དོན་དམ་པར་གཅིག་པ་ཉིད་མ་ཡིན་པ་དེ་བཞིན་དུ་བུམ་པ་དང་འཇིམ་པ་དག་ཀྱང་། འབྲས་བུ་དང་རྒྱུའི་སྒོ་ནས་ལས་དང་བྱེད་པ་པོ་ཡིན་པའི་ཕྱིར་དོན་དམ་པར་གཅིག་པ་ཉིད་མ་ཡིན་ནོ། །ད་ནི་འབྲས་བུ་ཕྱོགས་སུ་
བྱས་ནས་གཞན་ཉིད་དགག་པའི་རིམ་པ་བསྟན་པའི་ཕྱིར། དོན་དམ་པར་བུམ་པ་ནི་འཇིམ་པ་ལས་གཞན་ཉིད་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དང་། འབྲས་བུ་ལ་སོགས་པ་ཡིན་པའི་གཏན་ཚིགས་དག་གི་ཕྱིར་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ།

དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིམ་པའི་རང་གི་བདག་ཉིད་མི་ལྟོས་པ་དང་བཅས་པའི་ཕྱིར་དང་འབྲས་བུ་ཡིན་པའི་ཕྱིར་དང་གཟུགས་ཅན་ཡིན་པའི་ཕྱིར་དང་ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་
དང་། འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་དང་གཟུགས་ཀྱི་ཕུང་པོས་བསྡུས་པ་ལ་སོགས་པ་དག་ཡིན་པའི་ཕྱིར་དོན་དམ་པར་རང་གི་བདག་ཉིད་ལས་གཞན་ཉིད་མ་ཡིན་པ་དེ་བཞིན་དུ་བུམ་པ་ཡང་ལྟོས་པ་དང་བཅས་པའི་ཕྱིར་དང་གཟུགས་ཅན་ཡིན་པའི་ཕྱིར་དང་འབྲས་བུ་ཡིན་པའི་ཕྱིར་དང་
ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་དང་། འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་དང་གཟུགས་ཀྱི་ཕུང་པོས་བསྡུས་པ་ལ་སོགས་པ་དག་ཡིན་པའི་ཕྱིར་དོན་དམ་པར་འཇིམ་པ་ལས་གཞན་ཉིད་མ་ཡིན་ནོ། །དེ་བཞིན་དུ་འཇིམ་པའི་ཕྱོགས་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བས་ནི་རྒྱུ་ཕྱོགས་སུ་
བྱས་ནས་གཅིག་པ་ཉིད་དང་གཞན་ཉིད་དགག་པའི་རྣམ་པས་སྦྱོར་བའི་ཚིག་གཉིས་བརྗོད་པར་བྱ་སྟེ། དོན་དམ་པར་འཇིམ་པ་ནི་བུམ་པ་དང་གཅིག་པ་ཉིད་མ་ཡིན་ཏེ་བྱེད་པ་པོ་དང་ལས་ཡིན་པའི་ཕྱིར་དཔེར་ན་གཅོད་པ་པོ་དང་གཅད་པ་དག་བཞིན་ནོ། །དོན་དམ་པར་འཇིམ་པ་ནི་བུམ་པ་ལས་གཞན་ཉིད་
མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་འབྲས་བུ་ལ་སོགས་པ་ཡིན་པའི་གཏན་ཚིགས་དག་གི་ཕྱིར་དཔེར་ན་བུམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བར་སྦྱར་ཏེ། དེ་དག་ཀྱང་དམ་བཅས་པའི་ཁྱད་པར་ཡོད་པར་ཟད་ཀྱི་སྦྱོར་བའི་ཡན་ལག་ལྷག་མ་དག་ནི་སྔ་མ་བཞིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་
ནི་རྒྱུ་ཕྱོགས་སུ་བྱས་ནས་རྒྱུ་དགག་པའི་རིམ་པ་དོན་དམ་པར་རྒྱུ་འཇིམ་པ་ནི་འབྲས་བུ་བུམ་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་དང་། འབྲས་བུ་ཕྱོགས་སུ་བྱས་ནས་འབྲས་བུ་དགག་པའི་རིམ་པ་དོན་དམ་པར་འབྲས་བུ་བུམ་པ་ནི་རྒྱུ་འཇིམ་པས་
བསྐྱེད་པར་བྱ་བ་མ་ཡིན་ཏེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་སྣམ་བུ་བཞིན་ནོ་ཞེས་བྱ་བ་དང་། འབྲས་བུ་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་དོན་དམ་པར་འབྲས་བུ་བུམ་པ་གྲུབ་པ་དང་མ་གྲུབ་པ་ནི་རྒྱུ་འཇིམ་པ་ལ་ལྟོས་པར་མི་བྱེད་དེ། འབྲས་བུ་ཡིན་པའི་ཕྱིར་དཔེར་ན་སྣམ་བུ་བཞིན་ནོ་ཞེས་བྱ་

བ་དང་། རྒྱུ་ཕྱོགས་སུ་བྱས་ནས་ལྟོས་པ་དགག་པའི་རིམ་པ་དོན་དམ་པར་རྒྱུ་འཇིམ་པ་ནི་འབྲས་བུ་བུམ་པ་གྲུབ་པ་དང་མ་གྲུབ་པའི་ལྟོས་པར་བྱ་བ་མ་ཡིན་ཏེ། རྒྱུ་ཡིན་པའི་ཕྱིར་དཔེར་ན་རྒྱུ་སྤུན་དག་བཞིན་ནོ་ཞེས་བྱ་བ་དང་། ཅི་སྟེ་དམ་བཅས་པ་དེའི་དོན་གང་ཡིན། ཅི་རྒྱུ་འཇིམ་པས་
འབྲས་བུ་གཞན་སྐྱེད་པར་བྱེད་པ་ཡིན་ནམ། འོན་ཏེ་ཅི་ཡང་སྐྱེད་པར་མི་བྱེད་པ་ཡིན་གལ་ཏེ་གཞན་སྐྱེད་པར་བྱེད་པ་ཡིན་ན་ནི་ཕྱོགས་སྔ་མ་ལ་གནོད་དོ། །ཅི་སྟེ་ཅི་ཡང་སྐྱེད་པར་མི་བྱེད་པ་ཡིན་ན་ནི་དཔེ་མེད་དོ་ཞེས་རྒོལ་བ་ལ། དེའི་ལན་དུ་དེ་ནི་རིགས་པ་མ་ཡིན་ཏེ། བརྟག་པ་སྔ་མ་ལྟར་ཁས་མ་བླངས་པའི་
ཕྱིར་ཕྱོགས་སྔ་མ་ལ་གནོད་པ་མེད་ལ། བརྟག་པ་ཕྱི་མ་ལ་ནི་རྒྱུ་སྤུན་ལ་སོགས་པ་རྒྱུ་གང་དག་འབྲས་བུ་བུམ་པ་སྐྱེད་པར་བྱེད་པ་མ་ཡིན་པར་གྲུབ་པ་དག་དཔེ་ཉིད་དུ་ཉེ་བར་གཞག་པའི་ཕྱིར་དཔེ་མེད་པ་མ་ཡིན་ནོ་ཞེས་བྱ་བས་ལན་གདབ་པ་དག་བསྡུ་བར་བྱའོ། །གྲངས་ཅན་དག་ནི་སྒྲུབ་པའི་ཚུལ་གྱིས་བུམ་པ་ནི་
འཇིམ་པ་ལས་གཞན་ཉིད་མ་ཡིན་ཏེ། འཇིམ་པའི་བདག་ཉིད་དང་ཡོད་པ་ཉིད་དུ་རྒྱུ་དང་འབྲས་བུ་ཉིད་དང་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་དང་ཡུལ་ལ་སོགས་པ་གཅིག་པ་ཉིད་ཀྱི་ཕྱིར་དཔེར་ན་འཇིམ་པའི་རང་གི་བདག་ཉིད་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བས་ནི་སྔར་དབུ་མ་པས་རྒྱུ་དང་འབྲས་བུ་དག་གཅིག་
ཉིད་མ་ཡིན་པར་བཀག་པ་དེ་ལ། འདིར་གྲངས་ཅན་དག་དང་དངོས་པོ་ཐམས་ཅད་རང་བཞིན་གཅིག་པར་སྒྲུབ་པའི་ཚུལ་གྱིས་རྒྱུ་དང་འབྲས་བུ་དག་གཞན་ཉིད་མ་ཡིན་ཞིང་རང་བཞིན་གཅིག་པ་ཉིད་དུ་སྒྲུབ་པའི་གཞུང་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་
དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིམ་པའི་རང་གི་བདག་ཉིད་ནི་འཇིམ་པའི་བདག་ཉིད་ཡིན་པའི་ཕྱིར་དང་། ཡོད་པ་ཉིད་ཡིན་པའི་ཕྱིར་དང་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་དང་། འཇིམ་པའི་རྫས་སྤྱི་དང་ཁ་དོག་དང་དབྱིབས་ལ་སོགས་པ་ཁྱད་པར་དང་ལྡན་པ་ཉིད་ཀྱི་
ཕྱིར་དང་། ཡུལ་དང་དུས་དང་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར་རང་གི་བདག་ཉིད་ལས་གཞན་ཉིད་མ་ཡིན་པ་དེ་བཞིན་དུ་བུམ་པ་ཡང་འཇིམ་པའི་བདག་ཉིད་ཡིན་པའི་ཕྱིར་ཡོད་པ་ཉིད་ཡིན་པའི་ཕྱིར་དང་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་དང་། འཇིམ་པའི་རྫས་སྤྱི་དང་ཁ་དོག་དང་དབྱིབས་ལ་

སོགས་པའི་ཁྱད་པར་དང་ལྡན་པ་ཉིད་ཀྱི་ཕྱིར་དང་། ཡུལ་དང་དུས་དང་རང་བཞིན་གཅིག་པ་ཉིད་ཀྱི་ཕྱིར་འཇིམ་པ་ལས་གཞན་ཉིད་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་གི་འཇིམ་པའི་བདག་ཉིད་དང་བུམ་པའི་བདག་ཉིད་རང་གི་བདག་
ཉིད་གཅིག་པ་ཉིད་དུ་དབུ་མ་སྨྲ་བ་རྣམས་ལ་མ་གྲུབ་པའི་ཕྱིར་དཔེ་མེད་དོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དེ་དག་གི་འཇིམ་པའི་བདག་ཉིད་རང་གི་བདག་ཉིད་ལས་གཞན་ཉིད་མ་ཡིན་པར་དབུ་མ་པ་ལ་མ་གྲུབ་པའི་ཕྱིར་དཔེ་མེད་ལ། འཇིམ་པ་དང་བུམ་པ་དག་གཉི་ག་དོན་དམ་པར་མ་གྲུབ་པའི་ཕྱིར་ཆོས་
ཅན་ཡང་མ་གྲུབ་པས་རྒྱུ་དང་འབྲས་བུ་རང་བཞིན་གཅིག་པར་སྒྲུབ་པ་དེ་མ་གྲུབ་པོ། །དམ་བཅས་པའི་དོན་ཀྱང་རྣམ་པར་བརྟག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་སྔར་གྲངས་ཅན་དག་གིས་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་དུ་དམ་བཅས་པ་དེའི་དོན་གང་ཡིན་ཞེས་བརྟག་པ་སྟོན་ཏོ། །གལ་ཏེ་རྒྱུ་དང་འབྲས་
བུ་དག་གཅིག་པ་ཉིད་ཅེས་བྱ་བ་དུས་གཅིག་ནའོ་ཞེ་ན་ནི་ཕྱོགས་སྔ་མ་ལ་གནོད་དོ་ཞེས་བྱ་བ་ནི་ཅི་གྲངས་ཅན་དག་གིས་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་དུ་དམ་བཅས་པ་དེ་དུས་གཅིག་ན་གཅིག་པ་ཉིད་དུ་འདོད་དེ། གལ་ཏེ་གང་ཁོ་ནའི་དུས་ན་རྒྱུ་ཡིན་པ་དེ་ཁོ་ནའི་དུས་ན་འབྲས་བུ་ཡང་ཡིན་པར་དམ་འཆའ་ན་ནི་དེས་
ན་ཕྱོགས་སྔ་མ་ལ་གནོད་པར་འགྱུར་ཏེ། འདི་ལྟར་ཁྱེད་ཀྱི་གྲུབ་པའི་མཐའ་ལས་ཀྱང་རྒྱུ་དང་འབྲས་བུ་དག་དུས་ཐ་དད་པ་ཉིད་དུ་འདོད་པའི